Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གཉིས་པ། ཟ༽


   
   
   
   
   
རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད།
   
   
   
   
   
   


 
previousརྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད།next

རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད།


DNG022_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་གུ་ཧྱ་ཏནྟ་ཨུ་པ་དེ་ཤ །བོད་སྐད་དུ། རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད། བཅོམ་ལྡན་འདས་དཔལ་བཛྲ་ཀཱི་ལ་ཡ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྷུན་གྱིས་གྲུབ་པའི་བདག་ཉིད་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་ཅན་དེ། ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས། འབར་བའི་ཁྲོ་བོ་ཤིན་ཏུ་མི་


DNG022_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་པ། སྐུ་ཡི་དབྱིག་ཏུ་གྱུར་པར་བཞེངས་ཏེ། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། རང་སྣང་གསལ་བའི་དཀྱིལ་འཁོར་གྲུ་གསུམ་ཨེའི་དཀྱིལ་འཁོར་ན། ཀེང་རུས་གསར་རྙིང་བརྩེགས་པའི་རི་རབ་ཀྱི་སྟེང་། མེ་རི་འབར་བའི་ཀློང་། རྡོ་རྗེ་བྲག་ཆེན་གཏམས་པའི་མཎྜལ་ན། རྒྱུ་རིན་པོ་ཆེ་དང་ཐོད་པ་གསར་རྙིང་ལས་གྲུབ་པ། དྲག་པོ་འབར་བའི་གཞལ་ཡས་ཁང་། རྩིབས་བརྒྱད་ལ་སྒོ་བཞི་པ་དུར་ཁྲོད་ཀྱི་རྒྱན་རྣམ་པ་སྣ་ཚོགས་པས་བཀླུབས་པར། བདུད་དང་ཕྱོགས་སྐྱོང་དང་ཉི་ཟླའི་གདན་ལ་རབ་ཏུ་བཞུགས་ཏེ། ཐུགས་ཀྱི་སྲས་མཆོག་བཛྲ་འདུས་པ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཟ་བྱེད་དང་། གསོད་བྱེད་དང་། སྤྲུལ་པ་དང་། ཡང་སྤྲུལ་བརྗོད་ཀྱིས་མི་ལང་བ་དང་། གཞན་ཡང་དུར་ཁྲོད་ཀྱི་ཅེ་སྤྱང་དང་། ཟངས་ཀྱི་ཝ་མོ་དང་། ལྕགས་ཀྱི་སྤྱང་མོ་དང་། དུར་ཁྲོད་ཀྱི་ཁྱི་དང་། རྡོ་རྗེ་ལྷ་མོ་ཡ་བྱིན་དང་། དེ་བྱིན་དང་། ཆུ་བྱིན་དང་། ཕག་བྱིན་དང་། ནག་མོའི་ཚོགས་རེ་མ་ཏི་དང་། རེ་མ་ཛི་དང་། རེ་མ་ཛ་དང་། རེ་མ་ཛུ་དང་། གཞན་ཡང་དུར་ཁྲོད་ཀྱི་མ་བདུན་དང་། སྲིང་མོ་བཞི་དང་། སྐྱེས་མཆོག་ཕོ་མོ་དང་། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་དང་། རིན་པོ་ཆེ་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཚོགས་རབ་ཏུ་མང་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡ་འདིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། གུ་ཧྱ་བྷ་ག་ཝཱན། ཤྲཱི་བཛྲ་ཀུ་མཱ་ར་ན་མཿ། སརྦ་བིགྷྣཱན་བཾ་ཧཱུཾ་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། ཨ་ལ་ལ་ཧོ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་དྲག་པོ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྲིད་པ་ཐམས་ཅད་རྡོ་རྗེར་གྲུབ་པར་མཛད་དེ། འབར་བའི་ཁྲོ་བོ་ཤ་སྟག་པས། གཏུམ་པ་དང་། རྔམ་པ་དང་། བརྟུལ་ཞུགས་ཀྱིས་གདུག་པའི་ཚོགས་རྣམས་དབང་དུ་བསྡུ་བ་དང་། ཚར་བཅད་ནས་སླར་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་དོ། །རྡོ་རྗེ་ཕུར་པ་གསང་བ་གདམས་ངག་གི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡས། བཅོམ་ལྡན་འདས་ལ་མཆོད་ཅིང་བསྟོད་


DNG022_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ནས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་དཔལ་ཆེན་གྱིས། །གདམས་ངག་གསང་བའི་རྒྱུད་ཆེན་པོ། །མ་འོངས་པ་ཡི་དོན་ཆེད་དུ། །འཁོར་རྣམས་ལ་ནི་བཤད་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བཛྲ་ཀཱི་ལ་ཡ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་སྟེ། །བསད་ཅིང་མནན་པ་མ་ཡིན་ཏེ། །རྣམ་ཤེས་གནས་སུ་དག་ཕྱིར་བཤད། །ཅེས་གསུངས་སོ། །དེ་ནས་ཡང་བཀའ་སྩལ་པ། རྒྱུད་འདི་དམིགས་པའི་ཡུལ་དང་ནི། །སྒྲུབ་པའི་ཐབས་ཀྱི་རིམ་པ་དང་། །གྲུབ་པའི་འབྲས་བུ་དག་དང་གསུམ། །མན་ངག་བདག་གིས་བཤད་ཀྱི་ཉོན། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བ་གདམས་ངག་གི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །དེ་ཡི་དོན་ཉིད་ཡང་དག་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བཞིན་མ་བཅོས་གནས་པ་དེ། །མ་རྟོགས་གདུལ་བྱའི་ཞིང་དུ་དམིགས། །སྙིང་རྗེས་དམིགས་པར་བྱ་བ་ཡིན། །བསྒྲུབ་པར་བྱ་བའི་ཐབས་ལ་ཡང་། །གཞི་དང་དོན་གྱི་ཁོག་ཉིད་དང་། །སྲོག་དང་ཡེ་ཤེས་དབང་དང་ནི། །སྤྱན་འདྲེན་མཆོད་བསྙན་དངོས་གྲུབ་བླང་། །མཇུག་སྡུད་ལས་ཀྱི་ཁ་བསྐང་བའོ། །གྲུབ་པའི་འབྲས་བུ་ཆོས་སྐུ་དང་། །གཟུགས་སྐུ་རྒྱུན་གྱི་ཏིང་ངེ་འཛིན། །གཞི་ནི་ཕུན་སུམ་ཚོགས་པ་སྟེ། །བདག་ཉིད་གནས་དང་རྫས་དུས་ཏེ། །འཁོར་རྣམས་ཕུན་སུམ་ཚོགས་པའོ། །དཀྱིལ་འཁོར་རྣམ་པ་གསུམ་དག་ལས། །སྔོན་འགྲོའི་ལས་རྣམས་བྱ་བ་དང་། །དངོས་ལ་རྟེན་དང་བརྟེན་ནས་ཏེ། །འབྱུང་བ་ལྔ་དང་གཞལ་ཡས་ཁང་། །བདག་ཉིད་རྩ་བའི་ཕྱོགས་བཅུའི་ཁྲོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་རོ། །ཁམས་གསུམ་སྲོག་ལ་དབང་བསྐུར་དང་། །དེ་ཡི་སྲོག་ཀྱང་ཡེ་ཤེས་ཏེ། །བདག་གིས་དཀྱིལ་འཁོར་གཉིས་ལ་བསྐུར། །དེ་ཡིས་འགྲོ་དྲུག་དག་ལའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །


DNG022_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་སུ་དབང་བསྐུར་བའི། །སྤྱན་དྲང་མཆོད་དང་བསྙེན་པ་དང་། །དངོས་གྲུབ་བཅུད་ནི་བླང་བ་སྟེ། །ཕྱག་དང་མཆོད་པ་གཏོར་མ་དང་། །བདུད་རྩི་རཀྟ་སྦྱོར་སྒྲོལ་ལོ། །ཚོགས་དང་ལྷག་མའི་ཆོ་ག་བརྒྱད། །བསྙེན་པ་ལྷ་དང་དམ་ཅན་དང་། །ངན་སྔགས་ཉེ་བར་བསྙེན་པའོ། །དངོས་གྲུབ་ཡེ་ཤེས་ལྷ་དང་ནི། །དགྲ་ལ་ཚེ་ལུང་ཁྲུས་ལུང་དང་། །སྒོ་བཞིའི་ཕུར་པ་མཚོ་བཞི་སྟེ། །ཡུམ་བརྒྱད་ལུས་ཀྱི་རྟེན་བརྒྱད་དང་། །ཁ་བཅུ་ཚོགས་བརྒྱད་ཞར་བྱུང་གཉིས། །གཉིས་ཀྱིས་དགེ་སྡིག་མ་མཉམ་གདབ། །མཚོན་གྱིས་གཏུབ་དང་ཐུན་གྱིས་བྲབ། །གནས་སྐབས་ངག་ནི་ཤས་པར་བྱ། །མནན་པ་ སྦྱིན་སྲེག་ཐུན་དང་གསུམ། །ལས་ཀྱི་མཇུག་ནི་བསྡུ་བར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལས། གདམས་ངག་གི་ཁོག་དོན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །དཀྱིལ་འཁོར་རྣམ་གསུམ་རིམ་པར་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྙིང་གི་གོ་རུ་བསྒོམ་པར་བྱ། །ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་ཨེ་ཡཾ། ར་སུཾ་ཀེཾ་རཾ་བྷྲཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་ཨེ་བྷྲཱུཾ། ཛཿཧཱུཾ་བཾ་ཧོཿ། ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཧཱུཾ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་


DNG022_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ། བྷིནྡྷ་ཡ་བིང་བིང་ཧཱུཾ་ཕཊ། ན་མཿས་མནྟ་ཧྲིང་ཧྲིང་ཧཱུཾ་ཕཊ། སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཧཱུཾ་ས་མ་ཡ་ཏིཥྛ་ལྷན། ཨོཾ་བུཌྜྷ་ཀཱི་ལི་ཀཱི་ལ་ཡ་བཛྲ། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་སརྦ་ན་པ་ན་པ་ཡ་ཧཱུཾ་ཕཊ། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་བཱཀ་བཛྲཱ་ནཱན། སརྦ་དུཥྚཱན་ཧྲི་ཤོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་བཛྲཱ་ནཱན། ཙིཏྟ་ཙིཏྟ་ཧཱུཾ་ཕཊ། བེ་ཏ་ལཱི་ས་མན་ཏ་ལ་རཀྵ་ཧཱུཾ་ཕཊ། མ་གུ་ཏ་ལ་པྲ་ཏ་ལ་ཏ་ལ་ནི་ཧཱུཾ་ཕཊ། མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུཾ་ཕཊ། རྡོ་རྗེ་ཕུར་པ་གསང་བ་གདམས་ངག་གི་རྒྱུད་ལས། དཀྱིལ་འཁོར་རྣམ་གསུམ་བསྐྱེད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །སྲོག་དང་ཡེ་ཤེས་དབང་བསྐུར་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབ་འདིར་གསོལ་ཅིག །ཧཱུཾ་སྥ་ར་ཎ་ཧཱུཾ་ཕཊ། ཧཱུཾ་སཾ་ཧ་ར་ཎ་ཧཱུཾ། ཨ་ནྀ་སུ་ཏྲི་པྲེ་དུ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨོཾ་སྥ་ར་ཎ་ཕཊ། ཨ་སཾ་ཧ་ར་ཎ་ཧཱུཾ། ཨཱཿསྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ ཧཱུཾ། ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བ་མན་ངག་གི་རྒྱུད་ལས། ཁམས་གསུམ་སྲོག་ལ་དབང་བསྐུར་བ་དང་། སྲོག་ཡེ་ཤེས་སུ་དབང་བསྐུར་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྤྱན་དྲང་མཆོད་པའི་རིམ་པ་


DNG022_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །བདེ་བར་གཤེགས་པས་བཤད་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཨ་ཏི་པུ་ཧོ། པྲ་ཏཱི་ཙྪ་ཧོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པཱུ་ཛ་མེགྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། པུཥ྇། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། དམ་ཚིག་ཆེན་པོའི་དུས་ལ་བབ། །བ་ལིཾ་གཏོར་མ་བཞེས་སུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །བ་ལིཾ་གཏོར་མ་བཞེས་སུ་གསོལ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །བ་ལིཾ་གཏོར་མ་བཞེས་སུ་གསོལ། །ཤྭ་ན་མུ་ཁའི་དུས་ལ་བབ། །བ་ལིཾ་གཏོར་མ་བཞེས་སུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །བ་ལིཾ་གཏོར་མ་བཞེས་སུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །བ་ལིཾ་གཏོར་མ་བཞེས་སུ་གསོལ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བ་ལིཾ་གཏོར་མ་བཞེས་སུ་གསོལ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །བ་ལིཾ་གཏོར་མ་བཞེས་སུ་གསོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །ཤྭ་ན་མུ་ཁའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །ས་བདག་ཆེན་མོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །བདག་ཉིད་ཆེན་མོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །དངོས་གྲུབ་བར་ཆོད་བྱེད་པའི་བགེགས། །དངོས་གྲུབ་བར་ཆོད་བྱེད་པའི་དགྲ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་


DNG022_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་པས་ན། །བསྒོ་བའི་བཀའ་འདི་ཉན་པར་གྱིས། །མ་ཧཱ་རཀྟ་ཁཱ་ཧི། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མ་ཧཱ་རཀྟ་ཁཱ་ཧི། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། །ཁ་ཐམ། ཁ་ཐམ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཤྭ་ན་མུ་ཁའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཤྭ་ན་མུ་ཁའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་


DNG022_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བ་གདམས་ངག་གི་རྒྱུད་ལས། སྤྱན་དྲངས་ཤིང་མཆོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །བསྙེན་པའི་དོན་རྣམས་ཞུས་པ་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་བཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མ་ར་ས་ན་པྲ་མརྔྷ་ན་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧྀ་ད་ཡ་ན་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ཤི་ཀྲིན་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བ་མན་ངག་གི་རྒྱུད་ལས། བསྙེན་པ་རྣམ་པ་གསུམ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །སྒྲུབ་པ་ཆེན་པོའི་དུས་རྣམས་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབ་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་


DNG022_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལཾ་ཧཱུཾ་ཡཾ་སྟཾ་བྷ་ཡ་ནན། མོ་ཧ་གྷ་ཡ་བྷ་ག་བཱན་ཤྲི་ཀྲི་བི་ཀྲི། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱན། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཨ་ཨ། ཨཱ་ཝེ་ཤ་ཡ་ཨ་ཨ། ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བ་གདམས་ངག་གི་རྒྱུད་ལས། ཚེ་ལུང་ཁྲུས་ལུང་གི་དགོངས་པ་ཕུལ་ཏུ་ཕྱུང་སྟེ་གདབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །ཕྲིན་ལས་རྣམ་བཞིའི་དོན་རྣམས་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤར་ནས་ཞི་བའི་ཕྲིན་ལས་མཛད། །སྐྱེ་ཀའི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་རུས་པའི་མཚོ། །ཀླད་པའི་རྒྱས་སུ་ཀཱི་ལ་ཡ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་ཡ་བིང་བིང་ཧཱུཾ་ཧཱུཾ་ཕཊ། ལྷོ་ནས་རྒྱས་པའི་ཕྲིན་ལས་མཛད། །སྲིན་བྱའི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་དབུགས་ཀྱི་མཚོ། །གློ་བའི་དཀྱིལ་དུ་ཀཱི་ལ་ཡ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ན་མཿས་མནྟ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ། ནུབ་ནས་དབང་གི་ཕྲིན་ལས་མཛད། །ཁྲ་ཡི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་ཁྲག་གི་མཚོ། །མཆིན་པའི་དཀྱིལ་དུ་ཀཱི་ལ་ཡ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། བྱང་ནས་དྲག་པོའི་ཕྲིན་ལས་མཛད། །པུ་ཤུད་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་ཤ་ཡི་མཚོ། །མཁལ་མ་གཉིས་ལ་མཱ་ར་ཡ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། རྡོ་རྗེ་ཕུར་པ་རྩ་བ་མན་ངག་གི་རྒྱུད་ལས། ཕྲིན་ལས་ རྣམ་བཞིའི་ཕུར་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །ལུས་ཀྱི་རྟེན་ལ་གདབ་པ་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དངོས་གྲུབ་བར་ཆོད་བྱེད་པའི་བགེགས། །དངོས་གྲུབ་


DNG022_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་བྱེད་པའི་དགྲ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་བྱོས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་འདི་ཉན་པར་གྱིས། །ཧཱུཾ་པ་ར་བིད་ཏན། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། གྲྀ་ཧྣ་གྲྀ་ཧྣ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས། ཁྲོ་མོ་བརྒྱད་ཀྱིས་གདབ་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །ཚོགས་བརྒྱད་དག་ལ་གདབ་པ་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཅི་བཞིན་དམ་བཅས་པས། །མངོན་སྤྱོད་ཕྲིན་ལས་མྱུར་བར་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་རཱ་ཙི་ཏེ། མ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུཾ་ཕཊ། རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས། ཁྲོ་བོ་བཅུའི་ཕུར་པ་གདབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །དགེ་སྡིག་མ་སྙོམ་གདབ་པ་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས། ཡུམ་གྱིས་གདབ་པའི་རིམ་པའི་ལེའུ་སྟེ་བཅུ་


DNG022_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །ཐུན་གྱིས་བྲབ་པའི་ལས་རྣམས་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་ བཀའ་ལས་འདའ་མ་བྱེད། །ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏང་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཀརྨ་ཤྲི་ཀྲང་ཀ་ར་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལི་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས། ཐུན་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །མན་ངག་གབ་པའི་དོན་ཞུས་པས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ད་ལྟར་དེ་ལྔ་དག་ལ་ཡང་། །དང་པོ་ལྷ་དང་དབྲལ་བ་དང་། །གཉིས་དང་གསུམ་དང་བཞི་རྣམས་ནི། །ཀུན་གྱི་མགོ་ལ་གདགས་པར་བྱ། །ལྔ་པ་རྡུལ་དུ་བརླག་པ་དང་། །མཚོན་གྱིས་གཏུབ་དང་ཐུན་གྱིས་བྲབ། །ཀུན་གྱིས་ཁོང་ཁྲག་གདགས་པར་བྱ། །མཇུག་ཏུ་ཞལ་དུ་གདབ་བྱ་བ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ནི་ཉན་པར་གྱིས། །བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི་ཧ་ཧ། ཆོས་ཉིད་


DNG022_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདེན་པའོ། །ཆོས་ཉིད་ཀྱི་བྱིན་གྱིས་བརླབས་སོ། །གསང་སྔགས་ཀྱི་མཐུའོ། །ཨ་བྷི་ཙཱརྱའི་དུས་ལ་བབ་པ་རྣམས་ཀྱིས་བརྣག་པའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས་སོ། །ཧཱུཾ་ཧཱུཾ་ཞེས་པ་ཉི་ཤུ་རྩ་གཅིག་བཟླ་བར་བྱའོ། །དཀར་ནག་གི་མཚམས་སུའོ། །ཀཱི་ལི་ཀཱི་ལ་ཡ་ཞེས་བརྒྱ་རྩ་བརྒྱད་བཟླས་པ་བྱའོ། །དཀར་ནག་གི་མཚམས་སུའོ། །ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བཟླས་པ་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས། གབ་པའི་དོན་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །དབང་རྣམས་བསྐུར་བའི་རིམ་པ་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་སློབ་དཔོན་རབ་མཆོག་གིས། །བཀྲ་ཤིས་གཞུང་མཐུན་ཉམས་དགའི་གནས། །བཤགས་སྐོང་ལ་སོགས་ས་ཆོག་དང་། །དཀྱིལ་འཁོར་མཆོད་བུམ་ལ་བརྟེན་པའི། །གཞུང་བསྲང་བསྙེན་པའི་ཆོ་ག་བྱ། །སྟ་གོན་ལྷ་བསྐྱེད་ཆོག་གཞུང་བསྲང་། །གསོལ་གདབ་གནང་ཞིང་མཎྜལ་འབུལ། །སོ་ཤིང་དོར་ནས་ཆོས་བཤད་ཅིང་། །སྲུང་སྐུད་གདགས་དང་ཀུ་ཤ་རྨི་ལམ་བརྟག །དེ་ནས་ཐིག་དང་ཚོན་བྲི་ཞིང་། །རྒྱན་དང་རྫས་དགོད་ལས་གཞུང་བསྲང་། །གདོང་གཡོགས་གསོལ་གདབ་འཇུག་པར་ཞུ། །ལྷ་ལ་གསོལ་གདབ་མེ་ཏོག་དབུལ། །དྲིས་ལན་ཡོན་ཀྱང་ཁས་སུ་བླང་། །དཀྱིལ་འཁོར་བསྐོར་ལ་བགེགས་བསྐྲད་ཅིང་། །དམ་ཆུ་བླུད་ནས་དམ་ཚིག་དབོབ། །མེ་ཏོག་དོར་ལ་ལྷ་དབོག་ཅིང་། །གསང་བའི་མཚན་གདགས་དྲི་བ་བྱ། །བསྡིམ་དང་ཡེ་ཤེས་དབབ་དགྲོལ་བསྡིམ། །དབང་གི་སྟེགས་འདུག་གུས་དང་ལྡན། །དབང་བསྐུར་བ་ནི་བུམ་པ་དང་། །དབུ་རྒྱན་རྡོ་རྗེ་དྲིལ་བུ་སྟེ། །སངས་རྒྱས་ཡབ་ཡུམ་ལ་སོགས་ལྷ། །དུར་ཁྲོད་ཆས་བརྒྱད་འདོད་ཡོན་ལྔ། །ཡེ་ཤེས་དབང་བསྐུར་བྱིན་གྱིས་བརླབ། །བཀྲ་ཤིས་


DNG022_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅིང་སྨོན་ལམ་གདབ། །ཡོན་དབུལ་དགེ་བའི་རྩ་བ་བསྔོ། །དབང་དང་བྱིན་བརླབ་འདིར་སྩོལ་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས། རིན་ཆེན་དབང་གི་ཕྲེང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །འཛབ་དགོངས་རྒྱུན་གྱི་ཏིང་འཛིན་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀཱི་ལ་ཡ་ཡི་བསྙེན་པ་དང་། །མཚན་མ་རྟགས་ཀྱི་བསྙེན་པ་སྟེ། །བསྐྱེད་དང་རྫོགས་པའི་རིམ་གཉིས་ལས། །རྫོགས་པའི་རིམ་པ་རྣམ་བཞིའི་དོན། །རྨུགས་ན་ཆོས་ཉིད་ཨ་དཀར་ལ། །གཏད་ལ་རང་སེམས་བཟུང་བས་བཟླས། །དེས་ནི་ཏིང་འཛིན་ཟིན་པར་འགྱུར། །རྒོད་ན་སྐྱེ་མེད་བདེ་བ་ཆེ། །དབུགས་དང་ཤེས་པ་ཡིག་འབྲུར་འགྲོགས། །ཕར་འཕྲོས་ཡུལ་སྟོངས་འདུས་པ་བདེ། །འཕྲ་ན་བདེ་ཆེན་བསྐོར་ལྡོག་ཅིང་། །བྱ་འཕུར་མཁའ་ལ་བདེ་བ་ལྟར། །ཚུར་བསྡིམས་བསྐོར་ཞིང་ལྡོག་སྟེ་བཟླས། །ཕྱེད་ན་ཁྲོ་བོའི་བཟླས་པ་ནི། །ཏིང་ངེ་འཛིན་དང་ལྡན་པས་བཟླས། །མཚན་མ་ཅན་གྱི་བཟླས་པ་ནི། །མགལ་མེ་གླད་ལ་བསྐོར་བ་བཞིན། །གསེར་གྱི་བ་ཐག་གཟིངས་པ་དང་། །བུང་ཚང་བཤིག་པ་ཇི་བཞིན་དུ། །མགར་གྱི་ཚྭ་ཚྭ་གདབ་པ་ལྟར། །ཡང་ན་དབྱངས་དང་ཕྲིན་ལས་དང་། །ཆོས་ཉིད་ནུས་པ་ལྡན་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས། འཛབ་ཀྱི་དགོངས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །མནན་བསྲེག་འཕང་བའི་དོན་རྣམས་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྦྱིན་སྲེག་ཐབ་ཁུང་གྲུ་གསུམ་དུ། །ཚེར་མ་ཅན་གྱི་ཤིང་རྣམས་བཙེར། །མཆོད་པའི་རྫས་དང་སྲེག་པའི་རྫས། །གཏོར་མ་དག་དང་ལིངྒར་བཅས། །དྲག་པོའི་ཆ་ལུགས་རྫོགས་བྱས་ཏེ། །མཚམས་གཅོད་དགུག་གཞུག་བསྡིམ་ནས་ནི། །ཧོམ་ཁུང་མཐིང་ནག་གཞལ་ཡས་སུ། །མེ་ལྷ་དམར་སེར་ཕུར་པ་


DNG022_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །དགུག་ཅིང་མཆོད་དང་བསྟོད་བྱས་ལ། །ལྟོ་བར་རྩིབས་བརྒྱད་གཞལ་ཡས་ཁང་། །ལྷ་ཚོགས་བསྐྱེད་པའི་ཆོ་ག་གཞུང་། །སྤྱན་དྲང་མཆོད་དང་སྲེག་རྫས་དབུལ། །གཤེགས་ཤིང་མཇུག་གི་ལས་རྣམས་བྱ། །སྦྱིན་སྲེག་དག་གི་རིམ་པའོ། །མནན་པའི་འཁོར་ལོ་བཅས་ནས་ནི། །ཏིང་འཛིན་ཆོ་ག་གོང་ལྟར་ཏེ། །ལྷ་རྣམས་ཀུན་ཀྱང་རྟ་མགྲིན་བསྒྱུར། །ཨོཾ་བཛྲ་ཀྲཱི་ལི་ཀཱི་ལ་ཡ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། འོད་འཕྲོས་བསམ་གྱིས་མི་ཁྱབ་པས། །དགུག་དང་བསྡིམ་སྟེ་བཅིང་བྱས་ནས། །མཚན་ངན་ཐོད་པར་བཅུག་ལ་བཏབ། །ཐུན་སྔགས་བྲབ་སྟེ་མནན་བྱས་ལ། །རིམ་པར་གཡོགས་ཏེ་སྔགས་ཀྱིས་མནན། །འཕང་བ་ཐུན་གྱི་ལས་རྣམས་ནི། །རྫས་དང་སྔགས་དང་ཏིང་ངེ་འཛིན། །དེ་ལྡན་པས་ནི་བྱ་བར་བཤད། །གཞན་ཡང་ནཱ་ག་ཀླུ་འདུལ་དང་། །ཚེ་དང་བྱིན་རླབ་ལ་སོགས་པ། །ཀུན་ཀྱང་འདི་ཡིས་འགྲུབ་པར་བྱེད། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས། ལས་ཀྱི་མཇུག་བསྡུ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་འདུས་པའི་ཚོགས་ཀྱིས་ཀྱང་། །བཅོམ་ལྡན་འདས་ལ་རབ་བསྟོད་པ། །ཨེ་མ་ཧོ། ཆོས་ཀྱི་དབྱིངས་ལས་འབར་བའི་སྐུར་སྣང་ཞིང་། །སངས་རྒྱས་ཀུན་དང་ཡེ་ཤེས་རྫོགས་པའི་སྐུ། །རྒྱལ་བའི་སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་ཅིང་། །དཔའ་སྒེག་འཇིགས་པའི་སྐུ་ལ་ཕྱག་འཚལ་འདུད། །ཅེས་བསྟོད་དོ། །བཅོམ་ལྡན་འདས་ཀྱིས་སྡུད་པ་པོ་ལ་བཀའ་སྩལ་པ། ཉོན་ཅིག་ཟུང་ཞིག་ཀཱི་ལ་ཡ། །སྙིང་པོ་བསྡུས་པ་མན་ངག་རྒྱུད། །རྡོ་རྗེ་ཕུར་པ་གསང་བའི་དོན། །ཁྱོད་ཉིད་ལ་ནི་གཏད་པར་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བ་མན་ངག་གི་རྒྱུད་ལས། སྟོན་པ་ལ་བསྟོད་པ་དང་། སྡུད་པ་པོ་ལ་གཏད་པའི་ལེའུ་སྟེ་བཅོ་ བརྒྱད་པའོ།། །།རྡོ་རྗེ་ཕུར་པ་རྩ་བ་མན་ངག་གི་རྒྱུད་གདམས་ངག་གི་བཅུད་སྟོན་པར་བྱེད་པ་རྫོགས་སོ།། །།


previousརྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད།next