Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གཅིག་པ། ཞ༽


   
   
   
   
   
   
རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད། next

རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད།


DNG021_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྲོ་དྷ་ཧཱུཾ་ཀཱ་ར་ཏན་ཏྲ་རཱ་ཛ་ཏནྟྲ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་ཚོགས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། མཐའ་དང་དབུས་མེད་པའི་དྷརྨ་དྷཱ་ཏུ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཨེའི་དཀྱིལ་འཁོར་འབྱམས་པའི་གཞལ་ཡས་ཁང་ན། ཡབ་ཡུམ་གཉིས་སུ་མེད་པར་ལྷུན་གྱིས་སྦྱོར་བ་ལ་བཞུགས་ཏེ། འཁོར་མཆེ་བ་ཅན་གྱི་ཚོགས་དང་། གཤོག་པ་ཅན་གྱི་ཚོགས་དང་། མགོ་བརྙན་གྱི་ཚོགས་མཐའ་དག་གིས་བསྐོར་ཏེ། རང་བཞིན་གྱི་ལྷུན་གྱིས་གྲུབ་པར་བཞུགས་སོ། །དེ་ནས་མགོ་བརྙན་གྱི་ཚོགས་ཀྱིས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ། ཕྱི་ནང་གི་མཆོད་པས་མཉེས་པར་བྱས་ནས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་གསང་བའི་དཀྱིལ་འཁོར་ན། །


DNG021_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་འདུ་འབྲལ་མེད་པར་བཞུགས། །གཉིས་མེད་ཡེ་ཤེས་རབ་མཆོག་བསྒྲལ། །དེ་ཡི་སྔགས་རྣམས་གསུངས་ལགས་ན། །ཁྲོ་བོ་སོ་སོའི་ དཀྱིལ་འཁོར་རྣམས། །བཅོམ་ལྡན་མགོན་པོས་བཤད་དུ་གསོལ། །བཅོམ་ལྡན་བཛྲ་ཀཱི་ལ་ཡས། །ཀརྨ་ཧེ་རུ་ཀ་ཡི་ཚིག་གསན་ནས། །ཕག་མགོ་སྨིག་བུའི་མགོ་རྣམས་ལ། །གསུང་གིས་འདི་སྐད་བཀའ་སྩལ་ཏོ། །སོ་སོའི་དཀྱིལ་འཁོར་དམ་པ་རྣམས། །ང་ཡིས་བཤད་ཀྱིས་མཉན་པར་གྱིས། །བཅོམ་ལྡན་གཉིས་མེད་གཙོ་ཆེན་གྱི། །དཀྱིལ་འཁོར་དམ་པ་བསྟན་པ་ནི། །དང་པོ་གཞུང་དང་མཐུན་པ་ཡི། །ས་ཕྱོགས་དེ་དང་དེ་ཉིད་དུ། །རྣལ་འབྱོར་དམ་པ་དེ་གནས་པས། །རང་གི་སྙིང་གར་ཧཱུཾ་བསམས་ལ། །དེ་ལས་འོད་འཕྲོས་སངས་རྒྱས་མཐོང་། །མཆོད་འབུལ་ལ་སོགས་གཞུང་བཞིན་བྱ། །དེ་ལ་ཤཱུ་ནྱ་ཏཱ་ཡིས་སྦྱངས། །དེ་རྗེས་གཞལ་ཡས་ལ་སོགས་པའི། །རྒྱན་དང་ལྡན་པ་དེ་མཐོང་ནས། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞི་ཡིས་རྣམ་པར་མཛེས། །ཉི་མ་ཟླ་བའི་གདན་སྟེངས་སུ། །ཧཱུཾ་ཆེན་ཡབ་ཡུམ་འཁོར་ཚོགས་དབབ། །ས་བོན་བཀོད་ལ་གསལ་བར་བརྟག །དྲོད་གཤེར་ལས་སྐྱེས་ཡིན་པར་ནི། །མཁས་པས་བརྟགས་ཏེ་ཤེས་པར་གྱིས། །དེ་ནས་གཙོ་བོའི་སེམས་དེ་ཡིས། །ཕྱོགས་བཅུའི་སངས་རྒྱས་རྣམས་བཀུག་སྟེ། །བསྡིམ་པས་དབང་ཡང་རྫོགས་པར་ལྡན། །དེ་ལ་ཕྱི་ནང་མཆོད་པས་མཆོད། །གསང་བའི་དོན་དམ་ཡང་དག་སྟེ། །དེ་ཡིས་ལས་རྣམས་བརྩམ་པར་བྱ། །རྒྱུད་ཀྱི་རྒྱལ་པོ་ཧཱུཾ་ཀ་རའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་འདི་སྐད་གསུངས་ཏེ། ཧཱུཾ་ཀཱ་ར་ཡི་དཀྱིལ་འཁོར་ནི། །ཟླ་གམ་དམར་པོའི་དཀྱིལ་འཁོར་ལ། །མཛེས་པའི་སྐུ་མཆོག་གསལ་བ་ནི། །སྔགས་བཟླས་པ་ཡིས་གསལ་བར་གྱུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསམ། །བཟླས་པའི་ཡིག་འབྲུ་ཡང་དག་དགོད། །ཤེས་རབ་གསལ་བའི་ཡི་གེ་ཡིས། །བུམ་པ་དམར་པོ་འོད་དང་བཅས། །དེ་ཡི་ཁ་རྒྱན་ཨ་ཤྭ་ཀ །མགུལ་པ་དར་


DNG021_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བཟང་པོས་དཀྲིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཟླས། །མཚན་མ་བཟང་པོ་མཐོང་བ་དང་། །ལས་ལ་སྦྱར་བར་བྱ་བ་ཡིན། །ཐབས་དང་བཅས་པའི་འོད་ཟེར་གྱིས། །དང་པོ་གནས་ནས་བསྐུལ་བར་བྱ། །དེ་ཡི་ལས་སྦྱོར་གང་ལ་ཡང་། །སེམས་པས་ཡང་ནས་ཡང་དུ་བྱ། །ལུས་ལ་ཙན་དན་དམར་པོ་བྱུག །དགོངས་དང་ཐོ་རངས་སྔགས་མང་བཟླས། །གཡོ་བའི་རྫས་ཀྱི་རྐྱེན་བྱས་ནས། །ཕུར་གདབ་གསད་པའི་ལས་བྱ་ཞིང་། །དབང་སྡུད་འགུགས་པའི་ལས་དེ་བཞིན། །བསྒྲུབ་ན་འགྲུབ་པར་གདོན་མི་ཟ། །རྒྱུད་ཀྱི་རྒྱལ་པོ་ཧཱུཾ་ཀཱ་རའི་རྒྱུད་ལས། ལས་ཀྱི་དཀྱིལ་འཁོར་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །སེར་བ་དབབ་པའི་ལས་རྣམས་ནི། །སྦྱོར་བ་སྤྱི་དང་མཐུན་པ་ཡིས། །དཀྱིལ་འཁོར་རྩིབས་བརྒྱད་འཁོར་ལོར་བྲི། །རྫས་ནི་ཡུངས་ཀར་ཁྲག་སྐམ་གུ་གུལ་གསུམ། །ཐོད་པ་མཚན་ངན་དུམ་དྲུག་ཏུ། །རྩིབས་བརྒྱད་འཁོར་ལོ་བྲིས་ནས་ནི། །དབུས་སུ་ཨ་ཛི་ཏེ་ཛ་ཡེ་བི་ཛ་ཡེ་ཀ་ཏང་ཀ་དེ་གསུམ་བྲིའོ། །ཟླུམ་པོ་ལ་ནི་ཀཱི་ལ་ཡ་འབྲུ་དགུའོ། །རྩིབས་བརྒྱད་ཕྱོགས་ཀྱི་ཁྲོ་བོ་བརྒྱད། །ཤར་ལྷོ་ནུབ་བྱང་རྩིབས་མཆན་ལ། །སྟེང་དུ་འོག་གི་སྙིང་པོ་བྲི། །རྩིབས་མཆན་དྲུག་ལ་དྷ་ཡང་སྔགས་དྲུག་བྲི། །ཐ་མ་མུ་ཁྱུད་ཟླུམ་པོ་ལ། །ཐོད་པ་དབུས་སུ་བསྡུས་ཡིན་པས། །འབྲུ་དགུ་ཁྲོ་བོའི་ལས་སྔགས་བྲི། །ཐོད་པ་ཤར་དུ་ཁ་བལྟས་ལ། །ཨོཾ་ལཾ་རྒྱས་པའི་སྔགས་བྲིའོ། །སེང་ལྡེང་ཕུར་བུའི་སྟེང་དུ་ཨོཾ། །རྒྱ་མདུད་ལོགས་ལ་འབྲུ་བརྒྱད་དགོད། །ལྕུམ་གཞོགས་དཔལ་ལ་ཁྲོ་བཅུའི་སྔགས། །རྒྱ་མདུད་བར་ལ་ཆུ་སྲིན་ཁ་སྤྲད་བྲི། །ལོགས་དྲུག་ཟུར་གསུམ་དམ་ཅན་གསུམ་གྱི་སྔགས། །དེ་རྗེས་པདྨའི་ཁྲག་དང་མི་དབང་འབྲས་བུའི་ཤ་ཁྲག་དང་། །ཁྲག་སྣ་སྙིང་སྣ་ཚོགས་ཚད་དང་། །མཚམས་བཅད་བྱིན་དབབ་བཀའ་བཞིན་ནོ། །ཐོད་པ་དབུས་སུ་ཁ་སྦུབ་ལ། །སེང་ལྡེང་ཕུར་པ་དབུས་སུ་བཀོད། །ཕྱི་མ་རྫས་རྣམས་ཀུན་ལ་དགོད། །ཕྲིན་ལས་གཞུང་བསྲང་འཛབ་ལ་འཇུག །ཐོད་པ་སྣར་


DNG021_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མོར་བསམ་བྱས་ལ། །སྟེང་དུ་ཆུ་ཡི་དཀྱིལ་འཁོར་བསམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཕཾ་ཧཱུཾ་ཕཊ། ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དཾ་དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། མཱ་ར་སེ་ན་པྲ་མ་རྡ་ནི་ཧཱུཾ་ཕཊ།དཔྱིད་ཟླ་གསུམ་ལ་བསྙེན་སྔགས་བཟླས། །ཁ་བ་ཁུ་འཕང་རླུང་དམར་གསུམ། །དེ་རྣམས་བྱུང་ན་འགྲུབ་པར་འགྱུར། །ཐོད་པ་སྣར་མོར་བསམ་སྟེང་ནས། །ལྷ་རྣམས་བསམས་པས་གཙོ་བོའི་ཐུགས་ལ་གནས། །སྤྲུལ་པ་བྱེ་བ་བསམ་བྱས་ལ། །ཆུ་བཅོལ་སེར་བ་དཀར་པོ་འབྱུང་བར་བསམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོའི་ལོ་ཐོག་ལ། ཤི་ཏྲཾ་ཀ་ར་ཀ་ར་ཀ་ར་ཏེ་ཡི་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ཨོཾ་མཱ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དཾ། དྷ་ཏི་མ་མ་ཀརྨ་ཨ་ཛི་ཏེ། ཨ་བ་ར་ཛི་ཏེ་ཛ་ཡེ་བི་ཛ་ཡེ། ཀ་ཏང་ཀ་ཡེ་མཱ་ར་སེ་ནཱ་པྲ་མར་དྷ་ནི་ཡེ་ཧཱུཾ་ཕཊ། ཐོད་པའི་ཁྲག་དང་སྙིང་སྣ་དང་། །གུ་གུལ་གསུམ་པོ་ཐོད་པར་བླུག །སེང་ལྡེང་ཕུར་པ་ཡུངས་ཀར་ཕུར་ལ་གདགས། །རྟགས་ནི་ཐོད་པར་མེ་འབར་རོ། །གོང་མའི་རྟགས་ནི་མ་བྱུང་ན། །སྔགས་དྲུག་དམ་ཅན་དཀྲུགས་ལ་ནི། །ཕོ་དང་མོ་ཡི་ལོག་མེན་བཟླས། །རྡོ་རྗེ་གསང་བས་གནད་ལ་དབབ། །དེ་ནས་དཔྱིད་ཟླ་ཐ་ཆུང་ལ། །ཁྲག་སྐམ་འབྲས་བུ་གསུམ་པོ་དང་། །གཏོར་མ་དུམ་གཅིག་མིང་ཀུན་བསྲེ། །ཐོད་པར་བླུགས་ལ་ཡུལ་དེར་ཕྱིན། །གུ་གུལ་དུད་བཏང་བདེན་པ་བདར། །ཐོད་པ་ཆུ་མིག་ནང་དུ་སྦའོ། །ཕུར་པ་དཀྱིལ་དུ་གདབ་པར་བྱའོ། །རྫས་སྣ་གསུམ་ཡང་གཏོར་བྱས་ལ། །གར་འབེབས་རི་རྩེ་དེ་ལ་ཕྱིན། །བྲག་ལ་ཐབ་བྱ་དཔང་ཡང་གཟུག །སྟོན་ཟླ་གསུམ་ལ་རི་རྩེར་བྱ། །རི་རྩེ་མཐོང་ནས་བསྐུལ་བར་བྱ། །མ་གྲུབ་སྟོན་ཟླ་ར་བ་དགུ། །འབྲིང་པོ་ཀུན་ལ་རབ་ཏུ་ཤིས། །མ་ཕེབས་ཐ་མ་གཞི་ནས་སྤོགས། །རྒྱུད་ཀྱི་རྒྱལ་པོ་ཧཱུཾ་ཀཱ་རའི་རྒྱུད་ལས། མཁའ་འགྲོ་མས་སེར་བ་དབབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །ཕུར་ནི་བྱང་ཆུབ་སེམས་སུ་གཅིག་གྱུར་པ། །པ་ནི་སེམས་ཀྱིས་མ་ཁྱབ་མེད་པ་སྟེ། །ཕུར་ནི་རྡོ་རྗེ་གཞོན་


DNG021_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ཉིད་ལ་བྱ། །པ་ནི་ཁྲོ་བོ་རྣམས་ལ་བྱ་བའོ། །ཕུར་ནི་སྐྱེ་བ་མེད་ལ་བྱ། །པ་ནི་ཐམས་ཅད་འགག་པ་མེད། །ཕུར་ནི་རིག་པ་བྱང་ཆུབ་སེམས། །པ་ནི་ཐམས་ཅད་དེར་འགྲུབ་པས། །ཕུར་ནི་ཐམས་ཅད་བྱང་ཆུབ་སེམས། །པ་ནི་ཐམས་ཅད་ཀུན་ཏུ་ཁྱབ། །ཕུར་ནི་ཐམས་ཅད་གཙོ་བོའི་མཆོག །པ་ནི་ཐམས་ཅད་འཁོར་གྱི་ཚུལ། །ཕུར་ནི་ཐམས་ཅད་སྐྱེ་བ་མེད། །པ་ནི་རོལ་པ་འགག་པ་མེད། །ཕུར་ནི་བྱང་ཆུབ་སེམས་སུ་གཅིག །པ་ནི་ཐམས་ཅད་དེ་རུ་འགྲུབ། །ཆོས་ཉིད་ཕུར་པ་ཐམས་ཅད་རྒྱུད། །བསྐུལ་བ་ཆོས་ཀྱི་དབྱིངས་ལ་གདབ། །ཐུགས་རྗེའི་ཕུར་པ་ཉོན་མོངས་ལོག་པར་འཁྱམས་པ་རྣམས་ལ་གདབ། །གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་ནི། །རྟོག་ཚོགས་རྡུང་ཕྱིར་ཡུམ་གྱི་མཁའ་ལ་གདབ། །མཚན་མ་རྫས་ཀྱི་ཕུར་པ་ནི། །བསྒྲལ་ཕྱིར་དགྲ་བགེགས་གཉིས་ལ་གདབ། །རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད་ལས། ཕུར་པའི་དོན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་ཁྲག་འཐུང་གི་རྒྱལ་པོ་དེས། འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །དེ་ནས་ཕག་གི་མགོ་ཅན་དང་། །སྨིག་བུའི་མགོ་ཅན་ལ་སོགས་པས། །གསོལ་བ་གདབ་པའི་ཕྱིར་འདི་སྐད་དོ། །ཀྱེ་མ་གསང་བ་བདག་ཉིད་གཙོ། །སྐུ་གསུང་ཐུགས་ནི་རབ་ཟབ་པས། །རྒྱ་མཚོ་ལྟ་བུའི་ངང་ཚུལ་ཅན། །སྐྱེ་མེད་དོན་ལྡན་ཁྱོད་ལ་བསྟོད། །གསང་སྔགས་བདག་པོ་ཁྱོད་ལ་བསྟོད། །ཐེག་པའི་རང་བཞིན་ཁྱོད་ལ་བསྟོད། །ཐམས་ཅད་མངའ་བདག་ཁྱོད་ལ་བསྟོད། །རོལ་པའི་བདག་ཉིད་ཁྱོད་ལ་བསྟོད། །ཕྲིན་ལས་མངའ་བདག་ཁྱོད་ལ་བསྟོད། །བདུད་འདུལ་ཁྲོ་རྒྱལ་ཁྱོད་ལ་བསྟོད། །དབང་སྡུད་ཆེན་པོ་ཁྱོད་ལ་བསྟོད། །ཟིལ་གནོན་ཆེན་པོ་ཁྱོད་ལ་བསྟོད། །ཅེས་དེ་རྣམས་ཤིན་ཏུ་དགེས་ནས་དགེས་པའི་ང་རོ་བྱུང་སྟེ་དེ་སྐད་ཅེས་བསྟོད་དོ། །རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་ལྔ་པའོ།། །།རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད་རྫོགས་སོ།། །།


previousརྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད། next