Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉི་ཤུ་པ། ཝ༽


   
   
   
བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ཅེས་བྱ་བ།
   
   
   
   
   
   
   
   
   
   
   


 
previousབདུད་རྩི་བདེ་བ་ཆེན་པོའི་རྒྱུད་ཅེས་བྱ་བ།next

བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ཅེས་བྱ་བ།


DNG020_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། ཡོན་ཏན་ཕྲིན་ལས་མ་ལུས་ལུས་པ་མེད་པའི་བདག་ཉིད། ཁམས་གསུམ་པའི་སེམས་ཅན་གྱི་དེ་ཁོ་ན་ཉིད་དང་དབྱེར་མེད་པ། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། རྡོ་རྗེ་སྙིང་པོའི་བཙུན་མོའི་བྷ་ག་ལ། སྲིད་གསུམ་པའི་བུད་མེད་དང་དབྱེར་མེད་པའི་བདེ་སྟོང་ཆེན་པོ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་ལ་ཡང་དག་པར་བཞུགས་པ། དེ་ཉིད་ཀྱི་སྲས་རིགས་ལྔའི་བདེ་བར་གཤེགས་པ་ཡུམ་དང་བཅས་པ་དང་། དེ་དག་གི་སྲས་ཕྱི་ནང་གི་བྱང་ཆུབ་སེམས་དཔའ་ཡབ་དངཡུམ་དང་ལྡན་པ་དང་། ཁམས་གསུམ་པའི་རིགས་དྲུག་འདུལ་བའི་སྟོན་པར་གྱུར་པ་སྤྲུལ་པའི་སྐུ་ཐུབ་པ་ཆེན་པོ་དྲུག་ཀྱང་མཆོད་རྟེན་ཆེན་པོ་བརྒྱད་ཀྱི་མཛད་པ་སྤྲོ་བ་དང་། གདུག་པ་འདུལ་བའི་ཁྲོ་བོ་ཡབ་ཡུམ་དང་བཅས་པ་བཞུགས་སོ། །སངས་རྒྱས་དང་། ཡུལ་དང་། བྱང་ཆུབ་སེམས་དཔའ་དང་། གཟུངས་མ་དང་། སྤྲུལ་པ་དང་། ཁྲོ་བོ་དང་།རིག་མར་བཅས་པ་རྣམས་ཀྱང་། ལུས་ཀྱི་ཁམས་དགུ་འདུས་པའི་དྭངས་མ་ཆེན་པོ། བདུད་རྩི་ཆེན་པོ་གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བ། སྙིང་པོ་ལས་ཀྱང་སྙིང་པོ། འཁོར་བ་བདུད་ཀྱི་དུག་ཅན་ལ། མྱ་ངན་འདས་པ་མགོན་པོ་ཡེ་ཤེས་ཀྱི་རྩི་གཏོང་བར་བྱེད་པའི་བདག་ཉིད། ལུས་ཀྱི་ཁམས་བདུད་རྩི་ཆེན་པོའི་དགོངས་པ་ལ་ཐ་མི་དད་པར་སྤྱོད་པའོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བདེ་བ་ཆེན་པོས་ཁྱབ་པ་དེ་ཉིད་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་མཛད་པ་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་བཞུགས་སོ། །


DNG020_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་གྱི་ཆོ་འཕྲུལ་མཛད་པ་ནི། གནས་སྦྱོང་བའི་རྫུ་འཕྲུལ་དང་། བྱིན་གྱིས་བརླབ་པའི་རྫུ་འཕྲུལ་མཛད་དོ། །ཆོས་གནང་བའི་ཆོ་འཕྲུལ་ནི།འཁོར་སྡུད་པ་དང་། ཆོས་རྣམས་སྣང་བར་བསྐུལ་བ་མཛད་དོ། །དེ་ནས་འཁོར་གྱི་ནང་ནས་རྡོ་རྗེ་ཆོས་ཀྱིས། བཅོམ་ལྡན་འདས་ཀྱི་རྩར་སེང་གེའི་འགྲོ་སྟངས་ཀྱིས་དོང་ནས། ཞབས་སྤྱི་བོར་བཞག་སྟེ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་ནས། ཁམས་གསུམ་གྱི་སྟོན་པ་འཁོར་འདས་ཀྱི་བདག་པོ་ལ་འདི་སྐད་ཅེས་ཞུས་སོ། །ཧོ་མ་ལུས་སྐུར་སྣང་ནམ་མཁའ་ལྟ་བུའི་སྐུ། །ཉི་མའི་སྙིང་པོ་བཞིན་དུ་རབ་གསལ་བ། །སྟོང་ཉིད་ཤེས་རབ་ཐབས་ཀྱི་སྙིང་རྗེ་ཅན། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཁྱོད་བཞེངས་ལ། །ལུས་ཁམས་བདུད་རྩིའི་ལུས་ལ་ཇི་ལྟར་གནས། །བགྲོད་བྱེད་གོམ་པ་ལམ་དུ་ཇི་ལྟར་བསྒྲུབ། །བདག་གཞན་དངོས་གྲུབ་དབང་གི་འབྲས་བུ་གང་། །འགྲོ་ལ་ཕན་ཕྱིར་ཁྱོད་ཀྱིས་ད་ལྟར་གསུངས། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཤད་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །ཡེ་ནས་བདུད་རྩི་ལུས་གནས་གཞི། །དེ་ཉིད་ཉམས་ལེན་བགྲོད་པ་ལམ། །ནར་སོན་མཐར་ཕྱིན་འབྲས་བུ་ཉིད། །ལུས་ལ་རྟེན་འདྲེལ་རབ་བསྒྲིགས་ནས། །ཚང་མས་གཏན་ལ་ཕབ་ནས་ནི། །འཁོར་བ་མྱ་ངན་འདའ་བྱའི་ཕྱིར། །དགོངས་པ་བརྡའ་ཡིས་རབ་བཤད་པས། །འགྲོ་བའི་དོན་དུ་རབ་ཉོན་ཅིག །ཅེས་ལོངས་སྤྱོད་རྫོགས་པའི་སྐུས་དགོངས་པ་བརྡས་བཤད་དོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་འདི་འགྲོ་བའི་ཆེད་དུ་གསུངས་སོ། །ཀྱེ་ཧོ་འཁོར་འདས་དབྱེར་མེད་ཆེན་པོ་འདི། །བཅིང་མེད་གྲོལ་མེད་རིག་པ་ཉིད། །ཐམས་ཅད་ཀུན་པས་ང་སྔར་ཤར། །དབྱེར་མེད་བདུད་རྩི་ཆེན་པོར་གནས། །མ་རིག་ལས་དང་ཉོན་མོངས་ཀྱིས། །ཁམས་གསུམ་འཁོར་བར་སྣང་བ་ནི། །


DNG020_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་ཐ་མ་མེད་དུས་ན། །སྣོད་བཅུད་འཁོར་བ་འཁྲུལ་པར་སྣང་། །མ་རིག་པ་ཉིད་ཡེ་ཤེས་ལ། །ལས་ཉིད་བདེ་བར་རང་སྣང་བས། །ཡེ་ཤེས་མངའ་བདག་རིགས་ལྔ་ཉིད། །དུས་གསུམ་སངས་རྒྱས་མེས་པོ་ཡིན། །སེམས་ཅན་ལུས་ལ་བདུད་རྩི་གནས། །རང་བྱུང་བདུད་རྩི་ཆེན་པོ་ནི། །བྱང་ཆུབ་སེམས་ནི་རྒྱུ་ཡི་རྩ། །བཅུ་ཚན་གསུམ་གྱི་སྟེང་དུ་གཉིས། །དེ་ནི་གཉིས་འདུས་ཀུན་བཟང་གཟུགས། །དོན་དམ་གཟུགས་ཀྱི་བདག་ཉིད་དོ། །དེ་ཡི་གཙོ་བོ་གསུམ་གསུམ་ནི། །ཤེས་རབ་ཏིང་འཛིན་ལ་ལ་ནཱ། །ཐབས་ཀྱི་རང་བཞིན་ར་ས་ནཱ། །དེ་ཁོ་ན་ཉིད་གཉིས་མེད་གཟུགས། །ཨ་བ་དྷཱུ་ཏཱི་ཆོས་འབྱུང་གནས། །དཀྱིལ་འཁོར་དེ་ལ་རབ་གནས་པ། །མི་བསྐྱོད་རྒྱུ་བ་ལ་ལ་ནཱ། །རཀྟ་རྒྱུ་བ་ར་ས་ནཱ། །ཨ་བ་དྷཱུ་ཏཱི་བྱང་སེམས་རྒྱུ། །འཁོར་འདས་ཆོས་རྣམས་ཐམས་ཅད་ནི། །ཕྲ་མོ་ཕྲ་མོའི་རང་བཞིན་ཅན། །དེ་ནི་ལ་ལ་ནཱ་ཞེས་བྱ། །ཆོས་རྣམས་ཐམས་ཅད་བརྗོད་དུ་མེད། །དེ་ཡི་རང་བཞིན་ར་ས་ནཱ། །དབྱེར་མེད་པ་ཡི་བདག་ཉིད་ནི། །ཨ་བ་དྷཱུ་ཏཱི་ཞེས་བྱའོ། །རྩ་ནི་སུམ་ཅུ་རྩ་གཉིས་ཀྱི། །གནས་དང་དེ་བཞིན་མིང་བསྟན་པ། །རྐང་པ་གཡོན་པའི་མཐེ་བོང་ན། །དེ་ཡི་རང་བཞིན་མེད་པའི་ཕྱིར། །མིང་ནི་ཨ་བྷེ་ད་ཞེས་སོ། །རྐང་པ་དག་གི་བྱིན་པ་ན། །ནམ་མཁའི་ཁམས་ཀྱི་རང་བཞིན་ཕྱིར། །དེ་མིང་སུཀྵྨ་མ་རཱུ་པཱ། །བརླ་ནི་གཡོན་པ་དག་ན་ཡང་། །འདོད་པ་ལྔ་ཡི་བདག་ཉིད་ཕྱིར། །བདུད་རྩི་དི་བྱཱ་རྒྱུ་ཞིང་གནས། །གསང་བའི་གཡོན་ན་དེ་ཁོ་ན། །དམིགས་པའི་ཤེས་རབ་བྱེད་པའི་ཕྱིར། །ལུས་ཁམས་བཱ་མཱ་རུ་ཞེས་སོ། །ལྟེ་བ་ཕྱག་རྒྱ་ཆེན་པོ་དང་། །རྒྱུ་མཐུན་དག་གིས་བཱ་མི་ནཱི། །སྙིང་ག་ལྟེ་བའི་གཡོན་པ་ན། །འཁོར་བ་དང་ནི་མྱ་ངན་འདས། །ཁ་སྦྱར་གཟུགས་ཕྱིར་ཀཱུརྨྨ་ཛཱ། །ནུ་མ་གཡོན་ན་གནས་པ་ནི། །བདེ་ཆེན་སྒོམ་པ་བྷཱ་བ་ཀཱི། །མགྲིན་པ་གཡོན་ན་གནས་པ་ནི། །དྲི་མ་མེད་བྱེད་ཤེ་


DNG020_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཀའོ། །ལག་མཐིལ་གཡོན་ན་དང་པོ་བཙོགས། །དུས་བྱེད་པ་ནི་དོ་ཥཱའོ། །མ་མཆུ་དག་ལ་གནས་པ་ཡང་། །བདེ་ཆེན་འབེབས་པའི་ཥྚཱའོ། །མཁུར་ཚོས་གཡོན་ན་གནས་པ་ནི། །རྣམ་པར་བལྟ་བ་མཱ་ཏ་རཱ། །མིག་གཡོན་བདེ་བ་ཆེན་པོས་ནི། །འཁྲུ་བ་དག་གིས་སརྦ་རཱི། །རྣ་བ་གཡོན་པའི་རྩ་ན་ཡང་། །རླུང་རབ་ཤེས་པ་ཤཱི་ཏ་དཱ། །ལྡན་པ་དག་ནི་གཡོན་པ་ན། །མ་སྐྱེས་ཕྱིར་ནི་ཨུཥྨཱ་ཎའོ། །སྤྱི་གཙུག་རྡོ་རྗེ་འཛིན་པའོ། །མོས་དང་དགའ་བྱེད་ལ་ལ་ནཱ། །སྤྱི་བོ་སྤྲོས་པ་དང་བྲལ་ཕྱིར། །ཨ་བ་དྷཱུ་ཏཱི་ཞེས་བྱ་གནས། །སྤྱི་བོའི་གཙུག་ནི་གཡས་པ་ན། །མྱང་བས་དགའ་ཕྱིར་ར་ས་ནཱ། །བལྟ་བ་དག་ན་གནས་པ་དང་། །སྐུ་སོགས་བདག་གི་སྲ་བ་ཎཱ། །ལྡན་པ་གཡས་ན་མི་བསྐྱོད་པ། །བདག་ཉིད་ཀྲྀཥྞ་བརྞྞཱའོ། །རྣ་བ་གཡས་པའི་རྩ་བ་ན། །ཐམས་ཅད་རྗེས་འགྲོ་ས་མ་ནྱཱ། །མིག་གཡས་བྱེད་པའི་བདག་ཉིད་དུ། །གྱུར་ཕྱིར་ཧེ་ཏུ་དཱ་ཡི་ཀཱ། །མཁུར་ཚོས་གཡས་ན་དཔའ་བོ་ཡི། །དགའ་བ་བྲལ་བའི་ཡོ་གཱའོ། །ཡ་མཆུ་དག་ལ་གནས་པ་ཡང་། །ཐམས་ཅད་འགྲོ་མ་པྲེ་མ་ཎཱི། །མགྲིན་པ་གཡས་ན་ཐོག་མ་ཡི། །རང་བཞིན་མེད་ཕྱིར་སིཌྜྷའོ། །ལག་མཐིལ་གཡས་སྒེག་ཚོགས་པ་ཡི། །རོ་བྱེད་ཕྱིར་ན་པཱ་བ་ཀཱི། །ནུ་མ་གཡས་ན་ལུས་འབྲལ་སྟེར། །ཐོབ་བྱེད་སུ་མ་ནཱ་གནས་སོ། །སྙིང་གའི་གཡས་ན་སྐུ་གསུང་ཐུགས། །བདག་ཉིད་ཡིན་ཕྱིར་ཏྲྀ་བྲྀཏྟཱ། །ལྟེ་བའི་གཡས་ན་འདོད་པས་ནི། །དགའ་བའི་ཕྱིར་ན་ཀཱ་མི་ནཱི། །ཆོས་འབྱུང་གཡས་ན་སངས་རྒྱས་རྣམས། །གནས་པའི་ཕྱིར་ན་གེ་ཧཱའོ། །བརླ་གཡས་ཐམས་ཅད་བདེ་ཆེན་པོས། །ཁྱབ་བྱེད་ཙཎྜ་ཨཱདྨའོ། །བྱིན་པ་གཡས་ན་བགེགས་རྣམས་ནི། །མེད་བྱེད་ཀ་ཏྱ་ཡ་ནཱིའོ། །མཐེ་བོང་གཡས་ན་སྡུག་བསྔལ་རྣམས། །མི་འཇུག་མ་དཱ་རི་ཀའོ། །དེ་ལྟར་རྩ་ནི་སུམ་ཅུ་གཉིས། །ལུས་གནས་ལུགས་དང་ལུགས་ལས་བཟློག །རྩ་ནི་དེ་དག་རྣལ་འབྱོར་པའི། །དངོས་པོ་ཡོངས་སུ་གྱུར་པའོ། །ལུས་


DNG020_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྩོགས་པ་རང་བཞིན་བཅིངས། །བདེ་བ་ཆེན་པོས་ཡོངས་སུ་འགྱུར། །ཁམས་ཀྱི་བདག་ཉིད་རྒྱུ་བ་ལ། །ཚེས་གྲངས་བཞིན་དུ་ཕུར་པས་བཏབ། །དུར་ཁྲོད་མཁའ་འགྲོའི་མཐུ་རུ་འགྱུར། །གྲངས་བཞིན་བདེ་བ་བསྒོམས་པས་ནི། །ཙཎྜ་ལཱི་ཡི་གནས་བརྟགས་པ། །བདེ་བ་འཛིན་པའི་བསྒོམ་དུ་འགྱུར། །ཨ་ལ་སོགས་པའི་ཨཱ་ལི་དང་། །ཀ་ལ་སོགས་པའི་ཀཱ་ལི་དང་། །རྡོ་རྗེ་དང་ནི་པདྨ་དང་། །ཐབས་དང་དེ་ནི་ཤེས་རབ་དང་། །བདེ་ཆེན་ལོངས་སྤྱོད་ཆོས་དང་སྤྲུལ། །དཔའ་བོའི་དགའ་བ་མཆོག་ཏུ་དགའ། །བྲལ་ལོ་ལྷན་ཅིག་སྐྱེས་པ་དང་། །སྐུ་དང་གསུང་དང་ཐུགས་རྣམས་སོ། །ཨེ་བཾ་མ་ཡཱའི་ཡི་གེ་བཞི། །ཨེ་ནི་ཆོས་ཀྱི་འབྱུང་གནས་དང་། །སྟོང་པ་ཉིད་དང་དགའ་བ་དང་། །ལྷ་མོ་སངས་རྒྱས་སྤྱན་མའོ། །བཾ་ནི་ཆུ་དང་མཚན་མ་མེད། །མཆོག་ཏུ་དགའ་བ་མཱ་མ་ཀཱི། །མ་ནི་མ་དང་སྨོན་པ་མེད། །དཔའ་བོ་དགའ་བ་གོས་དཀར་མོ། །ཡཱ་རླུང་མངོན་པར་འདུས་མ་བྱས། །ལྷན་ཅིག་སྐྱེས་དགའ་སྒྲོལ་མ་ཡིན། །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ན། །འདབ་མ་དྲུག་ཅུ་རྩ་བཞི་ལ། །ཀཱ་ལི་སུམ་ཅུ་རྩ་གཉིས་ནི། །ལུགས་དང་ལུགས་ལས་བཟློག་པས་ན། །ཡི་གེ་དྲུག་ཅུ་རྩ་བཞིའོ། །པདྨ་འདབ་མ་བཞི་པ་སྟེ། །རེ་རེར་ཀ་ལ་སྩོགས་པ་བཞི། །སྟོང་པ་བཅུ་དྲུག་ཡི་གེ་ནི། །རྣམ་པར་དག་པས་སངས་རྒྱས་པ། །རང་གི་ངོ་བོ་ཡོངས་གྱུར་པས། །འདབ་མ་དྲུག་ཅུ་རྩ་བཞི་པའི། །རྣམ་པ་ཆོས་ཀྱི་འབྱུང་གནས་འཁོར། །སྙིང་ག་ཆོས་ཀྱི་དཀྱིལ་འཁོར་ན། །འདབ་བརྒྱད་ཡི་གེ་བརྒྱད་གནས་པ། །ཨ་ཀ་ཙ་ཊ་ཏ་པ་ཡ། །ཤ་ཡི་སྡེ་ཚན་དང་པོ་རྣམས། །འབྱུང་བ་འབྱུང་བ་ལས་གྱུར་པ། །ཕྲ་མོ་ལ་ནི་ཕྲ་མོའི་གཟུགས། །པདྨ་འདབ་མ་བརྒྱད་པའོ། །མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་ན། །འདབ་མ་བཅུ་དྲུག་གནས་པ་ལ། །ཨཱ་ལི་བཅུ་དྲུག་གནས་པ་དེ། །སྟོང་པ་བཅུ་དྲུག་རྣམ་པར་གནས། །ལོ་ཡང་བཅུ་དྲུག་ལོན་པ་ཡི། །ཤེས་རབ་ལོངས་སྤྱོད་རྣམ་པའོ། །དེ་ཕྱིར་འདབ་མ་བཅུ་དྲུག་པ། །


DNG020_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་དཀྱིལ་འཁོར་ཞེས་བྱའོ། །སྤྱི་བོ་བདེ་བ་ཆེན་པོ་ཡིས། །དཀྱིལ་འཁོར་འདབ་མ་སུམ་ཅུ་གཉིས། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །རྣམ་དག་འདབ་མ་སུམ་ཅུ་གཉིས། །ཇི་ལྟར་འཁོར་ལོ་བཞིར་བཤད་པ། །སྐད་ཅིག་མ་ཡང་རྣམ་པ་བཞི། །རྣམ་པ་དུ་མར་རྣམ་པར་སྨིན། །རྣམ་པར་འཇོམས་དང་རྣམ་མཚན་ནི། །ཉོན་མོངས་རྣམས་ལ་བདེན་པ་བཞི། །སྡུག་བསྔལ་དང་ནི་ཀུན་འབྱུང་དང་། །ལམ་དང་འགོག་པའི་བདེན་པ་ཡང་། །རྒྱུ་ཡི་ཐེག་པ་རྣམས་ལ་སྣང་། །དེ་ཁོ་ན་ཉིད་བཞིར་སྣང་བ། །བདག་སྔགས་ལྷ་དང་ཡེ་ཤེས་ཀྱི། །ཁོ་ན་ཉིད་བཞིར་སྣང་བ་ཡང་། །གསང་སྔགས་ཕྱི་པ་ཐབས་རྒྱུད་ལ། །དགའ་བ་བཞི་རུ་སྣང་བ་ནི། །དགའ་བ་མཆོག་ཏུ་དགའ་བ་དང་། །དཔའ་བོ་དགའ་བ་ལྷན་ཅིག་སྐྱེས། །མ་ཧཱ་ཨ་ནུ་དག་ལ་སྣང་། །སྡེ་བ་བཞི་རུ་སྣང་བ་ནི། །གནས་བརྟན་པ་ཡི་སྡེ་བ་དང་། །ཐམས་ཅད་ཡོད་པར་སྨྲ་བ་དང་། །ལེགས་དཔོན་པ་ཡི་བདེ་བ་དང་། །དགེ་འདུན་ཕལ་ཆེན་སྡེ་བའོ། །དེ་ལྟར་སྐད་ཅིག་དང་ནི་བདེ་བ་དང་། །དེ་ཁོ་ན་ཉིད་བྱེ་བྲག་དང་། །སྡེ་བའི་དངོས་པོ་ཆུང་ངུ་དང་། །འབྲིང་དང་ཆེན་པོ་ལ་སོགས་པའི། །བྱེ་བྲག་གནས་བཞིར་རྣམ་པར་གནས། །ཟླ་བ་གཡོན་ལ་ཉི་མ་གཡས། །ཨཱ་ལི་ཕྲ་མོ་ཀཱ་ལི་རགས། །སཾ་ཀྲཱནྟི་ཡང་བཅུ་དྲུག་ནི། །མེ་ཥ་དང་ནི་པྲྀ་ཥ་དང་། །མཻ་ཐུ་ན་དང་ཀར་ཀ་དང་། །སིང་ཧ་དང་ནི་ཀ་ནྱཱ་དང་། །ཏུ་ལ་དང་ནི་པྲྀཙྪ་དང་། །དྷ་ནུ་དང་ནི་མ་ཀ་ར། །ཀུམྦྷ་དང་ནི་མཱི་ན་དང་། །ཙནྡྲཱ་དྷ་ར་སུརྱ་དྷ་ར། །ཏི་ལ་ཀ་དང་ཨཱ་ཀ་ཤ །སཾ་ཀྲཱནྟི་ནི་བཅུ་དྲུག་རགས། །ཁུ་བ་གཡོན་ནས་དཀར་པོ་དང་། །གཡས་ནས་བསྐོར་བའི་བྱེ་བྲག་གིས། །གནས་ཀྱང་བཅུ་དྲུག་ལྡོག་པ་ཡི། །རིམ་པས་སཾ་ཀཱནྟི་བཤད་དེ། །ཉི་མ་དང་པོ་མཐེ་བོང་ཨ། །གཉིས་པར་ཨཱ་ནི་བྱིན་པ་ན། །བརླ་ལ་གསུམ་པ་ཨི་ཞེས་བྱ། །ཨཱིཾ་ནི་བཞི་པ་གསང་བ་ན། །ལྟེ་བ་ན་ཡང་ལྔ་པ་ཨུ། །དྲུག་པ་ཨཱུ་ནི་སྙིང་ག་ན། །ནུ་མ་ན་ནི་བདུན་པ་རྀ། །བརྒྱད་པ་རཱྀ་ནི་མགྲིན་པ་ན། །ལག་མཐིལ་ན་ནི་དགུ་པ་ལི། །བཅུ་པ་ལ་ནི་མཁུར་ཚོས་ལཱྀ། །ཨེ་ནི་མིག་ལ་བཅུ་གཅིག་ལ། །སྣང་བའི་རྩ་ནི་བཅུ་གཉིས་


DNG020_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཨཻ། །བཅུ་གསུམ་ཨོ་ནི་དཔྲལ་བ་ན། །ཨཽ་ནི་སྤྱི་བོར་བཅུ་བཞི་པ། །གཡས་དང་གཡོན་གྱི་དབུས་ན་ཡང་། །ཡོངས་སུ་གང་བའི་ཨཾ་དང་ཨཱཿ། །དེ་དང་དེ་ལྟར་ཁུ་བ་ཡི། །རྣམ་པ་ཕྲ་མོ་ལ་སོགས་པ། །རིམ་གྱིས་རྒྱུ་བར་བྱེད་པའོ། །བདུན་པ་དེ་དག་དྲིལ་ནས་བསྟན་པ་ལ། །དེ་ལ་གསུམ་དེ་གྲངས་བཟུང་བ་དང་། །དབྱུག་གུ་དྲུག་ཅུ་རྩ་བཞི་དང་། །དུས་ཀྱི་ཆ་དང་ལྡན་པ་དང་། །སྐར་མ་ཉི་ཤུ་རྩ་བརྒྱད་དང་། །ཉི་མ་བཅོ་ལྔ་གཟའ་དགུ་དང་། །སཾ་ཀྲཱནྟི་ཡང་བཅུ་གཉིས་ཀྱིས། །དུས་ཀྱི་ཆ་ཡང་གཟུང་བར་བྱ། །ཉིན་མོ་དང་ནི་མཚན་མོ་ལ། །དབྱུག་གུའི་གྲངས་ནི་དྲུག་ཅུ་སྟེ། །བཞི་ནི་འཕེལ་དང་འགྲིབ་པའོ། །དེ་ལྟར་གཟུང་བར་བྱས་པ་ན། །དུས་དང་དབྱུག་གུ་དྲུག་ཅུ་བཞི། །ཐབས་དང་ཤེས་རབ་ཀུན་རྫོབ་དང་། །ཀུན་རྫོབ་མེད་པའི་བྱེ་བྲག་གིས། །ཇི་ལྟར་བསྟན་པའི་གནས་སུ་ནི། །སཾ་ཀྲཱནྟི་ཡང་བཅུ་དྲུག་པོ། །རྣམ་པར་དག་པ་ཁུ་བ་ཡི། །བྱེ་བྲག་རྒྱུ་བ་གཟུང་བ་སྟེ། །དབྱུག་གུའི་གྲངས་ནི་དེ་དག་ནི། །གནས་པ་སུམ་ཅུ་རྩ་གཉིས་སོ། །དེ་དག་ཐམས་ཅད་འཁོར་ལོ་བཞིར། །ལེགས་པར་གཟུང་བར་བྱ་བ་སྟེ། །བཞི་པོ་དེ་ཡང་ལྟེ་བ་ནས། །ཙནྜ་ལཱི་ནི་འབར་བ་ཡིས། །ཕྱག་རྒྱ་ཆེན་པོའི་བདག་ཉིད་འགྱུར། །ཉི་མ་ཕྱེད་ལ་དབུགས་ཀྱི་གྲངས། །དེ་ཡང་ལྔ་སྟོང་བཞི་བརྒྱའོ། །ཉི་མ་གཅིག་ལ་དབུགས་ཀྱི་གྲངས། །དེ་ཡང་ཁྲི་དང་བརྒྱད་བརྒྱའོ། །ཆུ་ཚོད་གཅིག་ལ་དབྱུག་གུའི་གྲངས། །སུམ་བརྒྱ་དང་ནི་དྲུག་ཅུའོ། །དེ་ལྟར་དབུགས་ཀྱི་གྲངས་བརྩིས་ན། །ཉིན་མཚན་གཉིས་ལ་དབུགས་ཀྱི་གྲངས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །གྲངས་ཀྱི་དེ་ཉིད་ཤེས་བྱ་ཞིང་། །དུས་ནི་ངེས་པར་གཟུང་བར་བྱ། །ཆུ་ཚོད་དབྱུག་གུ་དྲུག་ཅུ་བཞི། །དུས་དང་དབུགས་ཀྱི་མཚན་ཉིད་ནི། །ངེས་པར་གཏན་ལ་དབབ་པ་ནི། །ཡུམ་ལ་སྦྱར་ལ་བདུད་རྩི་དབབ། །དགྲ་བགེགས་གནས་བསྟབ་བསྒྲལ་བར་བྱ། །ཕྱི་ཡི་བདུད་རྩི་གནས་པ་ནི། །འབྱུང་བ་བཞི་ལས་སྐྱེས་པ་རྣམས། །སྣོད་ཀྱི་


DNG020_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཆེན་པོ་ན། །མུ་ལ་དཎྜ་གེལ་པ་དང་། །ད་ལ་པུཥྤ་བལྐ་དང་། །ཕ་ལ་ཧྲྀ་ད་རྣམ་པ་བརྒྱད། །ནཱ་ཀ་ས་ཆུ་མེ་རླུང་ལས། །རིགས་ནི་རྣམ་པ་ལྔར་ཡང་འཁྲུངས། །ནད་རྣམས་མ་ལུས་སེལ་བར་བྱེད། །ན་བ་གསོ་ཞིང་ཤི་བ་སློང་། །དེ་ཕྱིར་བདུད་རྩི་ཞེས་བྱའོ། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལུས་ཁམས་བདུད་རྩི་རང་ལ་གནས་པར་རྒྱུའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལམ་གྱི་བདུད་རྩི་ཆེན་པོ་སྒྲུབ་པ་འདི་དག་གསུངས་སོ། །སྟོན་པ་རྒྱུད་ལུང་མན་ངག་ཤེས། །ལྟ་སྤྱོད་སྒོམ་འབྲས་ལྡན་པ་ལ། །གཟུགས་ཀྱི་དཀྱིལ་འཁོར་འབྱུང་བཞི་ཡུམ། །འཁོར་རྣམས་ལྔ་ལས་ཉུང་བ་མིན། །ཡོ་བྱད་རྫས་དང་ནད་ཁམས་གསོ། །ཕྱི་ནང་སྨན་རྣམས་ཚང་བར་བསོག །དབེན་ཞིང་ཉམས་དགའ་བ་ཡི་གནས། །ཆུ་ཤིང་རབ་ཏུ་འཛོམ་པར་གནས། །སྟོན་དཔྱིད་བརྒྱད་དང་སྔ་དྲོ་ཡི། །དུས་ལ་ཐམས་ཅད་འདུ་བར་བྱ། །བགེགས་གཏོར་རྒྱལ་ཆེན་མངའ་གསོལ་ནས། །དམ་སྲི་མནན་པ་སྒོ་བྱང་གདགས། །ཁྲོ་བཅུ་ཕྱོགས་སྐྱོང་ཕུར་པས་གདབ། །མ་ཏྲཾ་ཁོག་པའི་གཞལ་ཡས་ཁང་། །མཚོན་ཆ་དྲ་བ་གུར་ལ་སོགས། །འགྲོས་དང་སྟངས་སྟབས་བསྲུང་བར་བྱ། །བླང་ཞིང་བརྟགས་ནས་སྐྱོན་བསལ་ནས། །སྦྱང་ཞིང་བསྲུང་བའི་ས་བླངས་ལ། །དཀྱིལ་འཁོར་འདོམ་གང་ཁྲུ་གང་བ། །བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །བ་སུ་ཏ་ཡི་ཐིག་སྐུད་ཀྱིས། །ལིང་ཚེ་དགུ་པ་ཤིན་ཏུ་ཟླུམ། །བཅུ་དྲུག་འཁོར་ལོས་མཐའ་བསྐོར་ཅིང་། །གྲུ་ཆད་བར་ཁྱམས་སྒོ་དང་བཅས། །སྒོ་རྒྱན་རྡོ་རྗེ་མེ་དཔུང་འབར། །རྡུལ་ཚོན་སྣ་ལྔ་རབ་སྦྱར་ནས། །དཔའ་བོ་འབྲུ་ལྔས་བྱིན་བརླབས་ཏེ། །དེ་ནས་ཕྱག་རྒྱ་དགོད་པར་བྱ། །རྡོ་རྗེ་དབུས་ལ་འཁོར་ལོ་ཤར། །ཤར་ལྷོར་སྤྱན་ནི་རིན་ཆེན་ལྷོ། །ལྷོ་ནུབ་རྡོ་རྗེ་པདྨ་ནུབ། །ནུབ་བྱང་པདྨ་རྒྱ་གྲམ་བྱང་། །བྱང་ཤར་ཨུཏྤལ་ལིང་ཚེ་དགུ། །བཅུ་དྲུག་རྩིབས་ལ་བྲི་བ་ཡང་། །ཤར་དུ་རྡོ་རྗེ་ལྕགས་ཀྱུ་དང་། །མདའ་གཞུ་སེ་གོལ་བྲི་བར་


DNG020_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ལྷོ་རུ་རིན་ཆེན་ཉི་མ་དང་། །རྒྱལ་མཚན་ཏོག་དང་སོ་ཕྲེང་བྲི། །ནུབ་ཏུ་པདྨ་རལ་གྲི་དང་། །འཁོར་ལོ་ལྕེ་ཡང་བྲི་བར་བྱ། །བྱང་དུ་རྒྱ་གྲམ་གོ་ཆ་དང་། །འཚེ་བ་ཁུ་ཚུར་བྲི་བར་བྱ། །རྩིབས་མཆན་ཕྱག་རྒྱ་དགོད་པ་ནི། །ཤར་དུ་མེ་ལོང་བདུག་སྤོས་དང་། །ལྕགས་ཀྱུ་དང་ནི་འོད་ཟེར་འབར། །ལྷོ་རུ་ཕྲེང་བ་མེ་ཏོག་དང་། །ཞགས་པ་སྤྱན་ཡང་བྲི་བའོ། །ནུབ་ཏུ་པི་ཝང་མར་མེ་དང་། །ལྕགས་སྒྲོག་རབ་ཏུ་འབར་བའོ། །བྱང་དུ་ཕུར་བུ་དྲི་ཆབ་དང་། །དྲིལ་བུ་རབ་ཏུ་འབེབས་པའོ། །ཤར་སྒོར་ཐོ་བ་ལྕགས་ཀྱུ་བྲི། །ལྷོ་རུ་བེ་ཅོན་ཞགས་པ་དང་། །ནུབ་ཏུ་ཐོད་སྦྲུལ་ལྕགས་སྒྲོག་བྲི། །བྱང་དུ་རྒྱ་གྲམ་དྲིལ་བུ་བྲི། །མདའ་དང་རལ་གྲི་མེ་ལོང་དང་། །ཚོན་སྐུད་ཕུར་པ་བརྒྱད་བརྒྱད་བསྐོར། །དེ་ལ་སྣོད་ནི་བཅུ་དྲུག་དགོད། །དབུས་ནི་ཡེ་ཤེས་ལྔ་ལྡན་ལ། །ཤར་དུ་སྐུ་གསུང་ཐུགས་ལྡན་ཏེ། །ལྷོ་རུ་ཡིད་བཞིན་གཏེར་ལྡན་ལ། །ནུབ་ཏུ་ཁམས་གསུམ་ཡོངས་སྒྲོལ་ཉིད། །བྱང་དུ་ཆོ་འཕྲུལ་རྟགས་འབྱིན་ནོ། །མི་འགྱུར་གཡུང་དྲུང་ཐོད་པ་དབུས། །ཤར་ལྷོར་མི་ཤིགས་མཛོད་ལྡན་ལ། །ལྷོ་ནུབ་སྲིད་པ་ཡོངས་སྒྲོལ་ཏེ། །ནུབ་བྱང་དུག་གསུམ་གཏན་སྤྲུགས་ཉིད། །བྱང་ཤར་མཚན་མ་སྤྲོས་བྲལ་ལོ། །གྲུ་ཆད་བཞི་ལ་དགོད་པ་ཡང་། །ཡོན་ཏན་རྫོགས་ལྡན་ཤར་ལྷོའི་གྲུར། །བཀྲ་ཤིས་མཚན་ལྡན་ལྷོ་ནུབ་གྲུར། །མི་འགྱུར་སྲ་མཁྲེགས་ནུབ་བྱང་གྲུར། །ཨཱ་ཡུ་དཔལ་ལྡན་བྱང་ཤར་གྲུར། །སྒོ་བཞིར་པད་ཅན་པདྨའི་རིགས། །དུང་ཅན་མ་ནི་རྡོ་རྗེའི་རིགས། །རིན་ཆེན་རིགས་ནི་བ་གླང་ཅན། །རི་མོ་ཅན་ནི་ལས་ཀྱི་རིགས། །རིགས་མཐུན་བྷནྡྷ་དགོད་པར་བྱ། །དེ་ཡི་ནང་དུ་བླུག་པའི་སྨན། །བྱང་སེམས་དཀར་དམར་དྲི་ཆེན་དང་། །པདྨ་རཀྟ་མཱཾ་ས་དང་། །དྲི་ཆུ་ནང་གི་རྩ་བ་ལྔ། །མ་ཧཱ་དེ་བའི་བྱང་སེམས་ཚང་། །རྡོ་དྲེག་དྲང་སྲོང་དྲི་ཆེན་དང་། །ལྷ་ཡི་མཱཾ་ས་དབང་པོ་ལག །རམ་བུ་སྲིན་མོའི་རཀྟ་དང་། །ཅོང་ཞི་ཁྱབ་འཇུག་ཆུ་དང་ལྔ། །ཕྱི་ཡི་རྩ་བ་ལྔ་ཞེས་བྱ། །ག་པུར་དང་ནི་ཅུ་གང་དང་། །ཨ་རུ་ར་དང་སུཀྵྨེ་དང་། །


DNG020_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཏི་སྙིང་ནི་ཞོ་ཤ་དང་། །མོན་ཆ་ར་དང་ལི་ཤི་དང་། །གུར་གུམ་མོན་ལྕམ་ཀ་ཀོ་ལ། །སྨན་གྱི་རྩ་བ་རྣམ་པ་ལྔ། ། མེ་ལྕེ་ཡང་མི་ཆེ་གླ་གླི་སྙིང་ལྔ་ནི་སྒྲུབ་ཐབས་རྣམས་སུ་བརྡའ་སྐད་ཡིན་པར་བཤད ། །མི་ལས་གྱུར་པ་རྣམ་ལྔ་ཡང་། །སྦལ་པ་སྤྲེའུ་དྲེད་མོ་དང་། །ཕྱི་བ་ཚ་ནི་མེས་པོ་ཡིན། །མཆེ་བ་ཅན་ལས་གྱུར་པ་ལྔ། །སྟག་དང་སེང་གེ་སྤྱང་ཀུ་དང་། །ཁྱི་དང་དོམ་ནི་ལྔ་ཡིན་ནོ། །རྨིག་པ་ཁ་བྲག་གྱུར་པ་ལྔ། །གཡག་དང་ཤ་བ་གླང་པོ་ཆེ། །བ་གླང་ཕག་དང་ལྔ་ཡིན་ནོ། །རྨིག་ཟླུམ་རྣམ་པ་ལྔ་སྣང་བ། །རྟ་དང་རྔ་མོང་དྲེའུ་དང་། །བོང་བུ་རྐྱང་དང་རྣམ་པ་ལྔ། །གཤོག་པ་ཅན་ལས་གྱུར་པ་ལྔ། །རྨ་བྱ་ཁྱུང་དང་ཤང་ཤང་རྟེའུ། །བྱ་ཝང་དཀར་མོ་ཁྱིམ་བྱ་དཀར། །དེ་སོགས་ཀླད་པ་དྲི་ཆེན་ཤ །ཁྲག་དང་ཆུ་རྣམས་བསྒྲལ་རྫས་ནི། །ཉི་ཤུ་རྩ་ལྔ་བསོག་པར་བྱ། །མི་ཤ་གླང་པོ་རྟ་དང་ནི། །བ་གླང་བྱ་ཁྱི་ཤ་རྣམས་བླུག །ཏིང་འཛིན་གསུམ་ལས་བྱུང་བ་ཡི། །འབྱུང་ལྔ་ཡུམ་གྱི་བྷ་ག་རུ། །གཞལ་ཡས་གདན་དང་བཅས་པའི་སྟེང་། །མི་བསྐྱོད་ཀུན་ཏུ་བཟང་མོ་དང་། །རྣམ་པར་སྣང་མཛད་སངས་རྒྱས་སྤྱན། །རིན་ཆེན་འབྱུང་དང་མཱ་མ་ཀཱི། །སྣང་བ་མཐའ་ཡས་ན་བཟའ་དཀར། །དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ། །རྡོ་རྗེ་སེམས་དཔའ་སྒེག་མོ་དང་། །རྡོ་རྗེ་རྒྱལ་པོ་སྤོས་མེ་དང་། །རྡོ་རྗེ་ཆགས་པ་ལྕགས་ཀྱུ་མ། །རྡོ་རྗེ་ལེགས་པ་སྒྲོལ་མ་འོད། །རྡོ་རྗེ་རིན་ཆེན་ཕྲེང་བ་མ། །རྡོ་རྗེ་གཟི་བརྗིད་མེ་ཏོག་མ། །རྡོ་རྗེ་རྒྱལ་མཚན་ཞགས་པ་མ། །རྡོ་རྗེ་བཞད་པ་རིན་ཆེན་སྤྱན། །རྡོ་རྗེ་ཆོས་དང་པི་ཝང་མ། །རྡོ་རྗེ་རྣོན་པོ་མར་མེ་མ། །རྡོ་རྗེ་འཁོར་ལོ་ལྕགས་སྒྲོག་མ། །རྡོ་རྗེ་སྨྲ་བ་གསལ་བཀྲ་མ། །རྡོ་རྗེ་ལས་དང་གར་མཁན་མ། །རྡོ་རྗེ་བསྲུང་བ་དྲི་ཆབ་མ། །རྡོ་རྗེ་གནོད་སྦྱིན་དྲིལ་འཁྲོལ་མ། །རྡོ་རྗེ་ཁུ་ཚུར་འབེབས་མའོ། །སྟོབས་པོ་ཆེ་དང་ལྕགས་ཀྱུ་མ། །གཤིན་རྗེ་གཤེད་དང་ཞགས་པས་འཆིང་། །རྟ་མགྲིན་ལྕགས་སྒྲོག་སྡོམ་པ་མོ། །བདུད་རྩི་འཁྱིལ་པ་དྲིལ་བུ་འབེབས། །དམ་པ་རིགས་བརྒྱ་མཚོན་དཔེའི་ཆེད། །དགོངས་པས་ལྷ་དང་སྨན་ངོ་སྤྲད། །རྟོག་པ་སྤྲུལ་སྐུར་སྦྱང་བར་བྱ། །གསང་བའི་


DNG020_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་ཡན་ལག་སྦྱང་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཏ་ན་ཛ་ཡ་གྷུ་ཧྱ་སིདྡྷི་ཧཱུཾ་ཧྲཱྀཿཐ། སྔོན་གྱི་སངས་རྒྱས་གར་ལ་དགྱེས། །ནམ་མཁའི་ཁམས་ཀུན་གར་གྱིས་བཀང་། །དུས་གསུམ་སངས་རྒྱས་གར་ལ་དགྱེས། །ས་གཞི་ཀུན་ཀྱང་གར་གྱིས་བཀང་། །དོ་ནུབ་སངས་རྒྱས་གར་ལ་དགྱེས། །གཞལ་ཡས་འདི་ཡང་གར་གྱིས་བཀང་། །གར་གྱི་མཆོད་པ་བླ་ན་མེད། །གཡས་ཀྱི་སེ་གོལ་ཏ་ལ་ཧོ། །གཡོན་གྱི་ཐལ་མོ་བཤམ་པ་བརྒྱ། །ཏ་ལ་བཤམ་པ་བསྟན་བྱས་ནས། །སྨིན་མཚམས་དག་ཏུ་ཐལ་སྦྱར་བས། །ནམ་ནི་དག་ལ་བཏབ་བྱའོ། །འདི་ནི་འབྱུང་མེད་ཡེ་ཤེས་ཡིན། །ཕྱག་རྒྱ་ཡིན་པར་དཔའ་བོས་བཤད། །ཕྱག་རྒྱའི་མཆོད་པ་སྣ་ཚོགས་ཡིན། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་བདུད་འདུལ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྣམ་དག་སྐུ། །རྡོ་རྗེ་མཆོག་གི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་རྣམ་སྣང་ལའོ། །རྡོ་རྗེ་རིན་ཆེན་འབར་བའི་མེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ། །རྡོ་རྗེ་མཆོག་སྦྱིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་རིན་ཆེན་འབྱུང་ལའོ། །མཐའ་ཡས་རྡོ་རྗེ་ཆོས་ཀྱི་སྐུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མཐའ་ཡས་ལའོ། །དོན་གྲུབ་རྡོ་རྗེ་བསྐྱོད་མཛད་རླུང་། །ནན་ཏན་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་སྐྱབས་སྦྱིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དོན་གྲུབ་ལའོ། །རྡོ་རྗེ་སེམས་དཔའ་ཡང་དག་གསུངས། །རྡོ་རྗེ་བདུད་རྩི་བླ་ན་མེད། །ཆོས་རྗེ་ཆོས་ཀྱི་དབྱངས་བསྒྲགས་པས། །ལས་རབ་རྡོ་རྗེ་བྱེད་པར་འགྱུར། །རྡོ་རྗེ་གསང་བ་ཆེན་མོ་ནི། །རྡོ་རྗེ་སངས་རྒྱས་ལོ་ཙ་ན། །ཐམས་ཅད་ཀུན་གྱི་བདག་ཉིད་མ། །ཕྱག་འཚལ་རྡོ་རྗེ་ཡུམ་ཁྱོད་ལའོ། །རྡོ་རྗེ་ཆེན་མོ་རིན་ཆེན་མ། །རི་མོ་ཅན་དེ་མཱ་མ་ཀཱི། །རིན་ཆེན་དབྱིངས་མ་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཀུན་མཆོག་ལའོ། །རྡོ་རྗེ་མཛེས་སྡུག་པདྨ་


DNG020_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །མནྡ་ར་བ་རབ་དགྱེས་མ། །དགྱེས་པར་མཛད་པ་དམ་ཚིག་སྐོང་། །ཕྱག་འཚལ་རྡོ་རྗེ་མཛེས་སྡུག་ལའོ། །རྡོ་རྗེ་ཁྲོ་མོ་འདུལ་བ་ཆེ། །ས་མ་དྷ་ར་དམ་ཚིག་སྐོང་། །ཐམས་ཅད་དགྱེས་ཤིང་མཉེས་མཛད་པ། །ཕྱག་འཚལ་རྡོ་རྗེ་སྒྲོལ་མ་ལའོ། །ཤིན་ཏུ་འབིགས་པས་རྡོ་རྗེ་སྟེ། །མཆོག་གི་སྦྱོར་བས་ལྕགས་ཀྱུའོ། །ཕྲ་བར་འབིགས་པ་མདའ་ཡིན་ལ། །མགུ་བས་དགའ་བར་བྱེད་པའོ། །སྤྲོ་བས་རིན་པོ་ཆེ་རུ་བཤད། །ཉི་མའི་དཀྱིལ་འཁོར་གཟི་བརྗིད་འབར། །བསྒྲེང་བས་རྒྱལ་མཚན་རྗེས་སུ་བཤད། །བཞད་པས་བཞད་པ་ཞེས་སུ་གྲགས། །འདོད་ཆགས་དག་པས་པདྨ་སྟེ། །ཉོན་མོངས་དགྲ་བཅོམ་རལ་གྲིའོ། །དཀྱིལ་འཁོར་ཚུལ་དུ་འཁོར་བའོ། །ཚིག་ཏུ་བརྗོད་པས་སྨྲ་བའོ། །སྣ་ཚོགས་ལས་ནི་རྡོ་རྗེ་སྟེ། །མི་ཚུགས་སྦྱོར་བས་གོ་ཆ་ཡིན། །འཇིགས་པར་བྱེད་པས་མཆེ་བ་སྟེ། །བཅིངས་པའི་ཕྱིར་ན་ཁུ་ཚུར་རོ། །རྡོ་རྗེ་འགྱིངས་མ་འཇོམས་པ་སྟེ། །རྡོ་རྗེ་ཕྲེང་བ་ཡོན་ཏན་འབྱུང་། །རྡོ་རྗེ་སྒྲ་དབྱངས་དོན་མཆོག་བཟང་། །རྡོ་རྗེ་རོལ་མཛད་རོལ་པ་ཆེ། །རྡོ་རྗེ་སྡུག་པ་འདོད་པ་ཆེ། །རྡོ་རྗེ་མཛེས་སྡུག་པདྨ་ཅན། །རྡོ་རྗེ་མར་མེ་སྣང་མཛད་མ། །རྡོ་རྗེ་དྲི་ཆབ་དག་པར་བྱེད། །བདེ་བ་རྒྱས་འདེབས་ཡུམ་གྱི་ཕྱག་རྒྱར་གསལ། །བདེ་བ་ཟ་བྱེད་དཀྱིལ་འཁོར་ཕྲིན་ལས་མཛད། །བདེ་བ་རྨོངས་བྱེད་གཉིས་སུ་མེད་པའི་དོན། །བདེ་བ་ཚེ་འཕེལ་སྐྱེ་ཤི་མེད་པའི་དོན། །ཐུགས་རྗེའི་ལྕགས་ཀྱུས་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་དྲངས་ནས། །བཀའ་ཡི་གནས་ཐོབ་ཕོ་ཉ་ལྕགས་སྒྲོག་མ། །དྲིལ་བུས་གསུང་རབ་རྒྱ་མཚོའི་སྒྲ་སྒྲོགས་མ། །སྟོབས་ཆེན་རྩེ་གསུམ་དུག་གསུམ་འཇོམ། །གཤིན་རྗེ་མི་གཡོ་ལོག་ལྟ་སོལ། །རྟ་མགྲིན་ཐོད་སྦྲུལ་ཀླུ་དུག་སེལ། །བདུད་རྩི་རྒྱ་གྲམ་ཕྲིན་ལས་མཛད། །བསྐྱོད་མ་ལྕགས་ཀྱུ་ཐུགས་དམ་བསྐུལ། །སྡོམ་མ་ཞགས་པས་གནས་ནས་བསྐྱོད། །སྡུད་མ་ལྕགས་སྒྲོག་གཞུ་མཛད་མ། །འབར་མ་དྲིལ་དཀྲོལ་དགྱེས་མཛད་མ། །ཕྱག་རྒྱ་གར་གྱི་མཆོད་པར་བཞེས། །དམ་སྐོངས་མཐུ་དབང་དངོས་


DNG020_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ། །སེམས་མ་བཅུ་དྲུག་གཡོན་པ་ནས། །ལུས་ཀྱི་རྩ་ལ་རབ་ཏུ་གནས། །སེམས་དཔའ་བཅུ་དྲུག་གཡས་པ་ནས། །ལུས་ཀྱི་བདུད་རྩི་གནས་བཙལ་ནས། །གྱེན་འགྲོ་ཐུར་དུ་འབེབས་པར་བྱེད། །རིགས་ལྔ་ཡབ་ཡུམ་འཁོར་ལོ་བཞི། །བསྡམ་བྱ་ཡིན་པས་སྡོམ་པར་བྱ། །ནང་གི་ཕྱག་རྒྱ་དཔའ་བོས་བཤད། །ཅེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་བསྒྲུབ་པ་ལས། དམ་པ་རིགས་བརྒྱའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་ལོངས་སྐུར་ཐིམ་པའི་ལམ་བདུད་རྩི་བསྒྲུབ་པ་འདི་དག་འགྲོ་བའི་དོན་དུ་གསུངས་སོ། །བུམ་པ་རིག་པའི་དབང་ལྔ་དང་། །གསང་དབང་བདེ་བ་ཙཎྜ་ལཱི། །ཤེས་རབ་ཡེ་ཤེས་དཀྱིལ་འཁོར་བཞི། །བདེ་ཆེན་སྲོག་ཤིང་རྣམ་གསུམ་ལས། །དབང་ཐོབ་རྣལ་འབྱོར་ཆེན་པོ་ཡིས། །ལུས་ཁམས་བདུད་རྩི་བསྒྲུབ་པར་བྱ། །དཀྱིལ་འཁོར་ལིང་ཚེ་དགུ་པ་ཟླུམ། །གྲུ་ཆད་བར་ཁྱམས་སྒོ་དང་བཅས། །རྟ་བབས་རྡོ་རྗེ་མེ་དཔུང་འབར། །མཁས་པས་ཚོན་གྱིས་བྲིས་ནས་ནི། །རིགས་ཀྱི་བྷནྡྷ་རྣམ་པ་ལྔ། །ཕྱོགས་བཞི་དབུས་དང་ལྔར་བཀོད་ནས། །བདུད་རྩི་བྱང་སེམས་རྩ་བ་བརྒྱད། །དྲི་ཆེན་སྣང་མཛད་རྩ་བརྒྱད་དང་། །ཤ་ཆེན་རྩ་བརྒྱད་དཀོན་མཆོག་དཔལ། །པདྨ་རཀྟ་རྩ་བརྒྱད་སྣང་མཐའ་ཡས། །དྲི་ཆུའི་རྩ་བརྒྱད་དོན་ཡོད་གྲུབ། །རིགས་ལྔ་ཕྱེ་ནས་སྣོད་དུ་བླུགས། །བྱང་སེམས་དཀར་ལ་འཚེར་བའི་ཧཱུཾ། །ཞུ་ནས་རྡོ་རྗེ་སེམས་དཔའི་སྐུ། །ཨོཾ་ཨཱཿཧཱུཾ་བཛྲ་སཏྭ་ཧཱུཾ། སརྦ་ཨེ་ཧོ་ཤུདྡྷེ། ཨ་མྲྀ་ཏ་སུ་ཁ་ཧྲཱྀཿ། མ་ཧཱ་ཡོ་ག་ཙིཏྟ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨ་བྷྱ་དྭེ་ཥ་ར་ཏི་ས་མ་ཡ་སྟྭཾ། དྲི་ཆེན་འཁོར་ལོར་ཨོཾ་གསེར་མདོག །ཞུ་ནས་རྣམ་པར་སྣང་མཛད་སྐུ། །ཨོཾ་བཻ་རོ་ཙ་ན་མོ་ཧ་ར་ཏི་ས་མ་ཡ་སྟྭཾ། མ་ཧཱ་ཡོ་ཀ་ཨཱ་དྷི་པ་ཏན་བ་ལེན་ཏེ། ཨ་མྲྀ་ཏ། ཨུ་ཙིཏྟ་ཨ་དྷི་ཏིཥྛ་ཨོཾ། ཤ་ཆེན་ཧཱུཾ་ཡིག་སེར་པོ་ལས། །ཞུ་ནས་རིན་འབྱུང་དཀོན་མཆོག་དཔལ། །ཨོཾ་ཨཱཿཧཱུཾ་རཏྣ་སཾ་བྷ་བ་རཏྣ་ར་ཏེ་ས་མ་ཡ་སྟྭཾ། པདྨ་རཀྟ་ཨཱཾ་དམར་ལས། །ཞུ་ནས་སྣང་བ་མཐའ་


DNG020_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སྐུ། །ཨོཾ་ཨཱཿཧཱུཾ། མ་ཧཱ་པདྨ་རཀྟ་མུ་ལ། ཨ་མི་དེ་བ་རཱ་ག་ར་ཏི་ས་མ་ཡ་ཧཱུཾ། ས་མ་ཡ་སྟྭཾ། ཧྲཱྀཿསུ་ཁ་ཧོ། དྲི་ཆུ་ལྗང་གུ་ཡི་གེ་ཧཱ། །ཞུ་ནས་དོན་ཡོད་གྲུབ་པའི་སྐུ། །ཨོཾ་ཨཱཿཧཱུཾ། ཨ་མོ་གྷ་སིདྡྷི། བཛྲ་སིདྡྷི་ས་མ་ཡ་སྟྭཾ།རྣམ་པར་སྣང་མཛད་ཆོས་ཀྱི་སྐུ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གྱུར། །མི་བསྐྱོད་སེམས་དཔའ་རྡོ་རྗེའི་སྐུ། །མེ་ལོང་ཡེ་ཤེས་དག་ཅིང་གསལ། །རིན་ཆེན་འབྱུང་ལྡན་ལོངས་སྤྱོད་སྐུ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །སྣང་བ་མཐའ་ཡས་མངོན་བྱང་སྐུ། །སོ་སོར་རྟོག་པའི་ཡེ་ཤེས་ཉིད། །དོན་ཡོད་གྲུབ་པ་སྤྲུལ་པའི་སྐུ། །བྱ་བ་གྲུབ་པའི་ཡེ་ཤེས་གནས། །དེ་ཉིད་རིགས་ལྔ་ཞེས་བྱ་བས། །སྐུ་ལྔ་ཡེ་ཤེས་ལྔར་དགོངས་པས། །སྐུ་དང་ཡེ་ཤེས་ལོངས་སྐུ་རུ། །གསལ་གདབ་དགོངས་པས་ལོངས་སྐུར་བསྒྲུབ། །འོག་རླུང་བསྐྱོད་པ་བྱ་བ་ཡང་། །ལུས་ཀྱི་རྦ་རླབས་བསྒོམ་པར་བྱ། །མགྲིན་པ་ཞི་དང་དྲག་པོ་ཡིས། །ངག་གི་རྦ་རླབས་བསྒོམ་པར་བྱ། །པདྨ་ཅན་ནམ་དངོས་ནི་རབ། །ཡེ་ཤེས་ཕྱག་རྒྱ་ལ་བརྟེན་འབྲིང་། །ཏིང་འཛིན་སེམས་ཀྱི་རྦ་རླབས་རློག །དང་པོ་ཐབས་རྒྱུད་དག་པར་བྱ། །ཤེས་རབ་རྒྱུད་ཀྱང་དག་པར་བྱ། །གཉིས་རྒྱུད་དང་པོར་དག་པར་བྱ། །ཡབ་ཡུམ་ལུས་ངག་མཉམ་པ་དང་། །འདོད་པ་མཉམ་པར་གྱུར་པ་ཡིས། །ཐབས་དང་ཤེས་རབ་སྙོམས་ཞུགས་པས། །ཡབ་ཡུམ་ཁམས་ཀྱི་དྭངས་མ་ཉིད། །མཆོག་གི་ཟེ་བའི་གནས་སུ་བྱོན། །ཐིག་ལེ་འོད་འཕྲོས་རྣམ་པར་འགྱུར། །གཡས་ཀྱི་རོ་མ་ལྟེ་བར་བྱོན། །ནམ་ལངས་ཉི་མ་ཤར་བ་དང་། །གླེ་བ་བུས་པ་ལྟ་བུར་ནི། །ཡལ་ཡལ་སངས་སངས་ལྟར་ལྟར་བཏང་། །རོ་མ་སྙིང་གར་ཆོས་གསུམ་ལྡན། །རོ་མ་ཆོས་གསུམ་མགྲིན་པར་ལྡན། །རྣ་བ་གཡས་ནས་འོད་ཟེར་འཕྲོས། །ལྷག་པ་ལྷ་ཡི་དཀྱིལ་འཁོར་སྤྲོ། །སེམས་ཅན་རྒྱུད་ལ་དབང་བཞི་བསྐུར། །དེ་དག་ལྷག་པའི་ལྷར་ཡང་བྱས། །གཉིས་བསྲེས་བདུད་རྩིའི་བཅུད་དུ་གྱུར། །ཚངས་པའི་བུ་གའི་སྦྱོར་ཞུགས་ནས། །སྤྱི་བོར་ཆོས་གསུམ་ལྡན་པར་དྲན། །མགྲིན་


DNG020_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སུ་བྱོན་པ་ཡིས། །ཉི་མ་སྟོང་གི་གཟི་བརྗིད་ལྡན། །སྙིང་གར་ཁ་དོག་ལྔར་གྱུར་པ། །རྩ་དག་ལྟེ་བའི་ལམ་ནས་བྱུང་། །དེ་ནི་ཡུམ་གྱི་མཁའ་ལ་གནས། །གཡས་པ་བཟུང་བའི་རྦ་རླབས་རེངས། །རྣམ་ཐར་མཚན་མ་མེད་པའི་སྒོ། །དེ་བཞིན་གཡོན་དུ་བྱ་བ་ནི། །འཛིན་པའི་རྦ་རླབས་རེངས་པ་ཉིད། །རྣམ་ཐར་སྨོན་པ་མེད་པའི་སྒོ། །དེ་བཞིན་དབུ་མར་སྦྱངས་བྱས་པ། །གཟུང་འཛིན་གཉིས་ཀྱི་རྦ་རླབས་རེངས། །རྣམ་ཐར་སྟོང་པ་ཉིད་ཀྱི་སྒོ། །འབྲས་བུ་གསུམ་ལ་སྦྱངས་པ་ནི། །ཐབས་རྒྱུད་དག་པར་བྱེད་པའོ། །དེ་བཞིན་ཤེས་རབ་རྒྱུད་ལ་ཡང་། །གཡས་གཡོན་གཉིས་ནས་འཕྲོ་བ་མེད། །དབུ་མར་སོང་ནས་ཚངས་པའི་སྒོར། །སྤྲོ་དང་བསྡུ་བ་རབ་ཏུ་བྱ། །རྦ་རླབས་གསུམ་དང་རྣམ་ཐར་གསུམ། །ཐབས་དང་ཤེས་རབ་རྣམ་པ་གཉིས། །སོ་སོར་དག་པར་བྱ་བའི་ཕྱིར། །ཡབ་ཡུམ་གཉིས་ཀྱི་དབུ་མ་ནས། །ལུས་ཁམས་བདུད་རྩིའི་དྭངས་མ་ཉིད། །འོད་ཟེར་གཙུག་ཏོར་མཆོག་ཏུ་ཐིམ། །ཡབ་ཡུམ་སྐུ་ལྔ་ལྷུན་གྲུབ་དྲན། །ཉམས་ནི་གང་སྐྱེས་ངེས་པ་མེད། །ཅི་སྐྱེས་བྱུང་རྒྱལ་གཏང་བར་བྱ། །རྒྱུ་མཐུན་པ་ཡི་འབྲས་བུ་ནི། །ལུས་ཀྱི་སྐྲ་དཀར་འཇོམས་པའོ། །རྣམ་པར་སྨིན་པའི་འབྲས་བུ་ནི། །ལུས་ཀྱི་སྟོབས་ཀྱང་སྟེར་བར་བྱེད། །སྐྱེས་བུ་བྱེད་པའི་འབྲས་བུ་ཡིས། །ལྕེ་དང་དཔུང་པ་རྣམ་པར་འཕེལ། །དྲི་མ་མེད་པའི་འབྲས་བུ་ནི། །ཉི་ཟླ་ཚེ་མཉམ་འཆི་མེད་འགྱུར། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་བསྒྲུབ་པ་ལས། དེ་ཉིད་རིགས་ལྔའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་གསང་ཆེན་རིགས་གཅིག་འདི་གསུངས་སོ། །སྣོད་རྣམས་ཐ་དད་སྣང་བ་ཡང་། །ཆོས་ཀྱི་དབྱིངས་ཀྱི་ངང་དུ་འདུས། །བཅུད་རྣམས་མང་པོར་སྣང་འགྱུར་ཡང་། །ཆོས་ཀྱི་སྐུ་ཡི་ངང་དུ་འདུས། །སྣོད་བཅུད་མ་ལུས་ཐིག་ལེ་ཆེ། །མདོར་ན་སངས་རྒྱས་ལྷ་རྣམས་ནི། །རྡོ་རྗེ་སེམས་དཔའ་ཉིད་དུ་


DNG020_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འདུས། །སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ། །རྡོ་རྗེ་དྲིལ་བུ་ཡང་དག་འཛིན། །ཆས་ལྔས་རབ་ཏུ་མཛེས་པར་བརྒྱན། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཙིཏྟ་ཧཱུཾ་ཧྲཱྀཿཐ། གསང་ཆེན་རིགས་གཅིག་ཞེས་བྱ་བ། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན། །དགོངས་པས་རྡོ་རྗེ་སེམས་གསལ་གདབ། །ནང་གི་དགོངས་པས་དུས་རྣམས་སུ། །རྡོ་རྗེ་སེམས་དཔའ་རྒྱུན་དུ་བསྒོམ། །ལམ་ལ་བར་ཆད་ཡོད་སྲིད་ན། །སྦྱང་དང་གོམས་པ་ལ་སྦྱར་བའི། །འཕོ་བས་རྣམ་པ་སྐད་ཅིག་མ། །རྡོ་རྗེ་གསང་ལམ་ཆེན་པོ་རུ། །མན་ངག་ཅིག་ཆར་ལམ་བགྲོད་བྱ། །རླུང་སྦྱང་གང་ཡང་རུང་བ་ཡིས། །ཉི་མ་དང་པོ་སྲོག་རྩོལ་རླུང་། །ཁུག་པ་བཅུ་བདུན་ཐུན་བཞིར་ངེས། །དེ་བཞིན་ཉི་མ་རེ་རེ་ལ། །ཁུག་པ་རེ་རེ་སྤེལ་བྱས་ལ། །ཉི་ཤུ་རྩ་གཅིག་བར་དུ་སྦྱངས། །ཉི་མ་ཐ་མ་སྲོག་རྩོལ་ལ། །ཁུག་པ་སུམ་ཅུ་རྩ་བདུན་འགྱུར། །ཉི་མ་དང་པོ་གཅིག་ཕྲི་ནས། །དེ་བཞིན་ཉི་མ་རེ་རེ་བྲི། །ཞག་གྲངས་ཉི་ཤུ་རྩ་གཅིག་ན། །དེ་ཡང་སྔར་གྱི་ཚད་བཞིན་འགྱུར། །ཞག་ཀྱང་བཞི་བཅུ་རྩ་གཉིས་སུ། །རླུང་སྦྱངས་རྒྱུ་བ་གསལ་བ་དང་། །རྣམ་པར་ངེས་པ་འབྱུང་བའོ། །དེང་ནས་གོམས་པར་བྱ་བ་ཉིད། །སྒྲ་དང་ཡི་གེ་རྣམ་པ་གཉིས། །ལུས་ལ་སོགས་པ་གནད་ཕབ་ལ། །ཧིག་ཀྱང་ཉི་ཤུ་རྩ་གཅིག་གྲངས། །ཉེར་གཅིག་པ་ཡང་གསོ་བར་བྱ། །ཡི་གེ་གོམས་པར་བྱ་བ་ཡང་། །ཕྱི་དང་ནང་གི་ཡི་གེ་ཉིད། །བཤད་པའི་སྒོ་ལ་སོགས་པ་རུ། །གསང་བ་སྒོ་དགུའི་གནད་དགུ་ལ། །རྐྱང་བ་བཞི་དང་སྦ་བ་བཞི། །ཡི་གེ་མ་བུའི་སྦྱོར་བ་ཡིས། །ངན་སོང་མཐོ་རིས་གནས་སྒོ་དགག །ནང་དུ་དཀྱིལ་འཁོར་རྣམ་པ་བཞི། །རིམ་པ་ཡི་གེ་བསྟེན་པར་བསམ། །གཡས་དང་གཡོན་པའི་སྲོག་ཤིང་ལ། །ཨཱ་ལི་བཅུ་དྲུག་གྱེན་བལྟས་དམར། །ཀཱ་ལི་དཀར་པོ་ཐུར་ལ་བལྟས། །སྤེལ་མ་དག་ཏུ་བཀོད་པ་བསྒོམ། །གཡས་གཡོན་རྣམ་པ་གཉིས་བཀག་སྟེ། །རྩོལ་བའི་དུས་ནས་མས་གསལ་གདབ། །སྲོག་དུས་ཡས་ནས་གསལ་གདབ་བྱ། །ཐུན་བཞི་ཞག་བདུན་བསྒོམ་


DNG020_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལས་སྦྱར་བདེ་འགྲོ་འགྲོ་གཞན་དང་། །གླིང་འགྲོ་གཞན་དང་ཕྱག་རྒྱ་ཆེ། །བདེ་འགྲོ་ངེས་པར་འཆི་བའི་ཚེ། །ཙོག་པུར་ལུས་ཀྱི་ཕྱི་སྒོ་རྣམས། །ཡི་གེས་བཀག་ལ་མིག་སོགས་ལས། །གང་འདོད་སྒོ་ནི་སྟོང་པར་གཞག །སྙིང་གར་རླུང་ཟླའི་སྟེང་དུ་ཧཱུཾ། །ཧིག་གིས་ཉེར་གཅིག་མགྲིན་པར་དྲངས། །ཐ་མར་འདོད་པའི་སྒོ་ནས་འཕང་། །སྒོ་ཡི་དྲིན་འདྲེལ་དེ་ཉིད་ཀྱིས། །བདེ་འགྲོ་དེ་དང་དེ་སྦྱར་འགྲུབ། །གྲོང་གཞན་རྒྱལ་པོའི་བུ་སོགས་པའི། །རྨ་མེད་མ་རུལ་ན་ཚོད་དང་། །རྗེས་སུ་མཐུན་པའི་རོ་རྟེན་བླང་། །ཁྲུས་བྱས་གུ་གུལ་དུད་པས་བདུག །ལྷར་བསྐྱེད་གནས་གསུམ་བསྲུང་བ་དང་། །ནུབ་ཀྱང་དང་པོར་སྲུང་འཁོར་མཚམས། །གཉིས་པར་རྟེན་དེ་གནས་དབེན་གཞག །དམ་ཚིག་ཤ་ཟ་མཁའ་འགྲོ་སོགས། །ཚོགས་ཀྱི་མཆོད་པས་མཉེས་པར་བྱ། །ཉིན་ཞག་གསུམ་པ་དག་ལ་ནི། །རང་རླུང་ཏིང་འཛིན་ཤུགས་བཏགས་ལ། །ཉེ་རིང་ཚོད་ནི་ཟིན་བྱས་ཏེ། །ཅི་རིགས་པར་ནི་ལུས་གནད་ཕབ། །ཕྱི་སྒོ་ཡི་གེའི་སྦྱོར་བས་བཀག །སྣ་ཡི་སྒོ་གཉིས་སྟོང་པར་གཞག །སྔར་སྦྱངས་རྩོལ་བའི་རླུང་གིས་ནི། །སེམས་རྟེན་སྙིང་ག་ལ་གནས་པའི། །ཧཱུཾ་ལས་བྱེ་ནས་སྣ་གཡས་བྱུང་། །རྟེན་གྱི་སྣ་བུག་གཡོན་པར་བཅུག །དེ་ཡི་སྙིང་གར་ཧཱུཾ་བཞག་སྟེ། །སྲོག་རླུང་ཅི་བདེར་འོང་དུ་གཞུག །དེ་ལྟར་ཡང་ནས་ཡང་བྱས་པས། །དེ་ཡིས་རྟེན་ལ་རྟགས་འབྱུང་སྟེ། །སྙིང་ག་སྤྱི་བོར་དྲོད་ཀྱང་འབྱུང་། །དེ་ནས་ལུས་ནི་ཐམས་ཅད་ཁྱབ། །མིག་འབྱེད་འཛུམ་སྒྲ་ལ་སོགས་འབྱུང་། །སེམས་གཅིག་དག་གིས་རྟེན་གཉིས་ནི། །གཟུང་བའི་དུས་ཞེས་བྱ་བ་སྟེ། །དེ་ནས་དྲག་པོར་བྱེད་པ་ནི། །ཧིག་ནི་ཉེར་གཅིག་མགྲིན་པར་དྲངས། །རྩ་གཅིག་སྣ་བུག་གཡས་ཕྱུང་སྟེ། །རྟེན་གྱི་གཡོན་ནས་ཞུགས་ནས་ནི། །སྙིང་གར་ཞུགས་པར་བསམ་པའོ། །ཞི་བས་བྱེད་ན་རྩོལ་བ་ཉིད། །སེམས་རྟེན་མགྲིན་པའི་བར་དུ་དྲངས། །ཕུལ་སོགས་ཐ་མ་སྣ་གཡོན་བཏོན། །རྟེན་གྱི་གཡོན་


DNG020_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་སྙིང་གར་གཞག །སྲོག་འཇུག་པ་དང་བྲལ་བར་བྱ། །ངེས་པར་ལས་ལ་སྦྱར་ཏེ་འགྲུབ། །དེ་ནས་དྲིན་ལན་བསབ་པའི་ཕྱིར། །རྙིང་པའི་རྟེན་དེ་ངང་གིས་སྦྱངས། །གསར་བས་འགྲོ་དོན་སྤྱོད་སོགས་བྱ། །གླིང་དང་སྐྱེ་གནས་གཞན་སྦྱོར་བའོ། །ལུས་སོགས་གནད་ལ་ཕབ་བྱས་ནས། །ཕྱི་སྒོ་ཐམས་ཅད་ཡི་གེས་དགག །དྲི་ཆེན་ཀྵྨྼྻུྃ་པོའི་ལམ། །དྲི་ཆུའི་ལམ་དུ་སྨྻུཾ་སེར་པོ། །ལྟེ་བ་སྨྻུཾ་སྔོན་པོ་ལ། །མཛོད་པུར་སྔོན་དཀར་པོ། །ལྕེ་རྩར་ཟླ་བ་སུཾ་དཀར་པོ། །སྣ་ལ་ཟླ་བ་ཡུཾ་སྔོན་མོ། །ཡུཾ་དམར་ཟླ་བ་རྣ་བ་གཉིས། །མིག་གཉིས་ཧཱུཾ་སྔོན་རེ་རེ་ལ། །སྤྱི་གཙུག་ཁྱུང་ནི་ཁ་དོག་དཀར། །དམྱལ་བ་བྱོལ་སོང་འདོད་ཁམས་གཟུགས། །གཟུགས་ཁམས་ཡི་དྭགས་གནོད་སྦྱིན་དང་། །གྲུབ་པའི་ལྷ་མི་མི་རྒྱལ་གནས། །ཚངས་སྒོ་འབའ་ཞིག་སྟོང་པར་བཞག །སྙིང་གར་རླུང་དང་ཟླ་སྟེངས་སུ། །སེམས་རྟེན་མཐིང་ནག་ཧཱུཾ་བསམ་ལ། །མགྲིན་པར་ཉེར་གཅིག་ཧཱུཾ་གིས་དྲངས། །རྩ་གཅིག་གནད་གསུམ་འདྲེས་ཚུལ་གྱིས། །ཚངས་པའི་སྒོ་ནས་འཕངས་བྱས་ནས། །རང་ཉིད་མངོན་པར་འདོད་པ་ཡི། །བདེ་བ་ཅན་ལ་སོགས་པ་ཡི། །གླིང་དང་སྐྱེ་གནས་ལ་སོགས་པར། །བརྫུས་སྐྱེས་དག་ཏུ་འདོད་པ་ན། །ཨུཏྤལ་པདྨ་ལ་སོགས་པའི། །སྙིང་པོ་ལས་ནི་བརྫུས་ནས་སྐྱེ། །མངལ་སྐྱེས་འདོད་ན་བྲམ་ཟེ་དང་། །རྒྱལ་པོ་ལ་སོགས་བཙུན་མོ་ཡི། །མངལ་དེ་ཡིད་ཀྱི་ཡུལ་དེ་རུ། །འཕངས་ནས་མདའ་གཞུ་སྒྱོགས་དང་ནི། །འཁྲུལ་འཁོར་བཞིན་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་སྒྲུབ་པ་ལས། གསང་ཆེན་རིགས་གཅིག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལམ་གྱི་བདུད་རྩི་ཕྱེ་མ་ཡོངས་སུ་བཏག་པ་འདི་གསུངས་སོ། །ཤུན་ཆེན་སྟེང་དུ་ཚགས་མ་གདིང་། །རཀྟའི་དཀྱིལ་འཁོར་རྩིབས་བརྒྱད་དབུས། །ཟླ་གམ་དམར་པོར་སྨན་སྤུངས་ནས། །


DNG020_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་བྷ་ག་ཤེས་རབ་སྟོང་། །ཐབས་ཀྱི་རྡོ་རྗེ་སྙིང་རྗེ་ཉིད། །མཐར་བྱེད་བརྒྱད་ཀྱིས་རྣམ་པར་བརྟག །སྨན་དང་རྟོག་པ་དགྲ་བགེགས་དང་། །མཚན་མ་དབྱིངས་སུ་དག་པར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། ཤར་གྱི་དཀྱིལ་འཁོར་ཟླུམ་པོ་རུ། །རྫས་རྣམས་གཏུན་བུས་གཏུན་ཏུ་བཏགས། །དབྱིངས་ཀྱི་རིན་ཆེན་གཞོང་པ་རུ། །རིག་པ་ཡེ་ཤེས་ཚགས་མ་ཡིས། །ལྷོ་ཡི་དཀྱིལ་འཁོར་གྲུ་བཞི་རུ། །མཆོད་རྫས་མེ་མར་ལྔ་བརྒྱ་སོགས། །མཆོད་ཅིང་སྨན་རྣམས་བཙག་པར་བྱ། །དར་ཚངས་སེང་རྒོད་ཉིད་ལ་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་སིདྡྷི་ཕ་ལ་ཧཱུཾ་ཧྲཱྀཿཐ། ནུབ་ཀྱི་དཀྱིལ་འཁོར་ཟླ་གམ་དུ། །ཡབ་ཡུམ་སྦྱོར་བ་བྱས་པ་ནི། །ཕྱི་དང་ནང་དང་གསང་བ་དང་། །དེ་ཁོ་ན་ཡིས་སྦྱོར་བ་བཞིས། །བྱང་སེམས་འོ་མ་སྣ་ཚོགས་སྦྲེངས། །མར་གྱི་བཅུད་དང་འདྲ་བར་གནས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་ས་མ་ཡ་བི་ཤུདྡྷེ་ཧཱུཾ་ཧྲཱྀཿཐ། རྒྱ་མཚོ་ལ་སོགས་འབྱུང་བ་ཡི། །ཆུ་རྣམས་ཐ་དད་རོ་གཅིག་སྦྲེངས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་ནི་སིདྡྷི་ཧཱུཾ་ཧྲཱྀཿཐ། གསེར་དངུལ་ཟངས་ལྕགས་ལ་སོགས་པ། །རིན་ཆེན་སྣ་ལྔ་བརྡར་བ་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་བྷེ་ཥ་ཛ་སིདྡྷི་ཧཱུཾ་ཧྲཱྀཿཐ། སྦྲང་ཆང་བུར་ཆང་ལ་སོགས་པའི། །ཆང་རྣམས་མ་ལུས་སྦྲེང་བར་བྱ། །ཨོཾ་བཛྲ་ཀྲོ་ཏཱི་ཤྭ་རཱི་ཤོ་དྷ་ཡ། ཤོ་དྷ་ཡ་སཾ་ཤོ་དྷ་ཡ་ཨོཾ་ཏེ་ན་ཧཱུཾ་ཧྲཱྀཿཐ། བྱང་གི་དཀྱིལ་འཁོར་གྲུ་གསུམ་དུ། །ཞིང་བཅུ་བསྒྲལ་བའི་ཤ་ཁྲག་ལ། །སྦྱིན་སྲེག་བྱས་ལ་མེ་ཡི་ཕུད། །སྨན་གྱི་ནང་དུ་བླུག་པར་བྱ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཾ་ཛྭ་ལ་ཨགྣེ་སིདྡྷི་ས་མ་ཡ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨ་བྷི་ཙཱརྱ་ཕཊ། ཨོཾ་བ་ཤཾ་ཀུ་རུ་ཧྲཱྀཿ། ཨོཾ་པུཥྚིཾ་ཀུ་རུ་སྭཱ། ཨོཾ་ཤཱནྟིཾ་ཀུ་རུ་ཧཱ། རང་བྱུང་ཞལ་བུ་ཁ་སྦྱར་ནས། །རྟ་མགྲིན་དཔལ་གྱིས་རྒྱས་བཏབ་སྟེ། །ཕོ་བྲང་སྲང་ལ་གཞལ་བྱས་ནས། །དཀྱིལ་འཁོར་དབུས་གཞུག་གཟུངས་ཐག་གདགས། །


DNG020_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་ཕྱག་རྒྱས་དབང་བསྐུར་ནས། །རྟ་མགྲིན་བདུད་རྩི་འཁྱིལ་པས་བསྲུང་། །སྨན་གྱི་ལྷ་མོ་སྤྱན་ཡང་དྲང་། །དྲང་སྲོང་རྣམས་ཀྱི་རྟོག་པ་བསལ། །གུ་གུལ་ཕྱི་ནང་གསང་བ་ཡི། །དུད་པས་བདུག་ལ་སྤྱན་དྲང་ཞིང་། །གོང་གིས་བགེགས་རྣམས་བསྐྲད་པར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་བ་ཨ་མྲྀ་ཏ་ཀུཎྜ་ལི་རྀ་ཥི་ག་ཎ་སིདྡྷི་དེ་བཱེ་ཙ་རི་བ་ལ་སིདྡྷི་པཉྩ་ཀུ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུཾ། མཚན་མའི་རྟོག་སྦྱོང་དགོངས་པ་ཡིས། །མཚན་མ་ཐམས་ཅད་དག་པར་བྱའོ། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་བསྒྲུབ་པ་ལས། ཕྱེ་མ་བཏག་བཙག་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་གང་བུ་གཅིག་པའི་དཀྱིལ་འཁོར་སྒྲུབ་པ་འདི་དག་འགྲོ་བའི་ཆེད་དུ་གསུངས་སོ། །ཐིག་བཞི་བཏབ་པའི་དཀྱིལ་འཁོར་དུ། །དབུས་སུ་ཟླ་གམ་གྲུ་གསུམ་མོ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །གྲུ་བཞི་སྒོ་དང་རྟ་བབས་ལྡན། །མདུན་དུ་དཔའ་བོ་བདུད་རྩི་སྣོད། །མཆོད་པ་རྫས་དང་བཅས་པ་དང་། །ཆོས་སྐུ་དེ་བཞིན་ཉིད་ལས་ནི། །ལོངས་སྐུ་འབྱུང་བ་ཀུན་ཏུ་སྣང་། །སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ནི། །འབྱུང་བ་ལྔ་དག་ཡུམ་ལྔའི་ཀློང་། །ནམ་མཁའ་རླུང་དང་ཁྲག་མཚོ་འཁྱིལ། །ཀེང་རུས་རི་རབ་མེ་དཔུང་འབར། །དུར་ཁྲོད་བརྒྱད་ཀྱིས་ཡོངས་བསྐོར་བའི། །བདེར་གཤེགས་ཁང་པ་རབ་ཏུ་བཟང་། །མུ་ཏིག་ཨསྨ་གརྦྷ་དང་། །ནོར་བུ་མཚན་ཉིད་ཐེག་པ་གསུམ། །རྡོ་རྗེ་རྩེ་གཅིག་རྩེ་གསུམ་ལྔ། །ཀྲི་ཡོག་གསང་སྔགས་ཕྱི་པ་གསུམ། །པདྨ་ཁ་སྦྱོར་ཉི་ཤུ་བཞི། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་དག་དང་། །འདུ་ས་ཉེ་བའི་འདུ་ས་སྟེ། །ཚནྡོ་ཉེ་བའི་ཚནྡོ་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་དུ། །དབང་ཕྱུག་ཕོ་མོ་ཉི་ཤུ་བཞི། །ཁ་སྦྱར་མ་ཧཱ་ཡོ་ག་ཡིན། །བྱོལ་སོང་གཙོ་བོ་ཆེན་པོ་བརྒྱད། །འབར་བའི་གདན་རྣམས་རྣམ་པར་མཛེས། །སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་དུ། །མཐར་བྱེད་ཁྲོ་བོའི་རྣམ་པ་བརྒྱད། །སྐུ་གསུང་འབར་བའི་དཀྱིལ་འཁོར་དུ། །


DNG020_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ་ནི་དགུ་ཀློང་འབར། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་དུ། །ཁྲོ་མོ་གནས་ཞལ་ཡུམ་དང་གནས། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ། །དཔལ་འབར་ཆེ་མཆོག་ཧེ་རུ་ཀ །སྐུ་གསུང་ཐུགས་སུ་བྱིན་བརླབ་པའི། །དགོངས་པས་བྱིན་ཡང་དབབ་པར་བྱ། །དཀྱིལ་འཁོར་བདུད་རྩིས་དགང་བ་དང་། །སྦྱོར་བ་བརྒྱད་ཀྱི་འཇུ་འདུལ་བྱ། །དེ་ནས་འཛབ་དགོངས་བཟླས་པའི་སྔགས། །དགུ་པ་འདི་ནི་འཛབ་དུ་གྲངས། །ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ་ཧྲཱྀཿ། གསང་སྔགས་རྒྱལ་པོ་ཡང་གསང་བ། །སངས་རྒྱས་ཀུན་གྱི་ཐུགས་མཆོག་ལས། །གསང་བ་འདི་ནི་རབ་བྱུང་ནས། །མཛད་པ་བཅུ་གཉིས་འཕྲོ་འདུ་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། ཆོས་སྐུའི་ངང་ལས་བཞུགས་པ་ནི། །ལྷུམས་སུ་གཤེགས་པའི་ངོ་བོའི་ཚུལ། །ཏིང་ངེ་འཛིན་ཡང་རྣམ་གསུམ་གྱིས། །སྐུ་བསྐྱེད་པས་ན་བལྟམས་པའི་ཚུལ། །འཕྲོ་འདུས་འགྲོ་བའི་དོན་མཛད་པ། །གཞོན་ནུ་རོལ་པ་མཛད་པའི་ཚུལ། །གཡོན་གྱི་ཕྱོགས་སུ་ཡུམ་བསྐྱེད་པས། །ཁབ་བཞེས་མངའ་དབང་ཆེ་བའི་ཚུལ། །ཐབས་དང་ཤེས་རབ་གཉིས་མེད་པས། །དབྱེར་མེད་རབ་བྱུང་ཐར་པའི་ཚུལ། །ཐབས་དང་ཤེས་རབ་བསྐྱོད་པ་ནི། །དེ་ནི་དཀའ་ཐུབ་མཛད་པའི་ཚུལ། །ཡབ་ཡུམ་ལྷན་ཅིག་དགྱེས་པར་རོལ། །སྐུ་ཉམས་བསྟར་བ་སངས་རྒྱས་ཚུལ། །ཕྱག་རྒྱ་རྣམ་པ་བཞི་ལྡན་པས། །བདུད་བཞི་བཅོམ་པས་བདུད་བཏུལ་ཚུལ། །བྱང་སེམས་དཀར་དམར་འོད་འཕྲོས་པས། །ཆོ་འཕྲུལ་བསྟན་པས་ཆོ་འཕྲུལ་ཚུལ། །འགྲོ་ལ་ཐེག་པའི་ཆོས་སྒྲོགས་པས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ། །སླར་ལ་འདུས་ནས་མི་དམིགས་པས། །མྱ་ངན་ལས་ནི་འདས་པའི་ཚུལ། །ཐུགས་རྗེ་ཀུན་ལ་ཁྱབ་བསྟན་པས། །དེ་ནི་སྐུ་གདུང་བགོས་པའི་ཚུལ། །ཨོཾ་ཨཱཿཧཱུཾ་བཛྲ་ཙིཏྟ་ཧཱུཾ་ཧྲཱྀཿཐ།དང་པོ་སྟོན་པའི་ཐུགས་རྗེ་ཡིས། །ས་སྟེང་སྨན་བབས་ལྷུམས་སུ་གཤེགས། །དེ་ནས་ས་སྟེང་སྐྱེས་པ་ནི། །དེ་ནི་ལྷུམས་ནས་བལྟམས་པ་སྟེ། །དེ་ནས་སྡོང་བུར་གྱུར་པ་ནི། །


DNG020_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་རོལ་རྩེད་མཛད་པའོ། །དེ་ནས་ཡལ་ག་འཕེལ་བ་ནི། །ཡུམ་ནི་ཁབ་ཏུ་བཞེས་པའོ། །སྨན་རྣམས་བརྐོ་ཞིང་དྲེགས་པ་ནི། །སྟོན་པ་རབ་ཏུ་བྱུང་བའོ། །བསྐམས་ཤིང་སྣོད་དུ་བསྲེལ་བ་ནི། །ཆུ་འགྲམ་དཀའ་ཐུབ་མཛད་པའོ། །ཁྲོལ་བུ་ཚོམ་བུ་ལྔར་ཕྱེད་པས། །རིགས་ལྔར་སངས་ནི་རྒྱས་པའོ། །ནུས་མཐུས་ནད་དང་བདུད་སྡེ་བཞི། །བཏུལ་བས་བདུད་ནི་བཏུལ་བའོ། །ཤེས་རྒྱུད་འགྲོ་བའི་ཉོན་མོངས་བཅོམ། །ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དྲི་རོ་སྒྲ་འོད་དུ་བ་སོགས། །འབྱུང་བས་ཆོ་འཕྲུལ་བསྟན་པའོ། །སྨན་རྣམས་བཏགས་དང་བཙགས་པས་ན། །སྐུ་ནི་མྱ་ངན་འདས་པའི་ཚུལ། །བདུད་རྩི་རིམ་པར་བགོས་པ་ནི། །སྐུ་གདུང་རིམ་པར་བགོས་པའི་ཚུལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ལ་དྲོད་རྟགས་འབྱུང་བ་ནི། །བྱང་ཆུབ་སེམས་ལས་འོད་འབྱུང་ཞིང་། །དྲི་ཆེན་དག་ལ་དྲི་འོང་ཞིང་། །ཤ་ཆེན་མང་དུ་འཕེལ་བ་དང་། །རཀྟ་ལ་ནི་དུད་པ་འཐུལ། །དྲི་ཆུས་སྒྲ་ནི་སྒྲོགས་པ་དང་། །ལུས་ཁམས་བདུད་རྩི་ལྔ་འདུས་པས། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །དེ་དུས་དབབ་དང་བསྐྱིལ་བའོ། །དགོངས་པས་མཚན་མར་བསྟན་པར་བྱའོ། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ། །བདེ་ཆེན་དཀྱིལ་འཁོར་ཧཾ་ལས་དབབ། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་དུ། །ལོངས་སྤྱོད་དཀྱིལ་འཁོར་ཨཾ་ལས་དབབ། །སྐུ་གདུང་འབར་བའི་དཀྱིལ་འཁོར་དུ། །ཆོས་ཀྱི་དཀྱིལ་འཁོར་ཧཱུཾ་ལས་དབབ། །སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་དུ། །སྤྲུལ་པའི་དཀྱིལ་འཁོར་ཨ་ལས་དབབ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཕེཾ། སྲོག་ཤིང་གསུམ་གྱི་མདུད་པ་ལ། །བདུད་རྩི་རབ་ཏུ་བསྐྱིལ་བར་བྱ། །ལ་ལ་ནཱ་དང་ར་ས་ནཱ། །དཀྱིལ་འཁོར་བཞི་ཡི་ནང་དུ་བསྐྱིལ། །ཉི་མ་ཟླ་བ་རྣམ་པ་གཉིས། །གཟུང་དང་འཛིན་པ་འཁོར་བའི་རྩ། །དབྱིངས་དང་ཡེ་ཤེས་བདུད་རྩིར་བསྐྱིལ། །ཨ་བ་དྷཱུ་ཏཱི་གཟུང་འཛིན་སྤང་། །གཉིས་མེད་ཆོས་སྐུ་ཆེན་པོར་བསྐྱིལ། །བདེ་ཆེན་ལོངས་སྤྱོད་ཆོས་དང་སྤྲུལ། །རང་གི་གནས་


DNG020_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐྱིལ་བར་བྱ། །ལྷན་ཅིག་སྐྱེས་པ་བདེ་སྟོང་འཁྱིལ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲཱྀཿཐ། དེ་ནས་དཀྱིལ་འཁོར་ལྷ་རྣམས་ཀྱི། །ཕྱག་རྒྱ་རབ་ཏུ་བཤད་པར་བྱ། །ཕྱག་རྒྱའི་ངོ་བོ་ལྷ་ཡི་སྐུ། །ཕྱག་རྒྱ་དག་དང་བཅས་པའོ། །ངེས་ཚིག་རྒྱས་ནི་འདེབས་པར་བྱེད། །གདབ་པར་བྱ་བ་རྣལ་འབྱོར་ལུས། །འདེབས་པར་བྱེད་པ་ལྷ་སྐུར་བཏབ། །བར་ཆད་ལས་ནི་བསྲུང་བའོ། །དབྱེ་བ་རྣམ་པའི་དཔེ་བཤད་པ། །ཇི་ལྟར་འཁོར་ལོས་བསྒྱུར་བ་ཡི། །རྒྱལ་པོའི་ཕྱག་གི་རྒྱས་བཏབ་པས། །ལམ་གྱི་འཇིགས་པ་མ་ལུས་རྣམས། །ངེས་པར་བསྲུང་ཞིང་སེལ་འགྱུར་ལྟར། །དེ་བཞིན་ཐ་མལ་ལུས་ཉིད་ལ། །ལྷ་ཡི་རྒྱས་བཏབ་གྱུར་པ་གང་། །འཁོར་བའི་འཇིགས་པ་དག་ལས་གྲོལ། །དབྱེ་བ་རྣམ་པ་བཞིར་གནས་པ། །ཕྱག་རྒྱ་ཆེན་པོ་ལྷ་ཡི་སྐུ། །དམ་ཚིག་ཕྱག་རྒྱ་ཡུམ་དང་འཁྲིལ། །ལས་ཀྱི་མཁའ་གསང་འཕྲོ་འདུ་བྱེད། །ཆོས་ཀྱིས་སྤྲུལ་པ་འཁོར་བ་འདྲེན། །ཕྱག་རྒྱ་ཞེས་ནི་རྒྱལ་བས་གསུངས། །ཧཱུཾ་མཛད་རྡོ་རྗེ་ཏྲི་ཤཱུ་ལ། །རྣམ་རྒྱལ་འཁོར་ལོ་ཁ་ཊྭཱཾ་ག །དབྱུག་སྔོན་མེ་དབལ་དབྱུག་པ་བསྣམས། །གཤིན་རྗེ་ཐོད་དབྱུག་དགྲ་སྟྭ་དང་། །མི་གཡོ་རལ་གྲི་ཞགས་པ་ལ། །རྟ་མགྲིན་དབྱུག་ཏོ་སྦྲུལ་ཞགས་བསྣམས། །གཞན་གྱིས་མི་ཐུབ་ལྕགས་ཀྱུ་ཞགས་པ་དང་། །བདུད་རྩི་རྒྱ་གྲམ་དྲིལ་བུ་ལ། །ཁམས་གསུམ་འཁོར་ལོ་ནེའུ་ལེ་བསྣམས། །སྟོབས་ཆེན་ཐོད་པ་ཞགས་པ་སྟེ། །གཟུགས་བརྙན་དཀྱིལ་འཁོར་དག་ལ་བྲིས། །བདེ་གཤེགས་ཁྲག་འཐུང་ཕྱག་རྒྱ་ནི། །འཁོར་ལོ་དགྲ་སྟྭ་ཞགས་པ་གཡས། །བྷནྡྷ་རྔེའུ་ཆུང་ཁ་ཊྭཱཾ་གཡོན། །རྡོ་རྗེ་ཁྲག་འཐུང་ཆེན་པོ་ནི། །རྡོ་རྗེ་ཞིང་དབྱུག་ཁ་ཊྭཱཾ་གཡས། །བྷནྡྷ་ཞིང་ཆེན་རྒྱུ་ཞགས་གཡོན། །རིན་ཆེན་ཁྲག་འཐུང་ཆེན་པོ་ནི། །རིན་ཆེན་གཤོལ་དང་གཏུན་ཤིང་གཡས། །བྷནྡྷ་དགྲ་སྟྭ་རྔེའུ་ཆུང་གཡོན། །པདྨ་ཁྲག་འཐུང་ཆེན་པོ་ནི། །པདྨ་རྔེའུ་ཆུང་རལ་གྲི་གཡས། །བྷནྡྷ་ཁ་ཊྭཱཾ་ཐོད་ཕྲེང་གཡོན། །


DNG020_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཁྲག་འཐུང་ཆེན་པོ་ནི། །རལ་གྲི་ཞགས་པ་རྔེའུ་ཆུང་གཡས། །བྷནྡྷ་རྔེའུ་ཆུང་དྲིལ་བུ་གཡོན། །ཁྲོ་བོ་རཀྴ་ཧེ་རུ་ཀ །དང་པོ་གྲི་གུག་ཐོད་པ་དང་། །བར་མ་རྡོ་རྗེ་དྲིལ་བུ་སྟེ། །ཐ་མ་ཁ་ཊྭཱཾ་རྔེའུ་ཆུང་གཡོན། །ཁྲོ་རྒྱལ་དམ་ཚིག་ཧེ་རུ་ཀ །དང་པོ་གྲི་གུག་ཐོད་པ་ལ། །བར་མ་རིན་ཆེན་དྲིལ་བུ་སྟེ། །ཐ་མ་བེ་ཅོན་ཅང་ཏེའུ་བསྣམས། །ཁྲོ་མཆོག་ཡཀྴ་ཧེ་རུ་ཀ །དང་པོ་གྲི་གུག་ཐོད་པ་ལ། །བར་མ་པདྨ་དྲིལ་བུ་སྟེ། །ཐ་མ་དགྲ་སྟྭ་ཌ་མ་རུ། །ཁྲོ་ཆེན་རཀྴ་ཧེ་རུ་ཀ །དང་པོ་གྲི་གུག་ཐོད་པ་ལ། །བར་པ་རྒྱ་གྲམ་དྲིལ་བུ་ཉིད། །ཐ་མ་རལ་གྲི་རྔེའུ་ཆུང་བསྣམས། །གཟུགས་བརྙན་དཀྱིལ་འཁོར་གནས་སུ་བྲི། །དཀྱིལ་འཁོར་རྡུལ་ཚོན་ཆེན་པོ་ལ། །ལྷ་ཡི་ཕྱག་རྒྱས་རྒྱས་བཏབ་པས། །བྱིན་བརླབས་བར་ཆད་དག་ལས་གྲོལ། །དུས་བཞི་དུས་དྲུག་ཉུ་ལེ་མ། །བཟློག་ཅིང་བསྲུང་བར་བྱེད་པའོ། །བལྟ་བའི་དོན་གྱིས་བསྲུང་བ་ནི། །ཁྲོ་བོ་དཔལ་ལྡན་ཧེ་རུ་ཀ །འབར་བའི་གར་དགུ་རབ་ཏུ་ཁྲོ། །སྒེག་པ་དཔའ་བ་འཇིགས་སུ་རུང་། །རྒོད་དང་གཤེ་དང་རྔམ་པ་དང་། །སྙིང་རྗེ་ངོ་མཚར་ཞི་བ་ཉིད། །དབང་ཕྱུག་ཆེན་པོ་འདོད་ཆགས་སྒེག །ལྷ་མིན་བ་སུ་ཀ་ར་དཔལ། །ཁྱབ་འཇུག་འཇིགས་པའི་གཟུགས་སུ་སྤྲུལ། །སྐུ་ཡི་གར་གྱིས་འདུལ་བར་བྱེད། །གཞོན་ནུ་སྨིན་དྲུག་རྟ་གད་དགོད། །ཚོགས་ཀྱི་བདག་པོ་གཞན་ལ་གཤེ། །སྒྲ་གཅན་ཉི་ཟླ་མིད་པས་རྔམ། །གསུང་གི་གར་གྱིས་འདུལ་བར་བྱེད། །བརྒྱ་བྱིན་སྙིང་རྗེའི་སེམས་ཀྱིས་སྐྱོང་། །ཀླུ་ཆེན་འདྲེ་ལྡོག་ངོ་མཚར་ཆེ། །མེ་ལྷས་བསྲེགས་ནས་འཇིག་རྟེན་ཞི། །དེ་དག་ཐུགས་ཀྱི་གར་གྱིས་འདུལ། །ཉམས་ནི་སེམས་ལ་ཤར་བས་ཐུགས། །སྔགས་ནི་ངག་ཏུ་ཤར་བས་གསུང་། །གར་ནི་ལུས་ལ་འཆར་བས་སྐུ། །མཐོང་སྣང་ཡུལ་ལ་ཤར་བས་ཁྲོ། །བག་ཆགས་རྨི་ལམ་རྣལ་འབྱོར་སྟོན། །བཅུད་ནི་རྟོགས་པ་བདག་གི་དཔལ། །སྣོད་ནི་ཐུགས་རྗེ་གཞན་གྱི་དཔལ། །སྦྱོར་བ་བདག་ལ་རྟོག་པ་དང་། །སྒྲོལ་བས་གཞན་ལ་ཐུགས་རྗེས་སྐྱོང་བ་དང་། །ཞི་གནས་བདག་ཏུ་རྟོག་པ་ཞི། །ལྷག་མཐོང་གཞན་རིག་རྣམ་པར་


DNG020_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །ཆོས་སྐུ་རིག་པ་ནང་ན་གསལ། །གཟུགས་སྐུ་ཐུགས་རྗེ་ཕྱི་ལ་འཆར། །སྣང་སྟོང་ཡུལ་ལ་དགྱེས་པ་ཧོ། །བདེ་སྟོང་ལུས་ལ་ཆགས་པས་རུ། །རིག་སྟོང་སེམས་ཀྱིས་མཛད་པས་ཀ །ཆོས་སྐུ་ཡུལ་ལ་དགྱེས་པས་ཧ། །ལོངས་སྤྱོད་རྫོགས་སྐུར་ཆགས་པས་རུ། །སྤྲུལ་སྐུས་མཛད་པ་མཐར་ཕྱིན་ཀ །འདི་ལྟར་སྣང་སྲིད་འཁོར་འདས་རྣམས། །དཔལ་ལྡན་ཧེ་རུ་ཀ་རུ་གནས། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་གོང་བུ་བསྒྲུབ་པ་སྟེ་ལེའུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འབྲས་བུའི་བདུད་རྩི་འདི་དག་འགྲོ་བའི་ཆེད་དུ་གསུངས་སོ། །དེ་ནས་དངོས་གྲུབ་དཀྱིལ་འཁོར་མཆོག །ཟླ་གམ་སྒོ་ནི་ཤར་དུ་བསྟན། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྐྱ་རེངས་འཆར་བའི་བར་དུ་བསྒྲུབ། །དངོས་གྲུབ་རྫས་རྣམས་རབ་ཏུ་བསོག །ཚེ་དང་གལ་དང་ཟླ་རྒྱས་དང་། །ཟླ་ཕྲུམ་འཇམ་དེས་ཀུན་དུ་རྒྱུག །བྲན་མོ་གཡོ་ཅན་སྐྱུར་པོ་བསོག །བདུད་རྩི་འཁྱིལ་པ་ཁྲོ་བོ་ཆེ། །གཡས་དཀར་གཡོན་དམར་དབུས་མ་ལྗང་། །རྒྱ་གྲམ་བསིལ་བྱེད་རལ་གྲི་གཡས། །ཐོད་ཁྲག་ཐོ་བ་འདི་ཐོ་བ་ཡིན་མིན་དཔྱད་དགོས་ཁ་ཊྭཱཾ་གཡོན། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཨ་ཧཱུཾ་སུ་ཁ་དྷརྨ་ཀཱ་ཡ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ། ཐུན་མོང་གྲུབ་ཆེན་བརྒྱད་དང་ནི། །སྣ་ཚོགས་ལས་རྣམས་གྲུབ་པ་དང་། །མཆོག་གི་རིག་པ་འཛིན་པ་དང་། །སྐུ་གསུང་དངོས་གྲུབ་རྒྱ་ཆེན་བླང་། །དེ་ནས་དབང་གི་དཀྱིལ་འཁོར་མཆོག །དབང་སྟེགས་ཟླ་གམ་སྒོ་དང་བཅས། །རྟ་མགྲིན་གཡས་དཀར་གཡོན་སྔོ་བ། །རྟ་མགོ་ལྗང་ཞུར་ལེ་བརྒན་རྔོག །ཁ་ཊྭཱཾ་ལྕགས་ཀྱུ་རལ་གྲི་གཡས། །ཐོད་པ་མདུང་དང་ཞགས་པ་གཡོན། །མི་ཕམ་མ་དང་རལ་པ་གཅིག །ཁྲོ་གཉེར་མ་དང་རོ་ལངས་མ། །ཐམས་ཅད་དབང་དུ་འདུས་ནས་ནི། །སློབ་མ་སྣོད་དང་ལྡན་རྣམས་ལ། །བདུད་རྩི་མཆོག་དབང་རབ་ཏུ་སྦྱོར། །བུམ་པ་ཅོད་པན་རྡོ་རྗེ་དྲིལ། །མིང་དང་རིག་པའི་དབང་ལྔ་པོ། །དམ་པ་རིགས་བརྒྱའི་དབང་དུ་བསྐུར། །ཉན་དང་འཆད་དང་བསྒོམ་པ་དང་། །ཕྲིན་ལས་རྡོ་རྗེ་


DNG020_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དབང་། །དེ་ཉིད་རིགས་ལྔའི་དབང་དུ་བསྐུར། །གསང་དབང་བདེ་བ་ཆེན་པོ་དང་། །ཤེས་རབ་ཡེ་ཤེས་གསང་དབང་གསུམ། །དངོས་གྲུབ་ལེན་པའི་དབང་དུ་བསྐུར། །ཁྲོ་བཅུ་ཁྲག་འཐུང་ཀློང་དགུ་ནི། །བདུད་རྩི་བསྒྲུབ་པའི་དབང་དུ་བསྐུར། །བདུད་རྩི་བུམ་པའི་དབང་ཆེན་ནི། །བདུད་རྩི་མཆོག་གི་དབང་དུ་བསྐུར། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་མཾ། ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧེ་རུ་ཀ །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། དངོས་གྲུབ་བདུད་རྩི་འཁྱིལ་པས་བསྲུང་བ་དང་། དབང་རྟ་མགྲིན་གྱི་དབང་དུ་བྱ་བ་སྟེ་འབྲས་བུའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་བདེ་བ་ཆེན་པོའི་གཞི་ལམ་འབྲས་བུའི་དོན་བསྡུས་པ་འདི་གསུངས་སོ། །དེ་ནས་རྟེན་འདྲེལ་སྒྲིག་པའི་གཞི། །རྡོ་རྗེ་ལུས་ཀྱི་མཚན་ཉིད་ལ། །ལུས་ཁམས་བདུད་རྩི་ལྔར་གནས་པ། །སྐུ་ནི་དམ་པ་རིགས་བརྒྱ་ལ། །གསུང་ནི་དེ་ཉིད་རིགས་ལྔ་སྟེ། །ཐུགས་ནི་གསང་ཆེན་རིགས་གཅིག་གནས། །དེ་ལྟར་ཤེས་པས་བཏག་བཙག་གཉིས། །དབྱེར་མེད་གོང་བུ་གཅིག་པར་གནས། །རྟེན་འདྲེལ་ཐོག་མཐའ་རབ་བསྟེན་པ། །ཐོག་མ་ཀུན་གཞི་རྒྱུད་གནས་པ། །ལུས་ནི་ཐབས་ཀྱི་རྒྱུ་ཉིད་ལ། །མཚན་ལྡན་མོ་ལ་སྦྱོར་བ་ནི། །བྱང་ཆུབ་སེམས་ཀྱི་བདུད་རྩི་ཉིད། །ཞིང་བཅུ་གནས་ནས་སྒྲོལ་བ་ནི། །བསྒྲལ་བའི་བདུད་རྩི་ཆེན་པོ་ལྔ། །ཐ་མ་གནས་འགྱུར་འབྲས་བུ་སྟེ། །སྐུ་བཞིར་མངོན་པར་སངས་རྒྱས་འགྲུབ། །རྟེན་འདྲེལ་ཉིད་ནི་གང་ཡིན་ན། །ཚོགས་དང་སྦྱོར་ལམ་ཞེས་བྱ་བ། །འཁོར་ལོ་འཆམ་པ་འཇིག་རྟེན་ལམ། །བསྒོམ་དང་མཐོང་བ་མཐར་ཕྱིན་པ། །འཁོར་ལོ་བསྐོར་བ་འདས་པའི་ལམ། །ལམ་ལྔ་ཡོངས་སུ་རྫོགས་པར་འགྱུར། །ལམ་བཞི་ལས་ནི་གང་ཡིན་ན། །ཉན་ཐོས་མོས་པ་ཆུང་བ་དང་། །རང་རྒྱལ་དམིགས་པ་ཕྲ་བ་དང་། །བྱང་ཆུབ་སེམས་དཔའ་དག་དང་ནི། །འདི་ནི་བྱང་ཆུབ་ཆེན་པོ་སྟེ། །ཐབས་ཀྱི་གསང་སྔགས་ཁྱད་པར་འཕགས། །ཚད་མ་བཞི་ནི་གང་ཡིན་པ། །དང་པོ་ལོ་རྒྱུས་ཚད་མར་བཤད། །རྟེན་འདྲེལ་དགེ་


DNG020_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་མངོན་བྱའི་དོན། །ཕྱི་ནང་བདུད་རྩི་ཆེན་པོ་བསྒྲུབ། །རྟེན་ཅིང་འདྲེལ་བ་དུ་ཞིག་གིས། །ལམ་ནི་ཡོངས་སུ་རྫོགས་པར་བྱེད། །རྟེན་འདྲེལ་བདུན་གྱི་གསང་སྔགས་ཀྱི། །རྒྱུ་ལམ་འབྲས་བུ་རྫོགས་པར་བྱེད། །ཀུན་བཟང་རྡོ་རྗེ་སེམས་སོགས་པའི། །ཞལ་ནས་བྱིན་གྱིས་བརླབས་ནས་ནི། །དགོངས་པས་འཁོར་དུ་གང་གསུངས་པ། །བདེ་གཤེགས་བཀའ་ཡི་ཚད་མ་ཡིན། །རྒྱལ་བ་རིག་འཛིན་གང་ཟག་རྣམས། །གང་ནས་གང་དུ་རྒྱུད་གྱུར་ཅིང་། །གསང་བ་ཐུགས་ལ་གནས་པ་ནི། །བླ་མའི་མན་ངག་ཚད་མ་ཡིན། །དབང་པོ་ཐ་མ་འབྲིང་དང་མཆོག །ཐོས་བསམ་བསྒོམ་པ་རབ་སྦྱར་ནས། །རང་གི་ཉམས་སུ་གང་མྱོང་བ། །རྟོགས་པ་རང་རིག་ཚད་མ་ཡིན། །ཕྱི་ནང་དངོས་པོ་མ་ལུས་ཀུན། །སྔོན་འབྱུང་རྗེས་འཇུག་ལ་སོགས་པའི། །གཏན་ཚིགས་བྱུང་ཁུངས་བཅས་པ་རྣམས། །དངོས་པོ་ལོ་རྒྱུས་ཚད་མ་ཡིན། །དྲང་སྲོང་ཆེན་པོ་ཚངས་པ་དང་། །ལྗང་སྔོན་དང་ནི་ཙ་ར་ཀ །ནབ་སོ་སྐྱེས་དང་ཐ་སྐར་བུ། །ལྷ་སྐྱབས་དང་ནི་རྒྱུན་ཤེས་དང་། །གཡོན་ཕྱོགས་ལྷ་དང་ཐང་ལ་གནས། །མེ་བཞི་འཇུག་དང་རྐང་གཉིས་སྤྱོད། །ཀ་ཡ་ན་དང་ཤིང་ཁྱེར་དང་། །ལྗང་སྔོན་བུ་དང་ཉི་མ་དང་། །ཟླ་བ་དང་ནི་དྲང་སྲོང་ཀླུ། །གཞོན་ནུ་སྤྲིན་དང་གཞོན་ནུ་སྲིད། །འདྲོབ་སྐྱོང་དང་ནི་རིན་པོ་ཆེ། །གོའུ་ཏ་མ་དང་མངོན་ཤེས་ཅན། །ཤིང་གི་ལྷ་མོ་འོད་འཆང་མ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །རྩི་ཡི་གྲུབ་པའི་བློ་གྲོས་མ། །ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན། །འདི་དག་རྣམས་ལ་ཀུན་བཟང་གིས། །རྟེན་འདྲེལ་སྨན་གྱི་སྒྲུབ་པ་བཤད། །ཨ་རུ་ར་ནི་རྣམ་པ་བདུན། །རྣམ་པར་རྒྱལ་དང་གསུམ་གྱིས་བསྒྲིབས། །གསོ་བྱེད་དང་ནི་བདུད་རྩི་དང་། །འཇིགས་བྱེད་དང་ནི་འཕེལ་བྱེད་དང་། །སྐེམ་བྱེད་དང་ནི་བདུན་ཡིན་ནོ། །རྣམ་པར་རྒྱལ་བའི་ཨ་རུ་ར། །མཎྜལ་སྟེང་དུ་བཞག་ནས་ནི། །བདུད་རྩི་ལྔ་དང་རབ་སྦྱར་ནས། །རྡོ་རྗེ་སེམས་དཔར་རབ་བསྒོམས་ཏེ། །གསང་སྔགས་བཟླས་པར་གྱུར་པ་ན། །ཚེ་ལ་དབང་བའི་རིག་འཛིན་འགྲུབ། །ཨོཾ་བཛྲ་ཨཀྵོ་བྷྱ་ཨ་མྲྀ་ཏ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཨ་རུ་ར་ནི་གསུམ་གྱིས་བསྒྲིབས། །བུ་རམ་སྦྱར་བའི་རི་ལུ་ལ། །རྣམ་པར་སྣང་མཛད་བསྒོམས་ནས་ནི། །ནང་རེ་གཉིས་གཉིས་རྟག་ཟོས་ན། །མི་དེ་ནད་ཀུན་མེད་པར་འགྱུར། །གསང་བའི་སྔགས་འདིས་བསྒྲུབ་པར་བྱ། །


DNG020_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཻ་རོ་ཙ་ན་ཨན་ཧ་རི་ཏཱ་ཀཱི་ཛི་ན་ཛིཀ །རོ་ག་པྲ་ཤ་མ་ན་སྭཱ་ཧཱ། ཨ་རུ་ར་ནི་གསོ་བྱེད་ཡང་། །སེར་སྐྱ་བ་ཡི་མར་དང་སྦྱར། །ཟོས་ན་ཚེ་རིང་ནད་མེད་འགྱུར། །རིན་ཆེན་འབྱུང་ལྡན་རབ་བསྒོམས་ནས། །གསང་བའི་སྔགས་ཀྱི་རབ་ཏུ་གདགས། །ཨོཾ་རཏྣ་སམྦྷ་བ་ཨན་ཧ་རི་ཏཱ་ཀཱི་རཏྣ་དྷྲྀཀ །རོ་ག་པྲ་ཤཱ་མ་ན་སྭཱ་ཧཱ། ཨ་རུ་ར་ནི་བདུད་རྩི་ཡང་། །བུ་རམ་སྦྲང་རྩི་གསུམ་པོ་དང་། །ཆ་མཉམ་ཟོས་ན་བཅུད་ལེན་འགྱུར། །སྣང་བ་མཐའ་ཡས་རབ་བསྒོམས་ནས། །ཟོས་ན་ཡིད་གཞུངས་དྲོད་སྐྱེད་ཅིང་། །སྟོབས་ཀྱང་ལྡན་ཞིང་རྒས་ཀྱང་སྲ། །ལུས་ཀྱང་དག་པ་ཉིད་དུ་འགྱུར། །ཨོཾ་ཨ་མྲྀ་ཏ་དྷི་བ་ཨེན་ཧ་རི་ཏཱ་ཀཱི་ཨ་རོ་ལིཀ །ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ། ཨ་རུ་ར་ནི་འཇིགས་བྱེད་ནི། །རླུང་ནད་ལ་ནི་རྒྱམ་ཚར་སྦྱར། །མཁྲིས་པ་ལ་ནི་པི་པི་ལིང་། །བད་ཀན་ལ་ནི་སྦྲང་རྩིར་སྦྱར། །མ་ཞུ་བ་ལ་ལྒ་དང་སྦྱར། །རླུང་སྐྲན་རྒྱམ་ཚ་མར་དང་སྦྱར། །བད་ཀན་མ་ཞུ་ལྒ་དང་ཚ། །སྐྲངས་པའི་ནད་ལ་བ་གཅིན་སྦྱར། །མཛེ་ནད་ཤ་བཀྲ་ཅན་ལ་ནི། །ཙི་ཏྲ་ཀ་དང་དར་བར་སྦྱར། །ནད་རྣམས་ཀུན་ལ་མར་དུ་བཙོ། །སངས་རྒྱས་དོན་ཡོད་གྲུབ་པ་བསྒོམ། །ཨོཾ་ཨ་མོ་གྷ་སིདྡྷི་ཨན་ཧ་རི་ཏཱ་ཀཱ་པྲཛྙཱ་དྷྲྀཀ །རོ་ག་པྲ་ཤཱ་མ་ན་སྭཱ་ཧཱ། ཨ་རུ་ར་ནི་འཕེལ་བྱེད་ནི། །རྒུ་དྲུས་དོམ་མཁྲིས་སྦྱར་ནས་ནི། །སངས་རྒྱས་ཀུན་ཏུ་བཟང་པོ་བསྒོམ། །ཨོཾ་བཛྲ་ཙིཏྟ་ཁྲག་ཉག་རམ་སྭཱ་ཧཱ། རྨ་ལ་བཏབ་ན་ཕན་འགྱུར་ཏེ། །ཤ་ཁྲག་མི་ཟད་པར་ཡང་བྱེད། །རྨ་རྣམས་འབྲུབ་པར་བྱེད་པས་ན། །མཆོག་ཏུ་མཚོན་དཔལ་འཇོམས་པའོ། །ཨ་རུ་ར་ནི་སྐེམ་བྱེད་ཀྱང་། །གུ་གུལ་ཤིང་ཀུན་ག་པུར་དང་། །གླ་རྩི་བ་བླ་ལྡོང་རོས་དང་། །མུ་ཟི་ཤུ་དག་སྒོག་པར་སྦྱར། །བུ་ཆུང་ལུས་ལ་བཏགས་གྱུར་ན། །གདོན་རྣམས་བསྲུང་ཞིང་ནད་རྣམས་གསོ། །ཀུན་ཏུ་བཟང་མོར་རབ་ཏུ་བསྒོམ། །མ་དང་བུ་ལ་བསྲུང་བ་གདགས། །ཨོཾ་བཛྲ་བྷ་དྲ་ས་མནྟ་པུ་ཏྲ་རཀྵ་ཀ་སྱ་ཡ་སྭཱ་ཧཱ།སྟར་བུའི་ཆོ་ག་བསྟན་པ་ནི། །གྲང་དྲོ་སྙོམས་པའི་དུས་བཟང་ནས། །དང་པོ་ཞོ་ནི་ཕྱེད་དང་གཉིས། །དེ་ནས་ཉི་མ་རེ་རེ་ཞིང་། །ཞོ་ནི་ཕྱེད་དང་གཉིས་གཉིས་སྐྱེ། །སྲང་ནི་ཕྱེད་དང་གཉིས་འཐུང་ན། །ཟླ་བ་གཅིག་ཏུ་འོ་མ་དང་། །སྦྱར་འཐུངས་ཟས་གཞན་མ་ཟོས་ན། །ཚེ་དང་སྟོབས་བརྟན་གཟུགས་བཟང་སྟེ། །མདངས་དང་ལང་ཚོ་བཅུད་ལེན་འགྱུར། །དབྱིངས་ཕྱུག་མ་ནི་བསྒོམ་པར་བྱ། །ཨོཾ་དྷཱ་ཏྭཱི་ཤྭ་རཱི་ཨཱ་ཡུཿཕ་ལ་བྷྲཱུཾ། བདུད་རྩི་དམ་པ་ཉེ་ཤིང་པ། །ཤུན་གསལ་ནང་གི་སྙིང་པོ་ཕྱུང་། །བརྡུངས་ནས་གཙང་མའི་རས་ལ་བཙག །སྦྲང་རྩི་འོ་མ་སྦྱར་


DNG020_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །ཞག་རེ་སྲང་རེ་བསྐྱེད་བྱས་ནས། །ཞག་བརྒྱད་འཐུང་ངམ་ཟླ་གཅིག་བཟའ། །དེ་འོག་བ་འོར་འབྲས་བཙོས་བཟའ། །ནད་ཀྱི་འཆི་མེད་བཅུད་ལེན་ཡིན། །སངས་རྒྱས་སྤྱན་ནི་བསྒོམ་པར་བྱ། །ཨོཾ་བུཌྜྷ་ལོ་ཙ་ན་ཨཱ་ཡུ་ཥེ་ཧཱུཾ་ཨཱ།དབང་པོ་ལག་པ་ཞེས་བྱ་བ། །མར་དང་འོ་མ་བུ་རམ་སྦྱར། །སྣ་མ་ཚིག་པར་མེ་ལ་བསྐོལ། །མཱ་མ་ཀཱི་ནི་བསྒོམས་ལ་བཟའ། །ཨོཾ་མོ་ཧ་ར་ཏི་ཨཱ་ཡུ་ཥེ་ཧཱུཾ་ཨ། ཚེ་རིང་བསམ་པ་འཕེལ་བ་དང་། །ལུས་ཡང་ཤ་ཡང་མཁྲེགས་པར་འགྱུར། །བྲག་ཞུན་བགྲུངས་པའི་ཁུ་བའི་ནང་། །གུར་གུམ་བུ་རམ་སྦྲང་རྩི་དང་། །ཨ་བ་སྦྱར་ནས་ལྕགས་ཀྱི་སྣོད། །སྣ་མ་ཚིག་པར་མས་བསྐོལ་ནས། །རིལ་བུ་གོས་དཀར་བསྒོམས་ལ་བཟའ། །ནད་མེད་ཚེ་དང་ལང་ཚོ་ལྡན། །ཨོཾ་རཱ་ག་ར་ཏི་ཨཱ་ཡུ་ཥེ་ཧཱུཾ་ཨ། ཅོང་ཟི་དང་ནི་བུ་རམ་དང་། །སྦྲང་རྩི་ཀ་ར་འོ་མ་དག །མར་དང་སྦྱར་ནས་ལྕགས་ཀྱི་སྣོད། །སྣ་མ་ཚིག་པར་ལེགས་བསྐོལ་ནས། །ཟླ་བ་གཅིག་ཏུ་བཟའ་བ་མང་། །དམ་ཚིག་སྒྲོལ་མར་བསྒོམས་ལ་བཟའ། །ནད་མེད་ཚེ་རིང་བཅུད་ལེན་འགྱུར། །ཨོཾ་བཛྲར་ཏི་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། སྨན་ནི་གནོད་སེལ་ཞེས་བྱ་བ། །ཙནྡན་དཀར་པོ་པ་ཏི་བ། །ཨ་རུ་ར་དང་གུར་གུམ་དང་། །པུཎྜ་རཱི་ཀ་སྤང་སྤོས་དང་། །ཆུ་སྲིན་སྡེར་མོ་ཤིང་ཚ་རྣམས། །སྣ་རེ་ཆ་ནི་བཞི་བཞི་དང་། །རུ་རྟ་ཨུཏྤལ་སུག་སྨེ་གསུམ། །སྣ་རེ་ཆ་ཡང་ལྔ་ལྔ་དང་། །བ་ལེ་ཀ་ནི་བརྒྱད་བརྒྱད་ཀྱང་། །སྐར་མ་རྒྱལ་གྱི་ཉིན་པར་ལ། །ཆར་པའི་ཆུས་སྦྲུས་སྔགས་བཏབ་སྦྱར། །དཔྲལ་བ་དག་ལ་བསྐུས་པ་ན། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །ལྷ་མིན་འབྱུང་པོ་ཞི་བར་བྱེད། །དུག་ནད་ཅན་ལ་ཆུ་དང་སྦྱར། །ཁོང་དུ་འཐུང་ན་དུག་ཀུན་སེལ། །མཚོན་གྱིས་རྨས་པའི་རྨ་བྱུང་ན། །རྨ་ཁར་བསྐུས་པས་འཚོ་བར་བྱེད། །སྡོམ་དང་སྡིག་པ་བྱི་བ་དང་། །དུག་སྦྲུལ་གཅན་གཟན་གདུག་པ་ཅན། །གང་དག་ཟིན་པའི་མི་དེ་ཡིས། །ཐིགས་པ་གསུམ་ནི་སྣ་རུ་བླུག །མིག་བསྐུས་འཐུང་དང་རྨ་ཁར་བླུག །བདུག་པས་ཟིན་པའི་དུག་ལས་ཐར། །རྟག་ཏུ་ལག་ཏུ་བཅངས་པ་ན། །གདོན་རྣམས་ཐམས་ཅད་ཐུབ་པ་དང་། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེ་ཡི་རིག་སྔགས་འདི་དག་ལའང་། །སེམས་དཔའ་བཅུ་དྲུག་


DNG020_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གང་མོས་སམ། །སེམས་མ་བཅུ་དྲུག་གང་མོས་ལ། །སྐྱེས་པས་སེམས་དཔར་སྒོམ་དང་གུས། །བུད་མེད་ཡིན་ན་སེམས་མར་བསྒོམ། །མཆོད་དང་བསྟོད་དང་མཚན་ཐོས་བྱ། །ཡང་ན་ཡོན་ཏན་དྲན་བྱས་ལ། །སྔགས་འདིས་སྨན་ལ་གདབ་པར་བྱ། །ཨོཾ་ཏདྱ་ཐཱ་ཀེ་ཤེ་ཀེ་ཤེ་བི་མཱ་གེ་པྲ་ལའམ་བམ།ཧི་ལི་ཧི་ལི། ན་མོ་བུདྡྷཱ་ཡ་སིདྡྷྱནྟུ་མནྟྲ་པཱ་ད་སྭཱ་ཧཱ། ཞེས་ནི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས།རྟེན་འདྲེལ་ཚད་མ་གཏན་ལ་ཕབ་པའི་སྨན་བདུད་རྩི་ར་སཱ་ཡ་ན་ལས་སྨན་ཐུན་མོང་བཅུད་ལེན་དང་རིག་འཛིན་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འཁོར་དུ་འདུས་པ་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ། །མི་དམིགས་སྤྲོས་བྲལ་མཉམ་པའི་ཆོས་ཉིད་ལས། །ཐུགས་རྗེའི་མཛད་པ་སེམས་ཅན་དོན་མཛད་པ། །ཤེས་རབ་སྟོང་ཉིད་ཐབས་ཀྱི་སྙིང་རྗེ་ཆེན་པོ་ལས། །སྣོད་ཀྱི་འཇིག་རྟེན་སྨན་རྣམས་བསྒྲུབ་པ་བཅུད་ལེན་གྱིས། །ཐུན་མོང་རིག་འཛིན་ལུས་ཀྱི་ནད་རྣམས་འཇོམས། །ལུས་ཁམས་བདུད་རྩི་བཅུད་འཐུང་ཕུང་པོའི་ནང་། །སངས་རྒྱས་རང་ཞལ་མཐོང་བྱེད་དཀྱིལ་འཁོར་ལུས། །འཁོར་འདས་དོན་སྟོན་སྐུ་ལ་རབ་ཏུ་བསྟོད། །ཅེས་མགྲིན་གཅིག་ཏུ་རབ་ཏུ་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གཏད་དོ། །བདུད་རྩི་ཆེན་པོ་མཆོག་གི་ཆོས། །དུས་གསུམ་སངས་རྒྱས་མཆོད་པའི་སེམས། །ལུས་ངག་ཡིད་ཀྱི་དྲི་མ་དག །མ་མོ་མཁའ་འགྲོ་མཆོད་པ་ཡིས། །མཐུ་དང་རྩལ་གྱི་དངོས་གྲུབ་ཐོབ། །བྱང་ཆུབ་སེམས་དཔའ་མཆོད་པ་ཡིས། །ནད་མེད་ཚེ་ཡི་རིག་འཛིན་ཐོབ། །ཕྱོགས་བཅུའི་རྣལ་འབྱོར་མཆོད་པ་ཡིས། །དམ་ཚིག་ཉམས་སྐོང་དངོས་གྲུབ་འབྱུང་། །སྣོད་བཅུད་བདུད་རྩི་གཏན་ལ་འབེབས། །མ་འོངས་བསྒྲུབ་པའི་མན་ངག་ཏུ། །ཁྱེད་རྣམས་ཚོགས་ཀྱིས་ཟུང་ལ་སྤེལ། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་ཅིང་བསྟན་པ་མི་ནུབ་པར་བསྟན་པ་སྟེ་ལེའུ་བཅུ་པའོ།། །།བདུད་རྩི་བདེ་བ་ཆེན་པོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོཙྪ་བ་གཉགས་ཛྙཱ་ནས་བསྒྱུར་བའོ།། །།


previousབདུད་རྩི་བདེ་བ་ཆེན་པོའི་རྒྱུད་ཅེས་བྱ་བ།next