Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བཅོ་བརྒྱད་པ། ཚ༽


   
   
   
   
   
   
   
   
   
   
   
   
   
ཕྱིར་བཟློག་པ་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ཅེས་བྱ་བ།
   
   
   


 
previousཕྱིར་བཟློག་པ་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ཅེས་བྱ་བ།next

ཕྱིར་བཟློག་པ་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ཅེས་བྱ་བ།


DNG018_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྒྱ་གར་སྐད་དུ། པྲ་གི་ར་མ་ཧཱ་བ་ལ་ཧ་ཡ་གྲཱི་ཝ་ཏནྟྲ་ནཱ་མ།བོད་སྐད་དུ། ཕྱིར་བཟློག་པ་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ཅེས་བྱ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བདུད་ཐམས་ཅད་རྡོ་རྗེ་དང་འཁོར་ལོས་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་རི་བོ་ཏ་ལའི་སྤོ་ལ་ཁྲོ་བོའི་རྒྱལ་པོ་བདུད་ལས་རྣམ་པར་རྒྱལ་བ་ལ་སོགས་པ་དང་ཐབས་ཅིག་ཏུ་སྙོམས་པར་ཞུགས་ཏེ། ཁྲོ་བོའི་རྒྱལ་པོ་རྟ་མཆོག་ལ། གང་དག་བདུད་ལ་སོགས་པས་གཙེས་པ་རྣམས་ལ་ཐུགས་རྗེས་སྐྱོབས་ཤིག་ཅེས་བཀའ་སྩལ་ཏོ། །རྟ་མཆོག་གིས་གསོལ་པ། ཇི་ལྟར་བསྐྱབ་པ་དང་བསྲུང་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ་རྟ་མཆོག་རྒྱལ། །ཐུགས་རྗེའི་བདག་པོ་སྟོབས་པོ་ཆེ། །རིགས་པའི་རྒྱལ་པོ་གསང་སྔགས་འཆང་། །མདོག་དམར་བྱུ་རུའི་མདོག་ལྟ་བུ། །ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །དེ་ནས་ཁྲོ་བོ་བདུད་ལས་རྒྱལ་བ་ལ་སོགས་པས་གཡས་ནས་འགྱིང་བའི་ཚུལ་གྱིས་རྟ་མཆོག་ལ་བསྟོད་པ། རྟ་མཆོག་རྒྱལ་པོ་རིག་སྔགས་འཆང་། །ཐུགས་རྗེའི་བདག་པོ་སྟོབས་པོ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །རིག་པའི་རྒྱལ་པོ་གང་གསུངས་པ། །ཡེ་ཤེས་ཁྲོ་བོ་ཁྱོད་ཀྱིས་ཟུང་། །དེ་ནས་རྟ་མཆོག་རྒྱལ་པོ་སྟན་ལས་ལངས་ཏེ། དེ་ལྟར་བགྱིའོ་ཞེས་གསོལ་ནས། འཁོར་ཁྲོ་བོ་དང་ཁྲོ་མོ་ལ་སོགས་


DNG018_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པས་མེ་ཏོག་དང་། བདུག་པ་དང་། ཡོན་ཆབ་ལ་སོགས་པ་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་ཐོགས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས། གཞི་དེ་ཉིད་དུ་བཅོམ་ལྡན་འདས་ལ་བལྟ་བའི་ཚུལ་གྱིས་གནས་སོ། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་གིས་སྤྱན་མི་འཛུམ་པར་བཅོམ་ལྡན་འདས་ལ་གཟིགས་ནས་བཞུགས་སོ། །བཅོམ་ལྡན་འདས་ཀྱི་སྐུའི་ཕྱོགས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་བགེགས་ཀྱི་ཚོགས་ཐམས་ཅད་བསྐྲད་ཅིང་དངངས་པར་གྱུར་ཏོ། །སའི་ཕྱོགས་ཐམས་ཅད་ཀྱང་གཡོས་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །འུར་རབ་ཏུ་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བར་གྱུར་ཏོ། །རྟ་མཆོག་གི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟ་མཆོག་རྒྱལ་པོ་ཐུགས་རྗེ་ཅན། །གསང་བའི་བདག་པོ་ཁྱོད་ཀྱིས་ཟུང་། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ལས་རྣམས་ཐམས་ཅད་གྲུབ་པ་དང་། །སྡིག་པ་ཐམས་ཅད་ཞི་བར་བྱེད། །ཨོཾ་ནཱ་ག་ར་ཙ་མཱ་ར་ཡ་རྦད། ནཱ་ག་ར་ཙ་མཱ་ར་ཡ་སོད་སོད། ནཱ་ག་ཧ་ལ་ཧ་ལ། ནཱ་ག་ཆོད་ཆོད། ནཱ་ག་ཁོས་ཁོས། ནཱ་ག་མགོ་ལ་ནན། ནཱ་ག་ཤིག །ནཱ་ག་བྱིང་བྱིང་། ནཱ་ག་ཟློག་ཟློག །ནཱ་ག་ཐུམས། ནཱ་ག་ཙིཏྟ་ཟུང་། ནཱ་ག་ཙིཏྟ་ཤིག །ཙིཏྟ་ཁོས། ཙིཏྟ་ཕྲོག་ཕྲོག །ཧ་ས་ཧ་ས། པ་ཙ་པ་ཙ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། སརྦ་ཤ་ཏྲུཾ་ཆོད་ཆོད། ཙིཏྟ་ཤིག་ཤིག །ཙིཏྟ་རཾ་རཾ། ཙིཏྟ་མྱོང་མྱོང་། ཙིཏྟ་རྨུགས་རྨུགས། ཤ་ཏྲུཾ་རྦད་རྦད། ཁོས་ཁོས། ཟློག་ཟློག །བྷྱོ་བྷྱོ། ཧཱུཾ་ཧཱུཾ། བྷྱོ་བྷྱོ། ཕཊ་ཕཊ། བྷྱོ་བྷྱོ། བཛྲ་ཀྲོ་དྷ་ཟློག་ཟློག །ཧ་ཡ་གྲཱི་བ་ཟློག་ཟློག །མ་ཧཱ་ཀ་རུ་ཎ་ཟློག་ཟློག །བོ་དྷི་སྤ་ར་ཎ་ཟློག་ཟློག །ཙཎྜ་ཀྲོ་དྷ་ནི་ཟློག་ཟློག །བཛྲ་ཀྲོ་དྷ་མཱ་ར་ཡ་ཧཱུཾ་ཕཊ། མཱ་ར་ཡ་རཀྟ་རྔུབས་རྔུབས། ཨོཾ་བཛྲ་ཀྲོ་དྷ་ཟློག་ཟློག །བྷྱོ་བྷྱོ། ཤིག་ཤིག །ཟློག་བྱེར་ཟློག་བྱེར། ཙིཏྟ་མགོ་ལ་ནན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཕྱིར་ཟློག་པ་སྟོབས་ཆེན་རྣམ་པར་གནོན་པ་ཞེས་བྱ་བ་དགྲ་


DNG018_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། གཤེད་བྱེད་ཐམས་ཅད་དང་། བྱད་སྟེམས་ཐམས་ཅད་དང་། རོ་ལངས་ཐམས་ཅད་དང་། བཀྲ་མི་ཤིས་པ་ཐམས་ཅད་དང་། རྒྱལ་པོའི་འཇིགས་པ་དང་། མེ་དང་ཆུའི་འཇིགས་པ་དང་། ཁྲོ་བོའི་འཇིགས་པ་དང་། ཡི་དྭགས་དང་། ཤ་ཟ་དང་། གྲུལ་བུམ་དང་། གྲིབ་གནོན་དང་།བརྗེད་བྱེད་དང་། ཀླུའི་འཇིགས་པ་དང་། སྦྱིན་སྲེག་བྱེད་པ་དང་། བྱེད་དུ་འཇུག་པ་དང་། བྱེད་པ་ལ་རྗེས་སུ་ཡི་རང་བ་དང་། གང་དག་འཁྲུལ་འཁོར་བྱེད་པ་ཐམས་ཅད་བཟློག་པར་བགྱིའོ། །གང་དག་བདག་ལ་མི་ཕན་པར་འདོད་པ་ཐམས་ཅད་རྨུགས་པར་བགྱིའོ། །རེངས་པར་བགྱིའོ། །འཁྲུལ་པར་བགྱིའོ། །འབྱུང་པོ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། སྦྱིན་སྲེག་ཏུ་བྱེད་པ་ཐམས་ཅད་དུ་བྱེད་པོ་ཐམས་ཅད་ར་རོ་བར་བགྱིའོ། །ཚིག་པར་བགྱིའོ། །ཨོཾ་བཛྲ་ཀྲོ་དྷ་ནན་ནན། ཤི་གྷྲཾ་ཀ་ར་ཡ་ནན་ནན་སྥོ་ཊ་ཡ་སྥོ་ཊ་ཡ་སྥུ་ཊ་ཡ་སྥུ་ཊ་ཡ་ཀྲོ་ཏ་ནན་ནན། སརྦ་ཤ་ཏྲུཾ་དེ་བ་ནན་ནན། སརྦ་མོ་ཧ་ཏི་མོ་ཧ་ཏི་ཧཱུཾ་ཧཱུཾ་ནན་ནན། ཕཊ་ཕཊ། གང་དག་བདག་ལ་གནོད་པར་སེམས་པ་ཐམས་ཅད་ཀྱི་ལྷ་ཐམས་ཅད་མནན་པར་བགྱིའོ། །དགྲ་ཐམས་ཅད་ཀྱི་མིག་བཅིང་ངོ་། །རྣ་བ་བཅིང་ངོ་། །སྣ་བཅིང་ངོ་། །མནན་པར་བགྱིའོ། །ལུས་བཅིང་ངོ་། །ཡིད་བཅིང་ངོ་། །ཡན་ལག་དང་ཉིང་ལག་བཅིང་ངོ་། །རྡོ་རྗེ་ཁྲོ་བོས་ཆིངས་ཤིག་ཆིངས་ཤིག །རྣམ་པར་ནོན་ཅིག་ཀུན་ཏུ་ནོན་ཅིག །རེངས་པར་གྱིས་ཤིག །མནན་པར་བགྱིའོ། །ནཱ་ག་འདུས་འདུས། ནཱ་ག་ཤོ་འདུས་འདུས། ཧི་ལི་ཧི་ལི། འདུས་ནཱ་ག་འདུས། ཀླུ་ཆེན་པོའི་སྲོག་སྙིང་སྟེ། གནད་ལ་བོར་བའི་སྙིང་པོའོ། །བལ་པོ་སེའུའི་ལྕུག་མའམ། སྨྱག་ཤད་དག་གི་ལྕུག་མས་ལུས་བྲབ། དེ་ནི་ཀླུ་བཟློག་པའི་ཆོ་གའོ། །སྲུང་བའི་སྔགས་བཛྲ་ཀྲོ་དྷ་རཀྵ་རཀྵ།བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་བཛྲ་ཀྲོ་དྷ་རཀྵ་རཀྵ། བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་བཛྲ་ཙན་དྷ་རཀྵ་རཀྵ། སརྦ་བུཌྜྷ་ནི་རཀྵ་རཀྵ། བཛྲ་པཱ་ནི་རཀྵ་རཀྵ། བོ་དྷི་སཏྭ་ནི་རཀྵ་རཀྵ། ཧཱུཾ་ཧཱུཾ་ཧཱུཾ། རཀྵ་རཀྵ། ཧཱུཾ་ཧཱུཾ། ཕཊ་ཕཊ། དགྲ་དང་བགེགས་ཐམས་ཅད་བསྲུང་བར་བགྱིའོ། །


DNG018_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་བསྲུངས་ན་རྡོ་རྗེ་ཁྲོ་བོས་བསྲུང་བར་བགྱིའོ། །སངས་རྒྱས་རིགས་ལྔ་ལ་སོགས་པ་ཐམས་ཅད་ཀྱིས་བསྲུང་བར་བགྱིའོ། །ཕྱག་ན་རྡོ་རྗེ་གཏུམ་པོས་བསྲུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྲུང་བར་བགྱིའོ། །ཕྱག་ན་རྡོ་རྗེ་ཞི་བ་མང་པོས་སྲུངས་ཤིག །རྡོ་རྗེའི་ལུས་སུ་སྲུངས་ཤིག །བྱད་ལས་གྲོལ་ནས་ཚུར་མི་ཚུགས་པར་ཕར་འཇོམས་པ་རྡོ་རྗེའི་ལུས་སུ་བྱིན་གྱིས་བརླབ་པར་བགྱིའོ། །ཨོཾ་ཨཱཿཧཱུཾ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨདྱཱ་ནུཏྤནྣ་ཏྭཏ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སྔགས་དེ་ཐམས་ཅད་བདུན་ནམ་ཉི་ཤུ་རྩ་གཅིག་གམ། རབ་ཀྱིས་བརྒྱ་ནི་རྩ་བརྒྱད་བཟླས་བྱས་ལ། མཆོད་སྦྱིན་གྱི་ཕྱག་རྒྱ་བཅས་ལ།བདག་གི་སྲུང་མ་གཏོར་མའི་ཕུད་ཀྱིས་མཆོད། རང་ལ་བྱད་བྱེད་པའི་སྲུང་མ་བོས་ནས་ནི། གཏོར་མ་ཤིན་ཏུ་རྒྱ་ཆེར་བཏང་དེ། དེའམ་གང་བདག་ལ་གནོད་སེམས་དང་ལྡན་པ་དེ་དག་ལ་ཕྱིར་ལ་དུག་གི་རང་བཞིན་དེ་བཞིན་འགྱུར། གང་དག་བདག་ལ་ཕན་སེམས་པ། དེ་དག་གཏོར་མ་དེ་བདུད་རྩིས་བདེ་བར་འགྱུར།གནོད་སེམས་འབྱུང་པོ་གང་ཡིན་པ། དེ་དག་མེ་ཡི་གཏོར་མའི་མེ་ཡིས་བསྲེག་པར་བགྱི། དགྲ་བགེགས་ཀྱི་ཕྱོགས་སུ་ཟོར་ལྟར་འཕངས་པས་དགྲ་བགེགས་ཕུང་བར་འགྱུར། དཔལ་རྟ་མཆོག་གི་རྒྱུད་ལས། སྔགས་དང་གཏོར་མའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྟ་མཆོག་རྒྱལ་པོའི་སྲུང་བའི་ཐབས། །མཆོག་ཏུ་བཤད་ཀྱི་རྟ་མཆོག་དཔལ། །ཁྱོད་ཀྱིས་ལེགས་པར་མ་ནོར་ཟུང་། །སྐྱ་རེངས་ཤར་བའི་དུས་དག་ཏུ། །བདག་བསྐྱེད་ཁྲོ་བོ་རྟ་མགྲིན་དམར། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །གཡས་པ་ཐོད་དབྱུག་གཡོན་པ་ནི། །སྡིགས་མཛུབ་བསྡིག་པར་མཛད་པའི་ཚུལ། །སྐུ་ལ་སྦྲུལ་དང་སྟག་གིས་བརྒྱན། །ཞབས་གཉིས་གཡོན་བརྐྱང་གཡས་བསྐུམ་ནས། །སྣ་ཚོགས་པདྨ་ཉི་མ་ཡི། །གདན་བཞུགས་ཐུགས་ཀར་གནས་པ་ནི། །ཨ་དང་མ་ལས་ཟླ་བ་དང་། །ཉི་མ་དཀར་དང་སེར་པོ་བསམ། །ཟླ་བའི་དབྱིབས་ནི་མཐའ་སྐོར་ཅན། །ཉི་མའི་དབྱིབས་ནི་དཀྱིལ་བུག་ཅན། །དེ་ཉིད་


DNG018_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་ངོ་བོ་ཡི་གེ་ཨ་སྟེ། ས་བོན་ལས་ཐོད་པ་ལས་རྩ་བའི་རིག་པའི་སྔགས་ངག་ཏུ་བརྗོད་པས་རྟ་མཆོག་ཏུ་བསམ། གནོད་བྱེད་སྐད་བསྒྲགས་པས་བསྲེག །ཀ་པཱ་ལ་དང་བསེ་ཡི་སྣོད། །ཁ་སྦྱོར་རྡོ་རྗེའི་དྲ་བ་ཅན། །ཕྱོགས་བཞིར་ལྕགས་ཀྱུ་བདུན་བདུན་བསམ། །བུམ་པ་བཟང་པོའི་ཁ་རྒྱན་ཅན། །པདྨའི་དཔག་བསམ་ཤིང་དུ་བསམ། །ལྟེ་བར་རིག་པའི་རྒྱལ་པོ་དང་། །འདབ་བཞིར་ཁྲོ་བོ་ཕྱོགས་དང་མཐུན། །མཚམས་བཞི་འཆོལ་བའི་ཕྱག་མཚན་དང་། །སྐུ་མདོག་སྣ་ཚོགས་གཙོ་ལ་ཕྱོགས། །རྡོ་རྗེའི་ས་གཞི་གཅིག་པ་དང་། །ར་བ་དྲ་བ་གདུགས་ཀྱང་དབུབ། །མཚོན་ཆ་མེ་རི་འཁོར་ལོ་བསྒོམ། །བྱད་བྱེད་རྣམ་ལ་སྐྲག་མི་དགོས། །དཔལ་རྟ་མཆོག་གི་རྒྱུད་ལས། སྲུང་བའི་འཁོར་ལོ་བསྒོམ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཐུགས་རྗེའི་བདག་པོ་ལེགས་པར་ཉོན། །ཟློག་པའི་འཁོར་ལོ་གང་འདོད་པ། །བདེ་བའི་སྟན་ལ་གནས་ནས་ནི། །བྱ་ལམ་ཁམས་སུ་ཡཾ་དང་བཾ། །ལཾ་དང་རཾ་ལས་འབྱུང་བ་ཡི། །འཁོར་ལོ་རྣམ་པར་བསྒོམ་པར་བྱ། །བྷྲཱུཾ་ལས་འཁོར་ལོ་རྩིབས་བརྒྱད་པ། །རྩིབས་སྟེང་རྡོ་རྗེའི་གཞལ་ཡས་ཁང་། །རྟ་མཆོག་ཞལ་གཉིས་ཕྱག་བཞི་པ། །མདའ་གཞུ་འགེངས་ཤིང་རྟ་སྐད་སྒྲོག །ཕྱོགས་བཞིར་རིགས་ཀྱི་ཁྲོ་བོ་བསམ། །ཤར་གྱི་འཁོར་ལོའི་རྩིབས་ལ་ནི། །བདུད་ལས་རྒྱལ་བྱེད་མདོག་དཀར་བ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་འཕྱར། །སྡིགས་མཛུབ་གཡོན་པས་བགེགས་རྣམས་བསྲེག །ལྷོ་རུ་ཁྲོ་བོ་གཟི་བརྗིད་འབར། །མདོག་སེར་ཧ་ཧའི་སྒྲ་སྒྲོག་པ། །རྡོ་རྗེ་དབྱུག་ཐོག་གཡས་དང་གཡོན། །ནུབ་ཏུ་རྔམ་པའི་སྒྲ་སྒྲོག་པ། །རྡོ་རྗེ་གཡས་འཛིན་སྦྲུལ་ཞགས་གཡོན། །འཛིན་པས་ཀླུ་རྣམས་དབང་དུ་སྡུད། །བྱང་གི་འཁོར་ལོའི་རྩིབས་ལ་ནི། །བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་། །རྡོ་རྗེ་བེ་ཅོན་གཡས་དང་གཡོན། །ཐམས་ཅད་ཞབས་གཉིས་གཡས་དང་གཡོན། །བསྐུམ་དང་བརྐྱང་བའི་ཚུལ་དུ་བཞུགས། །སྦྲུལ་དང་སྟག་གིས་རབ་ཏུ་བརྒྱན། །


DNG018_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཞིར་སྣ་ཚོགས་འཇིགས་པ་བསྒོམ། །བསྲུང་བྱ་གང་འདོད་རྡོ་རྗེའི་ནང་། །བསྒོམ་ལ་དྲག་པོ་ཡི་ནི་སྔགས། །མགྲིན་གཅིག་ཏུ་ནི་བརྗོད་པར་བསམ། །རྩིབས་ཀྱི་སོ་ཡིས་ཐམས་ཅད་གཅོད། །ཁྲོ་བོ་རྣམས་ཀྱང་དགྱེས་པའི་ཚུལ། །ཆོད་ཅིག་གཏུབས་ཤིག་ལེགས་པར་གཏུབས། །མེ་ཡིས་བསྲེགས་ཤིང་རྡུལ་དུ་རློགས། །ཤོག་གུའམ་གྲོ་ག་དག་ལ་ནི། །ཟ་བྱེད་གནོད་པའི་གཟུགས་བྲིས་ལ། །ཁྲུ་གང་ཙམ་གྱི་ཚད་ཉིད་ལ། །དུག་དང་ཁྲག་གིས་བྲིས་ལ་ནི། །ཁ་ལ་རྡོ་རྗེ་རྒྱ་གྲམ་དགོད། །ལུས་ཀྱི་སྟེང་དུ་ལམ་ལས་ནི། །གླིང་བཞི་རི་རབ་ལེགས་པར་དགོད། །མགོ་ལ་རྟ་མཆོག་ཡན་ལག་ལ། །ཧཱུཾ་བཞི་རྡོ་རྗེ་འགྲེང་བུ་གཉིས། །དཔུང་པ་གཡས་དང་གཡོན་དུ་དགོད། །ལུ་གུ་རྒྱུད་ཀྱིས་དམ་པར་བཅིངས། །མིག་སྩོགས་རྣམས་ལ་ཧཱུཾ་ཡང་བྲི། །དགུག་དང་གཞུག་པ་དང་པོར་བྱ། །གྲུ་གསུམ་ནང་དུ་རྡོ་རྗེས་མནན། །དྲག་པོའི་སྔགས་བརྗོད་ནོན་པར་འགྱུར། །གང་དག་བསྲུང་བའི་གོ་ཆ་བགོ། །ཞལ་གཉིས་ཕྱག་དྲུག་གོང་དུ་བཞི་བྱུང་རྟ་མཆོག་ལ། །ལྗང་ཞུར་ལེ་བརྒན་མདོག་འདྲ་བ། །མཆེ་བ་གཙིགས་ཤིང་ཕྱག་རྒྱ་ནི། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་འཆིང་། །ཧཱུཾ་ལས་འོད་འཕྲོས་ལོག་པར་འདྲེན། །རྡོ་རྗེའི་ཆར་ཕབ་སྐུ་ལ་བསྡིམ། །དྲག་པོའི་སྔགས་བརྗོད་ལེགས་པར་བསྲུང་། །རྡོ་རྗེ་ཁྲོ་བོ་གཏུམ་པོ་ཆེ། །ཕྱག་ན་རྡོ་རྗེ་འཇིགས་པའི་སྐུ། །རིན་ཆེན་གསུམ་གྱིས་བསྲུང་བར་བྱ། །དཔལ་རྟ་མཆོག་གི་རྒྱུད་ལས། བཟློག་པ་དང་གོ་ཆའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཆོ་ག་ཡང་དག་མཆོག །བཤད་ཀྱིས་རིག་པའི་རྒྱལ་པོས་ཟུང་། །རིག་པའི་རྒྱལ་པོ་འབུམ་དུ་བཟླས། །དྲག་པོའི་སྔགས་རྒོད་རྒྱུན་ཏུ་བསྙེན། །ལས་ལ་སྦྱར་བ་བརྟག་པར་གྱིས། །རྒྱལ་པོ་བཟློག་ན་རཱ་ཙ་དང་། །ཡཀྴ་གནོད་སྦྱིན་ནཱ་ག་ཀླུ། །ཕྱི་ལ་གནོད་བྱེད་ལེགས་པར་བརྟག །མི་ཚིག་མ་འདྲེས་གསལ་བའི་མཆོག །གསང་བ་ཀུན་ཏུ་བཟླ་བར་བགྱིས། །གཞན་ཡང་ཡང་དག་བཤད་བྱ་བ། །སྲུང་བྱེད་རྣམ་རྒྱལ་ཨ་རུ་ར། །བཅངས་སམ་ལུས་ལ་བསྟེན་པ་ཡིས། །མར་མེའི་སྣང་བས་མུན་སེལ་ལྟར། །ཕྱོགས་སུ་གནས་པ་མི་འགྱུར་ཏེ། །དོན་ཀུན་འགྲུབ་བྱེད་ནོར་བུ་


DNG018_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་བཞིན་ཚེ་སྲིང་ནོར་བུ་དང་། །རིན་ཆེན་སྣ་ཚོགས་བཅངས་པ་ཡིས། །ཉི་ཤར་གྲིབ་མ་མི་གནས་ལྟར། །བགེགས་ཀྱིས་རྙེད་པར་མི་འགྱུར་རོ། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་རྣལ་འབྱོར་གྲུབ་པའི་གདུང་། །མཆོད་ཅིང་བཅངས་པ་ཙམ་གྱིས་ནི། །ཞེ་སྡང་ཞི་ནས་མཆོད་བྱེད་འགྱུར། །ལྔ་བརྒྱ་སྟོང་དུ་ལོན་པ་ཡིས། །སྔགས་བཏབ་བསྐུས་ན་དཔག་ཚད་བརྒྱར། །གནོད་པ་ཐམས་ཅད་འབྲོས་པར་འགྱུར། །དུག་དགྲའི་སྒྲོ་རྩ་སྙིང་དང་ནི། །སྨྱག་ཤད་ལྕུག་མ་བཅིངས་པ་ཡིས། །ཀླུ་ཡིས་བཟུང་ན་བཏང་ནས་ཀྱང་། །དེ་དག་ཕྱིར་ལ་འབྲོས་པར་འགྱུར། །ག་པུར་ཛཱ་ཏི་ཙནྡན་དང་། །གླ་རྩི་གུ་གུལ་དྲི་ལྔ་ནི། །བཅངས་པས་རབ་ཏུ་བྱེ་བར་འགྱུར། །གུ་གུལ་ནག་དང་དྲི་སྣ་ཚོགས། །བདུགས་ཤིང་བསྲེག་པས་ཀླད་པ་འགས། །དྲི་ལྔ་འཐུངས་པས་ནང་གི་དུག །ཆུས་བཤལ་སྣོད་བཞིན་སེལ་བར་འགྱུར། །གུ་གུལ་གླ་རྩི་ལུས་བྱུགས་པས། །མེ་ལྕེས་སྦྲང་བུ་བསྲེགས་པ་ལྟར། །ཐམས་ཅད་མྱུར་དུ་འབྲོས་པར་འགྱུར། །རིག་པའི་རྒྱལ་པོ་གསང་སྔགས་འཆང་། །སྔགས་དང་ཕྱག་རྒྱ་རྟེན་འདྲེལ་གྱིས། །ནུས་པ་བསམ་གྱིས་མི་ཁྱབ་པས། །འབད་པར་བྱ་ཞིང་བརྩོན་པར་གྱིས། །དཔལ་རྟ་མགྲིན་གྱི་རྒྱུད་ལས། རྫས་ཀྱི་བསྲུང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རིག་པའི་རྒྱལ་པོ་རྟ་མཆོག་སྟན་ལས་ལངས་ཏེ། ཁྲོ་བོའི་སྟངས་སྟབས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ། སྟོན་པའི་རྒྱལ་པོ་རིག་སྔགས་འཆང་། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །ཐབས་དང་ཤེས་རབ་གཉིས་ཀྱིས་ནི། །ཉོན་མོངས་སྡུག་བསྔལ་འཇོམས་མཛད་པ། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །རྡོ་རྗེའི་ར་བ་དྲ་བ་ཡིས། །བགེགས་དང་ལོག་འདྲེན་ཐམས་ཅད་བསྲུང་། །རྡོ་རྗེ་འཁོར་ལོའི་སྦྱོར་བ་ཡིས། །ཐམས་ཅད་བཟློག་ཅིང་མེད་པར་བྱེད། །འཁོར་ལོའི་བདག་པོར་ཕྱག་འཚལ་བསྟོད། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱང་ཞལ་འཛུམ་པ་དང་བཅས་བཞུགས་སོ། །དེ་
ནས་ཁྲོ་བོའི་རྒྱལ་པོ་བདུད་ལས་རྒྱལ་བ་ལ་སོགས་པ་ཐམས་ཅད་དང་། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དང་། ལྷ་དང་མི་ལ་སོགས་པ་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་རྟ་མཆོག་གི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་དྲུག་པའོ།། །། པདྨ་དབང་ཆེན་གྱི་རྒྱུད་རྫོགས་སོ། །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ལྡན་མ་རྩེ་མང་གིས་བསྒྱུར་བའོ།། །།


previousཕྱིར་བཟློག་པ་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ཅེས་བྱ་བ།next