Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་བཅུ་དགུ་པ། ཛ༽


   
   
   
   
   
   
   
   
   
   
   
   
   
ཐམས་ཅད་བདུད་རྩི་ལྔའི་རང་བཞིན།
   


 
previousཐམས་ཅད་བདུད་རྩི་ལྔའི་རང་བཞིན།next

ཐམས་ཅད་བདུད་རྩི་ལྔའི་རང་བཞིན།


DNG019_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་པཉྩ་ཨ་མྲྀ་ཏ་སྭ་བྷཱ་བ། བོད་སྐད་དུ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་བ་མཆོག་གི་དཀྱིལ་འཁོར་ན། ཤིན་ཏུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་མདོ་སྡེའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དང་། དགྲ་བཅོམ་པའི་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དག་མིང་ཡང་མི་གྲག་པའི་ནང་དུ། གསང་སྔགས་ཀྱི་སྙིང་པོ་བདུད་རྩིའི་མཆོག་ཏུ་བྱ་བའི་བལྟ་བ་དང་། སྤྱོད་པ་དང་བསྒྲུབ་པ་འདི་གསུངས་སོ། །བསམ་གྱིས་མི་ཁྱབ་བསྟན་པ་དང་། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནི་གསུམ་དུ་འདུས། །གསང་གཉིས་ཐེག་པར་འདུས་དང་བཞི། །ལྡེམ་པོར་དགོངས་དང་དོན་དམ་ཡང་། །བཀྲི་བའི་དོན་དེ་སངས་རྒྱས་ཡིན། །རྣ་བརྒྱུད་སྟོན་པས་ཐུགས་བརྟོལ་ཏེ། །ངེས་པའི་ལུང་ཡང་སངས་རྒྱས་ལ། །


DNG019_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ། །བྱང་ཆུབ་སེམས་འདི་ཀུན་ཏུ་བཟང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ཉིད། །མི་རྟོག་སྤྱོད་པའི་ཡུལ་མ་ཡིན། །མ་ལུས་མཐའ་དག་ཉིད་ཀྱི་རྒྱ། །ཡེ་ནས་བྱ་མེད་བྱ་མི་དགོས། །རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ། །བྱང་ཆུབ་འདོད་པ་ལྟུང་བའི་གནས། །བསྒྲུབ་ཅིང་མ་བཙལ་བདེ་བར་གནས། །རྒྱུད་དང་ལུང་དང་མན་ངག་ཀྱང་། །དམངས་དང་རྗེའུ་དང་རྒྱལ་པོའི་ཚུལ། །ཁྱད་པར་རྩལ་འཕང་ཐག་རིང་ཡང་། །གཅིག་ལ་གཅིག་བརྟེན་གཅིག་གི་དང་། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །དེ་བས་སྐུ་གསུང་ཐུགས་ཀྱི་བདག །སྐུ་དང་རྒྱན་དང་འཁོར་ལོ་ཡང་། །ལུང་ཆེན་ཟབ་མོའི་ནང་ནས་གསལ། །ལྔ་བཞི་ནང་དུ་འཁོར་བ་ཡང་། །ཡེ་ཤེས་སངས་རྒྱས་དེ་ལས་མེད། །བལྟ་བ་འདི་ལ་གནས་པ་ནི། །རྣལ་འབྱོར་འདི་ནི་སྐལ་བ་བཟང་། །ཅི་སྤྱད་ཅི་བསྒོམ་ཅི་བསྒྲུབས་ཀྱང་། །བདུད་རྩི་ཉིད་དེ་སྨན་གྱི་མཆོག །བདེ་གཤེགས་ཀུན་གྱི་ཐུགས་དམ་ཉིད། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས། །སངས་རྒྱས་བདེ་ཆེན་ཉིད་ལས་བྱུང་། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །རང་ལ་མཆོད་ཅིང་རང་གིས་བཟའ། །སྒྲུབ་པ་པོས་ནི་ནན་ཏན་བྱ། །ཞེས་བཀའ་སྩལ་ཏོ། །བལྟ་བའི་གནས་སྐབས་རྫོགས་སོ།། །།བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ལས་འདི་ལུང་གི་བསྒྲུབ་བྱ་ན། །མི་སྤང་བ་དང་དང་དུ་བླང་། །སྤྱད་པའི་དམ་ཚིག་བཅོ་ལྔ་བསྲུང་། །དེ་ཡང་མ་ཧཱ་ས་མ་ཡ། །བཞི་པོ་རྫོགས་ན་ཀུན་ཏུ་བཟང་། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །མནན་བཟློག་དྲུག་ནི་གཅིག་ཏུའོ། །དང་ལ་ག་ཎའི་ལུང་བཤད་སྟེ། །བྷ་ག་བཱན་ནི་ཉིད་ཀྱི་བཀའོ། །ལྷ་ཡི་བདུད་དང་ཕུང་པོའི་བདུད། །ཉོན་མོངས་བདུད་དང་འཆི་བདག་བཅོམ། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །བྱང་ཆུབ་འཁོར་བ་མྱ་ངན་འདས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །མཚན་མར་བཏགས་པ་ཐམས་ཅད་ཀུན། །བདེ་ཆེན་ཉིད་ལས་གཞན་མ་ཡིན། །བདེ་ཆེན་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཕྱི་ནང་མ་ལུས་སྣོད་བཅུད་ཀྱང་། །ཡབ་ཡུམ་བདེ་བའི་ངང་དུ་གསལ། །འདི་ནི་སྙིང་པོ་བྱང་ཆུབ་ལུང་། །དེ་ནས་ཏ་ན་བཤད་པར་བྱ། །ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཕྱིར། །མ་སྐྱེས་པས་ན་འགག་པ་


DNG019_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག །བདག་ཉིད་མེད་ན་མཉམ་པའི་ལུང་། །ཐུགས་རྗེ་ཆེན་པོས་ཅིར་མི་མཛད། །ཡང་དག་ཉིད་ལ་ཡང་དག་སྒྲོལ། །ཡང་དག་བསྒྲལ་ན་བདེ་ཆེན་ཐོབ། །སྟོང་གསུམ་མ་ལུས་བཏོན་པ་ལས། །འབུམ་གྱིས་ཆར་ཡང་མི་ཕོད་དོ། །སྐྱེས་བུ་ཆེན་པོ་རྣལ་འབྱོར་གྱིས། །བསྒྲལ་བ་འབའ་ཞིག་སྙིང་རྗེ་མཆོག །མི་ལྡོག་དབྱིངས་སུ་ཡང་དག་ཡིད། །ཐིག་ལེ་ཆེན་པོར་དབང་བསྐུར་ཏེ། །ཟླ་གསང་དབུས་ན་བྱང་ཆུབ་སེམས། །རྫོགས་སངས་རྒྱས་ལ་སོམ་ཉི་མེད། །དྲི་ཆེན་རྣམ་པར་སྣང་བར་མཛད། །མི་བསྐྱོད་བྱང་ཆུབ་སེམས་དཔའ་ཉིད། །མཱཾ་ས་རིན་ཆེན་འབྱུང་ལྡན་ཆེ། །རཀྟ་སྣང་བ་མཐའ་ཡས་གསུངས། །དྲི་ཆུ་དོན་ཡོད་ལས་གྲུབ་པོ། །ཐམས་ཅད་མ་ལུས་སངས་རྒྱས་ལྔ། །ལུས་པ་མེད་པ་ཡེ་ཤེས་ལྔ། །མ་བཅོས་ཡེ་ནས་དེ་ཉིད་དོ། །དེ་ཕྱིར་སྨན་ཆེན་བཅུད་ཀྱི་མཆོག ། བདུད་རྩི་ཞེས་ནི་དེ་ལ་བྱ། །རྟོག་པའི་ཀླུངས་སུ་སུ་འདྲིས་པ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །བཅོམ་ལྡན་འདས་ནི་གུད་ན་མེད། །ཅེས་བཀའ་སྩལ་ཏོ། །སྤྱོད་པའི་སྐབས་རྫོགས་སོ།། །།རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །བྱིན་རླབས་དབབ་པ་བསྟན་པར་བྱ། །ཡིད་འོང་གནས་སུ་འདུག་ནས་ནི། །བྱ་བ་མེད་པའི་ལམ་འདི་བསྒྲུབ། །མཎྜལ་བརྒྱད་པའི་གཞུང་བཞིན་དུ། །དཔལ་དང་ལྡན་པའི་སྣོད་བཞག་སྟེ། །སྟོང་ལས་འབྱོར་པ་ཡེ་ནས་དག །བཏག་དང་བཙག་དང་གཅལ་བ་ཡིས། །ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ། །འབྲུ་ལྔ་ཡེ་ཤེས་འཕྲོ་འདུ་ལས། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་སྙིང་པོ་ཀུན་བསྡུས་ནས། །དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར། །མུ་ཏིག་དཀར་པོ་དྲི་མེད་ལྟར། །སྒྲུབ་པ་པོས་ནི་ནན་ཏན་དུ། །གུ་ཧྱ་ལག་གི་ཕྱག་རྒྱ་ནི། །གཞུང་བཞིན་བསྟན་ནས་འཕྲོ་འདུ་བྱ། །དེ་དབུས་ཀླུ་བདག་ས་བོན་གྱིས། །དངོས་གྲུབ་དམ་པ་བླང་བར་བྱ། །དགུ་པའི་སྔགས་ཀྱིས་བཏབ་ནས་ནི། །ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །བར་ཆད་མེད་པའི་འཕྲོ་འདུ་བྱ། །གསལ་ལ་འབྱུང་འཇུག་ལྷན་ནེའོ། །རྟགས་དང་མཚན་མ་བདུན་གྱིས་འབྱུང་། །འོད་དང་དུ་བ་དྲི་


DNG019_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲ། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །མང་དུ་འཕེལ་ན་འགྲུབ་རྟགས་ཡིན། །དེ་ལ་ཡ་མཚན་བསྐྱེད་མི་བྱ། །མཚན་མ་དེ་དག་མ་བྱུང་ན། །བསྐང་གསོ་ཆོ་ག་རྒྱ་ཆེར་བྱ། །སྤོགས་ཐབས་བསྐྱར་ནས་རྩལ་ཤུགས་དབྱུང་། །རྫས་རྣམས་ཀྱང་ནི་བསྟར་བར་བྱ། །དེ་ནས་མཆོད་ཅིང་དངོས་གྲུབ་བླང་། །སློབ་མ་ལ་ཡང་དབང་བསྐུར་རོ། །ཚེ་དང་སྐོངས་དང་ཡིད་དུ་འོང་། །ནད་དང་བྲལ་དང་ཅི་འདོད་དང་། །བགེགས་རྣམས་ཞི་བ་ལ་སོགས་པའི། །ཡོན་ཏན་བརྒྱ་རྩ་བརྒྱད་རྣམས་འདི་ཡིས་ཐོབ། །སྙིང་པོ་ཚིམས་བྱེད་བཅུད་ཀྱི་མཆོག །གཙོ་བོ་ལྔ་དང་འབྲས་བུ་ལྔ། །འདི་དག་རབ་ཏུ་བསྐྱབ་པའི་ཕྱིར། །དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན། །མང་པོ་འདུས་པའི་མཐུ་བྱིན་ཆེ། །ཡངས་ཤིང་རྒྱུད་ལ་གོམས་པ་དང་། །སློབ་མ་དཔའ་བརྟུལ་གཙང་སྦྲ་ཅན། །ཟླ་གསང་དཀར་དམར་རླུང་དཀར་ལྕི། །ཉུང་ཡང་པཉྩ་ཡན་ཆད་ཀྱི། །མི་ཕྱེད་པ་ཡི་བདུན་གནས་པའི། །ཐུགས་ཀྱི་དངོས་གྲུབ་དམ་པ་འདི། །རེ་བ་མེད་པས་བླང་བར་བྱ། །འདི་ཚེ་འབྲུ་ནི་བརྟག་པར་བྱ། །མ་དག་པ་ནི་མཚམས་གཅད་དོ། །ལས་ཀྱི་གཙོར་ནི་བསྐང་གསོ་དང་། །སྦྱང་དང་མཚམས་དང་བསལ་བ་ཡིས། །ནན་ཏན་གྱིས་ནི་བརྩོན་འགྲུས་བསྐྱེད། །ཐེ་ཚོམ་མེད་ན་ངེས་པར་འགྲུབ། །ཅེས་བཀའ་སྩལ་ནས། ཤིན་ཏུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀུན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཨེ་མ་ཧོ་གསང་བ་ལས་བྱུང་བའི། །བྱང་ཆུབ་བདེ་ཆེན་ཉིད་ལ་རྫོགས། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །དཔའ་བོ་ཁྱོད་ལ་སྐྱབས་སུ་མཆི། །ཞེས་བསྒྲུབ་པའི་སྐབས་རྫོགས་སོ།། །།ཤིན་ཏུ་རྣལ་འབྱོར་དབང་ཕྱུག་ཆེན་པོའི་སྒྲུབ་པ། བདུད་རྩི་མཆོག་གི་ལུང་། དུམ་བུ་གསུམ་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།


previousཐམས་ཅད་བདུད་རྩི་ལྔའི་རང་བཞིན།next