Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བརྒྱད་པ། ཉ༽


   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་ནང་གི་ཚོགས་རྒྱུད་ཆེན་པོ།
   
   
   
   
   
   


 
previousརྣལ་འབྱོར་ནང་གི་ཚོགས་རྒྱུད་ཆེན་པོ།next

རྣལ་འབྱོར་ནང་གི་ཚོགས་རྒྱུད་ཆེན་པོ།


DNG008_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡོ་གཱ྅དྷྱཱདྨ་ཀ་ག་ཎ་མ་ཧཱ་ཏནྟྲ། བོད་སྐད་དུ། རྣལ་འབྱོར་ནང་གི་ཚོགས་རྒྱུད་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། ཡུམ་གྱི་བྷ་ག་མཁའ་དབྱིངས་


DNG008_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་། རིགས་ལྔའི་སངས་རྒྱས་དང་། གསང་བའི་ཡུམ་དང་། འཁོར་སེམས་དཔའ་དང་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོ་དང་། མཁའ་འགྲོ་མ་དང་སྤྲུལ་པ་འཁོར་དང་བཅས་པ་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་དབུའི་གཙུག་ཏོར་དྲང་པོ་ལས། འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ནམ་མཁའི་དབྱིངས་གང་ནས་གང་དུ་ཁྱབ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས། ལྷ་དང་ལྷ་མོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ། ཕྱག་ན་ཡང་རྣལ་འབྱོར་ཚོགས་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཐོགས་པས། རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ལ། མཆོད་པའི་རྣམ་པ་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་མཆོད། དགྱེས་པ་ཆེན་པོའི་གཟི་མདངས་ཀྱིས་ཚིམས་པར་མཛད། བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕོག་པས། ཐུགས་དམ་ཆེན་པོའི་རྒྱུད་བསྐུལ་ཏེ། སྐུ་ལ་ཕོག་པས། མཛད་པའི་ཕྲིན་ལས་དང་མ་འགལ་བར་ཐུགས་དམ་བསྐུལ། གསུང་ལ་ཕོག་པས། བདེན་པའི་ཆོས་ཉིད་ལས་མ་གཡོས་པར་ཐུགས་དམ་བསྐུལ། ཐུགས་ལ་ཕོག་པས། མཉམ་པའི་སེམས་མ་གཡོས་པར་ཐུགས་དམ་བསྐུལ། དབང་གི་མཆོག་ཞུས། ལྷ་དབང་ལུས་ལ་བརྩེགས་པ་དང་། སྤྱི་དབང་འདོད་དགུར་བསྒྱུར་བ་དང་། མོས་དབང་སེམས་དང་འདྲེས་པ་དང་།གསང་དབང་ལྷུན་གྱིས་གྲུབ་པ་དང་། དབང་བཞི་མནོས། དངོས་གྲུབ་ཀྱི་མཆོག་ཞུས། སྐུའི་དངོས་གྲུབ་ཕྱག་རྒྱ་ཆེན་པོར་རང་སྣང་བ་དང་། གསུང་གི་དངོས་གྲུབ་ཆོས་ཉིད་མ་སྐྱེས་པར་རང་སྣང་བ་དང་། ཐུགས་ཀྱི་དངོས་གྲུབ་སེམས་ཡེ་ནས་སངས་རྒྱས་སུ་མནོས། སྐྱེ་འགྲོ་མིང་དང་གཟུགས་ཀྱིས་བསྡུས་པ་ཐམས་ཅད་ལ་ཁྱབ་པས། སེམས་ཅན་གྱི་དོན་བྱས་


DNG008_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ལོང་བས་གཟུགས་མཐོང་བ་ལ་སོགས་པའི་དོན་བྱས། འཁོར་བའི་སྐྱོན་བསལ་ཏེ། དངོས་པོར་བལྟ་བའི་རྡོས་པ་བཤིགས། ལོག་པའི་སྐྱོན་བཅོམ། མ་རིག་པའི་མུན་པ་བསལ། སྡུག་བསྔལ་གྱི་རྒྱུ་བཤིགས། འཁོར་བའི་འདམ་ནས་དྲངས། བྱང་ཆུབ་ཀྱི་ཤུལ་བསྲངས། དངོས་གྲུབ་ཀྱི་སྟོང་དུ་རུང་བར་མཛད། རིགས་ངེས་པའི་སྲས་སུ་མཛད། འོད་ཟེར་དེ་དག་སླར་རྡོ་རྗེ་སེམས་དཔའི་སྐུ་ལ་འདུས། རྡོ་རྗེ་སེམས་དཔའི་སྐུ་ཉིད་ཤིན་ཏུ་ལྷན་ནེ་བ། ལྷན་ནེ་བ་ཡང་མ་ཡིན་པ། ཤིན་ཏུ་སང་ངེ་བ། སང་ངེ་བ་ཡང་མ་ཡིན་པ། ཅི་ལྟ་བུར་ཡང་སྣང་ལ། ཅི་ལྟ་བུར་ཡང་མ་ཡིན། ཐམས་ཅད་དུ་གསལ་བ། མ་བསྒྲུབས་པ་ཉི་མའི་འོད་དང་འདྲ་བ། དེ་ལྟ་བུའི་རྡོས་པ་ཅན་ཡང་མ་ཡིན་པ། ཐམས་ཅད་དུ་བལྟ་བས་མི་ངོམས་པ་ལ།བརྟགས་ཀྱིས་ཀྱང་མི་ལངས་པའི་སྐུ་གཅིག་ཀྱང་གཅིག །བསམ་གྱིས་ཀྱང་མི་ཁྱབ། མཐར་ཐུག་པ་ཡང་མེད། དབུས་སུ་བརྟགས་པ་ཡང་མེད། དངོས་པོ་ཡང་མ་ཡིན། སྟོང་པ་ཡང་མ་ཡིན། ཡོད་པར་ཡང་མི་སྣང་། མེད་པར་ཡང་མ་སོང་། བཏུང་ནས་ཉེ་བར་མེད། བཀྱེད་ནས་རིང་བ་མེད་པས་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་ལ། འདི་ཞེས་བསྟན་དུ་མེད་པ་ལ། ཅི་ལྟ་བུར་ཡང་དམིགས་སུ་མེད་པ། གང་ཡང་མ་ཚང་བ་མེད་པས་སྐུ་གསལ་པ་ལས། རྡོ་རྗེ་སེམས་དཔའི་ཆོས་ཀྱི་སྐུར་གྱུར་ཏོ། །དེ་ནས་རྡོ་རྗེ་སེམས་དཔས་ལྗགས་ཀྱི་པདྨ་ལས། ཡིག་འབྲུ་བཞི་བཅུ་རྩ་གཉིས་ཁ་དོག་རྣམ་པ་སྣ་ཚོགས་པའི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། སྟོང་གསུམ་གྱི་སྟོང་ཆེན་པོ་ལྟ་བུའི་གྲངས་མ་ཡིན། ཇི་ལྟར་ནམ་མཁའ་ནས་གང་དུ་ཁྱབ་པ་ཐམས་ཅད་གཟུགས་དང་སྒྲ་ལ་སོགས་པས་བསྡུས་ལ། དེ་ཐམས་ཅད་ཚིག་གི་བསྡུས། ཚིག་ཐམས་ཅད་ཡི་གེས་བསྡུས། ཡི་གེ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་ལུང་བསྟན།


DNG008_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ལྗགས་དང་གསུང་ལ་ཕོག་པས། གང་ན་སངས་རྒྱས་བཅོམ་ལྡན་འདས་གསུང་གི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བཞེད་པ་རྣམས་བསྐུལ་བའི་ས་ལ་བཞེངས་ཏེ་བཞུགས་པ་རྣམས་ལ། གསུང་གི་སྒོ་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། དགྱེས་པ་ཆེན་པོ་ཆོས་ཉིད་ཀྱི་མཆོད་པ་ཕུལ་ནས། ཆོས་ཐམས་ཅད་ཚིག་དང་ཡི་གེའི་སྒོ་ནས། སངས་རྒྱས་པའི་དོན་ཐུགས་ཡེ་ཤེས་ཀྱི་ཀློང་རུམ་ནས་དགོངས་ནས་མགུར་གསང་བའི་བུམ་པར་ཕྱུང་ནས། ལྗགས་ཀྱི་དབང་པོ་མཆོག་ལ་བཀྲམ་ནས་འགྲོ་བ་སེམས་ཅན་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། གང་ནས་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འགྲོ་བ་མི་རྟག་པར་བསྟན་པའི་སླད་དུ། ཐབས་ཀྱིས་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་བཞེད་པ་རྣམས་ལ་ཡང་ཕོག་པས། དགྱེས་པ་ཆེན་པོའི་མཆོད་པ་ཕུལ། ཐུགས་དམ་ཆེན་པོའི་རྒྱུད་བསྐུལ་ནས། ཐབས་ཀྱིས་མྱ་ངན་ལས་མི་འདའ་ཞིང་། འཇིག་རྟེན་དུ་ཡུན་རིང་དུ་བཞུགས་པར་གསོལ་བ་གདབ། སྟུག་པོས་བརྒྱན་པའི་སངས་རྒྱས་རྣམས་ལ་ཕོག་པས། ཡིག་འབྲུ་གཟུགས་ཀྱི་མཆོད་པས་མཚན་དང་དཔེ་བྱད་དུ་ལྡན་པའི་སྒོ་ནས་བདག་དང་གཉིས་སུ་མེད་པར་ཐུགས་དམ་བསྐུལ། ཡིག་འབྲུ་ཚིག་གི་མཆོད་པས་གསུང་དབྱངས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སྒོ་ནས་ཚིག་གི་དོན་གསལ་ནས་ཆོས་ཉིད་མ་སྐྱེས་པར་ཐུགས་དམ་བསྐུལ། ཡིག་འབྲུ་དོན་གྱི་མཆོད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་སྒོ་ནས་དོན་གྱིས་རྟོགས་པར་བྱས་ལ་སངས་རྒྱས་པར་བྱས་ཏེ། འཁོར་བའི་རྒྱུ་བཙལ་གྱིས་མི་རྙེད་ཅིང་།ཐམས་ཅད་བྱང་ཆུབ་སྙིང་པོ་ཅན་དུ་ལྷུན་གྱིས་གྲུབ་པར་དབང་བསྐུར་ཏེ། སླར་འདུས་ཏེ་རྡོ་རྗེ་སེམས་དཔའི་ཐུགས་ཀར་འདུས་པ་ལས། རྡོ་རྗེ་སེམས་དཔའི་ཐུགས་གཅིག་ཏུ་མི་སྣང་བ། གཉིས་སུ་མ་ཕྱེ། གྲངས་སུ་


DNG008_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྗོད། རིས་སུ་མི་སྣང་བ། བརྗོད་དུ་མེད་ཅིང་བརྗོད་པའི་མཐའ་ལས་འདས་པ། སྨྲ་བ་ཡང་མེད་པ། རིམ་པ་ཨེ་ཡིན། མ་གསུངས་པ་མེད་པ། ཐུགས་ནམ་མཁའ་དང་འདྲ་བ་ལ།རྟོགས་པ་འོད་ཟེར་བཞིན་གདལ་བ་ལས། སྣང་བ་ཐམས་ཅད་ནི་ལྷའི་དཀྱིལ་འཁོར། བརྗོད་པ་ཐམས་ཅད་ནི་ཆོས་ཉིད་ཀྱི་བརྗོད་པ། གྲགས་པ་ཐམས་ཅད་ནི་སྐྱེ་བ་མེད་པའི་ཀློང་། རི་བོ་ཐམས་ཅད་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན། དགོངས་པ་ཐམས་ཅད་ནི་མ་སྐྱེས་པའི་ཀློང་དུ་ལྷུན་གྱིས་གྲུབ་པས། བྱང་ཆུབ་སེམས་དཔའ་མཐའ་ཡས་པ་ཐམས་ཅད། རྡོ་རྗེ་སེམས་དཔའི་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པས། བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ། མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཨ་ལ་ལ། བཅོམ་ལྡན་འདས་འདི་ཅིའི་རྒྱུ། ཅིའི་རྐྱེན། ཅི་ལས་བྱུང་བ་ལགས། ཐུགས་རྗེ་ཆེ་དང་ལྡན་པས་ལུང་བསྟན་དུ་གསོལ། །བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། །རྡོ་རྗེ་སེམས་དཔས་བཀའ་སྩལ་པ། འདི་ནི་རྣལ་འབྱོར་གྱི་ཚོགས་ཀྱི་རྒྱུད་དོ། །རྣལ་འབྱོར་གྱི་ཚོགས་ཀྱི་རྒྱུད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྐྱེན་ནོ། །རྡོ་རྗེ་སེམས་དཔའ་ང་ཡང་རྣལ་འབྱོར་གྱི་ཚོགས་ཀྱིས་མཆོད་པ་ཕུལ་བས་སངས་རྒྱས་པས། དེ་དག་ཐམས་ཅད་ནི་ཚོགས་ཀྱི་མཆོད་པ་ཕུལ་བ་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། ཚོགས་ཞེས་བགྱི་བ་ངེས་ཚིག་ཅི་ལགས། ཚོགས་ཀྱི་དཀྱིལ་འཁོར་ཇི་ལྟར་བསྐྱེད།ཚོགས་ཀྱི་སློབ་དཔོན་ཇི་ལྟ་བུ་ལ་བགྱི། ཚོགས་ཀྱི་རྒྱལ་ཚབ་དང་གར་དང་གིང་ཅི་ལྟ་བུ་ལ་བགྱི། ཡུམ་ཇི་ལྟ་བུ་ལ་བགྱི། ཚོགས་ཀྱི་ཡོ་བྱད་ཅི་འཚལ། མཆོད་པ་ཇི་ལྟར་འབུལ། གྲངས་སུ་འཚལ། ཚོགས་ཀྱི་འབྲས་བུ་ཅི་ཐོབ་པ་ལགས།ཡུན་ཅི་ཙམ་གྱིས་འགྲུབ། ཕུལ་བའི་ཡོན་ཏན་དང་། མ་ཕུལ་བའི་སྐྱོན་ཅི་མཆིས།


DNG008_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ལ་སོགས་པ་རྣམས་མོས་ཤིང་ཐོས་པར་འདོད་ན། ཡིད་ལ་ཟུང་ལ་རྣ་བའི་དབང་པོས་ཉོན་ཅིག །རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་ལ་ངས་ཀྱང་བཤད་དོ། །དེ་ལ་ཚོགས་ཞེས་བྱ་བའི་ངེས་ཚིག་ནི། དོན་དང་མཐུན་པ་ལ་བཀའ་དང་མི་འགལ་ཞིང་གཞུང་བཞིན་བསྒྲུབ་པ་ལ་ཚོགས་པ་ལ་ཚོགས་ཞེས་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་དགྲ་བཅོམ་པའི་མིང་ཡང་མེད་པ། ཤིན་ཏུ་རྣལ་འབྱོར་དབང་ཕྱུག་ཆེན་པོ། གསང་སྔགས་རྡོ་རྗེ་ཐེག་པ་ལ་མོས་ཤིང་གཞོལ་བ་དང་། འདི་དག་བཤད་ཅིང་བསྟན་པའི་སྣོད་དུ་གྱུར་པ་ཡང་། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་གནས་ཤིང་མ་ཉམས་པར་བསྲུང་བ་དང་། རས་གཅོད་དང་གཟུ་ལུམས་མ་ཡིན་པར། ཕྱི་ནང་གི་དབང་རྣམས་ལུང་བཞིན་དུ་ནོད་པ་དང་། རྒྱུད་དང་ཕྱི་ནང་གི་དོན་ལ་མོས་ཤིང་མཁས་པའོ། །དེ་མ་གཏོགས་པ་དེ་རྣམས་དང་མི་ལྡན་པ་འཇུངས་པ་དང་། འཆིངས་པ་མ་གྲོལ་བ་དང་། དགོངས་པ་གནང་དུ་མ་ཕེབས་པ་རྣམས་ནི་མ་གཏོགས་སོ། །དེ་ལ་ཚོགས་ཀྱི་དཀྱིལ་འཁོར་བསྐྱེད་པ་འདི་སྐད་དོ། །ཆོས་རྣམས་སྟོང་པའི་རང་བཞིན་ལས། ངོ་བོ་ཉིད་ཀྱིས་ཀུན་ཏུ་དག །ལྟ་བའི་ཆོས་ཉིད་ཚིག་ཙམ་མ་ཡིན་པར་རྟོགས་པ་དང་། སྤྱོད་པས་དེ་དང་མི་འགལ་བར་སྤྱོད་པ་དང་། ཕྲིན་ལས་ཀྱིས་བབ་ཅོལ་དུ་མི་བྱེད་ཅིང་། གོང་འོག་རིན་པོ་ཆེའི་ཕྲེང་བ་བརྒྱུས་པ་ལྟར་མ་ནོར་བ་དང་། བསྒོམ་ཞིང་བསྒྲུབ་པ་ལ་བཞད་གད་དང་གཉིད་དབང་དུ་མི་གཏོང་ཞིང་། དད་དང་བརྩོན་འགྲུས་ཀྱིས་མགོ་ལ་མེ་ཤོར་བ་དང་འདྲ་བར་འབད་པ་དང་། རྣལ་འབྱོར་གྱི་དོན་གང་ལ་ཡང་ཤོང་ཡངས་སུ་ཆེ་བ་དང་། རྟོག་པ་དང་འཁུ་འཕྲིགས་མེད་ཅིང་། འཁུ་ལྡོག་དང་ཡ་ག་དང་མཚང་ཚིག་ལ་


DNG008_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་མི་སྨོད་ཅིང་། རྣལ་འབྱོར་གྱིས་མཆོད་པའི་རྒྱུ་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་གང་ཡང་མ་ཚང་བ་མེད་ཅིང་། ཟུངས་སུ་ཡང་བཟུང་བས་ཐམས་ཅད་ཚང་ཞིང་ཚོགས་པ་ལ་ཚོགས་ཞེས་བྱ་བ་ལས། མ་ཚང་ཞིང་མ་ཚོགས་པ་དང་། མི་མཐུན་པ་ཚོགས་པ་ལ་ཚོགས་ཞེས་བྱ་བའི་ངེས་ཚིག་མེད་དོ། །དེ་ལ་ཚོགས་ཀྱི་སློབ་དཔོན་ནི་ཀུན་གྱིས་བྱ་བ་མ་ཡིན་གྱིས། ལྟ་བ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་རྟོགས་པ། སྤྱོད་པ་གསང་བའི་བཀའ་དང་མི་འགལ་ཞིང་། ཐབས་ལ་མཁས་པས་སྣོད་མ་ཡིན་པ་དང་། མུ་སྟེགས་དང་ལོག་པའི་ཕྱོགས་རྣམས་ཀྱིས་མ་ཚོར་མ་འཕྲིགས་པའི་ཐབས་ལ་མཁས་པར་སྤྱོད་པ་དང་། དབང་རིམ་པས་བརྩེགས་ཏེ། རིགས་པའི་རྒྱལ་པོ་རབ་འབྱམས་ཀྱི་དབང་ཐོབ་ནས། དབང་རྒྱུད་དང་། དབང་རྫས་དང་། དབང་རྟགས་དང་། དབང་བསྒྲུབ་དང་། དབང་བསྙེན། དབང་བསྐུར་བ་ལ་མཁས་པ་དང་།དམ་ཚིག་གཞི་དང་འདྲ་བར་ཤོང་ཡངས་དང་། ཐེག་པ་ཆེ་ཞིང་སྙིང་ལ་འཆང་སྟེ་བསྲུང་བ་དང་། ཕྲིན་ལས་ཀྱི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་། མ་ནོར་བའི་ཚུལ་དགུ་སྟེ། དགོངས་པའི་ལྷ་ཚུལ་དང་། གར་ཡེ་ཤེས་ཀྱི་ཚུལ་དང་། ཕྱག་རྒྱ་སྐུའི་ཚུལ་དང་། སྔགས་གསུང་གི་ཚུལ་དང་། སྙིང་པོ་ཐུགས་ཀྱི་ཚུལ། མཆོད་པ་ཡོན་ཏན་གྱི་ཚུལ། གླུ་ཕྲིན་ལས་ཀྱི་ཚུལ། སྐྱིལ་ཀྲུང་ཞི་བའི་ཚུལ།སྟངས་སྟབས་ཁྲོ་བོའི་ཚུལ་ཏེ། ཚིག་ཏུ་འདྲེལ་པ་དང་། གོང་འོག་མ་འཆོལ་བ་དང་། དགོངས་པའི་དཀྱིལ་འཁོར་ཆེན་པོར་རྫོགས་པས་འཛིན་པའོ། །དེ་ལ་ཚོགས་ཀྱི་རྒྱལ་ཚབ་ནི། དཔེར་ན་རྒྱལ་པོའི་བཀའ་བསྒོ་བློན་པོས་གསུངས་པ་དང་འདྲའོ། །དགོངས་སྤྱོད་ཀྱི་དོན་ཐ་མི་དད་པ་དེ་ཉིད་དང་མཚུངས་པ་ལས།གཞན་འདྲེན་པའི་ཐབས་ལ་མཁས་པ་དང་། སློབ་དཔོན་གྱི་སྐུ་བསྙེལ་པ་དང་། ཐུན་སྤོ་བ་དང་། སྙོམས་པ་ལ་སོགས་པ་ལ་བར་མི་གཅོད་ཅིང་


DNG008_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་བྱ་བ་དང་། སློབ་དཔོན་གྱི་ཞལ་ཚབ་ཏུ་ཆོས་བསྟན་པ་ལ་མཁས་པའོ། །ཚོགས་ཀྱི་གར་མ་ནི། ཕྲིན་ལས་རྣམ་བཞི་ལ་སོགས་པ་དང་། མཆོད་པ་དང་བརྡའི་དོན་མཐའ་དག་ལ་མཁས་པ་ལས་མ་གཏོགས་པ། ཁེ་ཤོང་དང་བློས་འདེབས་དང་།མོས་པ་ཙམ་དུ་བྱ་བ་མ་ཡིན་ནོ། །ཚོགས་ཀྱི་གིང་ནི། རང་གི་དགོས་ཆེད་མི་ལན་རྣལ་འབྱོར་གྱི་སྤྱི་ཆས་ལ་བརྩོན་པ་དང་། ཞིང་བཅུར་གྱུར་པ་ལ་ཐུགས་རྗེས་སྒྲོལ་ངེས་པ་དང་། དགོངས་པ་དང་ལས་རྒྱུད་དུ་ལྡན་པ་ལས་མ་གཏོགས་པ།སྒྲོལ་བ་བཙན་ཐབས་དང་། རང་གང་ལ་དགའ་བ་ལ་མངོན་སྤྱོད་དང་། དྲག་ཤུལ་གྱི་ལས་བརྩམས་པ་མ་ཡིན་ནོ། །ཚོགས་ཀྱི་ཡུམ་ནི། གཙོ་བོའི་དགོངས་པ་བཞིན་དུ་བྱེད་ནུས་པ་དང་། གཞུང་དགུ་དང་ལྡན་ཏེ། ཚུལ་ཤིས་པ། ཡ་ཤ་ཆེ་བ། ནོག་ཐུབ་པ། གསང་སྒོ་དམ་པ། དམ་ལ་གནས་པ། དད་པས་མོས་པ། རྟོག་པ་ཆུང་བ། མཚན་གྱིས་བརྒྱན་པ། སེམས་བཟང་བ་དང་དགུར་ལྡན་པ་ལས་མ་གཏོགས་པ། འདོད་མོས་དང་། གཉན་བཙན་དང་། སྨོན་འདྲིད་དང་། མཚན་ངན་དང་། གསང་བ་འཛག་པ་ནི་མ་ཡིན་པའོ། །དེ་ལ་ཚོགས་ཀྱི་ཡོ་བྱད་ནི། སངས་རྒྱས་རྣམས་ལ་ཏ་སྦྲེབས་པ་དང་། སྐྱེམས་པ་དང་། བསེར་བ་དང་བསྙུན་མི་མངའ་ཆགས་པ་མི་མངའ་བ་ལགས་ཀྱང་། དཔེར་ན་རྒྱལ་པོ་ཆེན་པོ་ལ་དཀོར་དང་ལོངས་སྤྱོད་ཀྱིས་མི་དྲེལ་མི་ཕོངས་པ་ལ་ཡང་འབངས་ལ་སོགས་པས་དཀོར་དང་ལོངས་སྤྱོད་ཕུལ་ན་འཕྲལ་གྱི་ཕན་པ་དང་ཡུན་གྱི་བདེ་བ་དང་། བདག་གི་ཡིད་ལ་དད་པ་རྩོལ་བ་དང་འདྲ་བར་སངས་རྒྱས་རྣམས་ལ་བཞེད་པ་མི་མངའ་ན་ཡང་། ཕྱི་རབས་ཀྱི་རྣལ་འབྱོར་པས་ཚོགས་ཀྱིས་མཆོད་པས་འབྱོར་པ་བསགས། དཀོན་པ་བཙལ། མོས་པ་དང་དད་པས་ཕུལ་ན།འདི་དང་ཕ་རོལ་གཉིས་ཀའི་ཕན་པ་དང་བདེ་བ་སྩོལ་བར་མཛད་ཅིང་། ཆོས་ཉིད་ཀྱི་དགའ་བདེ་ཆེན་པོ་ད་ལྟ་ཉིད་དུ་འགྲུབ་པར་རྩོལ་བར་མཛད་པས། དེའི་ཕྱིར་འདོད་པའི་ཡོན་ཏན་ལྔ་པོ་གཞུང་བཞིན་དུ་བཤམ་


DNG008_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། གཟུགས་ལ་ཡང་གསུམ་སྟེ། རྒྱན་དང་དབྱིབས་དང་སྣོད་དོ། །རྒྱན་ལ་ཡང་རྣམ་པ་གསུམ་སྟེ། བཀོད་པ་ལྷའི་རྒྱན་དང་། མཛེས་པ་ལུས་ཀྱི་རྒྱན་དང་། གཞལ་ཡས་སྤྲུལ་པའི་རྒྱན་ནོ། །དབྱིབས་ལ་ཡང་རྣམ་པ་གསུམ་སྟེ། ལྷའི་ཞལ་ཟས་ཀྱི་དབྱིབས་དང་། མིའི་ཞལ་ཟས་ཀྱི་དབྱིབས་དང་། འབྱུང་བ་རང་སྐྱེས་ཀྱི་དབྱིབས་སོ། །སྣོད་ལ་ཡང་རྣམ་པ་གསུམ་སྟེ། བཟའ་བའི་སྣོད་དང་། བཅའ་བའི་སྣོད་དང་། བཏུང་བའི་སྣོད་དང་། དྲི་ལ་ཡང་རྣམ་པ་གསུམ་སྟེ། དབང་པོ་ཚིམས་བྱེད་ཀྱི་དྲི་དང་། མདོག་གསལ་རྒྱས་པ་སྨན་གྱི་དྲི་དང་། བཅུད་གསལ་ཡིད་འོང་ཞལ་ཟས་ཀྱི་དྲིའོ། །རོལ་ཡང་རྣམ་པ་གསུམ་སྟེ། རང་བཞིན་གྱིས་བརླབས་པ་ལན་ཚྭ་དང་། ཤིང་ཏོག་ལ་སོགས་པ་ཁ་བ་དང་། མངར་བ་དང་། སྐྱུར་པ་དང་། ཚ་བ་དང་། རྩུབ་པ་དང་། བསྐལ་པ་ལ་སོགས་པ་ཕྱིའི་འབྱུང་བ་རང་སྐྱེས་པའི་རོ་དང་། འགྲོ་བ་རྣམས་ཀྱིས་བཙལ་བའི། ཕབ་དང་། རུ་མ་དང་། མནན་པ་དང་། འདུས་པ་དང་། བྱིབས་དང་། བྱ་ན་བཙོས་པ་དང་། སྦྱར་བ་དང་། བསྲེགས་པ་དང་། བསིངས་པ་ལ་སོགས་པའི་རོ་དང་། སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་རོ་དང་། ཆུང་ངུ་ལས་ཆེན་པོ།ཉུང་ངུ་ལས་མང་པོ། མི་ཞིམ་པ་ལས་ཞིམ་པོ། ལྷའི་རོ་མཆོག་བརྒྱ་དང་ལྡན་པའི་རོའོ། །སྒྲ་ལ་ཡང་རྣམ་པ་གསུམ་སྟེ། ཤེས་པས་ཟིན་པའི་སྒྲ་གླུ་དབྱངས་ལ་སོགས་པ་སྙན་ཅིང་ཡིད་དུ་འོང་བའི་སྒྲ་སྣ་ཚོགས་པ་དང་། ཤེས་པས་མ་ཟིན་པའི་སྒྲ་འབྱུང་བ་རང་རྒྱུད་ཀྱི་གྲགས་པའི་སྒྲ་དང་། རྩོལ་བ་དང་བཅས་པའི་སྒྲ་སྐྱེས་བུའི་ལག་པ་དང་རྐན་དང་། དབུགས་དང་འདོམས་པའི་སྒྲའོ། །རེག་ལ་ཡང་རྣམ་པ་གསུམ་སྟེ། དྲོ་འཇམ་གོས་ཀྱི་རེག་པ་དང་། དགའ་འཇམ་དགྱེས་པ་ཡུམ་གྱི་རེག་པ་དང་། རྒྱན་གྱིས་སྒེག་པ་ཡུམ་གྱི་རིན་པོ་ཆེའི་ཆས་ཀྱིས་བརྒྱན་པའི་རེག་པའོ། །དེ་ལྟ་བུ་འདོད་


DNG008_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་ཐམས་ཅད་ནི། ཚོགས་ཀྱི་ཡོ་བྱད་ཡིན་ནོ། །ཚོགས་ཀྱི་ཡོ་བྱད་ནི་འདོད་པའི་ཡོན་ཏན་རྣམ་པ་ལྔའོ། །དེ་དག་ཚང་ཞིང་ཚོགས་ན་ཡང་ལེགས། བར་འདིར་ཚིག་ཆད་སོང་། དེ་ཅིའི་ཕྱིར་ཞེ་ན། མ་གཡོས་པ་ཐམས་ཅད་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་ནོ། །སངས་རྒྱས་ཉིད་ཀྱིས་མཆོད་པའི་རྒྱན་དུ་བྱིན་གྱིས་བརླབས་པའོ། །དེ་བས་ཀྱང་ཐམས་ཅད་དུ་ཏིང་ངེ་འཛིན་ལ་གནས་ཤིང་གཉིས་སུ་མེད་པ་ལས། རྟོགས་པ་སྨྲ་བསམ་ཡུལ་ལས་འདས། བསྒོམ་པ་དམིགས་སུ་མེད་པའོ། །ཨཱོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། དབྱིངས་གཅིག་རང་བཞིན་མི་གཉིས་ཀྱང་། །མ་རིག་རྨོངས་ལ་བསྟན་པའི་ཕྱིར། །ཁྱབ་པའི་སྙིང་རྗེ་ཡོངས་ཀྱིས་འབྱུང་། །དེ་ཚེ་རྗེ་བ་མེད་པར་བསྒོམ། །ཨཱོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། མཐའ་དབུས་མེད་པའི་བྱང་ཆུབ་སེམས། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ནི་ཡི་གེའི་རང་བཞིན་རྒྱུ། །ཡི་གེ་མཆོག་ཏུ་བསྒོམ་པར་བྱའོ། །ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཨེ་ཡཾ་མཾ་ལཾ་བཾ་བི་ཤྭ་བི་ཤུདྷི། མཁའ་དབྱིངས་ནམ་མཁའི་ཀློང་ཡངས་སུ། །འབྱུང་བ་རླུང་གི་སྒྲ་བཅས་ཏེ། །བདུད་རྩིའི་ཆུ་བསྐྱིལ་མཱ་མ་ཀི། །གསེར་གྱི་ས་གཞི་རི་རབ་མཛེས། །ཁ་དོག་ལྔར་བཅས་རིན་ཆེན་ལྔར། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །ཏཱ་ལའི་བསྐྱེད་ཤིང་ཙོང་ཙོང་སྦྲེལ། །ཡིད་བཞིན་རིན་ཆེན་གྲ་ན་གསལ། །ལྡ་ལྡི་འཇའ་ཚོན་སྤྲིན་རུམ་ཡང་། །མུ་ཏིག་ཆུན་པོ་སྣ་ཚོགས་དྲེས། །ཉི་ཟླ་ཐབས་དང་ཤེས་རབ་ཀྱིས། །འཁོད་ཅིང་གསལ་བའི་བྱིན་རླབས་ཀྱི། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །གསེར་གྱི་དྲིལ་བུ་གཡེར་ཁ་ལས། །ཐེག་པའི་བྱེ་བྲག་སྣ་ཚོགས་སྒྲོགས། །ཕྱི་ནང་མེད་པའི་བཞུགས་གནས་དེར། །ཡངས་དོག་མེད་པའི་དཀྱིལ་འཁོར་བསྐྱེད། །ཨཱོཾ་ཛྙཱ་ན་ཙཀྲ་མཎྜལ་ཧཱུཾ། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ནི། །མ་བསྐྱེད་རྫོགས་པའི་ཚུལ་གྱིས་སུ། །རང་རྒྱུད་གཞན་དང་མཐུན་པར་བསྐྱེད། །སེམས་དཔའ་སུམ་ཅུ་རྩ་གཉིས་ཀྱང་། །མ་བསྐྱེད་


DNG008_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་ཚུལ་གྱིས་བསྐྱེད། །བཛྲ་སཏྭ་ཧཱུཾ། བཛྲ་རཱ་ཛ་ཛ། བཛྲ་རཱ་ག་ཧོ། བཛྲ་སཱ་དྷུ་དྷུ། བཛྲ་རཏྣ་ཏྲཾ། བཛྲ་སཱུརྻ་རྻ། བཛྲ་ཀེ་ཏུ་བྷྲྀ། བཛྲ་ཧ་ས་ཧ། བཛྲ་དྷརྨ་ཧྲཱྀཿ། བཛྲ་ཙཀྲ་དྷྲི། བཛྲ་ཏིཀྵྞ་དྷཱིཿ། བཛྲ་བྷཱ་ཥ་བྷཱ། བཛྲ་ཀརྨཱ་ཀཾ། བཛྲ་རཀྵ་རཾ། བཛྲ་ཡཀྵ་ཀྵཾ། བཛྲ་སནྡྷི་བཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཧྲཱྀ་ཧྲཱྀ་ཧྲཱྀ་ཧྲཱྀ། ཨ་ཨ་ཨ་ཨ། སྐུ་བསྐྱེད་གསལ་བཏབ་དབང་བསྐུར་ནས། །སྤྱན་འདྲེན་ཆོ་ག་གཞུང་བཞིན་བྱ། །མཆོད་པ་ལ་སོགས་མཆོད་བྱས་ནས། །དེ་ཉིད་ལ་ནི་གནས་བསྒྱུར་ཏེ། ཧེ་རུ་དགུ་དང་ཡུམ་ཆེན་དགུ། །གཽ་རི་བརྒྱད་དང་ཕྲ་མེན་བརྒྱད། །སྤོར་མ་བརྒྱད་དང་སྒོ་མ་བཞི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་། །མ་མོ་བདུན་དང་སྲིང་མོ་བཞི། །རྡོ་རྗེའི་གིང་ཆེན་བཅོ་བརྒྱད་རྣམས། །མ་བསྐྱེད་རྫོགས་པའི་ཚུལ་གྱིས་སུ། །དཔལ་འབར་ཁྲོ་བོའི་རྒྱུད་བཞིན་བསྐྱེད། །སྐུ་བསྐྱེད་གསལ་བཏབ་དབང་བསྐུར་ནས། །སྤྱན་དྲང་མཆོད་པ་གཞུང་བཞིན་འབུལ། །དེ་དག་འདིར་བཤད་མངས་པའི་ཕྱིར། །གཞན་དང་མཐུན་པར་རྒྱལ་བས་གསུང་། །ཚོགས་རྒྱུད་ཆེན་པོ་ལས། དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཚོགས་ཀྱི་མཆོད་པ་ལ་ཡང་། དོན་རྣམ་པ་གསུམ་སྟེ། ཚོགས་བྱིན་གྱིས་བརླབ་པ་དང་། ཚོགས་དྲང་བ་དང་། ཚོགས་ཀྱི་མཆོད་པ་འབུལ་བའོ། །དེ་ལ་ཚོགས་བྱིན་གྱིས་བརླབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་འཁོར་རྣམ་པ་གཉིས་ཏེ། བསམ་པ་མྱ་ངན་ལས་འདས་ཤིང་། དགོངས་པ་ཆོས་ཉིད་དང་ལྡན་པའི་འཁོར་དང་། འཇིག་རྟེན་དབང་དུ་སྡུད་པའི་འཁོར་རོ། །དེ་ལ་དགོངས་པ་ཆོས་ཉིད་དང་ལྡན་པའི་འཁོར་ནི། ཆོས་མཉམ་པ་ཉིད་ལ་བཞུགས་ནས། ཐུགས་རྗེ་དབྲི་བཀོལ་མི་མཛད་པའི་དོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་ལ་མགོན་དང་། སྐྱབས་དང་དཔུང་གཉེན་མཛད་


DNG008_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བཞུགས་པས། དམིགས་པ་ཡོད་ན་བཞེས་སུ་གནང་བ། བྱིན་གྱིས་བརླབས་ཤིང་། དངོས་གྲུབ་སྩོལ་བར་མཛད་པས། བྱིན་གྱིས་བརླབ་མི་དགོས་སོ། །འཇིག་རྟེན་དབང་དུ་བསྡུས་པའི་འཁོར་ནི། ཆོས་མཉམ་པ་ལ་བཞུགས་ནས། ཐམས་ཅད་ལ་བྱ་ར་དང་ཚུལ་རྟོག་སྟེ། དམ་ཚིག་བསྲུངས་མི་བསྲུང་བལྟ། དམ་ཚིག་སྲུང་བ་ལ་སྟོངས་གྲོགས་བྱེད། དམ་ཚིག་མི་བསྲུང་ཞིང་ཉམས་པ་ལ་ཆད་པས་གཅོད།མནར་མེད་པར་ལྟུང་བར་བྱེད། རྣལ་འབྱོར་གྱི་མཆོད་པ་ལ་ཕུད་ཉམས་མ་ཉམས་དང་། གཙང་སྦྲ་བྱེད་མི་བྱེད་བལྟ། ཕུད་མ་ཉམས་ཤིང་གཙང་སྦྲ་བྱེད་ན། ཅི་འདོད་པའི་དངོས་གྲུབ་དང་། གང་བཅོལ་བའི་ལས་བྱེད། ཕུད་ཉམས་ལ་གཙང་སྦྲ་མ་བྱས་ན། དངོས་གྲུབ་ཀྱི་བར་ཆད་བྱེད། ལས་བཅོལ་པ་ལོག་པར་བསྒྲུབ། རྣལ་འབྱོར་བྱིན་གྱིས་བརླབས་མ་བརླབས་དང་། དགོངས་པ་དག་མ་དག་བལྟ། བྱིན་གྱིས་བརླབས་ལ་དགོངས་པ་དག་ན། བསྒོ་བ་ཉན་པ་དང་།ལུས་དང་གྲིབ་མ་བཞིན་འཁོར་བ་དང་། འཁོར་དང་རིགས་བསྲུང་བ་དང་།དབང་དང་མཐུ་སྟེར་བ་དང་། གཏོར་མ་སྤྱི་བོ་ལ་མངོན་དུ་ཁྱེར་ཏེ། བྲན་སྙིང་ཉེ་བ་བཞིན་ལས་བྱེད་ཅིང་། འཁུ་ལྡོག་མེད་ལ། རྣལ་འབྱོར་པའི་དགོངས་པ་མ་དག་པས། བྱིན་གྱིས་མ་བརླབས་ན། བར་ཆོད་ཀྱི་གེགས་བྱེད། ཆོ་འཕྲུལ་སྟོན། མཐུ་དབང་འཕྲོག །འཁུ་ལྡོག་ཆེ། མི་བདེ་བའི་དོན་དང་། སྡུག་བསྔལ་དང་། སྲོག་གི་བར་ཆད་དང་། འཁོར་དང་སྡེ་ལ་གནོད་པས། བྱིན་གྱིས་བརླབ་དགོས་ཏེ། དང་པོ་ཚོགས་ཀྱི་ཞལ་ཟས་ལ་ཕུད་མ་ཉམས་ཤིང་བསགས་ཏེ། གཙང་སྦྲ་དང་ལྡན་པར་བསགས་ལ། དྲི་ཆབ་ལ་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་། ཕྱག་རྒྱས་བྱིན་གྱིས་བརླབས་པས་བསངས་ལ། དེ་ནས་ཁྲོ་མོ་དབང་ཕྱུག་མའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་ནི། ཆུ་གཙང་མའི་ནང་དུ་ཙན་དན་དམར་པོ་བརྡར་ཏེ། དེ་ལ་ཡི་གེ་ཧཱུཾ་དམར་པོ་གཅིག་ཏུ་བསྒོམ།


DNG008_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཞེས་བརྗོད་པས། ཁྲོ་མོ་དབང་ཕྱུག་མ་སྐུ་མདོག་དམར་མོ་ཚོན་གང་བ་ཞིག་ཏུ་གྱུར་པའི་ཐུགས་ཀར་ཡི་གེ་ཨཱོཾ་བཀོད་ལ་སྲིན་མཐེབ་ཀྱི་བར་དུ་ཡིག་འབྲུ་བཟུང་སྟེ། ཨཱོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཧྲཱྀཿཋཱ། ཨཱོཾ་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་པས། ཁྲོ་མོ་དབང་ཕྱུག་མ་འོད་དུ་ཞུ་ནས། ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་མཁའ་དབྱིངས་རྣམ་པར་དག་པར་བྱིན་གྱིས་བརླབས་ཏེ། དེ་ནས་ཚོགས་ཀྱི་ལོངས་སྤྱོད་ལ། ཡི་གེ་སྭ་མཐིང་ག་གཅིག་བཀོད་ལ། དེ་འཕྲོ་ཞིང་འདུས་པ་ལས། ཨཱོཾ་རཏྞ་བྷ་ག་ལ་ཁཾ་ཞེས་བརྗོད་ལ། ལག་པ་ཐལ་མོ་སྦྱར་ཏེ་གཏུགས་ལ། ཚོགས་ཀྱི་མཆོད་པ་ཐམས་ཅད་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ།ལྷུན་སྡུག་པ་རི་རབ་དང་མཉམ་པ། གྲངས་མང་པ་སའི་སྐྱེ་འཁྲུངས་དང་མཉམ་པ། གཏིང་ཟབས་པ་རྒྱ་མཚོ་དང་མཉམ་པ་མཚུངས་པར་བྱིན་གྱིས་བརླབས་སོ། །དེ་ནས་ཚོགས་ཀྱི་ཞལ་ཟས་ལ། ཧཱུཾ་དང་མཱུཾ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར། ཡབ་ཡུམ་གཉིས་སུ་མེད་པའི་མཁའ་ལས། ཞི་ཁྲོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་འཕྲོས་པས། འཇིག་རྟེན་གྱི་རྣམ་རྟོག་ཐམས་ཅད་བསྲེག་སྦྱང་དུ་བྱས། རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ལ། དགྱེས་པ་ཆེན་པོའི་མཆོད་པ་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ཕུལ། མཉེས་པ་ཆེན་པོས་ཆོས་ཉིད་དག་པའི་རྒྱུད་བསྐུལ་ནས། རྒྱལ་བའི་བྱིན་རླབས་དང་། དཔལ་གྱི་ཕམ་ཕབ་ཀྱིས་ཁམས་གསུམ་གྱི་སེམས་ཅན་དང་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ། གསང་སྔགས་ཡོ་ག་རྣམ་གསུམ་གྱི་སྒོར་ཞུགས་ཤིང་། རྣལ་འབྱོར་གྱི་བཀའ་གཞུང་བཞིན་མཛད་པ་ཐམས་ཅད་ལ། འདོད་པའི་ལོངས་སྤྱོད་རྣམ་ལྔ་ཆོས་ཉིད་ཀྱི་རྒྱན་དུ་མཆོད་པ་ཕུལ། ཐམས་ཅད་


DNG008_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་ཤིང་ཚིམ་པ་དང་། །འགྲངས་ཤིང་ངོམས་པར་བྱས། གཡར་དམ་ཉམས་པ་སོར་ཆུད་ནས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། མ་མོ་དང་མཁའ་འགྲོ་ཐམས་ཅད་ལ་ཁྱབ་པས། དམ་རྫས་གང་ལ་དད་པས་མཆོད།རང་རང་གི་དམ་ཚིག་བསྲུང་། དཔལ་གྱི་བཀའ་དང་དམ་ལས་མི་འདའ་བར་བྱས། རྣལ་འབྱོར་གྱི་ལས་དང་གཉེར་གཏད་མཐར་ཕྱིན་པར་དམ་ཚིག་མནོས་ཏེ། རྣལ་འབྱོར་གྱི་དགོངས་པ་མཐར་ཕྱིན་པར་བྱིན་གྱིས་བརླབ་བོ། །ཚོགས་རྒྱུད་ཆེན་པོ་ལས། བྱིན་གྱིས་བརླབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཚོགས་ཀྱི་མཆོད་པ་དྲང་བ་འདི་སྐད་དོ། །རྔ་སྒྲ་ཅང་ཏེའུ་པི་ཝང་དང་། །གླིང་བུ་དང་ནི་ཀརྐོ་ཏ། །གྷཎྜ་ཆ་ལང་སྣ་ཚོགས་དང་། །གླུ་དང་ལེའུ་དང་ཚིག་དང་བཅས། །སྙན་པའི་གླུ་དབྱངས་སྣ་ཚོགས་ཀྱི། །སྙན་གྱི་མཆོད་པ་བཞེས་སུ་གསོལ། །རྒྱལ་བའི་ཐུགས་དམ་མཉེས་གྱུར་ཅིག །གར་དང་ཕྱག་རྒྱ་སྟངས་སྟབས་དང་། །གཟུགས་དང་དབྱིབས་དང་རྫས་དང་རྟེན། །སྡུག་དང་མཛེས་དང་ཡིད་འོང་ཞིང་། །ཁ་དོག་གསལ་བ་སྣ་ཚོགས་ཀྱི། །སྤྱན་གྱི་མཆོད་པ་བཞེས་སུ་གསོལ། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །དྲི་དང་སྤོས་དང་བདུག་པ་དང་། །བསྲེག་དང་བཙོས་དང་སྦྱར་བ་དང་། །རླངས་པ་དུད་པ་སྣ་ཚོགས་ཀྱི། །ཤངས་ཀྱི་མཆོད་པ་བཞེས་སུ་གསོལ། །དཀྱིལ་འཁོར་ཐུགས་དམ་བསྐང་གྱུར་ཅིག །བཟའ་དང་བཅའ་དང་བཏུང་བ་དང་། །བཤོས་དང་ཞལ་ཟས་སྣ་ཚོགས་དང་། །ཁ་དང་མངར་དང་སྐྱུར་བ་དང་། །ཚ་དང་རྩུབ་དང་ལན་ཚྭའི་རོ། །ལྗགས་ཀྱི་མཆོད་པ་བཞེས་སུ་གསོལ། །སྲས་བཅས་འཁོར་གྱི་ཐུགས་དམ་བསྐང་། །ལྷ་དང་མི་ཡི་ན་བཟའ་དང་། །གོས་དང་རྒྱན་དང་ལྷབ་ལྷུབ་དང་། །རིན་ཆེན་དབུ་རྒྱན་ཅོད་པན་དང་། །དཔུང་རྒྱན་དོ་ཤལ་སེ་མོ་དོ། །དར་དཔྱངས་པ་ཏི་ཤམ་བུ་དང་། །སྙན་ཆ་མགུར་ཆུ་བླ་མེད་འདི། །སྐུ་ཡི་མཆོད་པ་བཞེས་སུ་གསོལ། །


DNG008_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ལྷ་ཡི་ལོངས་སྤྱོད་དང་། །འབྱོར་ལྡན་མི་ཡི་ལོངས་སྤྱོད་དང་། །དགོངས་ལྡན་འཕྲུལ་གྱི་ལོངས་སྤྱོད་རྣམས། །དཀྱིལ་འཁོར་ཆེན་པོས་བཞེས་སུ་གསོལ། །འཕགས་པའི་ཐུགས་དམ་བསྐང་གྱུར་ཅིག །འབྲུ་ཚིག་དོན་དང་མན་ངག་དང་། །གསལ་དང་གོ་འབྱེད་སྙིང་པོའི་རྒྱུ། །དབང་པོ་ཚིམས་བྱེད་རྒྱལ་བའི་བཀའ། །ཕྱག་རྒྱ་ཆེན་པོའི་གསུང་ལྡན་པའི། །ཆོས་ཀྱི་མཆོད་པ་བཞེས་སུ་གསོལ། །མ་ལུས་ཐུགས་དམ་བསྐང་གྱུར་ཅིག །ཅེས་དྲང་ངོ་། །ཚོགས་རྒྱུད་ཆེན་པོ་ལས། ཚོགས་དྲང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཚོགས་ཀྱི་མཆོད་པ་ཡང་རྣམ་པ་གསུམ་སྟེ། ཕྱི་གཟུགས་ཀྱི་མཆོད་པ་དང་། ནང་སྒྲོལ་བའི་མཆོད་པ་དང་། གསང་བ་ཐབས་དང་ཤེས་རབ་བྱང་ཆུབ་སེམས་ཀྱིས་མཆོད་པའོ། །དེ་ལ་ཕྱི་གཟུགས་ཀྱི་མཆོད་པ་ལ་ཡང་རྣམ་པ་བཅུ་དྲུག་སྟེ། རྣམ་པར་མི་རྟོག་པ་དོན་གྱི་མཆོད་པ་དང་། ཏིང་ངེ་འཛིན་གྱི་མཆོད་པ་དང་། གར་གྱི་མཆོད་པ་དང་། ཕྱག་རྒྱའི་མཆོད་པ་དང་། སེམས་དཔའ་བཅུ་དྲུག་གི་མཆོད་པ་དང་། སེམས་མ་བཅུ་དྲུག་གི་མཆོད་པ་དང་། འདོད་པའི་ཡོན་ཏན་རྣམ་པ་ལྔའི་མཆོད་པ་དང་། ཀུན་ཏུ་བཟང་པོའི་མཆོད་པ་དང་།བདེ་བ་ཆེན་པོའི་མཆོད་པ་དང་། འདུས་བྱས་རྫས་ཀྱི་མཆོད་པ་དང་། བླ་ན་མེད་པའི་མཆོད་པ་དང་། རྣམ་པར་གྲོལ་བའི་མཆོད་པ་དང་། འཁོར་གསུམ་ཡོངས་སུ་དག་པའི་མཆོད་པ་དང་། གཉིས་སུ་མེད་པའི་མཆོད་པ་དང་།མཉམ་པར་བཞག་པའི་མཆོད་པ་དང་། ལྷུན་གྱིས་གྲུབ་པའི་མཆོད་པའོ། །དེ་ལ་རྣམ་པར་མི་རྟོག་པ་དོན་གྱིས་མཆོད་པ་འདི་སྐད་དོ། །ཆོས་ཉིད་སྟོང་པའི་རང་བཞིན་ལ། །རྣམ་རྟོག་མཚན་མ་མི་གནས་ཤིང་། །དབུ་མ་ལ་ཡང་མི་གནས་ཤིང་། །མི་རྟོག་མི་གཡོ་སྐྱོན་བསལ་ཏེ། །གཟུང་འཛིན་གཉིས་ཀ་ལས་འདས་པའི། །མི་རྟོག་མཆོད་པ་བཞེས་སུ་


DNG008_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཨཱོཾ་དྷརྨ་དྷཱ་ཏུ་པཱུ་ཛ་སྭཱ་ཧཱ་ཞེས་དགོངས་པ་བཟུང་ངོ་། །དེ་ནས་ཏིང་ངེ་འཛིན་གྱི་མཆོད་པ་འདི་སྐད་དོ། །ཕྱོགས་བཅུ་སྟོང་གསུམ་བསམ་མི་ཁྱབ། །རབ་འབྱམས་དཔག་ཏུ་མེད་པ་ན། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །ཐབས་དང་ཤེས་རབ་རང་བཞིན་ལས། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ཏེ། །རྟོགས་དང་ལྡན་པས་གསལ་བསྒོམས་ནས། །དབྱེར་མེད་ངོ་བོ་ཉིད་མཉམ་ཕྱིར། །དམིགས་པའི་ཏིང་འཛིན་མཆོད་པར་བཞེས། །ཨཱོཾ་ས་མཱ་དྷི་ཙ་ཏུ་པཱུ་ཛ་སྭཱ་ཧཱ། ཞེས་དགོངས་པས་བརླབ་བོ། །དེ་ནས་གར་གྱིས་མཆོད་པ་འདི་སྐད་དོ། །ཨཱོཾ་གར་གྱི་རྒྱུ་དང་གར་གྱི་ཁུངས། །གར་གྱི་གར་ཐབས་དྲངས་དང་བཅས། །གར་གྱི་གླེང་གཞི་ཡོན་ཏན་གྱིས། །གར་གྱི་མཆོད་པ་དབུལ་བར་བྱ། །ཨཱོཾ་དང་པོ་དམ་ཚིག་གར་ལགས་ཏེ། །ནམ་མཁའ་ཀུན་ཀྱང་གར་གྱིས་ཁེངས། །གར་མཁན་ཚུལ་དུ་སངས་རྒྱས་ཤིང་། །གསང་ཆེན་བདེ་བའི་མཆོག་སྟོན་པ། །ངོ་མཚར་ཆེ་ལ་ཕྱག་འཚལ་ལོ། །གཡས་ཀྱི་སེ་གོལ་ཏ་ལ་ཧོ། །གཡོན་གྱི་སེ་གོལ་བཤམ་པ་བརྒྱ། །ཏ་ལ་ཀྴམ་རྒྱ་རྩེ་བསྡམས་པ། །འདས་པའི་སངས་རྒྱས་ཀུན་འདུས་ན། །ཕྱི་ནང་གཞན་ལྟ་སྨོས་ཅི་འཚལ། །སྤྲིན་ཕུང་བཞིན་དུ་འཁོར་འདུས་ནས། །གཟུགས་དང་སྒྲ་དང་དྲི་དང་རོ། །ལོ་ཙཱ་ན་ལ་སོགས་པ་ལྔས། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨཱོཾ་མ་ཧཱ་ཤཱུནྱ་ཏ་ཡོ་ག་པྲ་བ་ནེ།ཨཀྵ་མུ་ས་སྭ་པྲ་བ་སཱེ། སུ་ཀ་ར་སུ་ཀེ་ཏན་ཞེས་གར་གྱི་མཆོད་པ་ཕུལ་ནས།གར་འབྱུང་བའི་རྒྱུ་ནི། གཡོན་པས་ཁུ་ཚུར་བཅང་བ་ལས་འབྱུང་ངོ་། །གར་གྱི་གར་དྲང་ཐབས་ནི། སྒྲུབ་ཐབས་སྐུ་གསུང་ཐུགས་སུ་འདུས་སོ། །གར་གྱི་ཡོན་ཏན་ནི། གར་བསྒྱུར་ནས་ཕྱག་རྒྱ་བཅང་བའི་ཚེ། །སྐུ་ལྷའི་ཕྱག་རྒྱར་གསལ་བར་བྱས་ནས། དེར་ཡང་གྲོལ་བར་


DNG008_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ནས་ཕྱག་རྒྱའི་མཆོད་པ་འདི་སྐད་དོ། །ཕྱག་རྒྱ་བཞུགས་ཚུལ་ལས། སྐུ་ཡི་ཕྱག་རྒྱ་འདའ་བ་མེད། །མི་འགྱུར་ཕྱག་རྒྱའི་མཆོད་པ་ལས། །རྒྱལ་བ་མཉེས་ཏེ་དངོས་གྲུབ་སྩོལ། །སེམས་དཔའི་སྐྱིལ་མོ་མཉམ་བཞག་ནས། །གཡོན་པའི་ལག་བརྐྱང་རྐང་སྟེང་ན། །གཡས་པ་དེ་སྟེང་མཉམ་བཞག་པ། །ཀུན་བཟང་ཉིད་ཀྱི་ཕྱག་རྒྱ་ཡིན། །ལག་པ་ཐལ་སྦྱར་སོར་བསྣོལ་ནས། །གུང་མོ་རྩེ་སྤྲད་མཐེའུ་ཆུང་བསྒྲེང་། །མཐེ་བོང་གཉིས་ཀྱང་དེ་བཞིན་བསྒྲེང་། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཡིན། །སོར་མོ་བཞི་པོ་རྒྱབ་བསྣོལ་ཏེ། །གཅིག་ལ་གཅིག་འཁྱུད་ལུ་གུ་རྒྱུད། །མཐེ་བོང་གཉིས་ཀྱང་མཐིལ་དུ་སྦྱར། །དེ་བཞིན་རིགས་ཀྱི་ཕྱག་རྒྱ་ཡིན། །ཐལ་མོ་ཁོང་སྟོང་སྦྱར་བ་ལས། །མཐེ་བོང་གློར་བཞག་མཛུབ་ཟུར་ཅན། ། སྦྱར་ཡིན་ནམ། གུང་མོ་སོར་དྲུག་འོད་ལྟར་བཀྲམ། །རིན་ཆེན་རིགས་ཀྱི་ཕྱག་རྒྱ་ཡིན། །ལག་པ་ཐལ་མོ་དེ་ཉིད་ལས། །སོར་མོ་རྩེ་སྤྲད་དགུ་བྱས་ནས། །པདྨ་ཁ་འབུས་ཚུལ་དུ་བྱས། །པདྨ་རིགས་ཀྱི་ཕྱག་རྒྱ་ཡིན། །ལག་པ་ཐལ་མོ་དེ་ཉིད་ལས། །སྲིན་ལག་གཉིས་ནི་ནང་དུ་བཀུག །བཞི་པོ་རྩེ་སྤྲད་ཕྱོགས་བཞིར་བགྲད། །ལས་ཀྱི་རིགས་ཀྱི་ཕྱག་རྒྱ་ཡིན། །ཕྱག་རྒྱ་དེ་ཉིད་བཅངས་པ་ལས། །བཞི་པོ་རྩེ་སྤྲད་གྱེན་བསྒྲེངས་ནས། །དམ་དུ་བརྩུམས་ཏེ་བསྒྲེངས་པ་ནི། །རིགས་ཀྱི་ཡུམ་ལྔའི་ཕྱག་རྒྱ་ཡིན། །ཐལ་མོ་གཉིས་ནི་མཉམ་སྦྱར་ནས། །སོར་མོ་གཞན་རྣམས་རྒྱབ་ཏུ་བསྣོལ། །ཟུར་ཅན་མྱུ་གུའི་ཡི་ཚུལ། །ས་ཡི་སྙིང་པོའི་ཕྱག་རྒྱ་ཡིན། །གཡས་པའི་མཐེ་བོང་མཐེའུ་ཆུང་མནན། །སོར་མོ་གསུམ་ཕྱར་རལ་གྲིའི་ཚུལ། །གཡོན་པ་ཤུབས་ལྟར་བྱས་པ་ནི། །ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་ནས་ཀྱང་། །སོར་མོ་སྤེལ་ཏེ་ཡིད་ཙམ་བསྣོལ། །པདྨ་ཁ་རྒྱས་ཚུལ་དུ་བྱས། །སྤྱན་རས་གཟིགས་དབང་ཕྱག་རྒྱ་ཡིན། །གཡས་གཡོན་སོར་


DNG008_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ་གུང་མོ་བསྒྲེངས། །མཛུབ་མོ་རྡོ་རྗེའི་རྭ་ལྟར་བཀུག །མཐེ་བོང་གཉིས་ནི་གློར་བཞག་པ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། །གཡས་པ་སྐྱབས་ཀྱི་ཕྱག་རྒྱ་ལས། །གཡོན་པ་མཐེ་བོང་མཛུབ་མོ་སྤྲད། །སྙེ་མ་འཛིན་པ་ལྟར་བྱས་པ། །སེམས་དཔའ་ཀུན་བཟང་ཕྱག་རྒྱ་ཡིན། །གཡས་པ་ལག་མཐིལ་ལྟེ་བར་བརྐྱང་། །གཡོན་པ་བརླ་ལ་སེ་གོལ་ཚུལ། །པོ་ཏི་འཛིན་པ་ལྟར་བྱས་པ། །སྒྲིབ་པ་རྣམ་སེལ་ཕྱག་རྒྱ་ཡིན། །ལག་པ་གཡས་པ་མཆོག་སྦྱིན་ཚུལ། །གཡོན་པ་བརྐྱངས་ཏེ་ས་གནོན་གྱིས། །ཀླུ་ཤིང་འཛིན་པ་ལྟར་བྱས་པ། །བྱམས་པ་མཆོག་གི་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་རྟིང་སྦྱར་ནས། །སོར་མོ་ཕྱིར་བཀྱེད་རྩེ་མོ་དགུག །ཨུཏྤལ་ཚུལ་དུ་བྱས་པ་ནི། །འཇམ་དཔལ་གཞོན་ནུའི་ཕྱག་རྒྱ་ཡིན། །ལག་པ་ཁུ་ཚུར་དཀུར་བརྟེན་ནས། །འགྱིང་བའི་ཚུལ་དུ་གནས་པ་ལ། །འཛུམ་ཞིང་སྒེག་པས་གཡས་སུ་འདུད། །ལ་སེ་སྒེག་མོའི་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་མཐེབ་མཛུབ་སྤྲད། །གཡོན་པས་ཕྲེང་བ་འཛིན་པ་ལ། །གཡས་པས་སྨིན་མཚམས་འདྲེན་པ་ནི། །མ་ལེ་ཕྲེང་བ་འདྲེན་པའི་ཕྱག་རྒྱ་ཡིན། །གཡོན་པ་རིན་ཆེན་པི་ཝང་ལ། །སོར་མོས་དེའུ་གནོན་པ་ལས། །གཡས་པ་རྡེབ་པ་ལྟར་བྱས་པ། །དབྱངས་མཁན་མ་ཡི་ཕྱག་རྒྱ་ཡིན། །གཡོན་པའི་ཐལ་མོ་བཀན་པ་ལ། །གཡས་པ་སྟེང་དུ་ལྟོ་བསྣོལ་ཏེ། །འཁྲིལ་པའི་ཚུལ་གྱི་ཕྱག་རྒྱ་ནི། །གར་མཁན་སྐྱོང་མའི་ཕྱག་རྒྱ་ཡིན། །ལག་པ་གཡོན་པའི་གྲུ་མོ་ནས། །གཡས་པས་འདེགས་པ་ལྟར་བྱས་ལ། །གཡོན་པ་སྤོས་ཕོར་ཚུལ་དུ་བྱ། །དྷཱུ་བེ་ཚིམས་བྱེད་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་ཐལ་མོ་སྦྱར། །སྙིམས་པ་ཡིད་ཙམ་བཀན་པ་ལས། །འཐོར་བའི་ཐབས་སུ་སྤྱོད་པ་ནི། །པུཥ྇་མེ་ཏོག་འཐོར་བའི་ཕྱག་རྒྱའོ། །ལག་པ་གཡས་གཡོན་སྙིམས་པ་ལས། །མཐེ་ཆུང་གཉིས་ནི་དཀྱིལ་ནས་


DNG008_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲེངས། །གཤིབས་ཏེ་གྱེན་དུ་བསྒྲེངས་པ་ནི། །ཞུན་མར་ཨཱ་ལོའི་ཕྱག་རྒྱ་ཡིན། །ལག་པ་གཡོན་པས་སྐྱོར་བ་ལས། །གཡས་པའི་མཐེབ་སྲིན་ཕྱག་རྒྱ་ཡིས། །གཏོར་ཐབས་ཚུལ་དུ་བྱས་པ་ནི། །གན་བྷེ་དྲི་ཡི་ཕྱག་རྒྱ་ཡིན། །ལག་པ་ཁུ་ཚུར་བཅངས་ནས་ནི། །ནྲྀ་མགོ་ཕྱག་རྒྱ་ཆེན་པོ་ལས། །བཏེགས་པའི་ཚུལ་དུ་ཕྱར་བ་ནི། །གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཡིན། །གཡོན་པས་སྡིགས་པའི་མཛུབ་མོ་ལས། །གཡས་པ་རྡོ་རྗེ་བེ་ཅོན་གྱིས། །བརྡེག་པའི་ཐབས་སུ་འདེབས་པ་ནི། །དཔལ་ལྡན་ཆེན་པོའི་ཕྱག་རྒྱ་ཡིན། །རྟ་མགྲིན་དཔལ་ནི་རྟ་ཡི་རྒྱ། །ཡང་ན་གཡོན་པ་ཐོད་ཁྲག་ལས། །གཡས་པ་སྦྲུལ་ཞགས་སྡོམ་པ་ནི། །ཧ་ཡ་གྲཱི་ཝའི་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་བསྣོལ་བ་ལས། །རྡོ་རྗེ་རྒྱ་གྲམ་ཚུལ་དུ་བྱ། །འགྱིང་བའི་ཐབས་སུ་བརྗིད་པ་ནི། །བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཡིན། །མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ། །མི་ཕམ་མ་ཡི་ཕྱག་རྒྱ་ཡིན། །ཞགས་པ་བསྡོག་པ་ལྟར་བྱས་པ། །ཁྲོ་གཉེར་མ་ཡི་ཕྱག་རྒྱ་ཡིན། །འཁྱུད་པ་ལྕགས་སྒྲོག་ལྟར་བྱས་པ། །རོ་ལངས་མ་ཡི་ཕྱག་རྒྱ་ཡིན། །དྲིལ་བུ་འཁྲོལ་བ་ལྟར་བྱས་པས། །རལ་གྲི་མ་ཡི་ཕྱག་རྒྱ་ཡིན། །པི་ཝང་རྡེབས་པ་ལྟར་བྱས་པས། །ལྷ་ཡི་ཐུབ་པའི་ཕྱག་རྒྱ་ཡིན། །གོ་ཆ་བགོ་བ་ལྟར་བྱས་པས། །ལྷ་མིན་ཐུབ་པའི་ཕྱག་རྒྱ་ཡིན། །གསེག་པར་འཛིན་པ་ལྟར་བྱས་པ། །མི་མགོན་ཐུབ་པའི་ཕྱག་རྒྱ་ཡིན། །པོ་ཏི་ཆོས་འཆད་ཕྱག་རྒྱ་ནི། །བྱོལ་སོང་ཐུབ་པའི་ཕྱག་རྒྱ་ཡིན། །རིན་ཆེན་སྒྲོམ་བུ་ཁ་འབྱེད་ནི། །ཡི་དྭགས་ཐུབ་པའི་ཕྱག་རྒྱ་ཡིན། །མེ་འབར་ཆུ་བླུག་ལག་གཉིས་ནི། །དམྱལ་བའི་ཐུབ་པའི་ཕྱག་རྒྱ་ཡིན། །ཕྱག་རྒྱ་མཆོད་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་ཐུགས་དམ་བསྐང་གྱུར་ཅིག །རྒྱལ་སྲས་མཆོད་པས་མཉེས་གྱུར་ནས། །མཐར་ཕྱིན་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་མུ་དྲ་ཙེ་


DNG008_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རི་པཱུ་ཛ་སྭཱ་ཧཱ། ཞེས་མ་ནོར་བར་འབུལ། དེ་ནས་སེམས་དཔའ་བཅུ་དྲུག་གི་མཆོད་པ་འདི་སྐད་དོ། །སེམས་མ་བཅུ་དྲུག་གི་སྔགས་རྣམས་དཔྱད་དགོས། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །རྡོ་རྗེ་རྒྱལ་པོ་དགའ་བ་ཆེ། །རྡོ་རྗེ་ཆགས་པ་འདེབས་པ་ཆེ། །རྡོ་རྗེ་ལེགས་པ་བླ་ན་མེད། །རྡོ་རྗེ་རིན་ཆེན་དྲི་མ་མེད། །རྡོ་རྗེ་ཉི་མ་གསལ་བ་ཆེ། །རྡོ་རྗེ་རྒྱལ་མཚན་དགའ་བ་ཆེ། །རྡོ་རྗེ་བཞེད་པ་ཐབས་ཆེན་པོ། །རྡོ་རྗེ་ཆོས་མཆོག་གསུང་བ་ཆེ། །རྡོ་རྗེ་འཁོར་ལོ་ཡིད་བཞིན་བསྐོར། །རྡོ་རྗེ་རྣོན་པོ་ཐོགས་པ་མེད། །རྡོ་རྗེ་སྨྲ་བ་གསུང་བ་ཆེ། །རྡོ་རྗེ་ལས་རབ་འདུལ་མཁས་པ། །རྡོ་རྗེ་གནོད་སྦྱིན་གདུང་བ་སེམས། །རྡོ་རྗེ་གོ་ཆ་དཔའ་བོ་སྟེ། །རྡོ་རྗེ་ཁུ་ཚུར་ལེགས་པ་ཆེ། །སེམས་དཔའ་ཆེན་པོ་མཆོད་པ་ཡི། །ཕྱག་རྒྱ་ཆེན་པོས་མཉེས་གྱུར་ཏེ། །མ་ལུས་དགྱེས་ཏེ་ཐུགས་དམ་བསྐང་། །རྩ་བའི་སྔགས་བརྗོད་སེམས་དཔའ་གཞན་ཡང་མཆོད་དོ། །དེ་ནས་སེམས་མ་བཅུ་དྲུག་གི་མཆོད་པ་འདི་སྐད་དོ། །ཨཱོཾ་སུ་ར་ཏོ་བཛྲ་མནོད་པ་བཱ་དྷ། ཨཱོཾ་སུ་ར་ཏོ་བཛྲ་ཀི་ལི་ཀི་ལི་ཧཱུཾ། །ཨཱོཾ་སུ་ར་ཏོ་བཛྲ་སྨེད་ཏ་ཧྲཱྀཿ། །ཨཱོཾ་སུ་ར་ཏོ་བཛྲ་གྷར་བྷེ་ཧཱུཾ། བདེ་བ་ཟ་བྱེད་ཡབ་ཡུམ་ཕྱག་རྒྱར་གསལ། །བདེ་བ་རྨོངས་བྱེད་གཉིས་སུ་མེད་པར་སྤྱོད། །བདེ་བ་རྒྱས་འདེབས་དཀྱིལ་འཁོར་ཕྲིན་ལས་རྫོགས། །བདེ་བ་ཚེ་འཕེལ་སྐྱེ་ཤི་མེད་པའི་ངང་། །ཨཱོཾ་ཧེ་མ་ཧཱ་སུར་ཏོ་བྷ་མ་ས་ནི་ཏྲ་ཐཱ། ཏྲ་ཐཱ། མ་ཧཱ་སུ་ཏ་ཧ་སེ་ཧ་ཧཱ། ཨཱོཾ་མ་ཧཱ་སུ་ཏ་ཏ་བཛྲ་གཱི་ཏི་ཏེ་ཏེ། ཨཱོཾ་མ་ཧཱ་སུ་ར་ཏ་བཛྲ་ནི་རྟི་ཕེ་པ་ཕེ་པ། རྡོ་རྗེ་སྒེག་མོ་བྱང་ཆུབ་སེམས་ཀྱི་ངང་། །རིན་ཆེན་དཔལ་ཕྲེང་གཟུངས་དང་ཏིང་ངེ་འཛིན། །པདྨ་དབྱངས་མཁན་གསུང་རབ་རྒྱ་མཚོ་སྒྲོགས། །ལས་ཀྱི་གར་མཁན་ཕྲིན་ལས་རྒྱ་མཚོས་སྒྲོལ། །ཨཱོཾ་སུ་ར་ཏོ་བཛྲ་མ་དུ་ག་རེ་གུམ་གུམ། ཨཱོཾ་སུ་ར་ཏོ་བཛྲ་མ་ཀེ་ཏང་ཏང་། ཨཱོཾ་སུ་ར་ཏོ་བཛྲ་ཤ་ར་ཏ་ཨ་ཨཱ། ཨཱོཾ་སུ་ར་ཏོ་བཛྲ་ཤྲི་གན་ཏེ་ཧོ་ཧོ། རྡོ་རྗེ་བདུག་པ་མ་ནི་བྱང་ཆུབ་སེམས་ཉིད་འདོད་པའི་དང་། །རྡོ་རྗེ་མེ་ཏོག་མ་ནི་དཀྱིལ་


DNG008_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསལ་བར་འཐོར། །རྡོ་རྗེ་མར་མེ་མས་ནི་དཀྱིལ་འཁོར་གསལ་བར་མཐོང་། །རྡོ་རྗེ་དྲི་ཆབ་མས་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྤྲོ། །ཨཱོཾ་སུ་ར་ཏོ་བཛྲ་མ་ཧཱ་རཱུ་བེ་བྷི་ཤ་རུ་པེ་ཛ་ཛ། ཨཱོཾ་སུ་ར་ཏོ་བཛྲ་ཤཔྟ་སུ་ཀི་ཧཱུཾ། ཨཱོཾ་སུ་ར་ཏོ་བཛྲ་གནྡི་ཧོ་ཧོ། ཨོཾ་སུ་ར་ཏོ་བཛྲ་སྤཪྴེ། ཐུགས་རྗེའི་ལྕག་ཀྱུས་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་དྲངས་ལ། །དགའ་བའི་ཕོ་ཉ་ལྕགས་སྒྲོག་གནས་སྤྱོད་ནས། །བདེ་གཤེགས་རྟོག་བྲལ་མས་ནི་དགྱེས་པ་བསྐྱེད། །ཞེས་ཏིང་ངེ་འཛིན་དང་མཐུན་པར་སྦྱར་རོ། །དེ་ནས་འདོད་པའི་ཡོན་ཏན་རྣམ་པ་ལྔ་ཡིས་མཆོད་པ་འདི་སྐད་དོ། །གཟུགས་ཀྱི་ལྷ་མོའི་མཆོད་པ་ནི། །གཟུགས་མཛེས་གསལ་བའི་མེ་ལོང་བསྣམས། །མཛེས་པའི་གཟུགས་ཀྱི་མཆོད་པ་འབུལ། །སྤྱན་གྱི་མཉེས་པས་དགྱེས་གྱུར་ཅིག །སྒྲ་ཡི་ལྷ་མོའི་མཆོད་པ་ནི། །ཕྱག་གཉིས་དབྱངས་སྙན་པི་ཝང་བསྣམས། །སྙན་པའི་རོལ་མོའི་མཆོད་པ་འབུལ། །སྙན་གྱི་མཆོད་པས་མཉེས་གྱུར་ཅིག །དྲི་ཡི་ལྷ་མོའི་མཆོད་པ་ནི། །ཕྱག་ན་ཚིམས་བྱེད་སྤོས་ཕོར་བསྣམས། །དྲི་མཆོག་སྣ་ཚོགས་མཆོད་པ་འབུལ། །ཤངས་ཀྱི་དགྱེས་པས་མཉེས་གྱུར་ཅིག །རོ་ཡི་ལྷ་མོའི་མཆོད་པ་ནི། །རོ་མཆོག་ཞལ་ཟས་སྣ་ཚོགས་བསྣམས། །བདུད་རྩི་རོ་མཆོག་སྣ་ཚོགས་ཀྱིས། །ལྗགས་ལ་ཕོག་པས་མཉེས་གྱུར་ཅིག །རེག་གི་ལྷ་མོའི་མཆོད་པ་ནི། །ན་བཟའ་པཉྩཱ་ལི་ཀ་བསྣམས། །དྲོ་འཇམ་ཚ་བསིལ་རེག་བདེ་བའི། །སྐུ་ལ་གསོལ་བས་མཉེས་གྱུར་ཅིག །ཞེས་སྔགས་དང་ཕྱག་རྒྱ་དང་ལྡན་པས་ཀྱང་མཆོད་དོ། །དེ་ནས་ཀུན་ཏུ་བཟང་པོའི་མཆོད་པ་ནི། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨཱོཾ་ཤྲི་ས་མནྟ་བྷ་དྲ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་


DNG008_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁེ་བྷྱཿསརྦ་ཏརྔྷེ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལྟ་བ་ཡངས་པར་བྱའོ། །དེ་ནས་བདེ་བ་ཆེན་པོའི་མཆོད་པ་འདི་སྐད་དོ། །བདེ་བ་ཆེན་པོ་དག་ལ་གང་གནས་པ། །རྟག་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །ཁམས་གསུམ་ལས་འདས་བྱང་ཆུབ་རོལ་པ་ཆེ། །སྟོན་པས་བཙལ་ཀྱང་རྙེད་པར་ག་ལ་འགྱུར། །ཐིག་ལེ་ཆེན་པོ་ཡེ་ནས་གནས་པ་ལ། །ཡེ་ཤེས་སྙིང་པོ་འདི་ལས་གཞན་མེད་དོ། །འཁོར་བ་མྱ་ངན་སྐྱེ་ཤི་མེད་པའི་དབྱིངས། །བདེ་བ་ཆེན་པོའི་ངང་ལ་རྣམ་པར་རོལ། །ཨཱོཾ་ཅི་ལ་བདེ་བས་ཅི་ལ་རོལ། །བདེ་མཆོག་དེ་དང་མི་མཉམ་བདེ། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་སྲིད་དབྱིངས་སུ་མཉམ་སྦྱར་ནས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང་། །དཀྱིལ་འཁོར་རྒྱལ་སྲས་བཅས་པ་ལ། །དམ་ཚིག་མཆོད་པ་འདི་འབུལ་ན། །ནམ་མཁའི་རྡོ་རྗེ་སྩལ་དུ་གསོལ། །སརྦ་ཏ་ཐཱ་ག་ཏ་ཨ་རྒྷཾ་མ་ཧཱ་སུ་ཁ་པུ་ཛི་ཏེ་ཧོ། དེ་ནས་འདུས་བྱས་ཀྱི་མཆོད་པ་འདི་སྐད་དོ། །རིན་ཆེན་སྣ་ཚོགས་རྒྱན་ལས་གྲུབ་པ་ཡི། །རྒྱལ་མཚན་འཕན་གདུགས་བླ་རེ་ལྷབ་ལྷུབ་དང་། །བདུག་སྤོས་དྲི་ཞིམ་མེ་ཏོག་སིལ་མ་བཀྲམ། །བདུད་རྩིའི་དྲི་དང་སྣང་གསལ་སྒྲོན་མར་བཅས། །ལྷ་དང་མི་ཡི་རོལ་མོ་སྣ་ཚོགས་དང་། །གླུ་གར་ཏེའུ་དང་ཚིགས་སུ་བཅད་པས་བསྟོད། །བཟའ་བཏུང་བདུད་རྩིའི་རོ་མཆོག་རྣམ་མང་དང་། །རྒྱལ་སྲིད་རིན་ཆེན་སྣ་བདུན་ལ་སོགས་རྫས། །མཚན་མཆོག་བཙུན་མོ་ཡིད་དུ་འོང་བ་ཡང་། །གོས་དང་རྒྱན་དང་རིན་ཆེན་རྒྱན་གྱིས་མཛེས། །ཐབས་ལྡན་རོལ་པའི་ཚུལ་གྱིས་བཞེས་སུ་གསོལ། །བསོད་ནམས་ཚོགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་བླ་ན་མེད་པའི་མཆོད་པ་འབུལ་བ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །ནམ་མཁའི་མཐའ་ཀླས་གཏེར་ཆེན་འབྱུང་གྱུར་ཅིག །ཕུང་པོ་


DNG008_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་རྒྱལ་བ་ཡེ་ཤེས་ལྔ། །འབྱུང་བ་བླ་མེད་གསང་བའི་ཡུམ་ཆེན་ལྔ། །རྣམ་ཤེས་ཡུལ་དུས་སེམས་དཔལ་སེམས་མ་ལ། །མཆོད་པ་བླ་མེད་དུས་དང་རྒྱན་དུ་འབུལ། །དམྱལ་ཚོགས་མེ་ལྟར་འབར་བ་ཞི་བར་མཛོད། །དེ་ནས་རྣམ་པར་གྲོལ་བའི་མཆོད་པ་འདི་སྐད་དོ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །སངས་རྒྱས་ཞིང་ཡིན་རྣམ་གྲོལ་བའི། །འཛིན་མེད་ཆགས་དང་བྲལ་བ་ཡིས། །འཁོར་བའི་ཆོས་ལས་ཀུན་སྒྲོལ་བ། །མྱ་ངན་འདས་པའི་དཀྱིལ་འཁོར་བཀོད། །རྟོག་བྲལ་བག་ཆགས་མེད་པ་ལ། །འདི་ཞེས་མཚོན་པ་མེད་པ་ཡིས། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ། །བློ་ཆེན་པོ་དང་ལྡན་པའི་བདག །བྱང་ཆུབ་ཉིད་དེ་རྣམ་གྲོལ་བའི། །ཐབས་ལྡན་གྲོལ་བའི་མཆོད་པ་འབུལ། །གཉིས་མེད་དོན་གྱི་ཚངས་པ་སྩོལ། །དེ་ནས་འཁོར་གསུམ་ཡོངས་སུ་དག་པའི་མཆོད་པ་འབུལ་བ་ནི་འདི་སྐད་དོ། །མ་ཆགས་པ་ཡང་ཆགས་པ་མེད། །ཆགས་པ་ལ་ཡང་མ་ཆགས་མེད། །བདག་མེད་རྟོགས་པ་མྱ་ངན་འདས། །འཛིན་མེད་དབྱིངས་ལ་ཡེ་ཤེས་རོལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཕགས་པ་རྣམས་ལ་འབུལ་གྱིས་བཞེས། །བུ་དང་ཆུང་མ་བུ་མོ་དང་། །ནོར་དང་དབྱིག་དང་སྦས་པའི་གཏེར། །བླ་མ་རྣམས་ལ་འབུལ་ལགས་ཀྱིས། ། ཚིག་ཆད། རྟ་མཆོག་རྒྱན་གྱིས་བརྒྱན་པ་དང་། །དུད་འགྲོ་གླང་ཆེན་ནེ་ཤ་དང་། །འདབ་ཆགས་ལ་སོགས་ཐམས་ཅད་ཀྱང་། །འཁོར་བཅས་རབ་འབྱམས་བཞེས་སུ་གསོལ། །སྡུག་བསྔལ་ལ་ཡང་སྡུག་བསྔལ་མེད། །འཁོར་བ་ལ་ཡང་འཁོར་བ་མེད། །མ་ལུས་བཞེས་ཏེ་དགྱེས་མཛོད་ལ། །འཁོར་བའི་ཁྲི་མུན་སྟོངས་པར་མཛོད། །དེ་ནས་གཉིས་སུ་མེད་པའི་མཆོད་པ་འབུལ་བ་འདི་སྐད་དོ། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ནས། །གཟུགས་བརྙན་དཀྱིལ་འཁོར་


DNG008_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྲིས་ཏེ། །ཏིང་འཛིན་དཀྱིལ་འཁོར་གསལ་བསྒོམས་ནས། །བདེ་བར་གཤེགས་ལ་མཆོད་པ་འབུལ་བ་རྣམས། །གཉིས་མེད་དབྱིངས་ཀྱི་སྦྱོར་བ་ལས། །དམ་ཚིག་ཐུགས་དམ་བརྩེར་དགོངས་ཏེ། །གཉིས་སུ་མེད་པར་མཆོད་པ་འབུལ། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་འཕགས་པ་ཅང་མི་གསུང་། །དབྱེར་མེད་རང་བཞིན་གཅིག་པའི་ཕྱིར། །གཉིས་མེད་མཆོད་པ་བཞེས་སུ་གསོལ། །ཉོན་མོངས་ལ་སོགས་དུག་ལྔ་རྣམས། །ཐབས་མཁས་རྒྱལ་བའི་དཀྱིལ་འཁོར་དེ། །ཐབས་དང་ཤེས་རབ་རོལ་པ་ལས། །གཉིས་མེད་མཆོད་པ་བཞེས་སུ་གསོལ། །མི་མཉམ་འཁོར་བའི་སྡུག་བསྔལ་བསལ་དུ་གསོལ། །དེ་ནས་མཉམ་པར་བཞག་པའི་མཆོད་པ་འབུལ་བ་འདི་སྐད་དོ། །མཉམ་ཉིད་མི་གཡོ་མཉམ་ཉིད་སངས་རྒྱས་པའི། །ང་རྟོག་མཚན་མའི་སྤྱོད་ཡུལ་ངང་གིས་མེད། །གཟུང་འཛིན་མཚན་མ་ཀུན་ལས་འདས་པ་ཡི། །མཉམ་པ་ཆེན་པོའི་མཆོད་པ་རྣམ་པར་རོལ། །ལོག་རྟོག་སྒྱུ་མར་རོལ་པའི་སེམས་ཅན་དང་། །ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་ཀྱིས། །ཡེ་ཤེས་ལོག་རྟོག་ཁྱད་པར་བསམ་ཡས་ཀྱང་། །སྒྱུ་མ་ཡིན་པས་རང་བཞིན་ཡོངས་ཀྱིས་མཉམ། །མཉམ་པ་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །རྣམ་པར་རྟོག་མེད་དུས་གསུམ་རྒྱལ་བའི་སྐུ། །ལྔ་ཡི་ཉོན་མོངས་དུག་ལྔ་རང་ཐད་ཀྱང་། །དོན་རྟོགས་གསལ་བའི་སྐྱེས་བུར་གཉིས་སུ་མེད། །མཉམ་པ་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་ལས། །ལྷུན་གྱིས་གྲུབ་པའི་ངང་ལ་བཙལ་མེད་པས། །གཉིས་མེད་དོན་གྱི་ངང་དུ་གཅིག་པའི་ཕྱིར། །མཉམ་པར་བཞག་པའི་མཆོད་པ་བཞེས་སུ་གསོལ། །དེ་ནས་ལྷུན་གྱིས་གྲུབ་པའི་མཆོད་པ་འབུལ་བ་འདི་སྐད་དོ། །ཕུང་པོ་ལྷ་ཡི་དཀྱིལ་འཁོར་དུ། །ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །


DNG008_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མ་ལུས་ལྷུན་གྱིས་གྲུབ། །བྲོ་གར་འདུ་འཕྲོ་ལ་སོགས་པ། །འཛུལ་ལམ་མཁའ་ལ་འགྲོ་བ་སོགས། །གར་ཡང་ཐོགས་པ་མེད་པ་ཡི། །མཁའ་འགྲོ་ཆེན་པོར་ལྷུན་གྱིས་གྲུབ། །སྒྲ་རུ་གྲགས་པ་ཇི་སྙེད་དང་། །ཚིག་དང་ཡི་གེ་ཐམས་ཅད་པ། །གསུང་གི་ཕྱག་རྒྱར་ལྷུན་གྱིས་གྲུབ། །བཟའ་བཏུང་ལོངས་སྤྱོད་ཐམས་ཅད་ཀུན། །སྐྱེ་དང་བདུད་རྩིར་ཐམས་ཅད་གྲུབ། །ཆོས་ཉིད་ལྷན་ནེ་ལྷང་ངེར་གསལ། །བདེ་ཆེན་རྒྱལ་པོར་ལྷུན་གྱིས་གྲུབ། །ལྷུན་གྲུབ་མཐར་ཕྱིན་མཆོད་པ་བཞེས། །གྲུབ་པའི་འབྲས་བུ་རྫོགས་པར་མཛོད། །ཚོགས་རྒྱུད་ཆེན་པོ་ལས།ཕྱི་གཟུགས་ཀྱི་མཆོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བསྒྲལ་བའི་མཆོད་པ་ལ་ཡང་རྣམ་པ་ལྔ་སྟེ། དང་པོ་བསྒྲལ་བའི་རྒྱུ་དང་། དེའི་དགོངས་པ་དང་། དེའི་ཕྲིན་ལས་དང་། ཐུགས་དམ་བསྐུལ་བ་དང་། ཞལ་དུ་བསྟབ་པའོ། །དེ་ལ་དང་པོ་བསྒྲལ་བའི་རྒྱུ་ལ་ཡང་དོན་རྣམ་པ་ལྔ་སྟེ། གང་བསྒྲལ་བ་དང་། གང་གིས་བསྒྲལ་བ་དང་། དོན་ཆེད་ཅིའི་ཕྱིར་བསྒྲལ་བ་དང་། མ་བསྒྲལ་བའི་སྐྱོན་ནོ། །དེ་ལ་གང་བསྒྲལ་ན་ཞིང་བཅུར་གྱུར་པ་འདི་བསྒྲལ་ཏེ། དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར་པ་དང་། ངན་པའི་ངང་ཚུལ་ཅན་ལ་སོགས་པ་བཅུ་པོ་དེ་བསྒྲལ་ལོ། །དེ་གང་གིས་བསྒྲལ་ན།ཐབས་ལ་མཁས་པའི་སྐྱེས་བུ་ཆེན་པོས་ལྷའི་དཀྱིལ་འཁོར་དང་གཉིས་སུ་མེད་པས་བསྒྲལ་ལོ། །གང་དུ་བསྒྲལ་ན་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡུམ་གྱི་མཁའ་ཀློང་དུ་བསྒྲལ་ལོ། །དགོས་ཆེད་ཅིའི་ཕྱིར་བསྒྲལ་ན། དེ་མནར་མེད་པར་ལྟུང་ངེས་པས། དེ་མཐོ་རིས་སུ་འགོད་པའི་ཕྱིར། ཐུགས་རྗེ་ཆེན་པོས་བསྒྲལ་ལོ། །དེ་མ་བསྒྲལ་བའི་སྐྱོན་ནི། རྡོ་རྗེ་ཐེག་པའི་བཀའ་བཅག་ཅིང་། རྣལ་འབྱོར་གྱི་ཆོས་སྤྱོད་ནུབ་ནས། རྒྱལ་ཁམས་ཡོངས་སུ་ཕུང་བར་འགྱུར་བའི་


DNG008_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་ཡོད་དོ། །དེ་བསྒྲལ་བའི་དགོས་པ་ནི། བདག་ཉིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་གསལ་བར་བྱས་ལ། དཀྱིལ་འཁོར་ཆེན་པོར་དྲངས་ཏེ། འཁོར་བ་ཞེ་གཅོད་པའི་རྒྱ་གད་བྱས་ལ། དང་པོ་ཡི་གེ་རཾ་དང་ཡཾ་དང་ཁཾ་གིས་བསྲེག་སྦྱངས་ཚུལ་བཞིན་བྱས་ལ། དང་པོ་མཚོན་ཆ་རྣམ་པ་ལྔའི་ཆར་ཕབ་སྟེ། ཙཀྲ་ཨཱོཾ་ཞེས་བརྗོད་ནས། རྡོ་རྗེའི་འཁོར་ལོ་སྤྱི་བོའི་གཙུག་ཏུ་བརྒྱབ་པས། གཏི་མུག་གནས་སུ་དག་པར་བཅོམ། ཙཀྲ་ཧཱུཾ་ཞེས་བརྗོད་ནས། རྡོ་རྗེ་སྙིང་གར་བརྒྱབ་པས། ཞེ་སྡང་གནས་སུ་དག་པར་བཅོམ། ཙཀྲ་སྭཱ་བྷྲཱུཾ་ཞེས་བརྗོད་ནས། རིན་པོ་ཆེ་ལྟེ་བར་བརྒྱབ་པས་ང་རྒྱལ་གནས་སུ་དག་པར་བཅོམ། ཙཀྲ་ཨཱཾ་ཞེས་བརྗོད་ནས། པདྨ་ལྕེ་ལ་བརྒྱབ་པས་འདོད་ཆགས་གནས་སུ་དག་པར་བཅོམ། ཙཀྲ་ཧཱ་ཞེས་བརྗོད་ནས། རལ་གྲི་རྐང་པའི་མཐིལ་དུ་བརྒྱབ་པས། ཕྲག་དོག་གནས་སུ་དག་པར་བཅོམ། རྣམ་པར་ཤེས་པའི་སེམས་ཡི་གེ་ཧཱུཾ་དུ་བསྒྱུར། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག །འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས་བཏེགས། ཡབ་ཡུམ་སྦྱོར་བའི་མཚམས་སུ་འཕངས། སྒལ་ཚིགས་གསང་བའི་ཕྱག་རྒྱ་བཞི་ལྡན་བསྒོམ་བྱས་ནས། །ཁྱོད་ནི་རྒྱལ་བའི་སྲས་སུ་འགྱུར། །སེམས་ཅན་ཁྱོད་ཀྱི་གསང་བ་ན། །ཡི་གེ་ཏི་གཅིག་གནས་པ་ནི། །དམྱལ་བའི་བཙོ་བསྲེག་གནས་ཡིན་ཏེ། །བཙོ་བསྲེག་གནས་སུ་ཁྱོད་མི་གཏང་། །ཏི་ཡི་སྟེང་དུ་ཧ་གཅིག་བསྒོམ། །ཏི་ལས་ཧཱ་ལྗང་འོད་ལྡན་པས། །ཆོ་ག་རྣམ་གསུམ་འཕྲོ་འདུ་ལས། །དོན་ཡོད་གྲུབ་པ་རྒྱལ་བའི་སྐུ། །ཕྱག་རྒྱ་ལྔ་དང་ལྡན་པར་བསྒོམ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས། །འདིས་ཀྱང་སྦྱོར་བའི་ལས་མཛོད་ཅིག །གཞན་ཡང་ཕྲིན་ལས་རྣམ་བཞི་དང་། །བརྟུལ་ཞུགས་ཆེན་པོ་མཆོག་རྣམས་ཀྱིས། །སྤོར་དང་སྤར་བའི་ལས་མཛོད་ཅིག །ད་ནས་ཐུགས་དམ་རྒྱུད་བསྐུལ་བ་འདི་སྐད་དོ། །རྡོ་རྗེ་ཁྲོ་རྒྱལ་དཔལ་ཆེན་


DNG008_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ །དྲན་རྟོག་ཁྲོ་ཚུལ་ཞེ་སྡང་མི་མངའ་ཡང་། །གཏུམ་ཁྲོ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེ་ཆེན་པོས་སྒྲོལ་བའི་ཕྲིན་ལས་མཛོད། །འབར་བའི་དཀྱིལ་འཁོར་ཀུན་ལ་མཆོད་པ་ནི། །སྒེག་མོ་རིན་ཆེན་ཕྲེང་ཐོགས་དབྱངས་དང་གར། །སྤོས་ཀྱི་དྲི་མཆོག་མེ་ཏོག་མར་མེ་དྲི། །ཧཱུཾ་མཛད་ཧཱུཾ་ལ་ཧཱུཾ་སྟེ་བཞེས་སུ་གསོལ། །བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ལ། །བསྒྲལ་བའི་ཞིང་བཅུའི་རྣམ་ཤེས་མཆོད་པ་འབུལ། །རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ནས། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཅོམ་ལྡན་དཔལ་ཆེན་བུཌྜྷ་ཧེ་རུ་ལ། །བསྒྲལ་བའི་གཟུགས་ཀྱི་ཕུང་པོ་མཆོད་པ་འབུལ། །དེ་བཞིན་རིགས་ཀྱི་ཐུགས་དམ་བསྐང་གྱུར་ནས། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །བཅོམ་ལྡན་དཔལ་ཆེན་རཏྣ་ཧེ་རུ་ལ། །བསྒྲལ་བའི་ཚོར་བའི་ཕུང་པོ་མཆོད་པ་འབུལ། །རིན་ཆེན་རིགས་ཀྱི་ཐུགས་དམ་བསྐང་གྱུར་ནས། །ཡོན་ཏན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ལ། །བསྒྲལ་བའི་འདུ་ཤེས་ཕུང་པོ་མཆོད་པ་འབུལ། །པདྨ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ནས། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ལ། །བསྒྲལ་བའི་འདུ་བྱེད་ཕུང་པོ་མཆོད་པ་འབུལ། །ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་གྱུར་ནས། །ཕྲིན་ལས་དངོས་གྲུབ་དུས་འདིར་སྩལ་དུ་གསོལ། །ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་ལ། །བསྒྲལ་བའི་བཀྲག་དང་མདངས་ཀྱི་མཆོད་པ་འབུལ། །རྡོ་རྗེ་དབྱིངས་ཕྱུག་ཐུགས་དམ་བསྐང་གྱུར་ནས། །མཁའ་ལ་དབྱིངས་ཕྱུག་དངོས་གྲུབ་སྩལ་དུ་གསོལ། །ཡུམ་ཆེན་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་ལ། །བསྒྲལ་བའི་ཤ་དང་རུས་པའི་མཆོད་པ་འབུལ། །བུཌྜྷ་ཡུམ་ཆེན་ཐུགས་དམ་བསྐང་གྱུར་ནས། །ཡུམ་ཆེན་ཀྲོ་དྷཱིའི་དངོས་གྲུབ་སྩལ་དུ་གསོལ། །ཡུམ་ཆེན་


DNG008_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་ཀྲོ་དྷཱི་ཤྭ་རཱི་ལ། །བསྒྲལ་བའི་ཁྲག་དང་ཆུ་ཡི་མཆོད་པ་འབུལ། །རཏྣ་ཀྲོ་དྷཱིའི་ཐུགས་དམ་བསྐང་གྱུར་ནས། །རིན་ཆེན་དབྱིངས་ཕྱུག་དངོས་གྲུབ་སྩལ་དུ་གསོལ། །ཡུམ་ཆེན་པདྨ་ཀྲོ་དྷཱི་ཤྭ་རཱི་ལ། །བསྒྲལ་བའི་དྲོད་དང་མེ་ཡི་མཆོད་པའི་འབུལ། །པདྨ་ཡུམ་ཆེན་ཐུགས་དམ་བསྐང་གྱུར་ནས། །པདྨ་དབྱིངས་ཕྱུག་དངོས་གྲུབ་སྩལ་དུ་གསོལ། །ཡུམ་ཆེན་ཀརྨ་ཀྲོ་དྷཱི་ཤྭ་རཱི་ལ། །བསྒྲལ་བའི་དབུགས་དང་རླུང་གིས་མཆོད་པ་འབུལ། །ཀརྨ་ཀྲོ་དྷཱིའི་ཐུགས་དམ་བསྐང་གྱུར་ནས། །ལས་ཀྱི་དབྱིངས་ཕྱུག་དངོས་གྲུབ་སྩལ་དུ་གསོལ། །ཀཽ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །བསྒྲལ་བའི་རྣམ་ཤེས་བརྒྱད་ཀྱི་མཆོད་པ་འབུལ། །ཁྲོ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་གྱུར་ནས། །སྟོང་པ་བརྒྱད་ཀྱི་དངོས་གྲུབ་སྩལ་དུ་གསོལ། །སེང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །བསྒྲལ་བའི་དུར་ཁྲོད་བརྒྱད་ཀྱི་མཆོད་པ་འབུལ། །མགོ་བརྙན་བརྒྱད་ཀྱི་ཐུགས་དམ་བསྐང་གྱུར་ནས། །གྲུབ་པའི་གནས་བརྒྱད་དངོས་གྲུབ་སྩལ་དུ་གསོལ། །རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ལ། །བསྒྲལ་བའི་ཡན་ལག་བཞི་ཡི་མཆོད་པ་འབུལ། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་གྱུར་ནས། །ཕྲིན་ལས་བཞི་ཡི་དངོས་གྲུབ་སྩལ་དུ་གསོལ། །དབང་ཕྱུག་ཁྲག་འཐུང་ཉི་ཤུ་བརྒྱད་རྣམས་ལ། །བསྒྲལ་བའི་སྒལ་ཚིགས་ཉེར་བརྒྱད་མཆོད་པ་འབུལ། །དབང་ཕྱུག་ཉི་ཤུ་བརྒྱད་ཀྱི་ཐུགས་དམ་བསྐང་། །བཅོལ་བའི་འབྲས་བུ་མཆིས་པའི་དངོས་གྲུབ་སྩལ་དུ་གསོལ། །མ་བདུན་སྲིང་བཞི་གསང་བའི་ཡུམ་ཆེན་ལ། །བསྒྲལ་བའི་གློ་སྙིང་ཕོ་མཆིན་ནང་རོལ་དང་། །མཁྲིས་པ་མཁལ་མ་ལ་སོགས་འབུལ། །ཐུགས་དམ་གཉེན་བསྐང་དངོས་གྲུབ་སྩལ་དུ་གསོལ། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ། །བསྒྲལ་བའི་རུས་པ་སུམ་བརྒྱ་དྲུག་ཅུ་རྣམས། །ཕོ་ཉའི་ཚོགས་རྣམས་མཆོད་འབུལ་


DNG008_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་། །ཕོ་ཉ་རྐང་མགྱོགས་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་གིང་ཆེན་ཀ་ཏར་གིང་མཆོག་བཅྭོ་བརྒྱད་ལ། །བསྒྲལ་བའི་རྩིབ་མ་བཅོ་བརྒྱད་མཆོད་པ་འབུལ། །གིང་ཆེན་ཐུགས་དམ་བསྐང་སྟེ་དངོས་གྲུབ་སྩོལ། །དེ་ནས་ཞལ་དུ་བསྟབ་པ་འདི་སྐད་དོ། །བསྟབ་པོ་ཁ་རི་ཞལ་ཕྱེས་ཤིག །འབར་བ་ཆེན་པོ་ཞལ་ཕྱེས་ཤིག །རྣམ་རྟོག་མ་ལུས་ཞལ་དུ་བསྟབ། །དབུ་དང་ཕྱག་མང་ཞལ་ཕྱེས་ཤིག །དགྲ་བགེགས་མ་ལུས་ཞལ་དུ་བསྟབ། །ཞིང་གསོལ་ཆས་བརྒྱད་ཞལ་ཕྱེས་ཤིག །བར་དུ་གཅོད་པ་ཞལ་དུ་བསྟབ། །ཤ་ཟ་ཁྲག་འཐུང་ཞལ་ཕྱེས་ཤིག །བསྒྲལ་བའི་ཞིང་བཞི་ཞལ་དུ་བསྟབ། །རྔམ་བྱེད་མ་ལུས་ཞལ་ཕྱེས་ཤིག །བདུད་དང་སྲིན་པོ་བར་གཅོད་བྱེད་པ་དང་། །རྡོ་རྗེ་སློབ་དཔོན་སྐུ་དགྲ་རྣམས། །མ་ལུས་བཞེས་ཏེ་རོལ་པར་མཛོད། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །འདོད་ཆགས་མཆོད་པ་བཞེས་སུ་གསོལ། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་རུས་པ་མར་བས་ཞིམ། །ཞེ་སྡང་མཆོད་པ་བླ་ན་མེད། །ཞེ་སྡང་མཆོད་པ་འདི་བཞེས་ལ། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་ཤ་ནི་ཟན་བས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །གཏི་མུག་མཆོད་པ་འདི་བཞེས་ལ། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་རཀྟ་མ་ཧཱ་མཱཾ་ས་མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ཚོགས་རྒྱུད་ཆེན་པོ་རྫོགས་སོ། །དེ་ནས་གསང་བ་ཐབས་དང་ཤེས་རབ་བྱང་ཆུབ་སེམས་ཀྱི་མཆོད་པ་ལ་ཡང་དོན་རྣམ་པ་ལྔ་སྟེ། གཟུངས་མ་བྱིན་གྱིས་བརླབ་པ་དང་། གཉིས་སུ་མེད་པར་སྦྱོར་བ་དང་།གསང་བའི་མཁའ་ལ་སེམས་ཅན་ཐམས་ཅད་དབང་བསྐུར་ཏེ་གནས་སྤར་བ་དང་། དཀྱིལ་འཁོར་གྱི་ལྷ་ལ་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་བ་དང་། བྱང་ཆུབ་སེམས་རྡོ་རྗེའི་ལྕེ་ཡིས་དངོས་གྲུབ་བླང་བ་དང་ལྔའོ། །དེ་ལ་དང་པོ་གཟུངས་མ་བྱིན་གྱིས་བརླབ་པ་ནི། གཟུངས་མ་ཉིད་ཡུམ་ཤེས་


DNG008_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ། དུས་གསུམ་བདེ་བར་གཤེགས་པའི་བཞུགས་གནས་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ལ། གསང་བའི་མཁའ་ལ་དཀྱིལ་འཁོར་གྱི་ལྷ་ཚང་བར་གསལ་བར་བསྒོམ་པ་དང་། གནས་ལྔར་ཡི་གེ་དཔའ་བོ་འབྲུ་ལྔ་ལས། རིགས་ལྔར་གྱུར་པ་དང་། གསང་བའི་ཡུམ་བཞིའི་བསྐོར་བར་བྱིན་གྱིས་བརླབ་པའོ། །དེ་ནས་གཉིས་སུ་མེད་པར་སྦྱོར་བ་ནི། དང་པོ་སྤྱན་གྱིས་བརྡ་ཞིག་མཛད་དེ།འདི་སྐད་བསྐུལ་ལོ། །མཚན་མཆོག་བརྒྱན་པའི་ཡུམ་མཆོག་ཤེས་རབ་སྤྱན། །ཤེས་རབ་དོན་གྱི་བརྒྱན་པའི་ཐུགས་དམ་བསྐུལ། །མི་དམིགས་སྙིང་རྗེ་ཐམས་ཅད་ཡོངས་ལ་སྙོམས། །ཐབས་དང་ཤེས་རབ་ཚུལ་ཁྲིམས་ཀྱིས། །ས་མ་ཡ་སྟྭམ་ཞེས་བསྐུལ་བ་དང་། ཡུམ་གྱིས་ཡབ་ལ་འདི་སྐད་ཅེས་བསྐུལ་ལོ། །ཐབས་ལ་མཁས་པའི་འགྲོ་བ་འདྲེན་པའི་གཙོ། །འཁོར་བ་མ་སྤངས་གནས་སུ་དག་པ་ལ། །འཕགས་པ་རྣམས་ལ་དགྱེས་པའི་ཐུགས་དམ་བསྐུལ། །བདེ་བ་ཆེན་པོའི་མཆོད་པ་རྒྱན་དུ་གཞེས། །ས་མ་ཡ་ཧཱུཾ་ཞེས་བསྐུལ་བས། ཡབ་ཀྱི་ཕྱག་རྒྱ་ཆེན་པོ་བཞིས་མཉམ་པར་སྦྱར། ཧཱུཾ་ལས་གསང་བའི་རྡོ་རྗེ་རྩེ་ལྔ་པར་བསྒོམ། རྡོ་རྗེའི་རྭ་ལྔ་ལ་རིགས་ལྔའི་སྙིང་པོ་འགོད། ཡུམ་གྱི་མཁའ་པདྨ་འདབ་མ་བརྒྱད་ལ་ཡུམ་གྱི་སྙིང་པོ་འགོད། པྲ་བེ་ཤ་ཕཊ་ཀྱིས་སྒོ་ཕྱེས། སུ་ར་ཏོ་སྟྭཾ་གྱིས་བསྐུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་གཅིག་ཏུ་བལྟས་ཏེ། མཉེས་པ་ཆེན་པོའི་ཐུགས་དམ་བསྐང་། དོན་དབྱིངས་དང་ཡེ་ཤེས། རྟགས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པོ། །དེ་ནས་གསང་བའི་མཁའ་ལ་སེམས་ཅན་ཐམས་ཅད་གནས་སྤར་ཏེ་དབང་བསྐུར་བ་ནི། ནམ་མཁས་གང་ནས་གང་དུ་ཁྱབ་པར་ཆོས་ཀྱི་དབྱིངས་ཀྱིས་ཀྱང་གང་ནས་གང་དུ་ཁྱབ་པར། ཡུམ་གྱི་མཁའ་ཀློང་རྣམ་པར་དག་པས་ཁྱབ་པས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཡབ་ཡུམ་གྱི་མཁའ་དབྱིངས་རྣམ་པར་དག་པ་གཞལ་ཡས་ཁང་དུ་གྱུར་པའི་ནང་ན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་མེ་མར་རླུང་གིས་མ་བསྐྱོད་པ་


DNG008_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གནས་པ་ལ། ཀུན་གཞི་ཨའི་རང་བཞིན་དང་། ཡིད་ཧཱུཾ་གི་རང་བཞིན་དུ་བསྡུ། ཡུམ་གྱི་མཁའ་ལ་གནས་པ་དེ། ཡབ་ཡུམ་འོད་བསྣོལ་མར་གཏིབས་པས། ཨ་དང་ཧཱུཾ་དང་བྱང་ཆུབ་སེམས་གསུམ་དུ་འདྲེས་པ་ལས། ཐམས་ཅད་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོའི་སྲས་སུ་གྱུར་ཏེ། སེམས་ཅན་ཐམས་ཅད་རྒྱལ་བའི་སྲས་སུ་བཞེངས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་། རྡོ་རྗེ་མིང་གི་དབང་བསྐུར་ཏེ། སངས་རྒྱས་ཀྱི་གདུང་འཛིན་ཅིང་བྱང་ཆུབ་སེམས་ཀྱི་དབང་བྱིན་ཏེ་བཞག་གོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་བ་ནི། མེ་ལོང་ཡུ་བ་ཅན་གྱི་ནང་དུ་བཞག་ལ། སྲིན་མཐེབ་ཀྱིས་ཕྱག་རྒྱས་གཙོ་བོ་དང་འཁོར་ཡན་ལ་མཆོད་པ་ཕུལ་བས། དགྱེས་པ་ཆེན་པོའི་བདུད་རྩིས་མཉེས་ནས། དངོས་གྲུབ་སྩོལ་ཞིང་བྱིན་གྱིས་བརླབ་པར་མཛད་པའོ། །དེ་ནས་བྱང་ཆུབ་ཀྱི་སེམས་ལས་རྡོ་རྗེ་ཚེའི་དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་ལྷ་ཐམས་ཅད་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཀུནྡ་དཀར་ཙ་ར་ར་ཟག་པས་བདག་གི་བྱང་ཆུབ་ཀྱི་སེམས་དང་འདྲེས་ཏེ། ལྕེ་ལ་བླང་ནས་ཙིཏྟ་ལ་ཐིམ་པས་ཡེ་ཤེས་སེམས་དཔའི་སྐུ་ཚོན་གང་བར་གྱུར་ཏེ། སྐྱེ་ཤི་མེད་པའི་གཡུང་དྲུང་དུ་གྱུར་ཏོ། །ཚོགས་རྒྱུད་ཆེན་པོ་ལས། ཚོགས་ཀྱི་མཆོད་པ་ཕུལ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཚོགས་ཀྱི་མཆོད་པའི་གྲངས་ནི། རབ་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་དབུལ་བར་བྱའོ། །འབྲིང་གིས་དུས་བཞིར་དབུལ་བར་བྱའོ། །ཐ་མས་ཀྱང་ཉིན་ལན་རེ་མཚན་ལན་རེ་དབུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སྤྱད་ཐང་རེ་ཞིང་གྲོལ་ཐང་རེ་དང་། སྨིན་པའི་མཆོག་རེ་རེ་འགྲུབ་པར་གསུངས་སོ། །དེ་ལ་ཚོགས་ཀྱི་མཆོད་པའི་འབྲས་བུ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར།དཀའ་བ་ད་ལྟར་སྤྱད་ནས་འབྲས་བུ་ཕྱིས་འོང་དུ་རེ་བ་མ་ཡིན་ཏེ། ཚོགས་ཀྱི་འབྲས་བུ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ས་བཅུ་རིམ་གྱིས་བགྲོད་མི་དགོས་ཏེ། ད་ལྟ་ཉིད་ནས་རིགས་ལྔའི་


DNG008_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་མཉམ་པར་སངས་རྒྱས་པར་འགྱུར་རོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཀྱང་འདི་སྐད་གསོལ་ཏོ། །ཚོགས་ཀྱི་མཆོད་པའི་འབྲས་བུ་ནི། །ཕུང་པོ་མི་གནས་མྱ་ངན་འདས། །རིག་འཛིན་ས་ལ་བདེ་བར་གནས། །ཕྱོགས་བཅུའི་སངས་རྒྱས་ཀུན་མཉེས་ཏེ། །བྱིན་གྱི་རླབས་ཀྱིས་དབང་བསྐུར་ནས། །དངོས་གྲུབ་དམ་པར་སྩོལ་བར་མཛད། །ཆོས་ཀྱི་སྐུ་དང་གཉིས་སུ་མེད། །ཅེས་སངས་རྒྱས་རྣམས་ཀྱིས་གསུངས་སོ། །དེ་ལ་ཚོགས་ཀྱི་མཆོད་པ་འདིས། །ཡུན་ཅི་ཙམ་གྱིས་འགྲུབ་ཅེ་ན། །རབ་ཀྱིས་ཟླ་བ་གཅིག་ནས་འགྲུབ། །འབྲིང་གི་ལོ་གཅིག་དག་ནས་འགྲུབ། །ཐ་མ་ལོ་གསུམ་ཚུན་ཆད་དུ། །ཚོགས་ཀྱི་མཆོད་པ་འབུལ་བྱས་ན། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །ཞེས་གསུངས་སོ། །ཚོགས་ཕུལ་བའི་ཡོན་ཏན་ནི། འཇིག་རྟེན་གྱི་ཁམས་འདིར་ཡང་རྒྱལ་བ་སྲས་དང་བཅས་པའི་ཞལ་མཐོང་བར་འགྱུར་བ་དང་། མ་མོ་དང་མཁའ་འགྲོ་ཐམས་ཅད་སྤྲིན་ཕུང་བཞིན་དུ་གཏིབས་ཏེ། ཅི་བསྒོ་བའི་བཀའ་ཉན་ཅིང་། དངོས་གྲུབ་ཀྱི་སྟོངས་དང་གྲོགས་བྱེད་པས་མཐུ་དབང་ཕུན་སུམ་ཚོགས་པ་སྦྱིན་ཏེ། ཐམས་ཅད་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ལོངས་སྤྱོད་ཐམས་ཅད་འཕེལ་བ་དང་འཁོར་ཐམས་ཅད་འདུ་ཞིང་། ནད་དང་དུཿཁ་མི་འབྱུང་ཞིང་འཇིག་རྟེན་གྱི་ལྷ་མ་སྲིན་ཐམས་ཅད་ཀྱང་མཉེས་ཤིང་བྱིན་ཆེ་བར་མཐོང་བ་དང་། དེ་ལ་གར་གྱི་སྤྱི་གཙུག་ལྟར་ལེན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མིག་གི་འབྲུ་ལྟར་མཐོང་ངོ་། །ཡིད་དུ་འོངས་ཤིང་དགའ་བར་འགྱུར་བ་དང་། འཇིག་རྟེན་ཕྱི་མར་རིག་འཛིན་ཐམས་ཅད་ཀྱིས་མདུན་བསུ་སྟེ། ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པར་འགྱུར་རོ། །ཚོགས་མ་ཕུལ་བའི་སྐྱོན་ནི། བསྒྲུབས་ཀྱང་དོན་མེད་ཅིང་བདེ་བར་གཤེགས་པ་རྣམས་ཀྱང་ཞལ་འཛུམ་པར་མི་མཛད་ཅིང་། བསོད་ནམས་དང་སྐལ་བའི་སྐལ་བ་ཆུང་སྟེ་དམྱལ་བ་དང་ཡི་དྭགས་དང་བྱོལ་སོང་གི་གནས་སུ་སྐྱེ་བར་འགྱུར་རོ། །ཚོགས་རྒྱུད་ཆེན་པོ་ལས། ཚོགས་ཕུལ་བའི་ཕན་ཡོན་དང་མ་ཕུལ་བའི་སྐྱོན་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་རྫོགས་སོ།། །།


previousརྣལ་འབྱོར་ནང་གི་ཚོགས་རྒྱུད་ཆེན་པོ།next