Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གཅིག་པ། ཞ༽


   
   
   
   
   
   
   
   
   
   
   
   
ཁྲོ་བོའི་རྒྱལ་པོ་གཞན་གྱིས་མི་ཐུབ་པའི་རྒྱུད།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་བོའི་རྒྱལ་པོ་གཞན་གྱིས་མི་ཐུབ་པའི་རྒྱུད། next

ཁྲོ་བོའི་རྒྱལ་པོ་གཞན་གྱིས་མི་ཐུབ་པའི་རྒྱུད།


DNG021_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྲོ་དྷ་རཱ་ཛ་ཨ་པ་རཱ་ཛི་ཏ་ཏནྟྲ། བོད་སྐད་དུ།ཁྲོ་བོའི་རྒྱལ་པོ་གཞན་གྱིས་མི་ཐུབ་པའི་རྒྱུད། དཔལ་ཁྲག་འཐུང་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་དཔལ་ཁྲག་འཐུང་རྔམ་པའི་རྒྱལ་པོ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། གསང་བ་མཆོག་གིས་དགྱེས་པའི་གནས་དུར་ཁྲོད་ཆེན་པོ་ཀེང་རུས་ཀྱི་གཞལ་ཡས་ཁང་། རཱུ་ཏྲ་བསྣོལ་བའི་གདན་སྟེངས་ན། ཡུམ་དང་གཉིས་སུ་མེད་པར་ཕྱག་རྒྱའི་རོལ་པ་མཛད་དེ། ཀརྨ་ཧེ་རུ་ཀ་དང་། སྤྱང་ཀིའི་མགོ་ཅན་དང་། ཁྲའི་མགོ་ཅན་དང་། མགོ་བརྙན་གྱི་ཚོགས་མཐའ་དག་གིས། གཙོ་བོ་ལ་འདི་སྐད་


DNG021_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་ཏོ། །ཨེ་མ་ཧོ། འཁོར་བར་འཁྱམས་པའི་སྙིང་རྗེ་ནི། །ཐུགས་རྗེ་སྨོན་ལམ་མཐའ་ཡི་དབང་། །མ་བསྒྲིབས་གསལ་བའི་ངང་ཉིད་ལས། །སྐུ་མཆོག་འབར་བ་བསྟན་དུ་གསོལ། །ཞེས་རྣམ་པར་བསྐུལ་ལོ། །དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས། ཆོ་འཕྲུལ་དབང་གི་སྙིང་རྗེའི་ཏིང་ངེ་འཛིན་ལ་བཞུགས་ཏེ། སྐད་ཅིག་ལ་གཟུགས་སྐུ་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྤྲུལ་ཏེ་འགྲོ་བ་སེམས་ཅན་གྱི་དོན་ལ་བཞེངས་སོ། །དེ་ནས་ཡང་དེའི་ཚེ། འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། ཐབས་ཀྱི་སྐུ་མཆོག་གསང་བའི་ངང་། །ཁྲོས་པའི་སྐུ་མཆོག་བསྟན་དུ་གསོལ། །འགྲོ་བའི་དོན་ལ་རབ་ཏུ་དགོངས། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། སྐུ་གསུང་ཐུགས་སུ་ཆུད་དེ་འོད་ཟེར་གྱི་ངང་ལས་གདུག་པ་ཐམས་ཅད་བསྒྲལ་བའི་ཆེད་དུ། ཐུགས་རྗེའི་དབང་གིས་ཁྲོ་བོའི་སྐུར་སྤྲུལ་ནས།ཡེ་ཤེས་ལྔས་དོན་མཛད་དོ། །དེའི་ཚེ་གདུག་པའི་ཚོགས་ཐམས་ཅད་རབ་ཏུ་སྔངས་པར་གྱུར་ཏོ། །དེ་ནས་ཡང་སྐུ་ཁྲོ་བོའི་རྒྱལ་པོའི་ངང་ལས་ཆོ་འཕྲུལ་གྱིས་དཀྱིལ་འཁོར་བསྟན་པར་གསུངས་སོ། །ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་ཁྲག་འཐུང་གི་རྒྱལ་པོ་དེས། གཞན་གྱིས་མི་ཐུབ་པའི་དཀྱིལ་འཁོར་བསྟན་ཏེ། གཞན་གྱིས་མི་ཐུབ་དཀྱིལ་འཁོར་ནི། །ལས་ཀྱི་རྡོ་རྗེའི་དཀྱིལ་འཁོར་བྲི། །དེ་ཡི་དབུས་ཀྱི་ལྟེ་བ་ལ། །སེར་ནག་གྲུ་གསུམ་འོད་དང་བཅས། །དེ་དབུས་བསམ་པར་བྱ་བ་ནི། །རླུང་གི་ཕུང་པོའི་སྟེང་དུ་ནི། །རང་གི་ས་བོན་ཉི་ཟླའི་སྟེང་། །རང་གི་སྔགས་འོད་དེ་བཟླས་པས། །གཞན་གྱིས་མི་ཐུབ་སྐུར་གསལ་གྱུར། །དེ་ལ་དབང་བྱིན་ཐམས་ཅད་ཀུན། །རྒྱས་པར་གཞན་བཞིན་བྱ་བ་ཡིན། །དུར་ཁྲོད་རྐང་གི་ཕུར་པ་ལ། །རྒྱུས་ཆེན་དག་གིས་གདགས་པར་བྱ། །གསང་བའི་ཡིག་བཀོད་བཟླས་པ་བྱ། །ཉི་ཁྲིར་


DNG021_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་བར་བྱ་བ་དང་། །དེ་ལས་མཚན་མ་བཟང་པོ་འབྱུང་། །དེ་ནས་ལས་ལ་སྦྱར་བར་བྱ། །དུར་ཁྲོད་གཡམ་པ་གཡས་ཕྱོགས་བླངས། །མཚན་མ་མིང་དང་བཅས་པ་བྲི། །རྒྱུས་ཆེན་སྐེ་ནས་བཏགས་ལ་བཞག །དེ་ལ་དགུག་གཞུག་བྱ་བ་ཡིན། །ཁུག་ནས་ལས་ལ་སྦྱར་བར་བྱ། །དེ་ཡིས་བསད་པ་ཡུད་ཀྱིས་ནི། །མོད་ལ་ངེས་པར་འཆི་བར་འགྱུར། །དེ་ཡི་དུས་སུ་བསྐུལ་བར་བྱ། །ཕུར་པ་དྲིལ་ཏེ་ཕྱོགས་བཅུར་གཏད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྔོན་གྱི་ཐུགས་དམ་ཞལ་བཞེས་པ། །དྲག་པོའི་ལས་རྣམས་བྱ་བ་ནི། །ཉིད་ཀྱི་ཞལ་བཞེས་མ་འདའ་བར། །གདུག་ཅན་སྒྲོལ་བའི་དུས་ལ་བབ། །དེ་སྐད་བསྐུལ་བས་རང་དབང་མེད། །དྲག་པོའི་ལས་ཀྱིས་གསོད་པར་བྱེད། །ལོག་པར་བར་དུ་གཅོད་པ་ཡིས། །འབྱུང་པོའི་གདོན་རྣམས་བརྡུང་བར་བྱ། །དུར་ཁྲོད་གཡམ་པའི་ནང་ལོགས་སུ། །བསེ་ཤིང་ཞོ་ཅན་གཟུགས་བྲིས་ལ། །རྒྱ་གྲམ་ལམ་དུ་དེ་མནན་ན། །གདོན་དང་འབྱུང་པོས་ཚུགས་མི་འགྱུར། །འདི་ནི་ལས་ཀྱི་མཆོག་ཅེས་བྱའོ། །ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྒྱུད་ལས། དཀྱིལ་འཁོར་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཁྲག་འཐུང་གི་རྒྱལ་པོས། ཕྱུགས་ཀྱི་གདོན་བསྲུང་བ་གསུངས་ཏེ།ཕྱུགས་ཀྱི་གདོན་རྣམས་བསྲུང་བ་ཡང་། །རེའུ་ལྕག་ཐར་ནུ་ཞོ་ཅན་ཐམས་ཅད་ལ། །གང་ལ་གནོད་པའི་ཕྱུགས་གཟུགས་བྱ། །མིང་ཡང་བྲིས་ལ་སྙིང་གར་གཞུག །གདོན་ནི་སྨུག་ནག་ཁམ་ས་འམ། །ཐལ་བ་འམ་ནི་གང་རུང་ལ། །གཟུགས་རྣམས་རབ་ཏུ་བྱ་བར་གསུངས། །བསྙེན་བསྒྲུབ་ཚུལ་བཞིན་ཚོགས་ཀྱིས་མཆོད། །གདབ་ལས་དྲག་པོ་རབ་ཏུ་གསུངས། །མནན་སྲེག་འཕང་གསུམ་བཀའ་བཞིན་བྱའོ། །ཕན་པར་འགྱུར་བ་ཐེ་ཚོམ་མེད། །ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྒྱུད་ལས། ཕན་བྱའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས།


DNG021_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་བསྟན་པའི་ལས་གསུངས་ཏེ། །ཝ་དང་སྤྱང་ཀིའི་གཟུགས་བྱས་ལ། །འབྲུ་སྣ་བདུན་ལ་བྱ་བར་གསུངས། །དོན་སྙིང་གང་རྙེད་ཁོག་ཏུ་གཞུག །གང་ཡིན་པ་ཡི་སྤུ་ཡིས་སྤྲས། །ལྟས་ངན་དྲག་པོའི་སྒྲོ་བཞི་གཟུག །བསྙེན་པ་སྒྲུབ་པ་སྒྲུབ་ཆེན་པོ། །གོང་དུ་བསྟན་པ་བསྙེན་པའོ། །ཛ་གད་མཆོད་པ་སྐབས་ཀྱིས་སྦྱར། །སྒྲུབ་པ་གཉིས་པ་འབྲུ་དགུ་གཅེས། །ཛྭ་ལ་པ་ཡ་མཐའ་ལ་གདགས། །དགྲ་ལ་ལྟས་ངན་དབབ་པར་བསམ། །བསྟོད་པའི་གཞུག་ལ་རྦད་པའི་ལས། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ། །དགྲ་ཕྱོགས་བསྟན་ཅིང་སྨོན་ལམ་གདབ། །དགྲ་ཡི་ཕྱོགས་སུ་ཁ་བསྟན་ལ། །དགྲ་ཡི་ཁང་པའི་རྨང་དུ་གཞུག །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྒྱུད་ལས། ཆོ་འཕྲུལ་ལྟས་ངན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེ་ལ་འཁོར་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ། བསྒྲལ་བའི་དོན་ཕྱིར་ཇི་ལྟར་ལགས། །དམ་ཚིག་དོན་རྣམས་ཇི་ལྟར་ལགས། །འཁོར་བའི་མཚན་ཉིད་ཇི་ལྟར་ལགས། །གསང་བའི་མཚན་ཉིད་ཇི་ལྟར་ལགས། །ཞེས་གསོལ་པས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། ཕྱག་རྒྱ་བཅིངས་གྲོལ་གྱི་གསུང་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། གལ་ཏེ་ངན་སོང་གསུམ་པོ་ནས། །ཐར་པར་གྱུར་ཀྱང་རཱུ་ཏྲར་སྐྱེས། །སེམས་ཅན་འཚེ་ཞིང་སྲོག་གཅོད་པས། །དམ་ཚིག་བླངས་ཏེ་བསྒྲལ་བར་བྱའོ། །ལས་ཀྱི་འཁོར་བ་ཡིན་པར་བཤད། །གསང་བ་ཟབ་མོའི་མདོ་འདི་ནི། །གཞག་པར་བྱ་བའི་སྣོད་ཀྱང་དཀོན། །ཞེས་གསུངས་སོ། ། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ།། །།ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྒྱུད་རྫོགས་སོ།། །།


previousཁྲོ་བོའི་རྒྱལ་པོ་གཞན་གྱིས་མི་ཐུབ་པའི་རྒྱུད། next