Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བཅུ་གཅིག་པ། ད༽


   
   
   
   
   
   
   
   
གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྒྱུད་རྒྱལ།
   
   


 
previousགསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྒྱུད་རྒྱལ།next

གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྒྱུད་རྒྱལ།


DNG011_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གྷུ་ཧྱ་གརྦྷ་ཏ་ཏྭ་བི་ནིཤྩ་ཡ་མ་ཧཱ་ཀྲོ་དྷ་བ་ལ་རཱ་ཛ་ཏནྟྲ། བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྒྱུད་རྒྱལ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་ཀུན་ཏུ་བཟང་མོའི་བྷ་ག་ཡངས་པའི་ཀློང་ན། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ངེས་པར་འདྲེལ་ཏོ། །ཉིད་ཀྱི་སྐྱེས་བུ་ཆེན་པོ་རྡོ་རྗེ་སེམས་དཔའ་བཀའ་ནོད་དོ། །དེའི་ཚེ་དེའི་དུས་ན། འདུལ་བའི་དུས་ལ་བབས་པ་གསང་བདག་ཉིད་ཀྱིས་ཞུས་པ། རྒྱ་ཆེ་རབ་ཟབ་དཔག་དཀའ་བ། །རང་བཞིན་ཆེ་ལ་ངེས་དོན་ཅན། །རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་འདི། །གསང་བ་བཞིས་ཆོད་དོན་མཛད་པ། །རྟོག་ཚོགས་ལོག་པར་ཞེན་པ་རྣམས། །རྨང་དང་རྩ་བ་གང་གིས་སྤྱད། །ལོག་པའི་ལམ་དུ་ཞུགས་པ་རྣམས། །ཡང་དག་ལམ་དུ་ཇི་ལྟར་གཟུད། །ཤིན་ཏུ་གསང་བའི་མན་ངག་དོན། །སྣོད་ལྡན་ཀུན་ལ་


DNG011_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྦྱིན། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་རྡོ་རྗེ་འཆང་ཆེན་པོས་དགོངས་པ་གསང་བའི་ཏིང་ངེ་འཛིན་གྱིས་འདི་གསུངས་སོ། །དཀྱིལ་འཁོར་བཞི་དང་སྲོག་ཤིང་གསུམ། །སུམ་ཅུ་གཉིས་དང་བཅུ་དྲུག་དང་། །བརྒྱད་དང་དྲུག་ཅུ་རྩ་བཞི་ཡི། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་ལ། །ཐབས་དང་ཤེས་རབ་གཉིས་མེད་པས། །ཨཱ་ལི་ཀཱ་ལིའི་སྒྲ་དབྱངས་ལྡན། །རྒྱ་མཚོ་གཏིང་ནས་སྒྲོལ་མ་གཡོས། །མེ་ལྕེ་སྲིད་པ་གསུམ་ལ་ཁྱབ། །ནམ་མཁའི་བ་བཞོས་བདེ་བ་ཆེ། །འཕགས་པ་འགྲོ་དྲུག་མཆོད་སྦྱིན་ཕུལ། །བདེ་བ་ཡེ་ཤེས་རོལ་མོ་ཡིས། །དུས་གསུམ་དགྱེས་པའི་མཆོད་པ་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མ་རང་སྣང་བའོ། །ཡིད་ཆོས་ཀུན་བཟང་ཡབ་ཡུམ་དང་། །ཉོན་མོངས་དབང་གིས་བསྐྱེད་པ་ནི། །རྩ་བ་ཕུང་པོའི་རླུང་ལྔ་དང་། །ཡན་ལག་སྐྱེ་མཆེད་རླུང་ལྔ་ཡིས། །ཕུང་སོགས་བཞི་བཅུ་རྩ་གཉིས་སྐུ། །ཚིག་ལ་ཁྱབ་བྱེད་རླུང་གནས་པ། །གཟུགས་ཀྱི་ཕུང་པོ་རྣམ་སྣང་སྐུ། །ནམ་མཁའ་ལ་བསྐྱོད་དབྱིངས་ཕྱུག་ཡུམ། །སྣང་ལྔ་ཁ་དོག་མཐིང་གའི་བདག །མཆེད་སྣང་རྣམ་ཤེས་ཉེར་ཐོབ་ཐིམ། །མཐར་ཕྱིན་ཡེ་ཤེས་ཆོས་ཀྱི་དབྱིངས། །སྲོག་འཛིན་རླུང་ནི་སྙིང་གར་གནས། །རྣམ་ཤེས་ཕུང་པོ་མི་བསྐྱོད་པ། །ས་ལ་སྤྱོད་པས་སངས་རྒྱས་སྤྱན། །དོ་ཞེས་རྒྱུ་བ་བུམ་པའི་བདག །དཀར་བའི་ས་ནི་ཆུ་ལ་ཐིམ། །མེ་ལོང་ཡེ་ཤེས་ངང་དུ་གནས། །ཐུར་སེལ་རླུང་ནི་གསང་བར་གནས། །ཚོར་བའི་ཕུང་པོ་རིན་འབྱུང་སྐུ། །ཆུ་ལ་སྤྱོད་པས་མཱ་མ་ཀཱི། །སེར་པོ་ཆུ་ཉིད་མེ་ལ་ཐིམ། །མཉམ་ཉིད་ཡེ་ཤེས་སྲོག་ཏུ་གནས། །གྱེན་དུ་རྒྱུ་བ་ལྐོག་མར་གནས། །འདུ་ཤེས་ཕུང་པོ་སྣང་མཐའ་ཡས། །མེ་ལ་སྤྱོད་པས་གོས་དཀར་མོ། །རྣ་བ་གཡས་ནས་རྒྱུ་བྱེད་པ། །མེ་ཉིད་རླུང་ལ་རྣམ་འདུ་ཞིང་། །སོ་སོར་ཀུན་རྟོག་ཡེ་ཤེས་ཉིད། །མི་མཉམ་རླུང་ནི་ལྟེ་བར་གནས། །འདུ་བྱེད་ཕུང་པོ་དོན་ཡོད་གྲུབ། །རླུང་ལ་སྤྱོད་པས་དམ་ཚིག་སྒྲོལ། །རྣ་བ་གཡོན་ནས་ངེས་འབྱུང་བ། །རླུང་ཉིད་རྣམ་པར་ཤེས་ལ་ཐིམ། །ལྗང་སེར་བྱ་བ་གྲུབ་པའི་ངང་། །ས་ཆུ་སྤྱན་


DNG011_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་ལྔ། །རྡོ་རྗེ་ཕུང་པོའི་ཡན་ལག་ཀུན། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །རྒྱུ་བའི་གནས་ནི་སྤྱན་ཡིན་ཏེ། །རྣམ་པར་རྒྱུ་བ་རྣ་བ་ལ། །ཡང་དག་རྒྱུ་བ་སྣ་དང་ནི། །རབ་ཏུ་རྒྱུ་བ་ལྕེ་ལ་གནས། །ངེས་པར་རྒྱུ་བ་ལུས་ཉིད་དེ། །མིག་དང་རྣ་བ་སྣ་དང་ལྕེ། །ས་སྙིང་ལ་སོགས་སེམས་དཔའ་བརྒྱད། །རྣམ་ཤེས་དབང་པོ་ཕྱི་ནང་ཕྱེ། །ཡུལ་བརྒྱད་འཛིན་པ་རྣམ་བཟུང་ལ། །ཕྱི་ནང་སེམས་མ་བརྒྱད་དུ་ཤར། །གཟུགས་སོགས་ཡུལ་ལ་རྣམ་པར་སྤྱོད། །ལུས་ཀྱི་རྣམ་ཤེས་རེག་བྱ་བཞི། །སྤྱོད་པའི་དུས་ནས་དགའ་བ་བཞི། །གདུལ་བྱ་འདུལ་ཕྱིར་ཁྲོ་བཞིར་ཤར། །སྤྱད་ཆ་ཞེན་པ་རྟག་ཆད་བཞི། །གྲོལ་བའི་དུས་ན་ཁྲོ་མོར་ཤེས། །ཐབས་ཀྱི་འཛིན་ལ་ཡུམ་ལ་སྤྱོད། །ཤེས་རབ་ཡུམ་ལ་ཐབས་གནས་ཕྱིར། །དྲ་བར་འདྲེལ་དང་ཉོན་མོངས་འདུལ། །དེ་ཕྱིར་ཐུབ་དྲུག་སྤྲུལ་པ་སྤྲོ། །རང་བཞིན་གསང་བའི་སྙིང་པོ་འདི། །འགྲོ་བའི་རྒྱུད་ལ་ཡོངས་གབ་པ། །ལམ་རྐྱེན་རྒྱུད་དུ་སྟོན་པས་སྦས། །སྐྱོན་ཡོད་མ་ཡིན་སྣོད་ངན་གསང་། །རང་བཞིན་བདེ་གཤེགས་གདུལ་བྱ་ཡིས། །འཁྲུལ་པའི་སྣང་བ་བསལ་བའི་ཕྱིར། །ཐབས་དང་ཤེས་རབ་མ་ནིང་རྒྱུད། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཆེད་དུ་སྤྲོས་པ་རྣམས། །འདི་ནས་འཕྲོས་ནས་འདིར་འདུ་བས། །སྡེ་སྣོད་ཀུན་གྱི་རྩ་བར་བཤད། །དེ་ཕྱིར་རྒྱུད་ལུང་མན་ངག་མཚན། །རབ་འབྲིང་ཐ་མ་འགྲོར་འཇུག་པ། །རྒྱལ་བ་ཀུན་གྱི་ངེས་པའི་དོན། །ཏན་གཎ་སྤྱོད་པ་རླབས་པོ་ཆེ། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་ལས་སྒྲུབ་མཆོད་ཏིང་ངེ་འཛིན། །དབང་བཅུ་དབང་ལྡན་ཆེ་བ་པོ། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ལོག་སེལ་དད་པའི་མཆོག་ལུས་ཅན། །འདུལ་བའི་དུས་དག་གསང་སྔགས་མེད། །ཅེས་བརྗོད་པས། དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོ་ཐུགས་སུ་ཆུད་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་
ཚོགས་དང་བཅས་པས་འདི་བརྗོད་དོ། །ཨེ་མ་ཧོ། ཨེ་བཾ་མ་ཡ་དགྱེས་པ་ཆེ། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཕྱོགས་བཅུའི་རྡུལ་སྙེད་སྤྲུལ་པ་སྤྲོ། །སྤྲོས་མེད་བསྡུ་མེད་སྤྲོས་པ་ཉིད། །ཐུགས་དྲུག་ཡེ་ཤེས་ངང་དུ་འུབ། །ཅེས་བརྗོད་པས། དེ་དག་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །དེ་ནས་གསང་བའི་བདག་པོས། བསྟོད་དེ་རྗེས་སུ་ཡི་རང་ནས་བསྡུས་ཏེ་གཏད་པ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བདག །གཏི་མུག་ཆེན་པོའི་རང་བཞིན་ཅན། །འདོད་ཆགས་ཆེན་པོའི་བདག་པོ་སྟེ། །ཞེ་སྡང་ཆེན་པོའི་ངོ་བོ་ཉིད། །དག་པ་རྣམ་དག་སྐུ་གསུང་བདག །གསལ་བར་བདེ་བ་དགྱེས་པ་ཧོ། །ཞེས་བརྗོད་དོ། །དེ་ནས་དག་ཏུ་འདི་བརྗོད་དོ། །ལོག་ལྟ་ཡོངས་སུ་གཏད་དེ་བསྐྲད་པ་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བྱིདྱཱ་རཱ་ཛ་ཧཱུྃ་ཕཊ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ། ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཕཊ་ཕཊ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་སྣོད་མ་ཡིན་རྣམས་བསྐྲད་ཅིང་མི་ལྡང་བར་བྱས་ཏེ། བུད་མེད་ཀྱི་ཚོགས་གང་ཡིན་པ་ལ་ཡོངས་སུ་གཏད་ཅིང་ཆོས་ཀྱི་མིག་ཅན་ལ་སྤྲོ་བར་གྱུར་ཏོ། །སྟོབས་ཀྱི་དབང་ཕྱུག་བསྒྲུབ་པ། དཀའ་བ་སྤྱོད་པ་མན་ངག་གི་སྙིང་པོ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །།


previousགསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྒྱུད་རྒྱལ།next