Nitartha Digital Library
Tibetan
 
previousགསང་བ་སྙིང་པོའི་རྒྱ་དཔེ་ཡིན་ངེས་སྙམ་ནས་ཡི་དམ་དུ་བཟུང་བདོགnext

གསང་བ་སྙིང་པོའི་རྒྱ་དཔེ་ཡིན་ངེས་སྙམ་ནས་ཡི་དམ་དུ་བཟུང་བདོག


DNG009_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་ཧྱ་གརྦྷ། བོད་ཀྱི་སྐད་དུ་གསང་བ་སྙིང་པོ་ཞེས་བྱ་བར་འགྲོའམ་ཟེར་བས། གསང་བ་སྙིང་པོའི་རྒྱ་དཔེ་ཡིན་ངེས་སྙམ་ནས་ཡི་དམ་དུ་བཟུང་བདོག་ཅེས་ཞུས་པས། དེ་མ་ཐག་པར་ལོང་ཞིག་པར་བསྒོས་ཤིང་། དེས་ཀྱང་རིངས་པའི་ཚུལ་གྱིས་བླངས་ཏེ་ཕུལ་བས་གཟིགས་ཏེ་མཉེས་ཤིང་། རྒྱ་དཔེ་ཏ་ལའི་ལོ་མ་ལ་ཡི་གེ་ཝརྟུ་ལ་ཤིན་ཏུ་ལེགས་པར་བྲིས་པ་སྔོན་རྒྱལ་པོ་སྔ་དར་གྱི་དུས་སུ་བྱོན་པས། རྙིངས་པས་ཡིག་འབྲུ་ལ་ལ་ཟུབས་ཤིང་། ལེའུ་དགུ་པའི་སྟོད་ནས་ཏ་ལའི་བྱང་བུ་གཅིག་ཆད་པ། མཇུག་ལེའུ་ཉི་ཤུ་པ་རྫོགས་སུ་ཉེ་བ་ནས་ཀྱང་མ་ཚང་བ་ཞིག་འདུག་པས། ཆེས་ཆེར་མཉེས་པ་ཆེན་པོ་ཐོབ་སྟེ། སླར་ཡང་རྒྱ་དཔེ་ཡར་འབྲོག་པ་ཤ་གད་ལོཙྪ་བ་ཤེས་རབ་བཟང་པོ་ཞེས་གྲགས་པ། སྔར་གྱི་སྦྱངས་པའི་ས་བོན་སད་པ། ཚེ་འདིར་ལོཙྪའི་ཚུལ་འབད་པ་ཆུང་ངུས་ཤེས་པ་ཞིག་བྱུང་བ་དེ་ལ་སྔོན་གྱི་རྒྱ་དཔེ་འདི་འདུག་པས་འབྲུ་ལེན་གྱིས་ལ་བསྐུར་ཞེས་བསྒོས་ཤིང་། དེས་ཀྱང་ཇི་ལྟར་གསུངས་པ་བཞིན་བྲིས། འགྱུར་མཆན་ཅི་རིགས་ཀྱང་བཏབ། ཕྱི་མོའི་གནས་ལ་མི་གསལ་བ་རྣམས་བུ་དཔེར་ཡང་དེ་ལྟར་བཏབ། བརྡ་སྤྲད་ཅིང་གྲུབ་པ་དང་། ན་མཿཤྲཱི་གུ་ར་ཝེ་རཏྣ་ཏྲ་ཡཱ་ཡ། བསིལ་ལྡན་འདི་ན་སྡེ་སྣོད་འཛིན་རྣམས་ཀྱི། །ནང་ན་རྒྱུ་སྐར་རྒྱལ་པོ་གང་བ་ལྟར། །ཀུན་ནས་ཐལ་ལེ་རབ་ཏུ་གསལ་བ་ཡི། །མཁས་མཆོག་བཅོམ་ལྡན་རལ་གྲི་རྒྱལ་གྱུར་ཅིག །སྤྱན་སྔར་ཞུ་བ། དཔལ་གསང་བ་སྙིང་པོའི་རྒྱ་དཔེ་འདྲ་ལེན་དུ་གྱིས་ལ་བྲིས་ལ་བསྐུར་གསུངས་པ་ལ། འབྲུ་ཐུག་བགྱིས་ནས་བྲིས་ཤིང་།མཚམས་སྦྱོར་མ་བྱས་པ་དང་། ཚིགས་བཅད་ལ་ཤད་མ་བྲིས་པ་རྣམས་རྒྱ་དཔེ་ན་ཇི་ལྟར་འདུག་པ་བཞིན་བྲིས་པ་ལགས་ཤིང་། སྔ་འགྱུར་དང་འབྲུ་ཐུག་བགྱིས་ན་ཟུབས་པ་རྣམས་གོའམ་སྙམ་པ་གདའ་སྟེ་མ་བགྱིས། དང་ཞུས་ཀྱང་དག་པར་བགྱིས་ལགས་ཤིང་། སྒྲོ་སྐུར་བསལ་ཕྱིར་ཀུན་ལ་སྤེལ་བ་ཞུ། །རྒྱུད་ཀུན་སྙིང་པོ་དཔལ་ལྡན་འདུས་པ་དང་། །དབྱེར་མེད་རྒྱུད་ཆེན་འདི་ལྟ་བུ་དང་གཞན། །ཟབ་མོའི་ཆོས་དང་ཐེག་ཆེན་ཆོས་


DNG009_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །མཇལ་ནས་བཀའ་བཞིན་སྒྲུབ་པ་བྱེད་པར་ཤོག །ཅེས་པའི་ཞུ་ཡིག་དང་རྒྱ་དཔེ་བཅོམ་ལྡན་པའི་ཕྱག་ཏུ་ཕུལ་ཞིང་། བཅོམ་ལྡན་པས་གང་གི་ཚེ་སྔགས་པའི་དགེ་བའི་བཤེས་གཉེན་མང་པོ་ཤ་བ་ཇོ་མོ་ལྷ་ཁང་དུ་ཆེར་འདུས་པ་དེའི་ཚེ། རྒྱུད་འདིའི་རྒྱ་དཔེ་བསྐུར་ནས། འདི་རིགས་འཛིན་ཆེན་པོ་པདྨ་སཾ་བྷ་ཝའི་ཕྱག་དཔེར་འདུག་ཅིང་། རྒྱུད་རྣམ་དག་ཡིན་པའི་རྒྱུ་མཚན་དང་བཅས་ཏེ་བསྙད་པས། ཁོང་རྣམས་ན་རེ་བོད་ན་རྒྱུད་འདི་ལ་ད་ལྟ་རྒྱ་དཔེ་ཡོད་དམ་མེད་ཀྱང་རུང་གི། ཁོ་བོ་ཅག་རྣམས་ལ་ནི་སྔར་ནས་ཀྱང་སོམ་ཉི་མེད་ཟེར་རོ། །དེ་ནས་རིང་ཞིག་ལོན་པའི་ཚེ། བྱང་རི་པ་ཤེས་རབ་རྒྱ་མཚོས་རྒྱ་དཔེ་དེ་བཅོམ་ལྡན་པའི་ཕྱག་ནས་ཞུས། ཐར་པ་ལོཙྪ་བའི་དྲུང་དུ་ཕྱིན་ཏེ།སྔོན་གྱི་དམ་པ་རྣམས་ཀྱིས་བསྒྱུར་བ་དང་། རྒྱ་དཔེའི་ནང་ན་མང་ཉུང་ལ་སོགས་པའི་དྲེགས་ཡོད་པར་འདུག་པ་དང་། འཆོང་དྲུག་གི་ཐེ་ཚོམ་བསལ་བའི་ཕྱིར་ཁྱེད་ཀྱིས་ཀྱང་བསྒྱུར་བར་ཞུ་ཞེས་བསྐུལ་བ་ལ་བརྟེན་ནས། ཉི་འོད་སེང་གེའི་འགྲེལ་ཆེན་དང་། སངས་རྒྱས་གསང་བའི་འགྲེལ་པ་དང་། སྒེག་པ་རྡོ་རྗེའི་འགྲེལ་པ་དང་། སྔ་འགྱུར་རྣམས་དཔང་པོར་བྱས་ནས། སྔ་འགྱུར་ན་མེད་ཅིང་རྒྱ་དཔེ་འདི་ན་ཡོད་པ་ཐམས་ཅད་བསྒྱུར། འདིར་བྱུང་འཐད་ཅིང་སྔ་འགྱུར་ན་ཡོད་པའི་ཚིག་ཅི་རིགས་རྣམས་སྔ་འགྱུར་བཞིན་བྲིས། སྔ་འགྱུར་སྔ་ཕྱི་ནས་རིང་པོ་ནས་བསྒྱུར་ཏེ། བསྒྱུར་བ་རྣམས་ཁོ་བོས་རྒྱ་དཔེ་ལྟར་བཀོད་དོ། །ཡང་ལེའུ་གསུམ་པ་ནས། བདག་དང་བདག་གི་གཞན་རྣམས་ནི། །དྲུག་པ་ནས། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་དང་། བདུན་པ་ནས། དཔེར་ན་དེ་བཞིན་སྦྲིད་སངས་བཞིན། །ཞེས་དང་། དགུ་པ་ནས། སོ་སོ་ཐིག་ལེ་དེ་ཉིད་ལ། །ཞེས་དང་། བཅུ་བདུན་པ་ནས། འབར་བའི་ཁྲོ་བོ་མང་པོ་འཁྲུག །ཅེས་དང་། ཐ་མ་ནས། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་ཞེས་དང་། ཡང་འཕགས་པ་རྟོག་པའི་རྒྱལ་པོ་ཞེས་པ་ནས། འབྲས་བུའི་མཆོག་གི་བར་རྒྱ་དཔེ་འདི་ན་མི་སྣང་ལ། ལེའུ་དགུ་པའི་འགོ་ནས་


DNG009_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་མ་གཞུག་པར་བྱ། །ཞེས་པའི་རྒྱ་དཔེ་བྱང་བུ་གཅིག་ཆད་པའང་འགྱུར་རྙིང་ལས་བསབས་པ་ཡིན་ནོ། །ཡང་རྒྱ་དཔེ་འདིའི་ལེའུ་བཞི་པར། རྒྱ་གར་གྱི་ཡི་གེ་ལྔ་བཅུ་དང་། དེ་དག་གི་དོན་བཤད་ཀྱང་ཚང་བར་བྱུང་བ་དང་། བཅོ་ལྔ་པར་མཇུག་བསྡུ་བའི་ཚིགས་སུ་བཅད་པ་ལྔ་བྱུང་བ་དང་། འཆོང་དྲུག་ཀྱང་རྒྱ་དཔེ་འདི་ནས་ཚང་བར་བྱུང་ཞིང་། རྒྱ་འགྲེལ་ཉི་འོད་ལ་སོགས་པར་མ་བྱུང་བས།རྒྱ་དཔེ་ལ་ཡང་རྒྱས་བསྡུས་གཉིས་སུ་ཡོད་པར་གསལ་ཞིང་། བོད་དུ་དཔེ་མཁྱུད་བྱས་ཞེས་པ་མི་བདེན་ཅིང་། གཞུང་རྒྱས་བསྡུས་བསྟན་པ་ཡིན་ནོ། །དེ་བས་ན་གཟུ་ལུམས་དང་། རལ་ཆོད་དང་། མུན་སྤྲུལ་ལ་སོགས་པ་འཁོར་བའི་རྒྱུ་རྣམས་སྤངས་ནས་བསམ་པ་རྣམ་པར་དག་པས་བསྒྱུར་བ་ཡིན་ཏེ། དེ་བས་མཐོ་བ་ལ་ཕྲག་དོག་དང་། མཉམ་པ་ལ་འགྲན་སེམས་དང་། དམན་པ་ལ་བརྙས་པ་ལ་སོགས་པའི་བློ་སྤངས་ཏེ། ཁོ་བོས་འགྱུར་འདི་ལ་བལྟས་ན་ཚིག་དོན་གྱི་ཆ་འགའ་ཞིག་ལ་ཕན་པར་འགྱུར་སྲིད་པས་བློ་གསལ་ཞིང་གཟུ་བོར་གནས་པ་རྣམས་ཀྱིས་འདྲི་བ་དང་། འཆང་བ་དང་། བཀླག་པ་དང་། སྟོན་པ་དང་། ཀུན་ཆུབ་པར་མཛད་པ་ཞུ། དཔལ་གསང་བ་སྙིང་པོའི་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི། བྱང་རི་པ་དགེ་བའི་བཤེས་གཉེན་ཤེས་རབ་རྒྱ་མཚོས་བསྐུལ་བའི་ངོར། མང་དུ་ཐོས་པའི་ལོཙྪ་བ་གནས་བརྟན་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ཐར་པའི་གླིང་དུ་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ་པའོ།། །།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ། །ཆེན་པོའི་ཆེན་པོ་ཀུན་དུ་བཟང་པོའི་གསུང་མཆོག་ཟབ་མོ་འདི། །འདི་ཉིད་སྟོན་པ་དགྱེས་པས་ཆེད་དུ་བརྗོད་ཅིང་བརྗོད་པས་གསུངས། །གསུང་བཞིན་གསུང་རབ་ཀུན་གྱི་མཆོག་གྱུར་འདི་ནི་འོག་མིན་དུ། །དང་པོ་བསྟན་ནས་སླར་ཡང་གསང་འཛིན་གསང་བའི་བདག་པོའི་མཐུས། །ཨིནྡྲ་བྷཱུ་ཏི་ཀུ་ཀུ་རཱ་ཛ་འབྱོར་པའི་དབང་པོ་མགོ་མ་ས། །ཕོ་བྲང་དམ་པ་ཨོ་དྱན་གནས་སུ་ཆོས་འདིའི་དབུ་བརྙེས་ཤིང་། །ཀུ་ཀུ་རཱ་ཛས་ཏན་ཏྲ་བཅོ་བརྒྱད་ལེགས་པར་བཀྲོལ་ནས་ནི། །སླར་ཡང་གངས་རིའི་ཁྲོད་འདིར་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་དུས། །པདྨ་དྲི་མེད་བཤེས་གཉེན་ལ་སོགས་དར་


DNG009_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད། །དེ་ནས་རིང་ཞིག་ལོན་པའི་དུས་ན་རྒྱ་དཔེ་འདི། །མང་ཐོས་བཅོམ་ལྡན་རལ་གྲིས་བརྩོན་པ་ཆེན་པོས་རྙེད། །དེ་ཡི་ཕྱག་དཔེ་ཤེས་རབ་རྒྱ་མཚོས་གུས་པས་ཞུས་ནས་ནི། །བསྒྱུར་ཅེས་བསྐུལ་ནས་ཁོ་བོས་ཚུལ་འདི་ལེགས་པར་བསྒྱུར། །དེ་ལས་བྱུང་བའི་དགེ་བས་སངས་རྒྱས་དགེ་བའི་ཆོས། །ས་མཆོག་རིགས་འཛིན་དབང་པོ་སྟེར་བའི་ལམ་གཅིག་པུ། །ཞི་ཁྲོ་རབ་འབྱམས་འཕྲིན་ལས་རྣམ་བཞི་འབྱུང་བའི་གནས། །ཡ་མཚན་ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་གསང་སྔགས་དཔལ། །དཔལ་འདི་ཡི་ནི་དོན་རྟོགས་དཔལ་མཆོག་ཀུན་དུ་བཟང་པོ་ཡི། །ས་ལ་འཛེགས་ནས་ས་མཆོག་དབང་པོའི་གནས་ཐོབ་ནས། །ས་འོག་ས་སྟེང་ས་བླའི་འགྲོ་བ་ཐམས་ཅད་ལ། །ས་བཞིན་སྐྱོ་བ་མེད་པས་ཡང་ཡང་སྨིན་བྱེད་ཤོག། །།ཡང་འདིར་སྨྲས་པ། གསང་སྔགས་སྔ་འགྱུར་སྒྱུ་འཕྲུལ་དྲ་བ་ཡི། །རྒྱུད་རྒྱལ་དཔལ་ལྡན་གསང་བ་སྙིང་པོ་འདི། །འཛིན་པའི་སྔགས་འཆང་རྣམས་ལ་བཀའ་ཉིད་དུ། །རྩོད་པ་མེད་མོད་འོན་ཀྱང་སྔ་དུས་སུ། །སྐད་གཉིས་སྨྲ་བ་ལྷས་བཙས་ལ་སོགས་པས་ཟུར་བའི་སར་ཆོས་སློབ་ཏུ་བྱོན་པས་གཡོག་བཅོལ་བའི་སྙིང་ནད་ཡིན་པར་གྲགས ། །སྐྱོན་བཞི་ཡོད་ཅེས་རྒྱ་དཔེ་མ་མཐོང་ཕྱིར། །བོད་ཀྱིས་བྱས་ཞེས་གངས་ཅན་འདིར་བསྒྲགས་པས། །མཁས་རློམ་འགའ་ཡང་ཐེ་ཚོམ་གནས་སུ་གྱུར། །དུས་ཕྱིས་གངས་རིའི་ཁྲོད་འདིར་མཁས་པའི་མཆོག །ཟབ་དང་རྒྱ་ཆེའི་གསུང་རབ་རྣམ་འབྱེད་ཅིང་། །བསྟན་པའི་ཁུར་འཛིན་མཁས་པའི་འདུན་ས་ན། །རྒྱལ་མཚན་ལྟར་མཐོ་དཔལ་ལྡན་རལ་གྲི་ཡིས། །རྒྱ་དཔེ་ལེགས་རྙེད་རྩོད་བྲལ་ཉི་ཟླ་ལྟར། །ཀུན་ལ་གསལ་མཛད་གཙུག་གི་རྒྱན་དུ་མཆོད། །མ་ངེས་བསྐྱར་ནས་སྐྱོན་བཞིའི་གེགས་སེལ་བ། །དཔལ་ལྡན་གསང་བའི་སྙིང་པོ་སྒྲུབ་པའང་མཛད། །དེ་ཕྱིར་འདི་ན་རྟོག་གེ་སྨྲ་བ་རྣམས། །དོན་ལ་སྤྱོད་པའི་བློ་གྲོས་རིང་བྱས་ནས། །གསང་སྙིང་བོད་ཀྱིས་བྱས་ཞེས་བསྒྲགས་པ་རྣམས། །ཆུ་རླབས་བཞིན་དུ་ངལ་བ་དོན་མེད་གྱུར། །དེ་རྗེས་སྐད་གཉིས་སྨྲ་བ་མཁྱེན་པའི་དཔལ། །བློ་གྲོས་


DNG009_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་གནས་ལྔའི་འོད་ཟེར་ཅན། །བརྟུལ་ཞུགས་རྒྱལ་མཚན་འཛིན་པ་ནོར་བུས་སྤུད། །འདོད་དགུ་དཔལ་འབྱུང་བཟང་པོའི་མཐུ་ཅན་ལ། །གཞུང་འདི་འཛིན་པ་བཤེས་གཉེན་མ་ཐོགས་པ། །ཤཱཀྱའི་དགེ་བསྙེན་པྲཛྙཱ་སཱ་ག་རས། །ལྷག་བསམ་དག་པས་རབ་བསྐུལ་གསོལ་བཏབ་ནས། །རྒྱུད་ཀུན་སྙིང་པོ་འདི་ཉིད་བསྒྱུར་བ་ཡིན། །འདི་ཡི་ཆེད་དུ་བྱ་བ་འགྱུར་རྙིང་ལ། །སྔོན་གྱི་འགྱུར་མཛད་མཁས་གྲུབ་བརྙེས་པ་པོ། །གཞན་ཕན་བྱམས་བརྩེའི་ཐུགས་ལྡན་དེ་དག་གིས། །དོན་འགྱུར་གཙོར་མཛད་རྒྱ་དཔེ་འདི་ཉིད་དང་། །མཐུན་དང་མི་མཐུན་བོད་སྐད་དག་མི་དག །ལ་ལ་སྐད་རྙིང་གིས་བསྒྲིབས་གོ་བ་དཀའ། །དཔེ་འདིར་སྔར་མེད་ཚིག་འགའ་ཡོད་སྐྱོང་ཞིང་། །འཆོང་དྲུག་ལ་སོགས་ཇི་ལྟར་ངེས་དཀའ་ཕྱིར། །སྒྲ་བསྒྱུར་གཙོར་བྱས་གཞུང་འདི་བསྒྱུར་མོད་ཀྱི། །འོན་ཀྱང་སྔ་འགྱུར་གཞུང་ན་མི་བཞུགས་པའི། །ཚིག་འགའ་འགྱུར་འདིའི་རྒྱ་དཔེ་འདི་ལ་མཐོང་། །དེ་ཕྱིར་རྒྱ་དཔེ་རྒྱས་བསྡུས་ཤེས་པར་གྱིས། །འདི་འདྲའི་ཚུལ་ལ་མཚར་དུ་འཛིན་པར་ངེས། །རྟོགས་དཔྱོད་མི་ལྡན་ཁ་ཅིག་འདི་སྐད་དུ། །འདི་ལ་སྔོན་ཆད་སྒྲོ་སྐུར་བྱུང་བས་ན། །ད་ལྟ་རྒྱ་དཔེ་ཡོད་དམ་མེད་ཀྱང་རུང་། །སྙིགས་དུས་སྐྱེ་བོ་སོམ་ཉི་སེལ་དཀའ་བས། །གསར་འགྱུར་འབད་པའང་ངལ་བ་དོན་མེད་དེ། །འདི་ལ་འཆད་ཉན་སྐྱོང་བའང་མི་འབྱུང་ལ། །གཞན་ཡང་སྔ་འགྱུར་གཞུང་གི་ཚིག་འདི་ལ། །འདི་ལྟར་བསྒྱུར་ཅེས་ག་ཤ་བྱེད་པའང་སྲིད། །དེ་དག་ཕལ་ཆེར་གང་ཟག་རྗེས་འབྲང་ཞིང་། །ཐོས་པའི་ནོར་བྲལ་ཆགས་སྡང་ཚེར་མ་ཡིས། །བློ་མིག་ལྐུགས་པས་ངེས་དོན་ཤེས་བྱའི་གསུང་། །ཇི་བཞིན་ལྟ་བར་མི་ནུས་ཁ་ནད་ཟད། །དེའི་ཕྱིར་བློ་གསལ་རྣམས་ཀྱིས་རྒྱུད་འདིའི་འགྱུར། །གསར་རྙིང་སྡེབས་ལ་གཟུར་གནས་བློ་ཡིས་སྤྱོད། །བསྟན་པའི་ཉི་མ་ཕན་བདེའི་འོད་ཟེར་ཅན། །ཤར་རིའི་རྩེ་ནས་ནུབ་རིའི་ས་འཛིན་རྩེར། །ཉེ་བའི་དུས་འདིར་འདི་འདྲའི་རྒྱུད་ཟབ་མོ། །འཆད་ཉན་བསྒོམ་པར་བརྩོན་པ་དེ་དག་གི། །བསོད་ནམས་ཚད་ཀྱིས་གཟུང་བར་མི་ནུས་པས། །ཚིག་དོན་མཁས་པས་


DNG009_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལའང་བསྙད་པར་བྱའོ། །དེ་ལྟར་རྣམ་དག་གསལ་བས་རབ་སྙམ་དགེ་བའི་ཤེས་བྱ་ཀུན། །ཀུན་ནས་གཟིགས་པའི་སྤྱན་ཡངས་རྒྱལ་བའི་སྤྱི་གཟུགས་རིགས་རྣམས་ཀུན་གྱི་བདག །བདག་གཞན་འགྲོ་བས་མྱུར་ཐོབ་བདེ་གཤེགས་ཀུན་གྱི་ཐུགས་རྗེའི་བཅུད། །གསང་བཅུད་མ་ནོར་ངེས་པའི་བཀའ་འདི་རབ་སྟོན་ཞི་བའང་བསྐུལ་བར་ཤོག །ཀུན་ཀྱང་ལམ་འདིས་གྲོལ་གྱུར་ཅིག །ཐར་པ་ལོ་ཙཱ་བའི་འགྱུར་བྱང་ངོ་།། །།རང་སེམས་དག་པའི་འོག་མིན་ཞིང་ཁམས་སུ། །རང་རིག་དཔལ་ལྡན་ཁྱབ་བདག་རྡོ་རྗེ་སེམས། །ཡེ་ཤེས་ལྔ་མདངས་ཤེལ་ལ་གཞའ་ཚོན་བཞིན། །མ་འདྲེས་གསལ་བར་འཆར་བའི་དཀྱིལ་འཁོར་ཆེར། ༡།སྟོན་པའི་དགོངས་པས་ཡོངས་བསྟན་རྒྱུད་ཀྱི་རྒྱལ། །རིགས་འཛིན་བརྡ་ལས་འོངས་ཏེ་རྒྱལ་པོ་ཛའི། །ཁང་སྟེང་གླེགས་བམ་ཆར་བབས་སྙན་ཁུང་ལས། །རིམ་བྱོན་འཕགས་བོད་ལས་ལྡན་རྣམས་ཀྱིས་རྙེད། ༢།རྒྱལ་དབང་པདྨས་སྒྲ་ལས་རབ་བསྒྱུར་ཅིང་། །དྲི་མེད་བཤེས་གཉེན་ལ་བརྟེན་གཉགས་དང་རྨས། །ཞུས་ཆེན་ལེགས་མཛད་སྒྱུ་འཕྲུལ་རྩ་བའི་རྒྱུད། །ངེས་གསང་ཐེག་པ་རིམ་བདུན་ཡང་རྩེར་སོན། ༣།དཀར་ཆག་འཕང་ཐང་མ་དང་ལྡན་དཀར་དུ། །གསང་སྔགས་ནང་གི་རྒྱུད་རྣམས་ཆེས་གཉན་པས། །འགོད་པར་མ་ལུས་ཞེས་པ་སྔ་འགྱུར་གྱི། །རྒྱུད་ལས་ངོས་འཛིན་གཞན་པ་བྱ་རྒྱུས་དབུལ། ༤།ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས། །ལ་ལར་ཞུས་དག་མཛད་བཞེད་རེ་ཞིག་བར། །བཏང་སྙོམས་བཞག་ལས་གཉིས་མེད་རྣམ་རྒྱལ་ཞེས། །བརྫུས་མའི་རྒྱུད་བཞིན་ཀུན་མཁྱེན་བུའི་འགྱུར་གསར་གྱི་གཉིས་མེད་རྣམ་རྒྱལ་མ་ཚང་བ་དེ་བསྒྱུར་བའི་རྒྱུ་མཚན་གཉིས་མེད་རྣམ་རྒྱལ་བརྫུས་མ་འདི་རྒྱུད་མིན་པ་ཤེས་པའི་དགོས་པ་ཡོད་ཚུལ་གསུངས་པས་སོ།། ངེས་པར་དབྱུང་བ་མིན། ༥།ས་ལོ་ཉིན་མོར་བྱེད་པས་གངས་ལྗོངས་ཀྱི། །ཆོས་ལོག་མུན་པ་མཐར་སྐྲོད་སྡོམ་གསུམ་དུ། །གསང་ཆེན་རྙིང་མའི་ཆོས་རྣམས་བཏང་སྙོམས་ལས། །ཕྱག་རྒྱ་བ་བཞིན་འབད་པས་བཀག་པ་མེད། ༦།མཁས་པའི་རྩེར་སོན་རིག་རལ་ཐར་ལོ་སོགས། །ཆོས་ཀྱི་སྤྱན་ལྡན་གཟུར་


DNG009_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཁས་མང་པོས། །རྒྱ་དཔེ་རྙེད་ནས་ཆེར་བསྔགས་འགྱུར་བཅོས་རྣམས། །བསྟན་ལ་གཅེས་འཛིན་ཐུགས་ཀྱིས་འབད་པས་མཛད། ༧།གཡག་ཞར་རྩྭ་ལྟར་ཕྱོགས་རེར་མ་གྱུར་པའི། །ཐུབ་བསྟན་ཡོངས་རྫོགས་ཡིད་བཟང་རྩེ་བ་ཡིས། །སྒྲོལ་ཆེན་དྲིན་ལས་ཁོ་བོས་ཆོས་སྤོང་གི། །སྒྲིབ་པས་མ་སྤགས་ཞེས་གསུང་དགྱེས་རྩེར་སོན། ༨།རྡོ་རྗེ་འཆང་དབང་དཔལ་འབྱོར་ལྷུན་གྲུབ་ཀྱིས། །རྒྱུད་འདིའི་བཤད་བཀའ་ཡབ་ལ་ཉེར་གསན་ནས། །རྒྱ་ཆེར་སྤེལ་མཛད་ཐེག་པ་མཆོག་གི་བསྟན། །མི་ནུབ་རིང་པོར་གནས་པའི་སྲོག་ཤིང་གྱུར། ༩།ཡིད་སྲུབས་མདའ་ཡིས་སྙིང་ག་ཕུག་མིན་པ། །བཟང་པོའི་བག་ཆགས་སད་པའི་བློ་ལྡན་ལ། །ཕན་ཕྱིར་པར་གྱི་ཆོས་སྦྱིན་འདི་སྤེལ་བའི། །སྲུང་མ་ལེགས་ལྡན་ཚོགས་ཀྱི་བདག་པོས་མཛོད། ༡༠།ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན་འབྱུང་གནས། །ཚོགས་བསགས་སྒྲིབ་སྦྱངས་བྱས་མིན་གདོད་མ་ནས། །ལུས་ཅན་ཡོངས་ལ་ལྷུན་གྲུབ་ཀུན་དུ་བཟང་། །རང་ཞལ་རང་ངོ་འཕྲོད་པར་བདག་བྱིན་རློབས། ༡༡།ཞེས་ཐེག་པ་མཆོག་གི་བསྟན་པའི་བཙས་སུ་སྒྱུ་འཕྲུལ་རྩ་རྒྱུད་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ། ཟ་ཧོར་གྱི་བནྡིས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ།། །།དེ་ལྟར་རྡོ་རྗེ་འཆང་བ་བོད་ཁ་བའི་བྱིན་རླབས་སྙིང་ལ་ཞུགས་ཤིང་ཁྱབ་བདག་ཟུར་ཆེན་དང་ཁྲ་ཚངས་པ་རྣམ་གཉིས་ཀྱིས་སྨིན་གྲོལ་གྱི་རིམ་པ་སྩལ་བས་ཆོས་སྤོང་གི་སྒྲིབ་པས་སྤགས་པར་མ་གྱུར་པའི་བཀའ་དྲིན་བྱང་ཆུབ་སྙིང་པོའི་མཐའ་ཅན་དུ་གཞལ་བར་མ་ནུས་པ་ནི་ཀུན་བཟང་གདོད་མའི་ཡེ་ཤེས་མངོན་དུ་གྱུར་ནས་ཀྱང་མཇལ་བར་སྤྲོ་བ་ཡིན་ནོ། །རྒྱུད་ཀྱི་རྒྱལ་པོ་འདིའི་པར་སྔ་སོར་བསྐྲུན་པར་ཡིག་ནོར་སོགས་ཀྱི་མ་དག་པ་འགའ་ཞིག་བྱུང་བ་སྔགས་རྣམས་རྒྱ་དཔེ་ལ་བརྟེན་ནས་ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེས་ཞུས་དག་ནན་ཏན་མཛད་པའི་དཔེ་ཁུངས་བཙུན་དང་། བོད་སྐད་ལ་རྒྱ་འགྲེལ་པར་བཀབ། བོད་འགྲེལ་གཡུང་ཊཱིཀ་གཉིས་ལ་ལེགས་པར་གཏུགས་ནས། རྡོ་རྗེ་བྲག་སྤྲུལ་པའི་སྐུ་མཆོག །འདར་བ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ། རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་གསུམ་གྱིས་ཞུས་དག་བགྱིས་སྐབས་དོགས་གནས་རྣམས་འདི་གར་མིག་ལམ་དུ་ཕབ་སྟེ་དཔྱད་གཟོད་པའི་ལུགས་སུ་བྱས་པའོ།། །།


previousགསང་བ་སྙིང་པོའི་རྒྱ་དཔེ་ཡིན་ངེས་སྙམ་ནས་ཡི་དམ་དུ་བཟུང་བདོགnext