Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གཅིག་པ། ཞ༽


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ་གབ་པ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
   
   


 
previousརྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ་གབ་པ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།next

རྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ་གབ་པ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།


DNG021_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ། ཀརྨ་ཙཀྲ། གུ་ཧྱ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ་གབ་པ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། ཞེ་སྡང་གི་རྒྱལ་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཟག་པ་མེད་པར་མཉམ་པར་བཞག་པའི་ཚེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བསྐུལ་ཏེ། བདེ་ཆེན་ཞི་བ་


DNG021_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་མཆོག །སྟོན་པ་རྡོ་རྗེ་ཆོས་ཉིད་ཀྱིས། །ཨེ་མ་འདུལ་བར་གྱུར་མ་ཡིན། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ། །འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ལ། །གདུག་པའི་ཚོགས་རྣམས་འདུལ་དུ་གསོལ། །ཞེས་བསྐུར་བས། བསྐུལ་བའི་དོན་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ཏེ། ཐུན་མོང་མ་ཡིན་པའི་མཚན་མཆོག་གིས་མངོན་པར་སྤྲས་པའི་སྐུ་དེས། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། འཁོར་སེམས་དཔའ་དང་སེམས་མ་རྣམས་ལ། དམ་ཆོས་བདུད་རྩི་ཕུར་པའི་ཆོས་རྣམས་སྐུའི་སྒོ་ནས་འཇལ་བར་བསྟན་ཏེ། འཁོར་བའི་སྤོང་སྒྲིབ་ལས་རྣམས་མངོན་པར་སྤངས་ཏེ། གྲོལ་བའི་ས་ལ་ལེགས་པར་གནས་སོ། །ཐུགས་རྗེའི་སྟོབས་ཀྱིས་ཕྱག་ན་རྡོ་རྗེ་མངོན་པར་སྤྲུལ་ཏེ། ཡང་སྙིང་འབྲུ་དགུའི་ཚུལ་དུ་ཐུགས་ཀར་བསྟན། དེ་ནས་འཁོར་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་འདོད་ཁམས་པ་རྣམས་ཀྱིས་མཐོང་བའི་ལམ་དུ་མ་གྱུར་པ་རྣམས། དེ་མངོན་པར་རྟོགས་པར་བྱ་བའི་ཕྱིར། ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། འདོད་ཁམས་གནས་རིས་ཉི་ཤུའི་སྟོན་པར་གཤེགས་ཏེ། སུམ་ཅུ་རྩ་གསུམ་གྱི་གནས་སུ་འཇིགས་བྱེད་ཆེན་པོའི་གཞལ་ཡས་ཁང་དུ་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་ཉིད་ཞེ་སྡང་གི་བདག་པོ་ཞལ་གསུམ་ཕྱག་དྲུག་པར་མངོན་པར་སྤྲུལ་ཏེ། འཁོར་རྣམས་ལ་ཕེམ་ཕཊ་ཅེས་མངོན་པར་སྒྲ་བསྒྲགས་ཏེ། དེའི་ཚེ་ལས་ཀྱི་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །སེམས་དཔའ་ཆེན་པོ་སངས་རྒྱས་ཤིང་འཁོར་བ་ལས་བསྒྲལ་བར་བྱ་བའི་ཕྱིར། རྣལ་འབྱོར་གྱི་ཆ་རྐྱེན་དུ་བཞག་པ་ལ་དོན་དུ་མཆིས། ལས་ཀྱི་སེམས་དཔའ་ཉོན་ཅིག །ཏིང་འཛིན་དཀྱིལ་འཁོར་བསྒོམ་པ་དང་། །རང་བཞིན་དཀྱིལ་འཁོར་སྒྲུབ་པ་དང་། །ཕྱག་རྒྱ་ཆེ་ལ་གནས་རྣམས་ཀྱིས། །འབྲས་བུ་སྐུ་བཞི་ཐོབ་པར་འགྱུར། །རྣལ་འབྱོར་ཆ་རྐྱེན་རིམ་པའོ། །སེམས་དཔའ་ཆེན་པོ་གཟས་


DNG021_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་རྐྱེན་དུ་བཞག་པ་ལ་དོན་དུ་ཅི་མཆིས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །ཨེ་མ་ཧོ། འཇིག་རྟེན་འདི་ནས་ཕ་རོལ་དུ་བསྒྲལ་བ་ལ། མྱ་ངན་ལས་འདས་པའི་མཐར་བསྒྲལ་བའི་རིམ་པའོ། །འཇིག་རྟེན་འདི་ནས་ཕ་རོལ་དུ་བསྒྲལ་བ་ལ། ལམ་ཡན་ལག་ཅི་ལྟ་བུ་ལགས་བཤད་དུ་གསོལ། སེམས་དཔའ་ཆེན་པོ་ཉོན་ཅིག །བསྙེན་པ་བསྡུས་པའི་ཡན་ལག་དང་། །བསྒྲུབ་པ་ཆེན་པོའི་གནས་ཀྱི་རིམ་པ་དང་། །དྲག་པོའི་ལས་ལ་སྦྱར་བའོ། །དེ་ལ་དཀྱིལ་འཁོར་དུ་ཞིག་མཆིས། །སེམས་དཔའ་ཆེན་པོ་ཉོན་ཅིག །དཀྱིལ་འཁོར་རྣམ་པ་བཞི་སྟེ། བསྙེན་པས་བསྡུས་པའི་དཀྱིལ་འཁོར་རྩིབས་བརྒྱད་དང་། སྒྲུབ་པ་སྟེ་གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་དང་། སྒྲུབ་པ་ཆེན་པོ་སྟེ་སྔགས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དང་། ལས་ལ་སྦྱར་བ་སྟེ་མཱ་ར་ཡ་བསད་པའི་དཀྱིལ་འཁོར་དང་བཞིའོ། །སེམས་དཔའ་ཆེན་པོ་དེ་ལྟ་བུའི་དཀྱིལ་འཁོར་འདི་གང་ཟག་ཇི་ལྟ་བུ་ཞིག་གིས་གཟུང་ཞིང་བསྒྲུབ་པར་བགྱི། ཉོན་ཅིག །གང་ཟག་རྣམ་པ་ལྔ་སྟེ། ཐེག་པ་ཆེན་པོའི་རིགས་ཅན་དང་། ཐེག་པ་ཆུང་ངུའི་རིགས་ཅན་དང་། གང་ཟག་རིགས་ཆད་པ་དང་། རིགས་མ་ངེས་པ་དང་། གང་ཟག་ཞེ་སྡང་རྡོ་རྗེའི་རིགས་ཅན་ནོ། །འདིར་ནི་གང་ཟག་ཞེ་སྡང་རྡོ་རྗེའི་རིགས་ཅན་གྱིས་བསྒྲུབ་པར་བྱའོ། །སེམས་དཔའ་ཆེན་པོ། འདིའི་ཐིག་སྐུད་ཀྱི་རྒྱུ་རྣམས་ཇི་ལྟར་ལགས། བསྙེན་པ་བསྡུས་པའི་དུས་རས་བལ་གྱི་བཀལ་བ་དང་། བསྒྲུབ་པའི་དུས་སུ་ནི་ཁ་རལ་མའི་རྒྱུ་མས་སོ། །དྲག་པོའི་རུས་སུ་བྲམ་ཟེའི་སྲོག་པ་རྩས་སོ། །མཱ་ར་ཡ་བསད་པའི་དུས་སུ་རྒྱུས་ཆེན་གྱིས་སོ། །འདིའི་ཚོན་གྱི་མཚན་ཉིད་ཅི་ལྟ་བུ་ལགས། བསྙེན་པ་ལ་ནི་རིན་ཆེན་སྣ་ལྔས་བྲི། བསྒྲུབ་པའི་དུས་སུ་འབྲས་ལ་སོགས་པ་ཁ་དོག་བསྒྱུར་ལ་བྲིའོ། །དྲག་པོ་ལ་ཚོན་སྣ་ལྔས་སོ། །བསད་པ་ལ་ལྕགས་སོལ་ནག་པོ་ཡིན།


DNG021_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གྱི་མཚན་ཉིད་དེ་ལྟར་ཡིན་ན། བྲིས་པའི་དུས་ཇི་ལྟར་ལགས། བསྙེན་པ་ལ་ཉི་མ་ཤར་ནས་སོ། །བསྒྲུབ་པ་ལ་ནམ་ཕྱེད་ནས་སོ། །དྲག་པོ་ལ་ཉིན་ཕྱེད་ནས་སོ། །བསད་པ་དགོངས་ཀའི་དུས་སུའོ། །དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ། །ཕུར་བུའི་མཚན་ཉིད་དགོད་པ་ཇི་ལྟར་ལགས། ཉོན་ཅིག་ལས་ཀྱི་སེམས་དཔའ། བསྙེན་པའི་དུས་སུ་རིན་ཆེན་སྣ་ལྔའི་ཕུར་པ་སོར་བཅུ་དྲུག་པ་བྱ་ལ་དགོད། བསྒྲུབ་པའི་དུས་སུ་གདུག་པ་ཅན་གྱི་ཤིང་ལ་སོར་བཅུ་གཉིས་པར་བྱས་ལ་དགོད། དྲག་པོའི་དུས་སུ་རྐང་ཆེན་གྱི་ཕུར་བུ་སོར་བརྒྱད་པའི་ཚད་དུ་བྱས་ལ་དགོད། མཱ་ར་ཡ་བསད་པའི་དུས་སུ་ལྕགས་སྣ་ལྔ་ལས་བྱས་པའི་ཕུར་པ་སོར་བཞི་པའི་ཚད་དུ་བྱས་ལ་དགོད། ཨེ་མ་ཧོ། སེམས་དཔའ་ཆེན་པོ་དེ་ལྟར་གྱུར་པ་ལགས་ན། དེའི་ཆ་རྐྱེན་ཇི་ལྟར་ལགས། བསྙེན་པ་ལ་མཆོད་རྫས་དང་ཆོ་ག་རྫོགས་པའོ། །བསྒྲུབ་པ་ལ་སྔགས་ཀྱི་འཁོར་ལོ་ཆེ། དྲག་པོ་ལ་བདེ་གཤེགས་བཀའ་ཉན་བསྐུལ་བའོ། །བསད་པ་ལ་ཟངས་ཕྱེ་ལྕགས་ཕྱེའོ། །དེ་ནི་ཆ་རྐྱེན་མཆོག་ཡིན་ཏེ། །དཀྱིལ་འཁོར་ཆེན་པོའི་རྐྱེན་དུ་བཤད། །གླེང་གཞི་དང་གླེང་བསླང་བ་དང་། གཞལ་ཡས་ཁང་གི་ལེའུ་སྟེ་དང་པོའོ།། །།བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་མཱ་ར་ཡས་བསད་པ་ལ་དོན་དུ་མཆིས་བཤད་དུ་གསོལ། ཨེ་མ་ཧོ། ལས་ཀྱི་སེམས་དཔའ་ཉོན་ཅིག །མཱ་ར་ཡ་བསད་པ་ལ་དཀྱིལ་འཁོར་གསུམ་སྟེ། མེའི་དཀྱིལ་འཁོར་དང་། བསྟབ་པའི་དཀྱིལ་འཁོར་དང་། མཱ་ར་ཡ་བསད་པའི་དཀྱིལ་འཁོར་དང་གསུམ་མོ། །དེ་ལ་མེའི་དཀྱིལ་འཁོར་ནི། ཤར་ལྷོ་མཚམས་སུ་རྒྱར་གྲུ་གང་ཟབས་སུ་ཁྲུ་ཕྱེད་དོ། །ཁ་ཁྱེར་གསུམ་ལ་རྒྱར་སོར་བཞི་པའོ། །དཔངས་སུ་སོར་བཞི་པའོ། །དེ་ཡང་མ་ཏྲི་ཆེན་པོའི་སྙིང་གར་བྲིའོ། །ཚོན་བྲི་བ་ནི། ནང་དུ་མདའ་གཞུ་བཀང་བ་གསུམ། ཟུར་གསུམ་ལ་ཟ་བྱེད་ཀྱི་ཞལ་གསུམ། བང་


DNG021_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བར་མ་ལ་མཚོན་ཆ་ལྔ་མཛེས་པའི་ཚུལ་དུ་བྲི། བང་རིམ་ཐ་མ་ལ་མེ་རི་སྨུག་ནག་ཏུ་བཏང་བར་བྱའོ། །དེར་གདུག་པ་ཅན་གྱི་ཤིང་རྣམས་ལ། བ་རལ་མའི་སྐྲས་བཅིངས་ཏེ། དུག་ཤིང་སྣ་ཚོགས་པ་ལ། སྙིང་དང་གློ་བས་བརྒྱན་པ་ནི། །དྲག་པོ་མེ་ཡི་དཀྱིལ་འཁོར་རོ། །བསྟབ་པའི་དཀྱིལ་འཁོར་ནི་བྱང་ཤར་མཚམས་སུའོ། །དཔངས་སུ་སོར་བཞི་ལ། སྙིང་པོ་ནྲྀ་ཏྲི་དང་བཅས་པའོ། །དེར་བསྒྲལ་བའི་ལིངྒ་ནི། ར་དང་ཁྱི་དང་མིའི་སོག་པ་ལ་བྲིས་ལ་མཆོད་པ་ཆེན་པོའི་དུས་སུ་བསྟབ་པོ། །མཱ་ར་ཡ་བསད་པའི་དཀྱིལ་འཁོར་ནི། ལྷོ་ནུབ་མཚམས་སུ་ཧོམ་ཁུང་རྒྱར་གྲུ་གང་བ། ཟབས་སུ་ཁྲུ་དོ། ལོགས་གསུམ་དུ་མདའ་གཞུ་བཀང་བ་གསུམ་བྲིས་ལ། ཟུར་གསུམ་ལ་ཟ་བྱེད་ཀྱི་ཞལ་དང་བཅས་པ་བྲི། བང་རིམ་བར་མ་ལ་རྩང་དྲུག་ཅུ་རྩ་གཉིས་སྲིན་མོ་འགྲོས་སུ་འཁོར་བར་གཟུག །བང་རིམ་ཐ་མ་ལ་མཚོན་ཆ་ལྔ་དགོད་པའོ། །བཅོམ་ལྡན་འདས་དཀྱིལ་འཁོར་དེ་ལྟར་ལགས་ན། དེ་བསྒྲལ་བའི་ལིངྒའི་རྒྱུ་གང་ལགས་བཤད་དུ་གསོལ། སེམས་དཔའ་ཆེན་པོ་ཉོན་ཅིག །དེ་དྲི་བ་ལེགས་སོ། །རྒྱུ་ནི་ཁྲེ་དང་ཇུ་ཙེའི་ཕུབ་མ་དང་། །གངས་ཀྱིས་རེག་པའི་ས་རྣམས་དང་། །འབྱུང་བ་ཆུ་ཡི་ཐལ་བ་དང་། །ཏིལ་ནག་པོ་ལ་གཞི་བླང་སྟེ། །གཟུགས་ནི་ཡང་དག་རྫོགས་པར་བྱའོ། །དུག་གི་ཆུ་ཡི་བྱུག་པ་ཡིས། །མདོག་ནི་སྨུག་ནག་བ་རུ་བྱ། །དེ་ནི་རྣམ་ཤེས་རྟེན་ཡིན་ཏེ། །ཚེ་དང་ཕུང་པོ་སྡུད་པའོ། །དེ་ནི་འཕོ་བའི་ལིངྒ་སྟེ། །སྔགས་ཀྱི་འཁོར་ལོ་ཅི་ལྟར་བྱ། །སེམས་དཔའ་ཆེན་པོས་བཤད་དུ་གསོལ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །སྔགས་ཀྱི་འཁོར་ལོ་འགོད་པ་ནི། །དཔྲལ་བ་ཀླད་རྒྱས་འཁོར་ལོ་ནི། །ལྷ་རྣམས་བསྲུངས་པའི་འཁོར་ལོ་སྟེ། །མདོག་ནག་ཟླ་བ་ཁམ་པ་ལ། །ལྷ་དང་དབྲལ་བའི་སྙིང་པོ་དགོད་པའོ། །ཁྲག་ཆེན་འཁོར་ལོ་རྩིབས་བཞི་བྲི། །རྨྱུག་གུ་རྐང་ཆེན་མཆོག་གིས་བྲི། །


DNG021_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྣག་ཚ་ནིམ་པ་ཀ་ཡི་ཁུ་བས་བྱ། །ཧ་ས་ཡ་ར་དགོད་པ་ཡིན། །དེ་ལ་སྐྱོབ་པའི་ལྷ་དང་འབྲལ། །དབྱེན་སྤྱོ་བ་ཡི་ཡི་གེ་ཡིས། །ལྷ་དང་དབྲལ་བར་བཤད་པ་ཡིན། །གཟུགས་ལ་སྙིང་པོ་བསྡུ་བར་བཤད་པ་ནི། །ལྕུམ་གཞོགས་ལྟ་བུའི་ཟུར་བརྒྱད་ལ། །རྩ་ཡི་དྭངས་མ་བཞི་གནས་ཏེ། །ཀུན་གཞིའི་རྣམ་ཤེས་རྟེན་ཡིན་པས། །གཟུགས་ལ་དབབ་པའི་སྙིང་པོ་དགོད། །ཨཱ་བེ་ཤ་ཡི་སྔགས་དགོད་པས། །གཟུགས་ལ་དབབ་པའི་ལས་སུ་འགྱུར། །ཉ་ཡི་དབྱིབས་འདྲ་བཞི་པོ་ལ། །དར་དཀར་སྐུད་པ་ལྔ་ཡོད་དེ། །དབྱིབས་ནི་པདྨ་རྒྱས་འདྲ་ལ། །ཤཱི་གྲན་ཨཱ་ན་ཡ་ཡི་སྔགས་བཀོད་པས། །བྱད་དུ་གཞུག་པའི་ལས་སུ་འགྱུར། །དར་ལྕེ་བཀུག་པའི་དབྱིབས་འདྲ་དང་། །རིན་ཆེན་པདྨ་བཞི་པོ་ལ། །སྨྲ་བྱེད་སྙིང་པོའི་མཚན་བཀོད་ཅིང་། །ཛྭ་ལ་པ་ཡི་སྔགས་དགོད་པས། །སྨྱོ་བར་གཞུག་པའི་ལས་སུ་འགྱུར། །གྲོ་ག་གཅུས་པ་འདྲ་བ་དང་། །ཟངས་ཀྱི་མོ་ཁབ་འདྲ་བ་དང་། །ཟར་མའི་མེ་ཏོག་དབྱིབས་འདྲ་དང་། །ཚེས་གཅིག་ཟླ་བའི་དབྱིབས་འདྲ་ལ། །ཏཱ་ཐ་ཡ་ཡི་སྔགས་བཀོད་པས། །རྡུལ་དུ་རློག་པའི་ལས་སུ་འགྱུར། །རྡོ་རྗེའི་དབྱིབས་འདྲའི་འཁོར་ལོ་ལ། །བྱང་ཆུབ་སེམས་ཀྱི་རྒྱུ་སྲང་ལ། །བྷིནྡ་ཡ་ཡི་སྔགས་བཀོད་པས། །ཞལ་དུ་སྟོབ་པའི་ལས་སུ་འགྱུར། །སེམས་དཔའ་ཆེན་པོ་སྔགས་ཀྱི་འཁོར་ལོ་བཀོད་པ་དེ་ལྟར་ལགས་ན། གང་ཟག་ཇི་ལྟ་བུ་ཞིག་གིས་བྲི་བར་བགྱི། ཞེ་སྡང་རྡོ་རྗེའི་རིགས་ཀྱིས་བྲི་བར་བྱའོ། །དེའི་ཁ་དོག་དང་དབྱིབས་ནི་ནག་ལ་སྐྲ་གྱེན་དུ་འཁྱིལ་པ། མིག་སྤྲིན་དམར་བ། སྨིན་མའི་དབུས་ན་ཁྲོ་གཉེར་གསུམ་ཡོད་པ། མཆེ་བ་གཙིགས་པ། ལག་པ་ཆུ་བྱ་ལག་ཏུ་འདུག་པ། ཐེག་པ་མཆོག་ལ་དད་པ། མངོན་པར་ཤེས་པ་དེས་བྲི་བར་བྱའོ། །སྔགས་ཀྱི་འཁོར་ལོ་བྲི་བའི་དུས་གང་ལགས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །དུས་ནི་གསུམ་སྟེ། རྨྱུག་གུ་བཙལ་བའི་དུས་དང་། བྲི་བའི་


DNG021_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དང་། སྣག་ཚ་བཙལ་བའི་དུས་དང་གསུམ་མོ། །བྲི་བའི་དུས་ནི་ཉ་ནག་དམར་གྱི་དུས་སོ། །རྨྱུག་གུ་བཙལ་བའི་དུས་ནི། སྨིན་དྲུག་ས་འོག་ཏུ་སོང་བའི་དུས་སོ། །སྣག་ཚ་བཙལ་བའི་དུས་ནི། དཔྱིད་ཟླ་འབྲིང་པོ་ལྷ་མོ་ཨུ་མ་དེ་ཝཱི་གསང་བའི་མཁར་འཆར་བའི་དུས་སོ། །བཅོམ་ལྡན་འདས་རྨྱུག་གུ་དང་འཁོར་ལོ་དེ་ལྟར་ལགས་ན། འཁོར་ལོ་ཆེན་པོ་བཅའ་བའི་དུས་གང་ལགས། དུས་ནི་བསྙེན་པ་རྫོགས་པའོ། །ལས་ནི་སྒྲུབ་པའོ། །རྒྱུ་ནི་གྲོ་གའམ་ཤོག་ཤོག་སྟེ། འཕོ་བའི་ཡན་ལག་རྫོགས་པར་བྲི། མདོག་ནི་སྨུག་ནག་དག་ཏུ་བྱའོ། །དྲག་པོའི་ལས་ལ་འཁོར་ལོ་ནག །དབྱིབས་ནི་ཟླ་བ་ཁམ་པ་ལ། །མདོག་ནི་ནག་པོ་ལྕེ་བཞིར་བཅས། །དབུས་སུ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། དབུས་སུ་ཆེ་གེ་མོ་མཱ་ར་ཡ་དགོད། ལྕེ་བཞིར་ཧཱ་ས་ཡར་བཞི་དགོད། དབུས་ཀྱི་བཛྲ་ཀཱི་ལི་ཀཱི་ལ་ཡ་དང་པོས་ནི། བདག་ཉིད་ཕྱག་རྒྱ་ཆེན་པོར་གསལ་བའོ། །ཀཱི་ལ་ཡ་འོག་མས་ལྷ་ཚོགས་སུ་གསལ་ལོ། །ཆེ་གེ་མོ་ཡིས་དམིགས་པ་གསལ། །ཧ་ས་ཡ་ར་ན་བཟླས་པའི་མཆོག །དཔྲལ་བའི་འཁོར་ལོ་འདི་བསྐུར་རོ། །དབབ་པའི་འཁོར་ལོའི་དབྱིབས་རྣམས་ནི། །ལྕུམ་གཞོགས་འདྲ་བའི་ཟུར་བརྒྱད་ལ། །སྟེང་མ་པདྨ་འདབ་བརྒྱད་མཛེས། །འོག་ནི་རིན་ཆེན་ཟུར་བརྒྱད་དོ། །སྟེང་གི་པདྨའི་ལྟེ་བ་ལ། །དབུས་སུ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཞེས་པ་བྲི། འཁོར་ལོའི་འདབ་མའི་ཆ་རྣམས་ལ། །ཨཱ་བེ་ཤ་ཡ་ཞེས་པའི་སྙིང་པོ་བྲི། །གཟུགས་ལ་དབབ་པའི་འཁོར་ལོའི་རིམ་པའོ། །ཉ་ཡི་གཟུགས་འདྲ་བཞི་པོ་ལ། །འཁོར་ལོའི་འདབ་མ་རེ་རེ་ལ། །དབུས་སུ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཞེས་པ་བྲི། ཉ་འདྲ་བཞི་པོ་ལ། ཤཱི་གྷྲཾ་ཨཱ་ན་ཡ་ཡི་སྙིང་པོ་བྲི། འདིས་ནི་འཆིང་བར་འགྱུར་བའོ། །བྱད་དུ་གཞུག་པའི་འཁོར་ལོའི་རིམ་པའོ། །དར་ལྕེའི་ཁུག་པ་འདྲ་བ་དང་། །རིན་ཆེན་པདྨའི་སྡོང་པོ་འདྲ་བ་ལ། །དབུས་སུ་ཨོཾ་བཛྲ་ཀཱི་ལི་


DNG021_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི་ལ་ཡ། ཆེ་གེ་མོ་མཱ་ར་ཡ་ཞེས་པ་བྲི། མཐའ་མ་རྣམས་ལ། ཛྭ་ལ་པ་ཡའི་སྔགས་བཀོད་པས། །ཐམས་ཅད་མྱོས་ཤིང་སྨྲ་བར་འགྱུར། །སྨྱོ་བའི་འཁོར་ལོ་བཅའ་བའི་རིམ་པའོ། །དབྱིབས་ནི་གྲོ་ག་གཅུས་འདྲ་དང་། །ཟངས་ཀྱི་མོ་ཁབ་དབྱིབས་འདྲ་དང་། །ཟར་མའི་མེ་ཏོག་ཁ་ཕྱེ་བ། །ཟླ་བ་ཚེས་པའི་རྣམ་པ་འདྲ། །རེ་རེ་འཁོར་ལོ་ལྡེབ་རེ་ཡིན། །དབུས་སུ་ཨོཾ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཞེས་པ་བྲི། འཁོར་ལོའི་འདབ་མའི་ཆ་རྣམས་ལ། །ཏཱ་ཐ་ཡ་ཡི་སྔགས་རྣམས་བྲི། །རྡུལ་དུ་རློག་པའི་ལས་སུ་འགྱུར་རོ། །རྡུལ་དུ་རློག་པའི་འཁོར་ལོའི་རིམ་པའོ། །རྡོ་རྗེའི་དབྱིབས་འདྲའི་འཁོར་ལོ་ལ། །དབུས་སུ་ཨོཾ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཞེས་པ་བྲི། འཁོར་ལོ་འདབ་མའི་ཆ་རྣམས་ལ། །བྷིནྡ་ཡ་ཡི་སྔགས་བཀོད་པས། །ཞལ་དུ་སྟོབ་པའི་ལས་སུ་འགྱུར། །ཞལ་དུ་བསྟབ་པའི་འཁོར་ལོའི་རིམ་པའོ། །མཱ་ར་ཡ་བསད་པའི་འཁོར་ལོའི་རིམ་པ་བསྟན་པ་དང་། འཁོར་ལོ་བཅའ་བའི་རིམ་པའི་ལེའུ་སྟེ་གཉིས་པའོ།། །།སེམས་དཔའ་ཆེན་པོ་འཁོར་ལོ་བྲི་བ་དང་། མཱ་ར་ཡ་བསད་པའི་དཀྱིལ་འཁོར་དེ་ལྟར་ལགས་ན་གཟས་པ་པོ་འཇིག་རྟེན་འདི་ནས་ཕ་རོལ་དུ་བསྒྲལ་བ་ལ་སྔགས་ཀྱི་དོན་དུ་མཆིས་སེམས་དཔའ་ཆེན་པོ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ལེགས་སོ་སྔགས་འདིའི་དོན་རྟོགས་པར་དཀའ་བས་ཞུས་པ་ལེགས་སོ། །ཉོན་ཅིག་དེ་ལ་ཡང་བཞི་སྟེ། ཀཱི་ལ་ཡ་སྔགས་ཀྱི་ཕྲེང་བ་དང་། ཀཱི་ལི་ཀཱི་ལ་ཡ་སྔགས་ཀྱི་འཁོར་ལོ་དང་། ཀཱི་ལ་ཡ་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་རིམ་པ་དང་། ཀཱི་ལ་ཡ་ཆོས་ཉིད་ལ་གནས་པའི་རིམ་པའོ། །སེམས་དཔའ་ཆེན་པོ་སྔགས་ཀྱི་ཕྲེང་བ་ལ་དོན་དུ་མཆིས། ལས་ཀྱི་སེམས་དཔའ་ཉོན་ཅིག །དེ་ལ་གཉིས་ཏེ། འདྲེན་པར་བྱེད་པ་དང་། ཟིལ་གྱིས་གནོན་པའོ། །འདྲེན་པར་བྱེད་པ་ནི། སེམས་དཔའ་ཆེན་པོ་སྔགས་ཀྱི་སེམས་དཔའི་ཐུགས་ཀ་ནས་ཙིཏྟ་རིན་ཆེན་ཟུར་བརྒྱད། དེའི་ལྟེ་བ་ལ་ཟག་པ་མེད་པའི་གཟུགས་


DNG021_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་དུ་གྱུར་པའི་རྡོ་རྗེ་རྩེ་དགུ་པ། དེའི་ལྟེ་བར་ཨོཾ། ཟུར་བརྒྱད་ལ་ཀཱི་ལ་ཡ་འབྲུ་བརྒྱད། དེའི་སྔགས་ཀྱི་བདག་པོས། ཨོཾ་བཛྲ་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་པས། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་བཞི་བྱུང་སྟེ། གཟས་པ་པོའི་གནས་མལ་དུ། ཡཾ་ལས་རླུང་གི་དལ་དུ་གྱུར་ཏེ། གནས་མལ་དང་གཟས་པ་པོར་བཅས་པ་ལྕགས་ཀྱུས་བཀུག །ཞགས་པས་བཅིང་། ལྕགས་སྒྲོག་གིས་བསྡམ། དྲིལ་བུས་དགྱེས་པར་བྱས་པ་ནི། འདྲེན་པར་བྱེད་པའི་རིམ་པའོ། །ཟིལ་གྱིས་གནོན་པའི་སྔགས་ཀྱི་རིམ་པ་ནི། ཨཱོཾ་ལཾ་ཧཱུཾ་ལཾ། ཞེས་བརྗོད་པས། གཟས་པ་པོའི་ཀླད་རྒྱས་སུ། ཡེ་ཤེས་ཀྱི་རི་རབ་རྩེ་མོ་བརྒྱད་པ་གཅིག་ཏུ་གྱུར་ཏེ། སྟཾ་བྷ་ཡ་ནན་ཞེས་པས་གནོན་པའོ། །མོ་ཧཱ་གྷ་ཡ་ནི་མིང་དང་རུས་སུ་བཅས་པའོ། །ཧྲཱྀཿཿཝི་ཏྲི་ནི་ཐབས་དང་ཤེས་རབ་ཟུང་དུ་འདྲེལ་བའོ། །ལས་ཀྱི་སེམས་དཔའ་དེ་རུ་ཁྲུས་ལུང་ཇི་ལྟར་ལགས། ཉོན་ཅིག་ཁྲུས་ལུང་གི་རིམ་པ་ལ་ཡང་རྣམ་པ་གཉིས་ཏེ། སྙིང་པོ་སྔགས་ཀྱི་ཁྲུས་ལུང་དང་། སྐུ་ཕྱག་རྒྱ་ཆེན་པོའི་ཁྲུས་ལུང་ངོ་། །སྙིང་པོ་སྔགས་ཀྱི་ཁྲུས་ལུང་ནི། ལས་ཀྱི་སེམས་དཔའི་དབུར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཨ་ཡི་ཕྲེང་བ་གསང་བའི་མགུལ་དུ་བཏབ་པའོ། །སྔགས་ཀྱི་བདག་པོ་ལ་ཡང་དེ་ལྟར་རོ། །སྒྲོལ་བའི་སྲས་མཆོག་སྟེ། ཐུགས་ཡེ་ཤེས་རྩེ་གཅིག་པའི་རྩེ་མོ་ལ་ཨ་བཀོད་སྟེ། ལས་ཀྱི་སེམས་དཔས་དྲིལ་བས། འོད་དུ་ཞུ་སྟེ་འོད་ཟེར་ཆུ་རྒྱུན་དུ་བྱུང་བས། སྒྲོལ་བའི་བདག་པོ་ལ་ཐིམ་པས། སླར་གཟས་པ་པོ་ལ་ཐིམ་པས། ཀུན་གཞི་ལ་ཡོད་པའི་བག་ཆགས་བསྲེག་པ་ནི། སྙིང་པོ་སྔགས་ཀྱི་ཁྲུས་ལུང་ངོ་། །སྐུ་ཕྱག་རྒྱ་ཆེན་པོའི་ཁྲུས་ལུང་ནི། བདེ་བར་གཤེགས་པ་རྣམས་ཀྱི་དགོངས་པ་ལ་གསལ་བར་འགྱུར་གྱི། ཕལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །སེམས་དཔའ་ཆེན་པོ་ངན་སྔགས་ཀྱི་འཁོར་ལོ་རང་ཤེས་པར་བྱ་བ་ལ། དོན་དུ་


DNG021_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །དེ་ལ་རྣམ་པ་དྲུག་སྟེ། དང་པོ་འཁོར་ལོ་ལྷ་དང་ཕྲལ་བ་དང་། འཁོར་ལོ་གཉིས་པས་གཟུགས་ལ་དབབ་པ་དང་། འཁོར་ལོ་གསུམ་པས་བྱད་དུ་བཅུག་པ་དང་། འཁོར་ལོ་བཞི་པས་སྨྱོ་རུ་གཞུག་པ་དང་། འཁོར་ལོ་ལྔ་པས་རྡུལ་དུ་བརླག་པ་དང་། འཁོར་ལོ་དྲུག་པས་ཞལ་དུ་བསྟབ་པའོ། །འདི་ནི་ངན་སྔགས་སུ་ཤེས་པའི་རིམ་པའོ། །སེམས་དཔའ་ཆེན་པོ་སྐུ་ཕྱག་རྒྱ་ཆེན་པོར་ཤེས་པར་བྱ་བ་ལ། དོན་དུ་མཆིས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །དོན་དེ་རྟོགས་པར་དཀའ་ཞིང་གོ་བར་དཀའ་བས་ཞུ་བ་ལེགས་སོ། །ཀཱི་ལ་ཡ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་ཤེས་པར་བྱ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པའི་ཐུགས་ཀྱི་དཔལ་བེའུ་ལས་སྙིང་པོ་འབྲུ་དགུའི་ཚུལ་དུ་གནས་པ་ནི། སྔགས་ཀྱི་སེམས་དཔའོ། །དེ་ལས་ཀྱི་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པར་བྱུང་ནས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྤྱན་སྔ་ན་བཀའ་ནོད་པའི་ཚུལ་དུ་གནས་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལག་ཏུ་ཐུགས་ཡེ་ཤེས་རྩེ་གཅིག་པ་བྱིན་ནས་དབང་བསྐུར་ནས། ཨེ་མ་ཧོ། ལས་ཀྱི་སེམས་དཔའ་ཆེན་པོ་མ་འོངས་པའི་དུས་ངན་གདུལ་དཀའ་བའི་གང་ཟག་གིས་ཞིང་ཁམས་རྣམས་སུ་བསྒྲལ་བའི་དོན་གྱིས་ཤིག །ཁྱོད་ནི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་གདུང་འཚོབ་པ་ཡིན་གྱིས། གང་ཞི་བས་མི་འདུལ་བ་དེ་ལ་མངོན་སྤྱོད་ཀྱི་ཕྲིན་ལས་བྱོས་ཤིག །སེམས་དཔའ་ཆེན་པོ་ཁྱོད་ནི་རྡོ་རྗེ་འཛིན་པའི་གདུང་འཚོབ་པ་ཡིན་ནོ། །ཞེས་གནང་བ་བྱིན་པ་ནི། ཀཱི་ལ་ཡ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་ཤེས་པའོ། །སེམས་དཔའ་ཆེན་པོ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གནས་པ་དེ་ལྟར་ལགས་ན། ཀཱི་ལ་ཡ་ཆོས་ཉིད་དུ་གནས་པའི་དོན་བཤད་དུ་གསོལ། སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཉིད་ཀྱི་དོན་འདི་ནི་སྔར་ཕྱོགས་


DNG021_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་མ་གསུངས། མ་བྱོན་པའི་བདེ་བར་གཤེགས་པ་རྣམས་ཀྱིས་གསུང་བར་མི་འགྱུར། སེམས་དཔའ་ཆེན་པོ་ཉོན་ཅིག །སེམས་དཔའ་ཆེན་པོ་ང་ཉིད་ཀྱིས་ཀྱང་མ་བཤད་པའི་དོན་དེ་ཞུ་བ་ལགས་སོ། །བདེན་གཉིས་རྒྱུ་དང་འབྲས་བུའི་ཚུལ། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་ཆེ། །དོན་དམ་སྙིང་པོ་སྔགས་ཀྱི་གཟུགས། །དེ་ལ་རྣམ་གཉིས་ཚུལ་དུ་གནས། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཅེས་པའི་ཚིག་འདིས་དོན་དམ་པའི་བདེན་པ་སྒྱུ་མ་ཙམ་དུ་བཞག་པ་ནི། ཆོས་ཉིད་ཀྱི་དོན་ཏོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་བརྗོད་པས། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ནས། རང་བཞིན་མེད་པ་སྒྱུ་མ་ཙམ་དུ་རྟོགས་པ་ནི་ཆོས་ཉིད་ཀྱི་དོན་ཏོ། །མཱ་ར་ཡ་བསད་པའི་དཀྱིལ་འཁོར་བསྟན་པ་དང་། སྔགས་ཀྱི་འཁོར་ལོ་བཅའ་གཞི་བསྟན་པ་དང་། སྔགས་ཀྱི་ཕྲེང་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སེམས་དཔའ་ཆེན་པོ་མཱ་ར་ཡ་བསད་པའི་དཀྱིལ་འཁོར་དང་། སྔགས་ཀྱི་འཁོར་ལོ་བཅའ་བའི་དོན་དེ་ལྟར་ལགས་ན། ངན་སྔགས་ཀྱི་སྙིང་པོའི་དོན་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །ངན་སྔགས་ཀྱི་སྙིང་པོ་འདི། སྔར་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་གསུངས་པའི་ངན་སྔགས་ཀྱི་འཁོར་ལོ་འདི། ངས་ལས་ཀྱི་སེམས་དཔའ་ཁྱོད་ཀྱི་དོན་དུ་བཤད་ཀྱི་ཉོན་ཅིག །དེའི་ཚེ་དེའི་དུས་སུ་བཅོམ་ལྡན་འདས་དཔུང་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབུའི་འཁོར་ལོའི་གཙུག་ནས་དཔུང་རྣམ་པར་འཇོམས་པའི་ངན་སྔགས་ཀྱི་སྙིང་པོ་འདི་བྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཧ་ས་ཡ་ར་ན་ཧཱ་ད་ན་ཡ་ཧཱུཾ་ཕཊ། ཅེས་པའི་སྙིང་པོ་འདི་ཕྱུང་བས། འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་སོ། །དེའི་ཚེ་བདུད་ཀྱི་དཔུང་རྣམས་རབ་ཏུ་ཕམ་པར་བྱས་སོ། །དེའི་ཚེ་སྙིང་པོ་འདིའི་སྔགས་འདི་ལ་ལྷ་དང་དབྲལ་བའི་སྔགས་ཞེས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་


DNG021_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདི་ནི་འབྲལ་བར་བྱེད་པའི་སྙིང་པོ་མཆོག་ཅེས་བྱའོ། །དེ་བཞིན་གཤེགས་པ་དེ་ཉིད་དུ་དཔུང་རྣམ་པར་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་ཀྱི་དཔལ་བེའུ་ནས་སྙིང་པོ་ངན་སྔགས་ཀྱིས་སེམས་ཅན་ཐམས་ཅད་དབང་དུ་སྡུད་ཅིང་འགུགས་པར་བྱེད་པའི་སྙིང་པོ་འདི་ཕྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཅེས་པའི་སྙིང་པོ་འདི་བརྗོད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་དང་། མུ་སྟེགས་ལ་སོགས་པའི་ཤེས་པ་རྣམས་རང་རང་གི་གཟུགས་ལ་མི་གནས་ཤིང་། ཤེས་པ་དབང་དུ་བསྡུས་ནས་ལུས་རྡོ་ཤིང་བཞིན་དུ་གྱུར། དེའི་ཚེ་སྙིང་པོ་འདི་ལ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་འགུགས་ཤིང་དབང་དུ་བྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདི་ལ་འབེབས་པར་བྱེད་པའི་སྙིང་པོ་ཞེས་བཤད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་དང་ཞབས་རྣམས་ལས་ངན་སྔགས་ཀྱི་སྙིང་པོ་འདི་ཉིད་ཕྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་བདུད་དང་མུ་སྟེགས་ལ་སོགས་པ་ཐམས་ཅད་ལུས་དྲུ་བུ་ཐུལ་དུ་བཅིངས་པར་གྱུར་ཏོ། །དེའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་འཆིང་བར་བྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདི་བྱད་དུ་གཞུག་ཅིང་འཆིང་བར་བྱེད་པའི་སྙིང་པོ་ཞེས་བཤད་དོ། །དེའི་ཚེ་བཅོམ་ལྡན་འདས་དེ་ཉིད་ཆོས་ཀྱི་འཁོར་ལོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ཚེ་གསུང་གི་པདྨ་ལ་ཐུགས་ཀྱི་དཔལ་བེའུ་དང་ལྗགས་ཀྱི་རྩེ་མོ་ནས་ངན་སྔགས་ཀྱི་སྙིང་པོ་འདི་ཕྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། སངས་རྒྱས་ཀྱི་ཞིང་ཁམས་ན་གནས་པའི་ལོག་པ་ཅན་གྱི་སེམས་ཅན་ཐམས་ཅད་ཆེར་


DNG021_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བར་གྱུར་ཏོ། །དེའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྙིང་པོ་འདི་ལ་སྨྲ་བར་བྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདི་ལ་སྨྱོ་ཞིང་སྨྲ་བར་བྱེད་པའི་སྙིང་པོ་ཞེས་བཤད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་རླག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ངན་སྔགས་ཀྱི་སྙིང་པོ་འདི་ལྟེ་བ་ནས་ཕྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཏཱ་ཐ་ཡ་ཏཱ་ཐ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་སྣོད་བཅུད་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་གྱུར་ཏོ། །དེའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞིག་པར་བྱེད་པའི་སྙིང་པོ་ཞེས་པའི་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདི་ལ་རྡུལ་དུ་བརླག་པའི་སྙིང་པོ་ཞེས་བཤད་དོ། །དེའི་ཚེ་བཅོམ་ལྡན་འདས་ཞལ་བཞད་ཅིང་མཆེ་བ་གཙིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེའི་ཚེ་གསང་བའི་སྦུབས་ནས། ངན་སྔགས་ཀྱི་སྙིང་པོ་འདི་ཕྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་བྷིན་དྷ་བྷིན་དྷ་ཧཱུཾ་ཕཊ། ཅེས་བརྗོད་པས་སྣོད་བཅུད་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་དུ་གསོལ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་འཇིགས་པར་བྱེད་པ་ཟ་བར་བྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདི་ནི་ཞལ་དུ་སྟོབ་པ་ཞེས་བཤད་པ་ཡིན་ནོ། །སྙིང་པོ་ངན་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།སེམས་དཔའ་ཆེན་པོ་སྙིང་པོ་ངན་སྔགས་ཀྱི་འཁོར་ལོ་དེ་ལྟར་ལགས་ན། གསང་བའི་ཚིག་དྲུག་པོ་བཤད་དུ་གསོལ། །ལས་ཀྱི་སེམས་དཔའ་ཉོན་ཅིག །སྔར་མ་གསུངས་པའི་ཚིག་འདི་རྣམས་ཡིན་ཏེ། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །བཛྲ་ཡཀྴ་ཀྲོ་ཏ་བི་ཛ་ཡ་ཁཱ་ཧི་ཞེས་བརྗོད་པས། ལས་ཀྱི་སེམས་དཔའ་


DNG021_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྐྲག་པར་གྱུར་ཏེ་ས་ལ་འགྱེལ་བར་གྱུར་ཏོ། །བཅོམ་ལྡན་འདས་རྡོ་རྗེ་གསང་བ་བདེ་བས། ལས་ཀྱི་སེམས་དཔའ་ལེགས་སོ། །དོན་དེ་ལ་སྐྲག་པར་མ་བྱེད་ཅིག །སྔོན་གྱི་དུས་གསང་བའི་ཚིག་དྲུག་པོ་འདི། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གསུངས་པས། འཇིག་རྟེན་ཆེར་གཡོས་ཤིང་རབ་ཏུ་གཡོས་པར་གྱུར་ཏོ། །དེ་བས་ན་ཚིག་དྲུག་པོ་འདིའི་བྱིན་གྱིས་བརླབས་ཀྱིས་གཡོ་བར་བྱེད་པ་ཡིན་པས། དོན་དེ་ལ་མ་སྐྲག་པར་དོན་གཞན་ཞུས་ཤིག །དེའི་ཚེ་ལས་ཀྱི་སེམས་དཔའ་བཀའ་ནོད་པའི་ཚུལ་དུ་གནས་ཏེ། དྲན་པ་རྙེད་ནས་སེམས་དཔའ་ཆེན་པོ། སྔགས་ཀྱི་འཁོར་ལོའི་རྫས་སྔར་མ་གསུངས་པ་བཤད་དུ་གསོལ། ཨེ་མ་ཧོ། ལས་ཀྱི་སེམས་དཔའ་ཉོན་ཅིག །དཔྲལ་བར་གུ་གུལ་ཚིལ་ཆེན་འབོབ། །ཀུ་ཀུ་རཱ་ཙའི་དྲི་ཆེན་ཤེས་པར་བཤད། །དབབ་ལ་ཉུང་དཀར་རྒྱལ་པོ་མཁར་ནག་སྐུད་པ་དང་། །ཨཾ་ཀུ་ཤ་ནི་དཀར་ནག་གོ། །བྱད་དུ་གཞུག་པ་ཚོན་སྣ་ལྔ་པོ་དང་། །བལ་ཚོན་དྲུབ་དང་བཅས་པའོ། །སྨྱོ་བལ་དུག་གཏོར་སྡིགས་ཕུར་རོ། །རྡུལ་དུ་བརླག་ན་ཉུང་དཀར་རྒྱལ་པོ་དང་། །མཚོན་ཆ་རྣམ་པ་སྣ་ཚོགས་དང་། །སྐྱེ་ཚེ་གདབ་ཕུར་ཉི་ཤུ་རྩ་གཅིག །ལྕགས་ཕྱེ་ཟངས་ཕྱེ་ཤིས་པར་བཤད། །བསྟབ་ལ་མེ་ཡི་སྦྱིན་བསྲེག་གོ། །ལས་ཀྱི་སེམས་དཔའ་རྫས་དེ་རྣམས་ནི་རང་བཞིན་གྱིས་བྱིན་རླབས་ཆེ་བའོ། །གནོད་སྦྱིན་རྒོད་མ་ཁ་ལ་སོགས་པས་ཀྱང་དབང་བསྐུར་བའི་རྫས་སོ། །ངས་ཀྱང་བྱིན་གྱིས་བརླབས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱིས་འཁོར་ལོའི་ཆ་རྐྱེན་དུ་བཞག་གོ། །སེམས་དཔའ་ཆེན་པོ་འཁོར་ལོའི་ཆ་རྐྱེན་དེ་ལྟར་ལགས་ན། དམོད་པའི་ཐུན་ཅི་ལྟར་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །གུ་གུལ་ལ་སོགས་པའི་རྫས་ཐོགས་ལ། གཙོ་བོ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་སྨོས་ཏེ། ཆེ་གེ་མོ་འདི་ལྷ་དང་ཕྲལ་བར་གྱིས་ཤིག །མཁར་ནག་གི་སྐུད་པ་ཐོགས་ལ། ཛཿཧཱུཾ་བཾ་ཧོཿའི་ཕྱག་རྒྱ་བྱས་ཏེ། དཀྱིལ་


DNG021_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ལྷ་རྣམས་སྨོས་ཏེ། ཆེ་གེ་མོ་འདི་གཟུགས་ལ་ཕོབ་ཅིག་ཅེས་བརྗོད་ལ། ཚོན་སྣ་ལྔའི་སྐུད་པ་ཐོགས་ལ། བྱད་དུ་ཆུག་ཅིག་པ་དང་། དུག་གི་གཏོར་མ་ཐོགས་ལ། སྨྱོ་རུ་ཆུག་ཅིག་པ་དང་། ལྕགས་ཕྱེ་ཟངས་ཕྱེ་ཐོགས་ལ་རྡུལ་དུ་རློགས་ཤིག་པ་དང་མེའི་དཀྱིལ་འཁོར་ཞལ་དུ་བཞེས་ཤིག་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་དམོད་པའོ། །དུག་གི་གཏོར་མ་ལ་རྨ་བྱའི་གདུགས་དང་བཅས་པ་ནི་ལས་ཀྱི་སྲིན་མོའི་དམོད་པའོ། །གསང་བའི་ཚིག་དྲུག་པའོ། །ལས་ཀྱི་དམོད་པའི་ལེའུ་སྟེ་ལྔ་པའོ།། །།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་ཀྱི་འཁོར་ལོ་ཞི་བར་བྱེད་པའི་དོན་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །ཞི་བར་བྱེད་པའི་དོན་འདི་ཡིན་ཏེ། གནོད་སྦྱིན་གྱི་ལག་པ་ལ་ཤིང་ཀ་ར་བཱི་རའི་མེ་ཏོག་ཁུ་བ་ཉི་མ་གཟས་ཟིན་པའི་དུས་སུ་བྱུགས་ལ། ཀ་ར་ཏི་ཀའི་ཁུ་བས་ལྷ་དབང་ལྡན་གྱི་གཟུགས་ལ་འཁོར་ལོ་རྩིབས་བཅུ་གཉིས་པ་མངོན་པར་ལྡན་པ་བྲིའོ། །དེའི་དབུས་སུ་དམག་གི་དཔུང་ངམ་གཏན་འཕོ་བར་བྱེད་པ་ཞི་བར་འདོད་པའི་མིང་བྲིས་ལ། སྟེང་གི་ཆ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཤཱནྟིཾ་ཧ་ས་ཡ་ར་ཎ་ཧ་ད་ན་ཡ་ཧཱུཾ་ཕཊ། ཅེས་བྲིའོ། །འོག་གི་ཆ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བྷིན་དྷ་ཡ་བྷིན་དྷ་ཡ་ཧཱུཾ་ཕཊ། ཅེས་བྲིའོ། །འདི་ཕུང་པོ་ཞི་བར་བྱེད་པའི་ལས་ཀྱི་མཆོག་གོ། །ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་ཀྱི་ཆ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཤཱནྟིཾ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ལྷོ་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཤཱནྟིཾ་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ནུབ་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཤཱནྟིཾ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། བྱང་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཤཱནྟིཾ་ཏཱ་ཐ་ཡ་ཏཱ་ཐ་ཡ་ཧཱུཾ་ཕཊ། རྩིབས་བརྒྱད་ལ། རྡོ་རྗེ་སྲིན་མོ་རྣམས་ཀྱི་སྙིང་པོ་དང་། གཏན་འཕོ་བའི་མིང་སྤེལ་བ་ནི། ཞི་བའི་འཁོར་ལོ་སྟེ། པཉྩི་


DNG021_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཉིན་ལ་འཁོར་ལོ་དྲིལ་ལ་རྡོ་རྗེ་བུ་མོའི་ཁྲག་གིས་རྒྱས་བཏབ་པའོ། །འོ་མ་འཛག་པའི་ཤིང་ལ་ཞི་བའི་ཕུར་བུ་ཟླུམ་པོའི་དབྱིབས་སུ་བྱས་པའི་ལྟེ་བ་ལ་སྔགས་ཀྱི་འཁོར་ལོ་བཅུག་ལ། དམག་གི་དཔུང་གིས་བཅགས་པའི་ས་ལ་གང་ཞི་བར་འདོད་པའི་གཟུགས་བྱས་ལ། རྒྱ་སྣག་གི་ཁུ་བ་ཁ་དོག་དཀར་པོར་བྱས་ལ། ཞི་བའི་ཕུར་བུ་སྙིང་གར་བཏབ་ལ། རས་བལ་གྱི་སྐུད་པ་དཀར་པོས་བཏགས་ལ། ཁ་ཤར་ཕྱོགས་སུ་བལྟས་ཏེ། ཏིལ་ལ་སྔགས་བྱེ་བ་བདུན་འབུམ་དུ་བརྗོད་པས་གྲུབ་པའི་ཚད་ནི། ཕུར་བུ་ལྡེག་པའམ། འཕར་བ་བྱུང་བའི་ཚེ། གྲུབ་པའི་ལས་དང་པོ་ཡིན་ཏེ། མཆོད་པ་ཆེན་པོས་ཞལ་བཞད་པའི་ལིངྒ་དང་། ཕུར་བུ་བྱས་ལ་དམག་ཆེན་པོ་འདུ་བའི་སར་སྦས་ན་གང་འདྲེའི་གནོད་པ་དེ་ཞི་བར་འགྱུར་རོ། །ཞི་བའི་ལས་ཀྱི་རིམ་པའོ། །གང་དབང་དུ་བྱ་བར་འདོད་ན། བྲམ་ཟེའི་པགས་པ་ལ་མི་རྒོད་ཀྱི་རཀྟས་བྱུགས་ལ། མཛེས་ལྡན་མའི་གཟུགས་བྲིས་ལ། དེའི་ལྟེ་བར་འཁོར་ལོའི་ལྟེ་བར་ཟླ་གམ་རྩིབས་བརྒྱད་དང་ལྡན་པར་བྲིས་ལ། ལྟེ་བར་གང་དུ་བྱ་བའི་མིང་བྲིས་ཏེ། འཁོར་ལོའི་ཟླ་གམ་གྱི་སྟེང་དུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་པ་བྲི། ཟླ་གམ་གྱི་ཞབས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པ་ར་ཎ་ཧཱ་ས་ཡ་ར་ཧཱ་ས་དྷ་ན་ཧཱུཾ་ཕཊ། ཤར་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བ་ཤཾ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ལྷོ་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བ་ཤཾ་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ནུབ་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། བྱང་གི་འཁོར་ལོའི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བ་ཤཾ་ཀུ་རུ་བྷིན་དྷ་ཡ་བྷིན་དྷ་ཡ་ཧཱུཾ་ཕཊ། ཅེས་པ་བྲིའོ། །འཁོར་ལོ་རྩིབས་བཞི་ལ་སྙིང་པོ་རྐྱང་པ་བཞི་དང་མིང་སྤེལ་ལ་བྲི། མརྒ་ཏའི་ཉི་མ་ཤར་བའི་དུས་སུ་འཁོར་ལོ་བྲིས་ལ་ཙནྡན་གྱི་ཤིང་ལ་དབང་གི་ཕུར་པ་ཟླ་གམ་དུ་བྱས་པ་ཕུར་པའི་ལྟེ་བར་འཁོར་ལོ་བཅུག་ལ།


DNG021_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཕྱོགས་ནས་ས་བླངས་ལ་གང་དབང་དུ་བྱ་བའི་གཟུགས་བྱས་ཏེ་མརྒ་ཏའི་པདྨའི་རཀྟས་བྱུག་སྟེ། ཁ་དོག་དམར་པོར་བྱས་པའི་ལྟེ་བར་དབང་གི་ཕུར་པ་བཏབ་ལ། གཟུངས་ཐག་དམར་པོས་བཏགས་ཏེ། ཁ་ནུབ་ཏུ་བལྟས་ལ་ཤང་ཚེ་གཏོར་ཞིང་བྱེ་བ་བདུན་འབུམ་དུ་བརྗོད་ན། གྲུབ་པ་མངོན་དུ་འབྱུང་སྟེ། ཞལ་བཞད་པ་དང་ལུང་སྟོན་པ་འབྱུང་སྟེ། དེའི་ཚེ་ལིངྒ་དང་ཕུར་པར་བཅས་པ་རྒྱ་མཚོ་ཆེན་པོའི་འགྲམ་དུ་མནན་ན་གང་དབང་དུ་བྱ་བ་དེ་དབང་དུ་འགྱུར་རོ། །དབང་གི་ལས་ཀྱི་རིམ་པའོ། །རྒྱས་པའི་འཁོར་ལོའི་རིམ་པ་ནི། པ་ཤ་ཀའི་པགས་པ་ལ་ལྡོང་རོས་ཀྱིས་བྱུགས་ལ། རེ་མིག་དགུ་པ་ལ་འཁོར་ལོ་རྩིབས་བརྒྱད་དང་བཅས་པ། རེ་མིག་དགུའི་དབུས་སུ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚིཾ་ཅེས་པ་བྲིས་པར་ཧཱུཾ་གིས་བརྒྱན་པའོ། །འཁོར་ལོའི་རྩིབས་རེ་མིག་བཞི་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚིཾ་ཧ་ས་ཡ་ར་ཧ་ད་ན་ཅེས་བྲིའོ། །ཤར་ཕྱོགས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚིཾ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་བྲི། ལྷོ་ཕྱོགས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚིཾ་ཀུ་རུ་ཛ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་བྲི། ནུབ་ཕྱོགས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚིཾ་ཏ་ཐཱ་ཡ་ཏ་ཐཱ་ཡ་བྱ་བ་བྲི། བྱང་ཕྱོགས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་པུཥྚིཾ་བྷིན་དྷ་ཡ་བྷིན་དྷ་ཡ་ཧཱུཾ་ཕཊ། ཅེས་པ་བྲི། ཕལྒུ་ནཱིའི་ཉི་མའི་དུས་སུ་འཁོར་ལོ་དྲིལ་ལ་གསེར་གྱི་ཤིང་ལ་རྒྱས་པའི་ཕུར་བུ་ཟུར་བརྒྱད་པ་བྱས་ལ་རྒྱས་པའི་འཁོར་ལོ་ལྟེ་བའི་དབུས་སུ་སྦས་ལ་རྒྱས་བཏབ་ལ། ལམ་རྒྱ་གྲམ་གྱི་དབུས་ནས་བླངས་ལ། ལིངྒ་ཁ་དོག་སེར་པོར་བྱས་ལ། རྒྱས་པའི་ཕུར་པས་མགྲིན་པར་བཏབ་ལ། གཟུངས་ཐག་སེར་པོས་བཏགས་ལ་ཁ་ལྷོར་བལྟ། ཡུངས་ཀར་རྒྱལ་པོ་ལ་བྱེ་བ་བདུན་འབུམ་བཟླས་པ། དེའི་ཚེ་གྲུབ་པའི་དྲོད་ཚད་འབྱུང་བར་འགྱུར་ཏེ། འཕར་བ་དང་འཁྲོག་པ་དང་། ལྡེག་པའོ། །དེའི་ཚེ་ལིངྒ་དང་ཕུར་པ་བཅས་གཞལ་ཡས་ཁང་ཆེན་པོའི་དབུས་སུ་མནན་ན་གང་


DNG021_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བྱ་བ་དེ་རྒྱས་པར་འགྱུར་རོ། །རྒྱས་པའི་རིམ་པའོ། །དྲག་པོའི་འཁོར་ལོའི་རིམ་པ་ནི། འཇིགས་པའི་ལག་པ་ལ་བྲིས་ཏེ། རྒྱ་སོལ་གྱིས་ནག་པོར་བྱུགས་ལ། ཀ་ཀོ་ཏས་འཇིགས་བྱེད་ཆེན་པོའི་གཟུགས་བྱས་ཏེ། དེའི་སྙིང་གར་གྲུ་གསུམ་བཅུ་དྲུག་པའི་ཐིག་བཏབ་ལ། ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་བཅུ་རྩ་གཉིས་པ་བྲི་བར་བྱའོ། །གྲུ་གསུམ་དྲག་པོའི་དབུས་ཀྱི་ལྟེ་བ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཧ་ས་ར་ཎ་ཧ་ད་ན་ཡ་ཧཱུཾ་ཕཊ། ཤར་གྱི་འཁོར་ལོའི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ལྷོ་ཡི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཤཱི་གྷྲི་ན་ཨཱ་ན་ཡ་ཧཱུཾ་ཕཊ། ནུབ་ཀྱི་གྲུ་གསུམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། བྱང་གི་གྲུ་གསུམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། སྟེང་གི་ཆ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་བྷིན་དྷ་ཡ་བྷིན་དྷ་ཡ་ཧཱུཾ་ཕཊ། གྲུ་གསུམ་བཅུ་ལ་རྡོ་རྗེ་སྲིན་མོ་བཅུའི་སྙིང་པོ་བཅུ་དང་དགྲ་བོའི་མིང་སྤེལ་ལ་བྲིའོ། །ཕྱི་ཡི་འཁོར་ལོའི་རྩིབས་རྣམས་ལ། །མཆེ་བ་ཅན་གྱི་སྙིང་པོ་དང་། །གཤོག་པ་ཅན་གྱི་སྙིང་པོ་དང་། །དགྲ་བོའི་སྙིང་པོ་སྤེལ་ལ་བྲི། །དྲག་པོའི་ཕུར་པ་ནི། ཚེར་མ་ཅན་གྱི་ཤིང་ལ། ཕུར་པ་སྨད་ཟུར་གསུམ་རྒྱ་མདུད་དང་བཅས་པར་བྱས་ལ། རྡོ་རྗེ་འཁོར་ལོའི་ཉིན་པར་འཁོར་ལོ་དྲིལ། རོ་བསྲེགས་པའི་སོལ་བས་རྒྱས་བཏབ་ལ། དྲག་པོའི་ཕུར་པའི་ལྟེ་བར་སྦས་ལ་གྲོག་མཁར་གྱི་ས་ལ་ལིངྒ་བྱས་ལ། རྒྱ་སོལ་གྱིས་ཁ་དོག་ནག་པོར་བྱས། དྲག་པོའི་ཕུར་པ་སྙིང་གར་བཏབ་སྟེ། གཟུངས་ཐག་ནག་པོས་བཏགས་ཏེ། ཁ་བྱང་དུ་བལྟས་ཏེ། ཏིལ་ཆེན་པོ་ལ་བདུན་འབུམ་དུ་བཟླས་ནས་བྲབས་པས། གྲུབ་པའི་རྟགས་འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར་ཏེ། དེའི་ཚེ་གནོད་སྦྱིན་གྱི་གྲོང་དུ་སྦས་ན་གང་བསད་པར་འདོད་པ་དེ་ངེས་པར་མཱ་ར་ཎའོ། །ཕྲིན་ལས་རྣམ་བཞི་གབ་པའི་འཁོར་


DNG021_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་ལེའུ་སྟེ་དྲུག་པའོ།། །།སེམས་དཔའ་ཆེན་པོ་འཁོར་ལོ་དེ་ལྟར་ལགས་ན། སྔར་མ་གསུངས་པའི་དེ་བཞིན་གཤེགས་པ་ཉིད་ཀྱི་ཡོན་ཏན་གྱི་ཆར་སྣང་བའི་ཕུར་པ་ཞེས་གདགས་པ་ལ་དོན་དུ་མཆིས། ལས་ཀྱི་སེམས་དཔའ་ཉོན་ཅིག །དོན་དེ་སྔར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མ་གསུངས་སོ། །ཕྱིས་འོང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གསུང་བར་མི་འགྱུར་བས། ལས་ཀྱི་སེམས་དཔའ་ཁྱོད་ཉིད་ཀྱི་དོན་དུ་ངས་བཤད་པར་བྱའོ། །བསྐྲད་པ་མཚམས་ཀྱི་ཕུར་པ་དང་། བཀོད་པ་ལྷ་ཡི་ཕུར་པ་དང་། མངགས་པ་ཕོ་ཉའི་ཕུར་པ་དང་། དབང་དུ་སྡུད་པའི་ཕུར་པ་དང་། གདབ་པ་ཕྲིན་ལས་ཀྱི་ཕུར་པ་དང་། འཛིན་ཅིང་མི་གཏང་བའི་ཕུར་པ་དང་། གནས་བསྲུང་བའི་ཕུར་པའོ། །བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་དོན་དེ་ལྟར་ལགས་ན། དེ་རྣམས་ཀྱི་གསང་བའི་སྙིང་པོའི་ལས་ལ་སྦྱར་བ་གང་ལགས་བཤད་དུ་གསོལ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆེར་བཞད་ནས་ཞལ་འཛུམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཐུགས་ཀྱི་དཔལ་བེའུ་ནས་ཀྱང་པར་བི་དྱཱན་ཞེས་བྱ་བ་ཐོན་པར་གྱུར་ཏོ། །སྙན་གྱི་འཁོར་ལོ་ལས་ཀྱང་ཧ་ན་ཧ་ན་ཞེས་བྱ་བ་ཐོན་པར་གྱུར་ཏོ། །ཤངས་ཀྱི་དབྱིངས་ནས་ཀྱང་ད་ཧ་ད་ཧ་ཞེས་བྱ་བར་ཐོན་པར་གྱུར་ཏོ། །ལྗགས་ཀྱི་པདྨ་ལས་ཀྱང་པ་ཙ་པ་ཙ་ཞེས་བྱ་བ་ཐོན་པར་གྱུར་ཏོ། །མགུལ་གྱི་མགྲིན་པ་ནས་ཀྱང་བྷན་དྷ་བྷན་དྷ་ཞེས་བྱ་བར་ཐོན་པར་གྱུར་ཏོ། །ཕྱག་གི་དཔུང་པ་གཉིས་ལས་ཀྱང་གྲྀ་ཧྞ་གྲྀ་ཧྞ་ཞེས་བྱ་བ་ཐོན་ཏོ། །སྐུའི་ལྟེ་བ་ལས་ཀྱང་ཏིཥྛ་ཏིཥྛ་ཞེས་བྱ་བ་ཐོན་པར་གྱུར་ཏོ། །ཞབས་ཀྱི་མཐིལ་གཉིས་ལས་ཀྱང་ཚིན་དྷ་ཚིན་དྷ་ཞེས་བྱ་བ་ཐོན་པར་གྱུར་ཏོ། །དབུའི་གཙུག་ཚངས་པའི་བུ་ག་ནས་ཀྱང་བྷིན་དྷ་བྷིན་དྷ་ཞེས་བྱ་བ་ཐོན་པར་གྱུར་ཏོ། །ཞབས་ཀྱི་བོལ་གཉིས་ལས་ཀྱང་སརྦ་ཨཱ་ན་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ཐོན་པར་གྱུར་ཏོ། །དེའི་ཚེ་འཁོར་མཆེ་བ་ཅན་རྣམས་ཀྱིས། སྲོག་གི་སྙིང་པོ་འདི་ཕུལ་


DNG021_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སུ་རུ་སུ་རུ་བཛྲ། གཤོག་པ་ཅན་རྣམས་ཀྱིས། མུ་རུ་མུ་རུ་བཛྲ། ཞེས་མཐོང་བར་ཕུལ་ལོ། །འདིས་ནི་དབྲལ་བའི་ལས་སུ་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ། དཔལ་ལྷ་མོ་ནག་མོ་མདུན་དུ་འཁོད་པར་བྱས་སོ། །སེམས་དཔའ་ཆེན་པོ་བདག་གི་རིག་པ་འདི་བཞེས་སུ་གསོལ། ཞེས་ཕུལ་ཏེ། མ་ཐ་མ་ཐ་བཛྲ་ཞེས་ཕུལ་ནས། བདག་གི་རིག་པ་འདི་བཞེས་སུ་གསོལ། བདག་གིས་སངས་རྒྱས་ཀྱི་བསྟན་པ་འདི་བསྲུང་བར་བགྱིའོ། །ཞེས་ཕུལ་ནས་མི་སྣང་བར་གྱུར་ཏོ། །དེ་ནས་གདུག་པ་ཅན་གྱི་བུ་མོ་བཞིས་ཀྱང་སྲོག་གི་སྙིང་པོ་ཕུལ་ཏེ། ཀ་ཏཾ་ཀ་ཡེ་བཛྲ། ཛ་ཡ་བི་ཛ་ཡེ་བཛྲ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་མཱ་ར་སེ་ནཱ་པྲ་མརྡ་ན་ཡེ་ཧཱུཾ་ཕཊ། ཅེས་ཕུལ་ནས་མི་སྣང་བར་གྱུར་ཏོ། །དེའི་ཚེ་ཁྲོ་བོ་རྣམས་ཀྱིས་མཚོན་ཆའི་ཆར་པ་ཕབ་ནས། སྟོབས་ཀྱི་རྒྱལ་པོས་ཀྱང་སྲོག་གི་སྙིང་པོ་ཕུལ་བ། མ་མ་བ་ཤཾ་ཀུ་རུ་མ་ཏཾ་ཛྙཱ་ཀ་ར་ཨི་དན་དྷ་ཏི་མ་མ་ཤཱི་གྷྲི་ཀཱ་ར་ཡ་ཞེས་ཕུལ་ནས། མི་སྣང་བར་གྱུར་ཏོ། དེའི་ཚེ་ཁྲོ་བོ་དྲག་ཅིང་གཏུམ་པའི་ཐུགས་ཀ་ནས་སྙིང་པོ་འདི་ཐོན་པར་གྱུར་ཏོ། །ཁ་ཐཾ་ཁ་ཐཾ་ཞེས་ཐོན་པར་གྱུར་ཏོ། །སེམས་དཔའ་ཆེན་པོ་རྣམས་ཀྱིས་གདབ་པའི་གནས་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །དཀར་ནག་མཚམས་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལྟོ་བ་དང་། མགྲིན་པ་དང་། དཔུང་བ་དང་། སྤྱི་བོའི་གཙུག་དང་། རྐང་པའི་མཐིལ་གྱི་རྩ་རྣམས་སོ། །སེམས་དཔའ་ཆེན་པོ་གདབ་པ་ནི་དེ་རྣམས་ལགས་ན། སྙིང་པོའི་སྔགས་འདི་རྣམས་སེམས་དཔའ་ཆེན་པོ་ཉིད་ཀྱི་སྔགས་ལགས་སམ། འོན་ཏེ་འཁོར་རྣམས་ཀྱི་ལས་ཀྱི་སྔགས་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །འཁོར་གང་ཡིན་པ་དེ་ངའི་ཡིན་ཏེ། ངའི་གང་ཡིན་པ་དེ་འཁོར་རྣམས་ཀྱི་ཡིན་པར་འགྱུར་རོ། །སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བས་ན་སྙིང་པོའི་སྔགས་འདི་ཡང་ཁྲོ་བོ་བཅུ་རྣམས་ཀྱི་ལས་ཀྱི་སྔགས་ཡིན་པར་འགྱུར་རོ། །ཡོན་ཏན་


DNG021_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕུར་བུ་བདུན་བསྟན་པ་དང་། སྙིང་པོའི་སྔགས་བསྟན་པ་དང་། གདབ་པའི་གནས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སེམས་དཔའ་ཆེན་པོ་སྔར་མ་གསུངས་པའི་འཁོར་ལོ་རྣམས་ནི། ལས་ཀྱི་གསང་བ་བཀོད་པ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ན། བགེགས་ཟིལ་གྱིས་མནན་ཅིང་དཔུང་གཞོམ་པའི་འཁོར་ལོ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །སྔར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ཀྱང་མ་གསུངས། གསུང་བར་མི་འགྱུར་རོ། །ལས་ཀྱི་སེམས་དཔའ་དེ་ཅིའི་ཕྱིར་ཞེ་ན། དོན་ཟབ་ཅིང་རྟོགས་པར་དཀའ་བའི་ཕྱིར་རོ། །དེ་བས་ན་ཁྱོད་ཞུ་བ་ལེགས་ཀྱི་ཉོན་ཅིག །གང་བགེགས་ཟིལ་གྱིས་གནོན་པའི་འཁོར་ལོ་ནི། རིམ་ཡང་རིགས་ཀྱིས་མ་ཟིན་པའི་ཐོད་པ་ལ་དེའི་དཔུང་དང་ཕྲལ་བའི་ཕྱིར། དཔྲལ་བར་ཧཱ་ས་ཡ་ར་ད་ན་ལ་སོགས་པ་བྲིའོ། །བགེགས་ཆེན་པོ་མངོན་པར་དབབ་པའི་ཕྱིར། སྤྱི་བོར་ཨཱ་བེ་ཤ་ལ་སོགས་པ་བྲིའོ། །བགེགས་མངོན་པར་བཅིང་བའི་ཕྱིར། ལྟག་པར་ཤཱི་གྷྲན་ཨཱ་ན་ཡ་ལ་སོགས་པ་བྲིའོ། །བགེགས་མངོན་པར་སྨྱོ་རུ་གཞུག་པའི་ཕྱིར། ཡར་རྐན་དང་ཀོས་ཀོ་ལ་ཛྭ་ལ་པ་ཡ་ལ་སོགས་པ་བྲིའོ། །བགེགས་མངོན་པར་རྡུལ་དུ་བརླག་པའི་ཕྱིར། མིག་ལ་སོགས་པའི་དབང་པོ་ལ་ཏ་ཐཱ་ཡ་ལ་སོགས་པ་བྲིའོ། །བགེགས་དེ་བཞིན་གཤེགས་པའི་ཞལ་དུ་བསྟབ་པའི་ཕྱིར། སྭོ་ལ་བྷི་ད་ཡ་ལ་སོགས་པ་བྲི་ཞིང་བཟླས་སོ། །སེམས་དཔའ་ཆེན་པོ་སྔགས་ཀྱི་འཁོར་ལོ་དེ་ལྟར་ལགས་ན། བཅའ་བའི་དུས་གང་ལགས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །དུས་ནི་ཀར་ཏི་ཀའི་དུས་ཀྱི་ཉི་མ་བཅྭོ་ལྔའི་དུས་སོ། །སེམས་དཔའ་ཆེན་པོ་འཁོར་ལོ་བཅའ་དུས་སུ། སྙུ་གུ་དང་སྣག་ཚ་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །སྙུ་གུ་ནི་ཀང་ཀའི་སྒྲོ་རྩས་སོ། །སྣག་ཚྭ་ནི་ནིམྤ་ཀའི་ཁུ་བས་སོ། །ལས་ཀྱི་སེམས་དཔའ་འཁོར་ལོ་བྲི་བའི་དུས་སུ་


DNG021_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་སེམས་དང་ལྡན་པས་བྲི་བར་བྱའོ། །སེམས་དཔའ་ཆེན་པོ། འཁོར་ལོ་བཅའ་བ་དང་སྣག་ཚ་དེ་ལྟར་ལགས་ན། གཟུགས་བརྙན་གྱི་ཚུལ་དུ་བྲི་བའི་དཀྱིལ་འཁོར་དུ་ཞིག་མཆིས། ལས་ཀྱི་སེམས་དཔའ་ཉོན་ཅིག །གཟུགས་བརྙན་གྱི་དཀྱིལ་འཁོར་གཅིག་སྟེ། བའི་རྣམ་ལྔ་དང་། ཁྲག་ཆེན་ལས་བསྲེས་པ་འཕང་དུ་སོར་བཞི། དབྱིབས་ཟུར་གསུམ། ཉིས་བརྩེགས་སུ་བྱའོ། །དབུས་ཀྱི་ཟུར་རྣམས་ལ་མདའ་ཡིས་བརྒྱན་པའོ། །ཟུར་དྲུག་རྣམས་ལ་ཡང་རྩང་ཆེན་པོ་དྲུག་གིས་རྣམ་པར་སྤྲས་པའོ། །སེམས་དཔའ་ཆེན་པོ་དཀྱིལ་འཁོར་དེ་ལྟར་ལགས་ན། དཀྱིལ་འཁོར་གྱི་ཆ་རྐྱེན་དུ་གསུངས་པའི་རྫས་དྲུག་པོ་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །དབྲལ་མ་འདྲེ་གསོད་ཤིས་པར་བཤད། །དབབ་པ་ལ་ནི་ཉུང་དཀར་རྒྱལ། །བཅིངས་ལ་ཚོན་སྣ་ལྔ་ཡིས་སོ། །སྨྲ་ལ་དུག་ཉིད་ཤིས་པར་བཤད། །རྡུལ་དུ་བརླག་ན་ཕྱག་མཚན་ནོ། །བསྟབ་ལ་ཧོམ་གཟར་ཤིས་པར་བཤད། །སེམས་དཔའ་ཆེན་པོ་རྫས་དྲུག་པོ་དེ་ལྟར་ལགས་ན། གསང་བའི་ཚིག་རྣམས་ཅི་ལྟར་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །ཕྲོལ་ཅིག་པ་དང་། ཕོབ་ཅིག་པ་དང་། ཆིངས་ཤིག་པ་དང་། སྨྲ་རུ་ཆུག་ཅིག་པ་དང་། གཏོགས་ཤིག་པ་དང་། རོལ་ཅིག་ལ་སོགས་པའི་ཚིག་རྣམས་སོ། །ལས་ཀྱི་སེམས་དཔའ་གང་བགེགས་ཀྱི་དཔུང་རྣམས་གཞོམ་པར་འདོད་པ་དེ། འཁོར་ལོ་ལ་གཟུངས་ཐག་ནག་པོ་བཏགས་ལ་དུར་ཁྲོད་ཀྱི་གཡམ་པ་ལ། རྡོ་རྗེ་རྒྱ་གྲམ་དུ་བྲིས་པའི་ལྟེ་བ་ནས་བརྟོལ་ནས། གང་བགེགས་ཀྱིས་ཟིན་པའི་རྐང་པ་ནས་བཏགས་ལ། ལྕགས་ཕྱེ་ལ་བསྔགས་ཤིང་། བྱེ་བ་བདུན་འབུམ་དུ་བཟླས་པ་བྱས་ནས། ཚེར་མ་ཅན་གྱི་ཤིང་རྣམས་ལ་མེ་བཏང་ནས། སྔགས་དྲུག་པོས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ནས་སོ། །བགེགས་ཀྱི་དཔུང་རྣམས་འཇོམས་པར་འགྱུར་རོ། །གབ་པའི་འཁོར་ལོའི་ལེའུ་སྟེ་བརྒྱད་པའོ།། །།


DNG021_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་དངོས་གྲུབ་ལ་བར་ཆོད་བྱེད་པའི་བགེགས་ཞི་བར་བྱེད་པའི་འཁོར་ལོ་བཤད་དུ་གསོལ། །ཨེ་མ་ཧོ། ལས་ཀྱི་སེམས་དཔའ་ཉོན་ཅིག །བགེགས་ཞི་བར་བྱེད་པའི་འཁོར་ལོ་ནི། ཀུ་ཀུ་རཱ་ཙའི་ཐོད་པ་ལ་ཀར་ཏི་ཀས་བྱུགས་ལ་དཀར་པོར་བྱས་ལ། བསྒྲུབ་བྱ་བགེགས་དང་བྲལ་བར་བྱ་བའི་ཕྱིར། མཚུལ་པར་ཧ་ས་ཡ་ར་བྲི་བར་བྱའོ། །བགེགས་མངོན་པར་དབབ་པའི་ཕྱིར། སྨིན་མཚམས་སུ་ཨཱ་བེ་ཤ་ཡ་བྲི་བར་བྱའོ། །བགེགས་མངོན་དུ་བཅིང་བའི་ཕྱིར། མིག་ལ་སོགས་པའི་དབང་པོ་རྣམས་ལ་ཤཱི་གྷྲིན་བྲི་བར་བྱའོ། །བགེགས་དེ་ཆེར་འགྱོད་པ་མཐོལ་དུ་གཞུག་པའི་ཕྱིར། ལྕེ་ལ་ཛྭ་ལ་པ་ཡ་བྲི་བར་བྱའོ། །བགེགས་དེ་རྡུལ་ཕྲ་རབ་ཏུ་གདུལ་བའི་ཕྱིར། ལྟག་པར་ཏ་ཐཱ་ཡ་བྲི་བར་བྱའོ། །བགེགས་དེ་ཕུང་པོ་བཤིགས་ཤིང་བརླག་པར་བྱ་བའི་ཕྱིར། མ་མཁལ་ལ་བྷིན་དྷ་ཡ་བྲི་བར་བྱའོ། །བགེགས་དེ་གཞིག་ཅིང་སྟོངས་པར་བྱ་བའི་ཕྱིར། མཆེ་བ་རྣམས་ལ་ཁྲོ་བོ་བཅུའི་སྙིང་པོ་བྲི་བར་བྱའོ། །འཁོར་ལོ་འདིའི་སྙུ་གུ་འདི་ཉི་མས་འཇིགས་པའི་སྒྲོ་རྩས་བྲི་བར་བྱའོ། །སྣག་ཚ་ནི་པདྨའི་རཀྟས་སོ། །བྲི་བའི་ཚེ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་སོ། །སེམས་དཔའ་ཆེན་པོ་སྔགས་ཀྱི་འཁོར་ལོ་དེ་ལྟར་ལགས་ན། ལས་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །འདིའི་ལས་ཀྱི་དཀྱིལ་འཁོར་ནི། རྒྱར་གྲུ་གང་ཟབས་སུ་གྲུ་ཕྱེད་ལ་དབྱིབས་སྟག་གི་མཆེ་བ་ལྟར་བྱས་པའོ། །མཆེ་བ་རྣམས་ལ་གནོད་པར་བྱེད་པའི་སྙིང་པོ་བྲིའོ། །འཁོར་ལོ་དེ་ལྟར་ལགས་ན། དེ་དབྱེ་བའི་རྫས་རྣམས་ཅི་ལྟར་ལགས། དབྲལ་ལ་རྒྱ་ཚིལ་ཤིས་པར་བཤད། །དབབ་ལ་ཁྲེ་ཡིས་བྱ་བའོ། །འཆིང་ལ་རྒྱུས་ཆེན་གྱི་སྐུད་པས་སོ། །སྨྲ་ལ་པདྨའི་རཀྟས་སོ། །བརྡུང་ལ་ལྕགས་ཕྱེ་ནག་པོས་སོ། །གསོ་བ་ལས་ཀྱི་འཁོར་ལོ་བཤད། སེམས་དཔའ་ཆེན་པོ་ལས་ཀྱི་འཁོར་ལོ་དེ་ལྟར་ལགས་ན།


DNG021_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གསང་བའི་ཚིག་དྲུག་པོ་བཤད་དུ་གསོལ། ཞེས་ཞུས་པས། ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། གསང་བའི་ཚིག་ནི་འདི་ཡིན་ཏེ། ཕོབ་ཅིག་པ་དང་། ཁུག་ཅིག་པ་དང་། ཟུང་ཞིག་པ་དང་། ཆིངས་ཤིག་པ་དང་། རྡུངས་ཤིག་པ་དང་། གཏོགས་ཤིག་པ་དང་། རེངས་པར་སྨྲ་རུ་ཆུག་ཅིག་པ་དང་། མངོན་པར་གྱིས་ཤིག་པ་དང་། དེའི་ཚེ་མངར་བ་དང་ལྡན་པའི་ཤིང་བུ་དང་། ཀུ་ཀུ་རཱ་ཙའི་ཐོད་པའི་ཁར་ཧོམ་གྱི་ཤིང་བུ་བརྩིགས་ལ། རཀྟ་ཆེན་པོ་དང་བཅས་པས་གང་ལ་བར་ཆོད་བྱེད་པའི་ལུས་བསྐོར་ཞིང་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན་བགེགས་དེ་དག་གིས་གཏོང་བར་འགྱུར་རོ། །གབ་པའི་འཁོར་ལོའི་རྒྱུད་ལས། དབྱེ་བ་དང་མནན་པའི་འཁོར་ལོའི་ལེའུ་སྟེ་དགུ་པའོ།། །།སེམས་དཔའ་ཆེན་པོ་གཏན་འཕོ་བར་བྱེད་པའི་འཁོར་ལོ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །འཁོར་ལོས་དབྱེ་བ་དང་མནན་པ་གཉིས་ཏེ། དེ་ལ་དབྱེ་བའི་འཁོར་ལོ་ནི། གྲོ་གའམ་ཤིང་ཤུན་ལ། འུག་པའམ་ཕོ་རོག་གི་གཟུགས་བྲིས་ལ། ཕོ་རོག་གི་སྙིང་གར་འཁོར་ལོ་རྩིབས་བཞི་པ་གཅིག་བྲིས་ལ། དེའི་ལྟེ་བར་འདོད་པའི་མིང་དང་རུས་བྲིས་ལ། འུག་པའི་སྙིང་གར་འཁོར་ལོ་རྩིབས་བཅུ་གཉིས་པ་བྲིས་ལ། སྔགས་དྲུག་གཡོན་སྐོར་དུ་བྲིས་ལ། ཡུངས་ཀར་རྒྱལ་པོས་བྱེ་བ་བདུན་འབུམ་དུ་བཟླས་ཤིང་འུག་པ་དང་ཕོ་རོག་ལ་གཏོར་ན་གང་དབྱེ་བར་འདོད་པ་དེ་དབྲལ་བར་འགྱུར་རོ། །འདི་ནི་དབྱེ་བར་བྱེད་པ་འཁོར་ལོའི་རིམ་པའོ། །མནན་པའི་འཁོར་ལོའི་རིམ་པ་ནི། ཆུ་སྲིན་གྱི་པགས་པ་ལ། ཤིང་ཀ་བི་རའི་ཁུ་བས་སེར་པོ་བྱུགས་ལ། རི་རབ་ཀྱི་དབྱིབས་སུ་བྱས་ལ། རི་རབ་ཀྱི་ལྟེ་བར་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ལ། དེའི་ལྟེ་བར་གནན་པར་བྱ་བའི་མིང་རུས་བྲིས། འཁོར་ལོའི་རྩིབས་རྣམས་ལ་ཨོཾ་ལཾ་ལ་སོགས་པའི་སྙིང་པོ་བྲི། རི་རབ་ཀྱི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ཁ་གདེངས་པ་བྲི་ལ། འཇིམ་པ་ལས་བྱས་པའི་སྲིན་པོའི་གཟུགས། མདོག་མི་སྡུག་པའི་ལྟོ་བར་འཁོར་ལོ་


DNG021_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ལ། བགེགས་ཀྱི་རྒྱལ་པོ་ཁྱོད་ལ་གཏད་དོ་ཞེས་བརྗོད་ལ། གཟུགས་དེ་སྤྱིའུ་ཙུག་ཏུ་བཞག་ལ། བགེགས་ཀྱི་བཤང་བའི་ལམ་ལ་ཕུར་བུ་ཟུར་དྲུག་པ་གཅིག་བཏབ་ལ་བཞག་གོ། །དེའི་སྟེང་དུ་ཨོཾ་ལཾ་ཧཱུཾ་ཞེས་བརྗོད་པས། ཡེ་ཤེས་ཀྱི་རི་རབ་རྩེ་མོ་བརྒྱད་པ་གཅིག་ཏུ་གྱུར། སྟྭཾ་བྷ་ནན་ཞེས་པས་གཟིར། མོ་ཧ་གྷ་ཡ་ཞེས་པས་མིང་དང་རུས་སུ་བཅས་པ། བྷ་ག་བཱན་ཅེས་པ་ནི་ཧེ་རུ་ཀའོ། །ཧྲཱྀཿ ཿབི་ཀྲི་ནི་ཐབས་དང་ཤེས་རབ་ཏུ་བཅས་པའོ། །ཡེ་ཤེས་ཀྱི་རི་རབ་རྩེ་མོ་བརྒྱད་པ་དང་བཅས་པ། དཔལ་ཧེ་རུ་ཀས་འཁོར་བ་མ་སྟོངས་ཀྱི་བར་དུ་མནན་པར་འགྱུར་རོ། །གབ་པའི་འཁོར་ལོ་ལས་དབྱེ་བ་དང་བགེགས་མནན་པའི་ལེའུ་སྟེ་བཅུ་པའོ།། །།སེམས་དཔའ་ཆེན་པོ་ཕན་པའི་ལེའུ་བཅུ་གཅིག་པ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔགས་འདི་བྱིན་གྱིས་བརླབས་ནས་གསུངས། ཨོཾ་བྷུ་ཧྼྼཱཾ ་མ་ཧཱ་པྲ་ཎཱ་ཡ་བྷུ་རྩི་བྷུ་རྐི་བི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཤི་མ་གོ་ཁུང་ལཾང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷུ་ཁུང་ཧོ་ར་ཏེ་ནི་ཧོ་ཡ་བྷོ། རརྣ་ཁཱ་ཧི་བྷི་བྷི་མོ་ན་ཡེ་མོ། ཤི་མོ་ཀུ་ཀུ་ལུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་པྲ་ཎཱ་བྷུ་རྩི་བྷུ་ཧཱྀ ་བི་མཱ་ན་སེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྙིང་པོ་འདི་གསུངས་ནས་མི་སྣང་བར་གྱུར་ཏོ། །སེམས་དཔའ་ཆེན་པོ་རྐྱེན་བཟློག་པའི་རྫས་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །རྫས་འདི་རྣམས་ལགས་ཏེ། གལ་ཏེ་གསོ་བར་འདོད་ན། གུ་གུལ་ལ་སྔགས་ཀྱིས་བཏབ་སྟེ། བསྲེགས་ནས་བརྒྱ་རྩ་བརྒྱད་བཏབ་ན་སོས་པར་འགྱུར་རོ། །སེར་བ་འོང་ན། སྡིགས་མཛུབ་ཀྱི་ཕྱག་རྒྱ་བསྟན་ན་སེར་བ་ཆད་འབྲུག་བྲོས། ཐོག་ཆད་དོ། །རིམས་ནད་ན་བ་ལ་བྱ་མོ་ནག་མོའི་དང་རུ་ཆུར་བཏག་གོ། །ཀླུའི་རྟེན་ཡོད་ན་ཐལ་བ་གཙང་མ་ལ་སྔགས་བཏབ་ན། མི་དེའི་སེམས་མྱ་ངན་མེད་པར་འགྱུར་རོ། །མཆེ་བ་ཅན་ཟ་བ་ཡོད་ན། ཁམ་ཟན་ལ་སྔགས་


DNG021_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ལ་སྦྱིན་ནོ། །ཀླད་པ་གཟེར་ན་གང་ན་བ་ལ་ཕུར་པ་ལ་སྔགས་བཏབ་པའམ། ཡང་ན་གུ་རྒུམ་མམ་ཙནྡན་ལ་སྔགས་བཏབ་ནས་བྱའོ། །བལ་ནད་ན་བ་ལ་ཕབས་ཟན་ལ་བསྔགས་ཏེ་ཁུ་བ་བཙིར་ལ་བླུད་དོ། །མིག་ལོང་ནད་ཀྱིས་ན་བ་ལ། ནད་པའི་མིང་ཤོག་བུ་ལ་བྲིས་ལ། ནད་པའི་ཁྲི་འོག་ཏུ་བཅུག་ལ་སྔགས་གདབ་བོ། །སྐྲངས་པ་ལ་ཉིན་མཚན་དུ་གདབ་བོ། །ཕ་རོལ་སྨྲ་མི་ཤེས་པར་བྱ་ན། ཁོའི་མིང་རུས་ཁར་གཞུག་གོ། །ར་ལུག་ལ་སྤྱང་ཀི་འོང་ན། དོན་པོ་དོན་མོའི་སྐྱེ་རུ་སྔགས་བྲིས་ལ་གདགས་སོ། །སྔགས་འདི་འབྲས་དང་། ལྷོག་པ་དེ་རྣམས་ལ། གུ་གུལ་བསྲེག་ཅིང་བདུག་གོ། །ལིང་ཏོག་ལ་སྔགས་འདིས་ཕུས་གདབ་བོ། །ཆུ་འགགས་ན་གླ་བ་དང་། བ་མར་ལ་གདབ། སྦོས་ནས་ན་ན། ཆང་དང་ཁྱེའུའི་དྲི་ཆུ་ལ་བསྲེས་ལ་གདབ་པོ། །དེ་ཉིད་ལ་བསྔགས་ཏེ་བཏང་ངོ་། །འདྲེ་གནོད་ཆེ་ན་ཆུ་དང་ཉུང་དཀར་ལ་སྔགས་ལ་བླུད་དོ། །ནད་པ་སྲུང་བར་བྱེད་ན། སྔགས་བར་མ་ཆད་པར་བཟླས་པས། གདོན་མི་འོང་བར་འགྱུར་རོ། །སོག་ཀ་དག་གི་དུས་སུ་ཉུང་དཀར་ལ་སྔགས་བཏབ་ན་ཆང་ཐུབ་པར་འགྱུར་རོ། །དེས་ཞོ་ཡང་ཐུབ་པར་འགྱུར་རོ། །ལྷ་ཉེ་བར་བྱས་ན། སྤོས་བསྲེག་ཅིང་སྔགས་བཟླས་སོ། །བ་ལང་ཁོང་ལོག་ན་ཉུང་དཀར་ལ་བསྔགས་ཤིང་བཟླས་སོ། །ཞིང་ལ་འབུ་སྲིན་ཟ་ན་ཉུང་དཀར་དང་ཆན་བསྲེས་ཏེ་ཞིང་མཐའ་བསྐོར་ཞིང་བཏབ་ན་ངོས་གཅིག་ཏུ་འགྲོའོ། །སོ་ལ་སྲིན་ཟ་ན་བཅར་ཏེ་ཐད་དཀར་གདབ་པོ། །མིག་ལ་སྲིན་ཟ་ན་ཕུ་ཞིང་གདབ་པོ། །བང་མཛོད་ལ་གནོད་པ་བྱེད་ན། ཙནྡན་ནམ་ཤུག་པའི་ཕུར་པ་སོར་བཅུ་གཉིས་པ་ལ་སྔགས་ལ། ཐོད་པ་མཚན་ངན་གྱི་ནང་དུ་འབྲུ་ནག་པོས་བཀང་ལ་དར་ནག་པོའི་ཅོད་པན་དང་བཅས་པས། ཧཱུཾ་ཀཱ་རའམ་རྣམ་པར་རྒྱལ་བར་མངའ་གསོལ་ནས་དབུས་སུ་གཞག་པར་བྱའོ། །ཕན་བྱའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ།
བྷུ་ཧྼྼཱཾ ་གྱི་སྔགས་ཀྱི་ཕན་ཡོན་བཅུ་གཅིག་པ་གསུངས་སོ། །ཡང་དག་སྔགས་ཀྱི་རྒྱལ་པོའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བྷུ ཧྼྼཱཾ ་གྱི་སྔགས་འདི་གསུངས་ནས་མི་སྣང་བར་གྱུར་ཏོ། །སེམས་དཔའ་ཆེན་པོ་རྒྱུད་འདི་གང་དུ་སྣང་བར་འགྱུར། ལས་ཀྱི་སེམས་དཔའ་ཉོན་ཅིག །རྒྱུད་འདི་ས་ལེ་གསེར་གྱི་གླིང་ཀང་ཀང་པ་རུ་སྣང་བར་འགྱུར་རོ། །ལས་ཀྱི་སེམས་དཔའ། རྒྱུད་འདི་ཁྱོད་ཀྱིས་ཀློགས་ཤིག་ཉོན་ཅིག །ཁྱོད་ཉིད་ལ་གཏད་དོ། །རྒྱུད་འདི་ལ་སྨོད་པ་དེས་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྨད་པར་འགྱུར་རོ། །ལས་ཀྱི་སེམས་དཔའ་ཁང་བུ་བརྩེགས་པའི་ཕ་ཊར་བཅུག་ལ་ཉིན་མཚན་དུ་ཉིན་ལན་གསུམ། མཚན་ལན་གསུམ་དུ་བསྐོར་བ་གྱིས་ཤིག །འདི་ལ་བསྐོར་ཞིང་མཆོད་པས་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་རོ། །དེ་ལ་རྒྱུད་འདི་ནི་མི་ནུབ་པའི་རྒྱལ་མཚན་ཞེས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པས་དབང་བསྐུར་རོ། །གབ་པ་གསང་བའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་ གཉིས་པའོ།། །།རྡོ་རྗེ་ཕུར་པའི་ཕྲིན་ལས་འཁོར་ལོ་གབ་པ་གསང་བ་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།གབ་པ་འཁོར་ལོའི་རྒྱུད་ཨུ་རྒྱན་གྱི་མཁན་པོ་རྡོ་རྗེ་ཐོད་ཕྲེང་དང་བོད་ཀྱི་ལོཙྪ་བ་མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྵྀ་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousརྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ་གབ་པ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།next