Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གཉིས་པ། ཟ༽

56 occurrences of བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་
[Clear Hits]


 
རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ།
28   
 
  
17   
 
  
  
  
  
  


56 occurrences of བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་
[Clear Hits]

 
no previousརྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ།next

རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ།


DNG022_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་གུ་ཧྱ་མ་ཧཱ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ། རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་ཅིང་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ། དུས་གསུམ་མ་ལུས་མི་ལུས་ལུས་པ་མེད་པའི་ངོ་བོ། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་ལས་ཀྱི་རང་བཞིན། རིགས་དང་ཡེ་ཤེས་ཀུན་གྱི་བདག་ཉིད། རོལ་པའི་རྫུ་འཕྲུལ་ལ་མངའ་བརྙེས་པ་དེ། དོན་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས། རྟགས་འགག་པ་མེད་པའི་ཆོ་འཕྲུལ་གྱི་སྐུར་བཞུགས་སོ། །འོག་མིན་གྱི་གནས་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་གཤེགས་ཤིང་བཞུགས་ཏེ་བཞུགས་


DNG022_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་གནས། རྒྱུ་རིན་པོ་ཆེ་དང་དུར་ཁྲོད་ལས་བྱས་པའི་དབྱིབས་ཁ་དོག་ཐ་དད་ཅིང་ངོ་བོ་ཉིད་བརྩེགས་པ་སྟེ། དེ་ཡང་དབྱིངས་ཡེ་ཤེས་གསལ་བའི་གཞལ་ཡས་ཁང་། ཀུན་ཏུ་ཁྱབ་པར་བརྡལ་བ་ཆེན་པོ་ན། རིགས་ཀྱི་ཡབ་དང་། རིགས་ཀྱི་ཡུམ་དང་། གཞན་ཡང་སེམས་དཔའ་དང་། སེམས་མ་དང་། སྒོ་སྐྱོང་སྤྲུལ་སྐུར་བཅས་པ་ཡང་། སྲིད་ཞི་དང་རིག་པའི་ཚུལ་གྱིས་ནི། ཏིལ་ལ་མར་བཞིན་དུ་ཁྱབ་པར་གནས་སོ། །འཁོར་གྱི་དཀྱིལ་འཁོར་དེ་ཉིད་ན། རྡོ་རྗེ་འཛིན་པའི་རྒྱལ་པོ་ཡང་ཉིད་ཀྱི་སྐུ་གསུང་ཐུགས་ལས་ཐོན་ཏེ། སྤྱན་སྔ་ཉིད་ན་བཀའ་ནོད་པའི་སྤོབས་པ་དང་ལྡན་པའི་ཞུ་བ་པོ་ཉིད་དུ་བཞུགས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས། དུས་གསུམ་དང་། སྲིད་པ་གསུམ་དང་། འཁོར་བ་དང་མྱ་


DNG022_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཟག་བཅས་དང་ཟག་མེད།འདུས་བྱས་དང་འདུས་མ་བྱས། བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ། ཐོགས་བཅས་དང་ཐོགས་མེད། རྟོག་བཅས་དང་རྟོག་མེད། དོན་དམ་པ་དང་ཀུན་རྫོབ། བསྒྲུབ་བྱ་དང་སྒྲུབ་བྱེད། ཤེས་པ་དང་ཤེས་པའི་ཡུལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྒྱུ་འབྲས་བུར་བཅས་པ། སྣང་ཞིང་གྲགས་པ་ཐམས་ཅད་ལ། རྫུ་འཕྲུལ་གྱི་སྤྱན་གྱིས་ཀུན་ཏུ་ཡང་ཁྱབ་པར་གཟིགས་རྣམ་པར་ཡང་གཟིགས་སོ། །དེ་བཞིན་དུ་གཟིགས་པས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་མཚན་ཉིད་སྟོང་པ་ཆེན་པོའི་རང་བཞིན། སྨྲ་བསམ་ལས་འདས་པའི་དེ་བཞིན་ཉིད། དེ་ཁོ་ནའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་རང་གི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ། ཕྱི་ནང་གི་མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་དེ། ལན་བརྒྱ་ཕྲག་སྟོང་དུ་བརྐྱང་ཕྱག་བཙལ་ནས། དགོངས་པ་ཆོས་ཀྱི་དབྱིངས་ལ་མནལ་བཞིན་དུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བདེར་གཤེགས་བཅོམ་ལྡན་འདས། །ཨེ་མ་ཧོ་གསང་མཆོག་དགྱེས་པ་ཆེ། །ཨེ་མ་ཧོ་རྣམ་པར་དག་པའི་ལམ། །ངོ་མཚར་འབྱུང་བ་ཁྱོད་ལ་འདུད། །དཀྱིལ་འཁོར་རྣམས་ཀྱི་དེ་ཉིད་དོན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ། །བདག་ཅག་རྣམས་ལ་བཤད་དུ་གསོལ། །དེ་ནས་གསང་བ་མཆོག་གི་བདག་པོས། རྡོ་རྗེ་འཛིན་པ་ལ་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ལེགས་པར་ཡིད་ལ་ཟུང་ཞིག །འདི་ནི་སྔོན་གྱི་རྒྱལ་བ་ཐམས་ཅད་དང་ད་ལྟར་དང་ཕྱིས་འབྱུང་བའི་རྒྱལ་བ་སངས་རྒྱས་རྣམས་ཀྱིས་མ་གསུངས་གསུང་བར་དཀའ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན།


DNG022_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ་ནི་བརྗོད་དུ་ཡང་མེད་ལ། སྣོད་དུ་གྱུར་པ་ཡང་དཀོན་པའི་ཕྱིར་རོ། །རྡོ་རྗེ་འཛིན་པ་དེ་བས་ན་ཁྱོད་ཉིད་ལ་དྲིས་ཤིག་ཅེས་བཀའ་སྩལ་ཏེ་ཅི་ཡང་མི་གསུང་བར་བཞུགས་སོ། །དེ་ནས་འཁོར་ལོ་འཛིན་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་འཛིན་པ་ལ་བསྒོ་བ་མཛད་དེ། རྡོ་རྗེ་འཛིན་པ་ཆེན་པོ་ཁྱོད་ནི་དེ་བཞིན་གཤེགས་པས་བཀའ་སྩལ་པ་ཞུ་བ་སྤོབས་པ་ཡིན་པས་ན། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཐེ་ཚོམ་ཐམས་ཅད་གཅོད་པ་ལ་ཐེ་ཚོམ་ཡང་དང་ཡང་དུ་ཞུས་ཤིག་དང་། དེ་བཞིན་གཤེགས་པ་ནི་སྣོད་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་ན། བྱང་ཆུབ་སེམས་དཔའ་བློ་དམན་རྣམས་ལ་ཡང་བྱིན་གྱིས་རློབས་ཤིག་ཅེས་བཀའི་བསྒོ་བ་མཛད་པས། རྡོ་རྗེ་འཛིན་པའི་རྒྱལ་པོས། རིགས་བཞིའི་སངས་རྒྱས་ཀྱིས་བསྐུལ་བ་ཐུགས་སུ་ཆུད་ནས། འཁོར་མང་པོ་དང་བཅས་པ་སྣོད་དུ་རུང་བར་བྱིན་གྱིས་བརླབས་པར་མཛད་ནས། སྟོན་པའི་ཞལ་དུ་བལྟས་ཏེ་གནས་སོ། །དེ་ནས་རྡོ་རྗེ་འདུས་པའི་རྒྱལ་པོས། བསྔོ་བ་མེད་པའི་མཆོད་པ་མ་ཆགས་པའི་འདོད་ཡོན། ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་ཅིང་སེམས་ལས་སྤྲུལ་ཏེ། སྟོན་པ་ལ་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། །དོན་དམ་སེམས་ཉིད་སྐྱེ་བ་མེད་པ་ལ། །སྟོན་པ་དང་ནི་གནས་དང་འཁོར། །སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ཅི། །ཞེས་གསོལ་ཏོ། །བཀའ་སྩལ་པ། ཆོས་ཀུན་རྩ་བ་སེམས་ཉིད་དེ། །རྩ་བ་དེ་ཉིད་སྟོན་པ་ལས། །གུད་ནས་བསྟན་པ་བཙལ་བ་མེད། །བདག་ཉིད་ཆེན་པོ་བྱང་ཆུབ་སེམས། །རྒྱུ་དང་འབྲས་བུར་བཅས་པའི་ཆོས། །བྱང་ཆུབ་སེམས་ལ་གནས་པ་ལས། །གུད་ན་གནས་པ་མ་ཡིན་ནོ། །དེ་ནི་གཞལ་ཡས་བྱང་ཆུབ་སེམས། །འཁོར་བའི་རྒྱུ་བསྟན་ཕུང་པོ་ལྔ། །འཁོར་བ་གནས་བསྒྱུར་ཕྱག་རྒྱ་ཡིན། །ཕྱག་རྒྱ་དེ་ཉིད་


DNG022_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས། །འབྱུང་བ་གནས་བསྒྱུར་ཡུམ་ལྔ་སྟེ། །ཡུམ་ལྔ་མ་ཆགས་བྱང་ཆུབ་སེམས། །རྣམ་ཤེས་འཁོར་བ་གནས་བསྒྱུར་སེམས་དཔའ་སྟེ། །དམིགས་པ་མེད་པའི་བྱང་ཆུབ་སེམས། །ཡུལ་བརྒྱད་འཁོར་བ་གནས་བསྒྱུར་སེམས་མ་སྟེ། །གནས་པ་མེད་པ་བྱང་ཆུབ་སེམས། །རྟག་ཆད་འཁོར་བ་གནས་བསྒྱུར་སྒོ་བ་སྟེ། །རེག་པ་རེག་ཤེས་རེག་བྱ་ལ། །འཁོར་བ་གནས་བསྒྱུར་ཁྲོ་བོ་སྟེ། །དངོས་པོ་མེད་པའི་བྱང་ཆུབ་སེམས། །སྨོན་པ་མེད་པའི་བྱང་ཆུབ་སེམས། །ཉོན་དྲུག་གནས་བསྒྱུར་སྤྲུལ་སྐུ་སྟེ། །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །རྟག་ཆད་འཁོར་བ་གནས་བསྒྱུར་ཀུན་བཟང་ཡབ་ཡུམ་སྟེ། །གཟུང་འཛིན་མེད་པའི་བྱང་ཆུབ་སེམས། །འཁྲུལ་པ་བཟློག་ཕྱིར་སེམས་ལས་ཤར་བ་ལས། །གུད་ནས་བཙལ་བ་མ་ཡིན་གྱི། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །དེ་བས་སེམས་ཉིད་ཆོས་རྣམས་ཀུན་གྱི་རྩ་བ་སྟེ། །རྩ་བ་དེ་ཡི་དོན་རྟོགས་ནས། །ཅི་ཡང་མ་བཀག་ཆོས་ཀྱི་དབྱིངས། །བལྟ་བ་མ་བཀག་སེམས་ཉིད་ནམ་མཁའ་ཡིན། །སྤྱོད་པ་མ་བཀག་སེམས་ཉིད་རྒྱ་མཚོའི་འཇིངས། །བསྒྲུབ་པ་མ་བཀག་སེམས་ཉིད་ཆེན་པོ་བསྒྲུབ། །ཕྲིན་ལས་མ་བཀག་སེམས་ཀྱིས་ཀུན་ལ་རོལ། །དཀྱིལ་འཁོར་མ་བཀག་སེམས་ཉིད་ཉིད་ལ་རྫོགས། །དམ་ཚིག་མ་བཀག་སེམས་ལས་བསྲུང་དུ་མེད། །མཆོད་པ་མ་བཀག་སེམས་ལས་ལོངས་སྤྱོད་པ། །སྙིང་པོ་མ་བཀག་སེམས་ཉིད་བརྗོད་དང་བྲལ། །ཕྱག་རྒྱ་མ་བཀག་སེམས་ཉིད་ཕྱག་རྒྱ་ཡིན། །ཏིང་འཛིན་མ་བཀག་སེམས་ཉིད་ངང་ལ་ཤར། །ཞེས་བཀའ་སྩལ་པས། འཁོར་རྣམས་སེམས་མཚན་མེད་པ་ལ་མཚན་མའི་སྐུར་བྱུང་བས་རྟག་པའི་མཐའ་སེལ་ཏོ། །དེ་ནས་ཡང་རྡོ་རྗེ་འཛིན་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །དོན་དམ་མཆོག་ཏུ་ཇི་ལྟར་བསྐྱེད། །ཅེས་ཞུས་


DNG022_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས། དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཅུང་ཞིག་མཉམ་པར་བཞག་ནས། འདུས་པའི་ཚོགས་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་འཛིན་པ་ལ་སོགས་པ་རྣམས་ངེས་པར་ལེགས་པར་ཉོན་ཅིག །བྱང་ཆུབ་སེམས་ཞེས་བྱ་བ་ནི། །བརྗོད་དང་སྨྲ་བསམ་ཡུལ་ལས་འདས། །དོན་དམ་ཀུན་རྫོབ་ཐ་མི་དད། །རང་གི་ལུས་ངག་རྡོ་རྗེ་སྟེ། །བྱང་ཆུབ་སེམས་ཀྱི་ངོ་བོ་ལས། །ལུས་ངག་ཡིད་གསུམ་མ་གྲུབ་པར། །རིག་པའི་སྐྱེས་བུ་དེ་ཡིས་ནི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཡིན། །ཞེས་གསུངས་སོ། །དེ་ནས་འཁོར་འདུས་པ་རྣམས་ཀྱིས། རང་གི་བྱང་ཆུབ་སེམས་དེ་ཁོ་ན་ཉིད་ལ་སེམས་ནས་འཁོད་དོ། །འཁོད་པས་སེམས་ཀྱི་དོན་རྟོགས་པར་གྱུར་ཏེ། དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་དེས། རང་གི་བྱང་ཆུབ་སེམས་ཀྱི་རྟོགས་ཚད་འདི་ཕུལ་ལོ། །ཨེ་མ་ཧོ་བདེར་གཤེགས་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །གཟུང་འཛིན་རྣམ་སྤངས་ཚིག་དང་ཡི་གེའི་སྤྱོད་ཡུལ་མིན། །གདོད་ནས་མ་སྐྱེས་རྟོག་པའི་གནས་མེད་དོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་འཁོར་ལོ་འཛིན་པས་ཀྱང་། རང་གི་བྱང་ཆུབ་ཀྱི་སེམས་རྟོགས་ཚད་འདི་གསུངས་སོ། །ཨེ་མ་ཧོ་ཆོས་ཀུན་སྟོང་པའི་བདག །རང་གི་ངོ་བོ་བརྗོད་དུ་མེད། །བརྗོད་མེད་དེ་ནི་སྣ་ཚོགས་པའི། །ཆོས་རྣམས་ཀུན་ལ་ཁྱབ་པར་གནས། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་འཛིན་པས་ཀྱང་། རང་གི་བྱང་ཆུབ་སེམས་ཀྱི་རྟོགས་ཚད་ཕུལ་པ་འདི་སྐད་གསུངས་སོ། །ཨེ་མ་ཧོ་མཉམ་ཉིད་བྱང་ཆུབ་སེམས། །མིང་དུ་བཏགས་པའི་ཚིག་རྣམས་ཀུན། །མཉམ་པ་ཉིད་ལ་གནས་བཅས་ཕྱིར། །མཉམ་པ་ཉིད་ལས་གཞན་མེད་དོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་པདྨ་འཛིན་པས་ཀྱང་། རང་གི་བྱང་ཆུབ་སེམས་


DNG022_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟོགས་ཚད་འདི་གསུངས་སོ། །ཨེ་མ་ཧོ་ཆོས་སུ་སྣང་བ་ཐམས་ཅད་ཀུན། །རང་གི་ངོ་བོ་བརྗོད་དུ་མེད། །དེ་ཉིད་བྱང་ཆུབ་སེམས་སུ་ནི། །མཁས་པས་བསྒོམས་ན་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྒྱ་གྲམ་འཛིན་པས་ཀྱང་། རང་གི་བྱང་ཆུབ་སེམས་ཀྱི་རྟོགས་ཚད་འདི་གསུངས་སོ། །ཆོས་ཀུན་བྱང་ཆུབ་སེམས་ཉིད་དེ། །ངེས་པ་མེད་དེ་དངོས་རྟོག་བྲལ། །དེ་ཉིད་དག་པའི་རང་བཞིན་ཏེ། །མཁས་པས་ཅི་དགར་བསྒོམས་ན་འགྲུབ། །ཅེས་གསུངས་སོ། །དེ་ལས་གཞན་པའི་འཁོར་རྣམས་ནི། བྱང་ཆུབ་སེམས་དེ་ཁོ་ན་ཉིད་ཀྱི་དོན་ཉམས་སུ་མྱོང་སྟེ། རང་རང་གིས་དེ་བཞིན་ཉིད་ལ་འཁོད་ནས་གནས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཚིམས་པ་དེའི་ཚེ་ན། དུས་གསུམ་ལ་སོགས་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ། རྒྱུ་དང་འབྲས་བུར་བཅས་པ་རྣམས་སྟོང་པ་ཆེན་པོར་གྱུར་པ་ནི། དཔེ་ནམ་མཁའི་མཚན་ཉིད་ཙམ་དུ་ཡང་བསྒྲུབ་ཏུ་ཡོད་པ་མ་ཡིན་ནོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྐྱེ་བ་མེད་པའི་དེ་བཞིན་ཉིད་ལས། འགག་པ་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བའི་ཕྱིར་ན། རྡོ་རྗེ་འཛིན་པའི་རྒྱལ་པོས། སྟོང་པ་ཉིད་ཀྱི་ངང་ལས་གླུ་འདིས་བསྐུལ་ཏོ། །ཨེ་མ་ཧོ་སྟོང་ཉིད་རྣམ་དག་ཀློང་ཡངས་ནས། །སྙོམས་པའི་ཐུགས་རྗེ་འབྱུང་བར་མི་དམིགས་ཀྱང་། །ཤེས་རབ་དོན་དམ་ཆོས་སྐུ་གསལ་བ་ལས། །མི་འགོག་ཐབས་ཀྱིས་སྙིང་རྗེ་ནམ་མཁར་སྟོན། །ཞེས་བསྐུལ་བས། གསང་བ་མཆོག་གི་བདག་པོས་བསྐུལ་བར་མཁྱེན་ཏེ། སྟོང་པ་ཉིད་ཀྱི་ངང་ལ་མནལ་བཞིན་དུ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ཚེ་ཆོས་ཐམས་ཅད་སྙིང་རྗེ་


DNG022_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ངོ་བོ་ཙམ་དུ་གནས་པར་གྱུར་ཏོ། །དེ་ནས་རྡོ་རྗེ་འཛིན་པས། སྙིང་རྗེ་ཆེན་པོའི་ངང་ལས་གླུ་འདིས་བསྐུལ་ཏོ། །ཨེ་མ་ཧོ་མ་ལྟར་བྱམས་པའི་སྙིང་རྗེ་ཆེན་པོ་ནི། །མཁའ་ལྟར་གོ་ཡང་འབྱེད་ཅིང་ཀུན་ལ་ཁྱབ། །རིག་པའི་སྙིང་རྗེ་ནམ་མཁའི་དབྱིངས་རུམ་ནས། །ལོངས་སྤྱོད་རྫོགས་པའི་སྐུ་མཆོག་བསྟན་དུ་གསོལ། །ཨ་ལ་ལ་ཧོ་ཞེས་བསྐུལ་ཏོ། །དེ་ནས་གསང་བ་མཆོག་གི་བདག་པོས་བསྐུལ་བར་མཁྱེན་ནས། སྙིང་རྗེ་ནམ་མཁའི་ངང་ལས་རིག་པའི་ཆོ་འཕྲུལ་རྣམ་པར་སྤྲུལ་ཏེ། རྡོ་རྗེའི་སྐུ་མངོན་པར་འདུ་མཛད་དེ། དཔེར་ན་ནམ་མཁའི་དབྱིངས་ལ་ཉི་མ་འབུམ་དུས་གཅིག་ཏུ་ཤར་བའི་གཟི་བརྗིད་ལྟ་བུའོ། །དེ་ནས་ཡང་རྡོ་རྗེ་འཛིན་པས། རྨད་དུ་བྱུང་བའི་གླུ་འདིས་བསྐུལ་ཏོ། །ཨེ་མ་ཧོ་ཡིད་བཞིན་སྐུ་མཆོག་ཉི་མ་འབར་བ་ལས། སྤྲུལ་པའི་ཆོ་འཕྲུལ་རྡོ་རྗེའི་གར་མཛད་ཅིང་། །བརྗིད་པའི་སྐུ་མཆོག་རྡོ་རྗེ་འབར་བ་ཡིས། །འབར་བའི་སྐུ་མཆོག་བདག་ལ་བསྟན་དུ་གསོལ། །ཨ་ལ་ལ་ཧོ་ཞེས་རྣམ་པར་བསྐུལ་བས་བསྐུལ་བར་ཐུགས་སུ་ཆུད་དེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་མཚན་མ། ཡེ་ཤེས་ཀྱི་རྩེ་མོ་རྡོ་རྗེ་རྩེ་དགུ་པ་ལྟ་བུ། སངས་རྒྱས་རྣམས་ཀྱིས་གཟིགས་པར་གྱུར་ཏོ། །དེ་ནས་ཡང་རོལ་པའི་སྐུ་མངོན་པར་འདུ་མཛད་པ་དེ་ལས། རོལ་པའི་སྐུ་ཞལ་གསུམ་པ་ལྟ་བུ་སངས་རྒྱས་རྣམས་ཀྱིས་གཟིགས་སོ། །དེ་ནས་རྨད་དུ་བྱུང་བ་འདིས་བསྐུལ་ལོ། །ཨེ་མ་དེ་ནི་རང་བྱུང་བའི། །རིགས་རྣམས་ཀུན་གྱི་རིགས་ཀྱི་གཙོ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །རྡོ་རྗེ་འཆང་ཆེན་རྟག་པ་རོལ་པའི་སྐུའོ། །རྡོ་རྗེ་འཛིན་པ་ལ་སོགས་པས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། དེ་བཞིན་གཤེགས་པ་ཀུན་ཞི་བའི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཆེན་པོ་ལས་བྱུང་བའི། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཨེ་མ་ཧོ། དེ་བཞིན་གཤེགས་པ་ཀུན་གྱི་གཙོ། །དེ་བཞིན་


DNG022_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཨེ་མ་ཧོ། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མེད་ཐམས་ཅད་ཡང་དག་སྤོངས། །བཅོམ་ལྡན་གསང་བ་མཆོག་གི་བདག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཨེ་མ་ཧོ། ཞི་བའི་ཆོས་མཆོག་ལས་བྱུང་བའི། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བའི། །བཅོམ་ལྡན་གསང་བ་མཆོག་གི་བདག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཨེ་མ་ཧོ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །བཅོམ་ལྡན་གསང་བ་མཆོག་གི་བདག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བསྐུལ་བར་མཁྱེན་ཏེ། བཅོམ་ལྡན་འདས་ཀྱིས་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་དེ། བྱིན་རླབས་ཅན་དུ་བྱ་བའི་ཕྱིར། །སྔ་ཚུལ་གྱི་གནས་དང་འཁོར་ཚུལ་ལ་སོགས་པ་དེ་དག་ཉིད་ཀྱི་སྐུ་གསུང་ཐུགས་ལ་བསྡུས་ཏེ། ཆོས་ཉིད་བྱང་ཆུབ་སེམས་སུ་མི་སྣང་བར་མཛད་དོ། །དེ་ལས་བོ་དྷི་ཙིཏྟ་མཎྜ་ལ་ཨ་ཞེས་ཆོ་འཕྲུལ་གྱི་སྒྲ་བརྗོད་པས། སྐྱེ་བ་མེད་པའི་ངང་ལས་འགག་པ་མེད་པའི་ཆོ་འཕྲུལ་གྱི་བྱང་ཆུབ་སེམས་ཀྱི་གཟུགས་བརྙན་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་ཡི་གེ་ཨ་རུ་གསལ་བར་མཛད་དོ། །དེ་ལ་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་བསྒྲགས་སོ། །ཡི་གེ་ཨ་ཡི་སེམས་ཀྱི་རང་བཞིན་ཏེ། །ཆགས་པའི་སྐྱོན་བྲལ་ནམ་མཁའི་ཁ་དོག་འདྲ། །སེམས་རྒྱ་ཆེ་བའི་ཁྱད་པར་བསྟན་པའི་ཕྱིར། །རྒྱ་མཚོའི་རླབས་ལྟར་ཐམས་ཅད་འབྱུང་བའི་རྒྱུ། །ཞེས་བསྒྲགས་སོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཨ་རེའི་འཕྲོ་འདུ་ལས། ཐམས་ཅད་ཡི་གེ་ཨ་དེ་ཤིན་ཏུ་ཡང་གསལ་ཏེ། དེ་ལས་འདི་སྐད་ཅེས་བསྒྲགས་སོ། །བྱང་ཆུབ་སེམས་ཀྱི་ཡིག་འབྲུ་ཨ། །འཕྲོས་པས་ཐུགས་བསྐུལ་རྒྱུད་སྦྱང་སྟེ། །ཐབས་དང་ཤེས་རབ་དབྱངས་དང་སྒྲ་ཡིག་ཚོགས། །མཚན་དང་དཔེ་བྱད་ཀུན་གྱི་རྒྱུ་རུ་གསལ། །ཀ་ཁ་ག་གྷ་ང་། ཙ་


DNG022_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཨོཾ་ཨོཾ་ཀྵ་ཨ། ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། རྀ་རཱྀ། ལྀ་ལཱྀ། ཨཾ་ཨཱ། དེ་ནས་ཡང་གསང་བ་མཆོག་གི་བདག་པོས། དེ་བཞིན་ཉིད་ཀྱི་དབྱིངས་ལས་ནི། །ལྷ་མོ་དབྱིངས་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་ནས། །སྨིན་རིང་མཛེས་ཚུལ་གཡོན་དུ་བཞུགས། །དེ་ནས་ཡང་གསང་བ་མཆོག་གི་བདག་པོས། གཞལ་ཡས་རྣམ་པར་གསལ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་སྙིང་པོ་འདི་རྣམས་ཆེད་དུ་བརྗོད་དེ་ཕྱུང་ངོ་། །ཨེ་ཡཾ། ཁཾ། སུཾ། རཾ། བྷྲཱུཾ། ཆོས་དབྱིངས་གསལ་བའི་ནམ་མཁའ་ལ། །ཡེ་ཤེས་གསལ་བའི་རླུང་གིས་བསྐྱོད། །བྱང་ཆུབ་སེམས་རྒྱན་ཆུ་རྒྱུན་ལས། །ཞི་གནས་གསལ་བའི་ས་གཞི་ཆགས། །ལྷག་མཐོང་འབར་བའི་དྲོད་དང་ལྡན། །ཡེ་ཤེས་ལྔ་ལྡན་རི་རབ་ཆེན་པོ་ལ། །བྷྲཱུཾ་ལས་རིན་ཆེན་འབར་བའི་གཞལ་ཡས་ཁང་། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་མཆོག་གི་གནས། །དབུས་ཀྱི་དཀྱིལ་འཁོར་ཆ་དགུ་པ། །འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་པ། །གྲུ་ཆད་བར་ཁྱམས་ལྡན་པ་དང་། །སྒོ་ཡི་འགྲམ་ལོགས་ཡ་ཕུབ་ཁྱུང་། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །རྣམ་ཐར་བརྒྱད་ཀྱི་ཀ་བ་ལ། །ཡེ་ཤེས་ཆེན་པོ་བཞིའི་གདུང་དྲེས། །འཁོར་ལོའི་གདན་དང་རིན་ཆེན་རྒྱན། །རྟ་བབས་རོལ་མོའི་ཚོགས་སུ་ལྡན། །ཞེས་བརྗོད་དོ། །དེ་ནས་ཡང་བདག་ཉིད་དང་འཁོར་རྣམས་ལ་རིམ་གྲོ་བསྐྱེད་དེ་གདན་བཏིང་བའི་ཕྱིར། འདི་སྐད་ཅེས་བརྗོད་དོ། །དྷ་རི་ཏ་ཀེ་ཐ་ག་ཏེ། བྷེ་ཤ་ར་ཏ། དྷ་ཤ་ཏ་ཐཱ་ག་ཏ་ས་ཏ་ལ། ཏ་ཐཱ་ག་ཏ་སརྦ་གི་ར། ཙ་ཏ་རི་རིད་ཏི་པྲ་ཏ།ཤཱནྟི་ག་ཏ་བོ་ཤ་ཏ་ཀ །རཏྣ་ད་ར། མ་པ། ཨ་སཱུརྱ་ཙནྡྲ་པདྨ་མཎྜ་ལ། སེང་གེ་གླང་ཆེན་རྟ་དང་རྨ་བྱ་ནམ་


DNG022_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྡིང་། །ཉི་ཟླ་པདྨ་རིན་ཆེན་ཁྲི་རྐང་མཛེས། །བདེ་གཤེགས་རྣམས་ལ་རིམ་གྲོ་བསྐྱེད་པའི་ཕྱིར། །གདན་གྱི་ཁྱད་པར་རབ་ཏུ་རྫོགས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །རཾ་ཡཾ་ཁཾ། ཇི་ལྟར་སྣང་བའི་དངོས་པོ་རྣམས། །སྐྱེ་མེད་ངང་དུ་རོ་གཅིག་ཕྱིར། །ཡེ་ཤེས་བསྐལ་པ་གསུམ་གྱིས་དངོས་པོ་གསུམ། །སྦྱངས་ནས་རང་བཞིན་ཆོས་དབྱིངས་ངང་དུ་དག །ཅེས་གསུངས་སོ། །དེ་ནས་གསང་བ་མཆོག་གི་བདག་པོ་དེས། ཏ་ཐཱ་ག་ཏ་ས་མ་ཡ་ཏིཥྛ་བཛྲ་ཞེས་བརྗོད་དེ། དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་ཆགས་པའི་ཡུམ་ལ། འཁོར་གྱི་སྐུ་བསྐྱེད་པའི་ཕྱིར་ན། རྗེས་སུ་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡུམ་དབྱིངས་ཕྱུག་མ་ཞལ་འཛུམ་པ་དང་བཅས་ནས། ཆགས་པའི་གླུ་འདིས་བསྐུལ་ཏོ། །ཨེ་མ་ཧོ། རོལ་པའི་ཆོ་འཕྲུལ་འབར་བའི་སྐུ་མཆོག་ལས། །ཁྱབ་པའི་བྱིན་རླབས་རྡོ་རྗེའི་གར་མཛད་ཅིང་། །གསང་བ་བྷ་ག་ཡངས་པའི་དཀྱིལ་འཁོར་དུ། །རེ་སྐོང་བདུད་རྩིའི་ཆར་རྒྱུན་དབབ་ཏུ་གསོལ། །ཨ་ལ་ལ་ཧོ་ཞེས་རྣམ་པར་བསྐུལ་བས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། གཉིས་སུ་མེད་པའི་རོལ་པའི་ཚུལ་གྱིས་གར་མཛད་ཅིང་། རྡོ་རྗེའི་གླུ་འདི་བླངས་སོ། །ཨ་ཧོ་བདེ་མཆོག་འདུ་འབྲལ་མེད་པའི་དབྱིངས་ཉིད་དུ། །འཛུམ་ཞིང་འཁྱིལ་པས་པདྨའི་བྷ་ག་རུ། །དགའ་མཆོག་རྡོ་རྗེ་གསང་བའི་བྱང་ཆུབ་སེམས། །དྲི་མེད་རིན་ཆེན་ཆར་དབབ་རྒྱུན་མི་གཅོད། །སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་ཨོཾ་ཧཱུྃ་ཕཊ། ཨེ་ཀ་ཙནྟ་ཨཱོཾ། ཨ་ནུ་རཱ་ག་ཡཱ་མི། ཞེས་གསུངས་སོ། །མཁའ་གསང་བྱིན་གྱིས་བརླབས་ནས། རྣམ་པ་སྣ་ཚོགས་པའི་གླུ་དང་གར་གྱིས་སྟེགས་པ་དང་། འཁྱུད་པ་དང་རོལ་པ་མཛད་དོ། །དེ་ལྟར་རོལ་པའི་ཐབས་མཆོག་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ཆགས་པའི་


DNG022_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་བྱང་ཆུབ་སེམས་ཀྱིས་བསྐུལ་བའི་ཆོ་འཕྲུལ་གྱི་སྒྲ་འདི་སྐད་བསྒྲགས་སོ། །ཨ་ཧོ་ཆགས་པ་ཆེན་པོ་དབབ་པའི་བྱང་ཆུབ་སེམས། །དུས་གསུམ་བདེ་གཤེགས་རྣམས་ཀྱི་རྩ་བཞིའི་མཆོག །དྲི་མེད་སྐྱོན་བྲལ་པདྨའི་རང་བཞིན་ལས། །མུ་ཏིག་དྲི་མེད་བསིལ་བའི་འོད་ཟེར་སྤྲོའོ། །ཡང་ཐབས་མཆོག་ཡབ་ཀྱི་བྱང་ཆུབ་སེམས་ཀྱིས། ཆགས་པའི་ཡུམ་གྱི་བྱང་ཆུབ་སེམས་ལ་བསྐུལ་བའི་ཆོ་འཕྲུལ་སྒྲ་འདི་སྐད་ཅེས་བསྒྲགས་སོ། །ཨ་ཧོ་གསལ་ཞིང་དག་པ་ཟླ་བའི་དཀྱིལ་འཁོར་དུ། །སྐྱོན་གྱིས་མ་གོས་རྣམ་དག་བྱང་ཆུབ་སེམས། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཐུགས་ཉིད་དེ། །བསིལ་བའི་འོད་ཟེར་པདྨའི་གནས་སུ་སྤྲོ་ཧོ། ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་བྷོ་དྷི་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་སྤྲོ་ཞིང་བསྐུལ་ལོ། །དེ་ནས་ཡང་གསང་བ་མཆོག་གི་བདག་པོས། བྱང་ཆུབ་ཀྱི་སེམས་འཕྲོ་འདུའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་བདེ་མཆོག་བདེ་བ་མ། །བྱང་ཆུབ་སེམས་ནི་རབ་སྤྲོས་པས། །སངས་རྒྱས་ཀུན་གྱི་ཐུགས་བསྐུལ་ཅིང་། །འགྲོ་བ་ཀུན་གྱི་རྒྱུད་སྦྱངས་ཏེ། །སླར་འདུས་དབྱིངས་སུ་ཐིམ་པ་ལས། །བྱང་ཆུབ་སེམས་ཀྱི་ཐིག་ལེར་གསལ། །ཐིག་ལེ་འོད་ཀྱི་རང་བཞིན་ལས། །བྱང་ཆུབ་སེམས་ཀྱིས་ཀུན་ལ་ཁྱབ། །བོ་དྷི་ཙིཏྟ་སརྦ་མཎྜ་ལ། ཞེས་གསུངས་ཏེ། དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡབ་ཡུམ་ལྷག་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེར་གནས་སོ། །དེ་ནས་གསང་བ་མཆོག་གི་བདག་པོས། འཕྲོ་འདུ་དང་འཇུ་འདུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམ་པར་སྤྲོས་པ་འདི་གསུངས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་ལས་ཡི་གེ་རྣམ་པར་སྤྲོས་པ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨེ་མ་སངས་


DNG022_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི། །ཡི་གེ་གསུང་གི་ཕྱག་རྒྱའི་ཚོགས། །སྤྲོས་པས་གསུང་བསྐུལ་དག་རྒྱུད་དག །བསྡུས་པས་ཆོས་ཀྱི་ཕྱག་རྒྱ་ཐོབ། །ཅེས་གསུངས་སོ། །ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཡིག་འབྲུར་མཁྱེན་ནས་མངོན་པར་འདུ་མཛད་དོ། །དེ་ནས་ཡང་ཡི་གེ་ལས་ཕྱག་རྒྱའི་ཚོགས་སུ་གྱུར་པར་མཛད་དེ། བཛྲ། ཙཀྲ། རཏྣ། པདྨ། ཀརྨ། བཛྲ་གན་དྷ། ཙཀྲ་གན་དྷ། རཏྣ་གན་དྷ། པདྨ་གན་དྷ། ཀརྨ་གན་དྷ། ཨུཏྤ་ལ་པུཥྤ། ནཱ་ག་པྲྀཀྵ། རཏྣ་ས་མ་ཏི། ཏིཀྵྞ་ཁཌྒ། པདྨ་དྷ་ར་བཛྲ་རཾ་པ། དྷརྨ་ཙཀྲ། རཏྣ་བྲུ་བ་ཏི། ཛྙཱ་ན་མུ་ཏྲ། རཏྣ་ས་མ་ཏྲཾ། དྷརྨ་ཀི་རཾ། ནི་ར་ཏ་ཧོ་པ། དུ་ས་མེ་གྷ་པ། པུཥྤ་མུ་ཏྲ། སུ་ཀ་རཾ་བ། གན་དྷི་པི་པག་ཏ། ས་ག་མུ་ཏྲ། དྷརྨ་མུ་ཏ། དྷརྨ་ཨེ་བཾ། བཛྲ་ཀ་ཝ་ཙ། རཏྣ་ག་ཡ། བཛྲ་རཾ། ཁམ་བཾ། ཏ་པ་ཏི། ཛྙཱ་ན་བཛྲ། དྷརྨ་གན་དྷ་ཧྲཱྀཿ། ཀ་པཱ་ལ་ནི་ར་ག་ཏ། བཛྲ་ཏི་ཏྲ། ནཱ་གོ་ར་ག །བཛྲ་ཀརྨ། ཨངྐུ་ཤ་ཛཿ། ཧཱུྃ་པཱ་ཤ་ཧཱུྃ། བཾ་སྥོ་ཊ་བཾ། ཧོཿགན་དྷི་ཧོཿ། རྡོ་རྗེ་དང་ནི་འཁོར་ལོ་དང་། །རིན་ཆེན་པདྨ་རྒྱ་གྲམ་སྟེ། །ཤེས་རབ་དོན་སྟོན་དྲིལ་བུ་ལྔ། །ཨུཏྤལ་དང་ནི་ཀླུ་ཤིང་དང་། །རིན་ཆེན་མྱུ་གུ་རལ་གྲི་དང་། །པདྨ་དཀར་དང་རྡོ་རྗེ་དང་། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། །གཟུགས་མཛེས་མེ་ལོང་རིན་ཆེན་ཕྲེང་། །ཆོས་ཀྱི་པི་ཝང་གར་མཆོག་སྟེ། །བདུག་པའི་མཆོག་དང་མེ་ཏོག་ཕྲེང་། །མར་མེ་དང་ནི་བྱུག་པ་སྟེ། །གསེག་ཤང་དང་ནི་པི་ཝང་དང་། །གོ་ཆ་དང་ནི་པོ་ཏི་དང་། །རིན་ཆེན་སྒྲོམ་དང་མེ་ཆུར་བསྟན། །ཐབས་མཆོག་རྡོ་རྗེ་དང་ནི་ཤེས་རབ་དྲིལ་བུར་བསྟན། །ཐོད་པ་ནྲྀ་མགོ་གདེངས་པ་དང་། །རྡོ་རྗེ་དང་ནི་སྦྲུལ་ཆེན་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལྕགས་ཀྱུ་དང་ནི་ཞགས་པ་དང་། །ལྕགས་སྒྲོག་དང་ནི་དྲིལ་བུའོ། །ཨེ་མ་བདེར་གཤེགས་ཀུན་གྱི་ཐུགས། །རྟོགས་པར་དཀའ་བའི་སྙིང་པོའི་དོན། །བདེ་གཤེགས་ཐུགས་བསྐུལ་འགྲོ་བའི་ཤེས་པ་བཀྲོལ། །


DNG022_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཐུགས་ཀྱི་ཕྱག་རྒྱ་བསྟན་པའོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ཕྱག་རྒྱའི་ངང་དུ་མཁྱེན་ཏོ། །དེ་ནས་ཡང་གསང་བ་མཆོག་གི་བདག་པོས་སྐུ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་འཛིན་དང་འཁོར་ལོས་སྒྱུར། །རིན་ཆེན་མང་དང་པདྨ་འཆང་། །སྣ་ཚོགས་ལས་ལ་སོགས་པ་རྣམས། །སྤྱན་སྔ་ཉིད་དང་ཕྱོགས་བཞིར་བཞུགས། །བཟང་མོ་སྤྱན་དང་མཱ་མ་ཀཱི། །ན་བཟའ་དཀར་མོ་སྒྲོལ་མ་རྣམས། །རང་རང་གཙོ་ལ་འཁྲིལ་བའི་ཚུལ། །ས་ཡི་སྙིང་པོ་ནམ་མཁའི་སྙིང་། །སྤྱན་རས་གཟིགས་དབང་ཕྱག་ན་རྡོ་རྗེ་དང་། །བྱམས་པ་མཻ་ཏྲི་སྒྲིབ་པ་རྣམ་པར་སེལ། །ཀུན་ཏུ་བཟང་པོ་འཇམ་དཔལ་གཞོན་ནུ་རྣམས། །འབར་བའི་འཁོར་ལོ་དག་ལ་འཁོད། །ལ་སྱེ་མཱ་ལེ་གཱི་རྟི་ནཱི་རྟི་དང་། །དྷཱུ་པེ་པུཥ྇་ཨཱ་ལོ་ཀེ། །གནྡྷེ་མ་ལ་སོགས་པ་རྣམས། །རང་རང་སེམས་དཔའ་དག་དང་འཁྲིལ། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །བརྒྱ་བྱིན་དང་ནི་ཐགས་བཟང་རིས། །ཤཱཀྱ་ཐུབ་དང་སེང་གེ་དང་། །གཤིན་རྗེའི་རྒྱལ་དང་ཁ་འབར་མ། །འབར་བའི་བར་ཁྱམས་དག་ལ་འཁོད། །གཤིན་རྗེ་གཤེད་དང་སྟོབས་པོ་ཆེ། །རྟ་མགྲིན་བདུད་རྩི་འཁྱིལ་པ་བཞི། །ཕྱོགས་ཀྱི་སྒོ་བཞི་དག་ལའོ། །རྟ་གདོང་ཕག་གདོང་སེང་གདོང་སྦྲུལ་གདོང་རྣམས། །རང་རང་ཁྲོ་བོ་དག་ལ་འཁྲིལ། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་མདོག །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཁྲིགས་པའི་འོད། །སྐུ་མདོག་ཕྱག་རྒྱའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཨེ་མ་ཧོ་བདེ་གཤེགས་ཀུན་གྱི་སྐུ། །སངས་རྒྱས་སྐུ་བརྙེས་ལུས་ཀྱི་ཉེས་པ་དག །མཚན་གྱི་མེ་ཏོག་དཔེ་བྱད་འབྲུ་ཆགས་ཏེ། །སྐུ་


DNG022_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཕྱག་རྒྱའི་དཀྱིལ་འཁོར་བསམ་མི་ཁྱབ། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། སྐུ་གསུང་ཐུགས་ཕྱག་རྒྱའི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཛིན་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གསང་བ་མཆོག་གི་བདག །དེ་ལྟར་བསྟན་པའི་དཀྱིལ་འཁོར་དེའི། །བྱུང་ཁུངས་དངོས་གཞི་ལས་དང་ཡོན་ཏན་གང་། །བདེ་བར་གཤེགས་པས་བསྟན་དུ་གསོལ། །ཞེས་གསོལ་པས།  བཅོམལྡནའདསཀྱིསབཀའསྩལ next hit། །ཉོན་ཅིག་རྡོ་རྗེ་འཛིན་རྒྱལ་པོ། །ཆོས་སྐུ་ནམ་མཁའི་ངང་ལས་མ་གཡོས་ཀྱང་། །མེ་ལོང་ཡེ་ཤེས་ངང་ལས་ཐུགས་མཆོག་ཚུལ་འཛིན་ཅིང་། །བདེ་བའི་ཡེ་ཤེས་ལྔ་དོན་ཐུགས་ཆུད་པའི། །རྣམ་ཤེས་བག་ཆགས་སྦྱང་མཛད་རྡོ་རྗེ་འཛིན་པ་ཁྱོད་ཉིད་སྐུ། །ཆོས་སྐུ་ནམ་མཁའི་ངང་ལས་མ་གཡོས་ཀྱང་། །སྟོང་ཉིད་ངང་ལས་སྐུ་མཆོག་ཚུལ་འཛིན་ཅིང་། །བདེ་བ་ཆོས་ཀྱི་འཁོར་ལོ་བསྐོར་མཛད་དེ། །གཟུགས་ཀྱི་མཚན་མ་སྦྱང་མཛད་འཁོར་ལོས་སྒྱུར་རྒྱལ་པོ། །ཆོས་སྐུ་ནམ་མཁའི་ངང་ལས་མ་གཡོས་ཀྱང་། །མཉམ་ཉིད་ཡེ་ཤེས་ངང་ལས་ཡོན་ཏན་ཚུལ་དུ་བསྟན། །རིན་ཆེན་དབྱིག་ལྟར་དགོས་འདོད་རེ་སྐོང་བ། །ཚོར་བ་གནས་སུ་དག་མཛད་རིན་ཆེན་མཛེས་པའི་སྐུ། །ཆོས་སྐུ་ནམ་མཁའི་ངང་ལས་མ་གཡོས་ཀྱང་། །སོ་སོར་རྟོག་པའི་ཡེ་ཤེས་ངང་ལས་པདྨ་འཆང་བའི་སྐུ། །འདམ་སྐྱེས་པད་ལྟར་ཉོན་མོངས་སྐྱོན་མ་གོས། །འདུ་ཤེས་གནས་སུ་དག་པས་པདྨ་འཆང་བའི་སྐུ། །ཆོས་སྐུ་ནམ་མཁའི་ངང་ལས་མ་གཡོས་ཀྱང་། །བྱ་བ་ནན་ཏན་ཡེ་ཤེས་ངང་ལས་རྒྱ་གྲམ་འཛིན་པའི་སྐུ། །བདག་དང་གཞན་གྱི་ཕྲིན་ལས་དོན་མཛད་དཔལ། །འདུ་བྱེད་གནས་སུ་དག་པས་སྣ་ཚོགས་འཆང་བའི་སྐུ། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ནམ་མཁའི་སྤྱན་གྱིས་སྐུ་མཆོག་ཤེས་རབ་ཚུལ། །སངས་རྒྱས་ཆེ་བའི་བྱིན་བརླབས་སྡུད་མཛད་


DNG022_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །ནམ་མཁའི་རང་བཞིན་གནས་འགྱུར་ནམ་མཁའི་སྤྱན། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །སངས་རྒྱས་སྤྱན་གྱིས་སྐུ་མཆོག་བསམ་གཏན་ཚུལ། །སངས་རྒྱས་ཆེ་བའི་ཁྱད་པར་བསྐྱེད་མཛད་དེ། །ས་ཡི་འབྱུང་བ་གནས་འགྱུར་སངས་རྒྱས་སྤྱན། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །མཱ་མ་ཀཱི་ཡི་སྐུ་མཆོག་སྦྱིན་པའི་ཚུལ། །ཉོན་མོངས་ཐ་བ་རླན་གྱིས་སྤངས་པར་བྱེད། །ཆུ་ཡི་འབྱུང་བ་གནས་འགྱུར་མཱ་མ་ཀཱི། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ན་བཟའ་དཀར་མོའི་སྐུ་མཆོག་བཟོད་པའི་ཚུལ། །ཉོན་མོངས་བག་ཆགས་ཐམས་ཅད་བསྲེག་མཛད་མ། །མེ་ཡི་འབྱུང་བ་གནས་འགྱུར་ན་བཟའ་དཀར། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །དམ་ཚིག་སྒྲོལ་མའི་སྐུ་མཆོག་བརྩོན་འགྲུས་ཚུལ། །ཉོན་མོངས་འཁོར་བའི་བག་ཆགས་འཐོར་མཛད་མ། །རླུང་གི་འབྱུང་བ་གནས་འགྱུར་དམ་ཚིག་སྒྲོལ། །ཡེ་ཤེས་ཐུགས་ཀྱི་ཆོས་ཉིད་དོན་རྟོགས་ཏེ། །གཟུགས་སྐུ་ས་ཡི་སྙིང་པོ་སེམས་དཔའི་ཚུལ་འཛིན་ཅིང་། །བླ་མེད་བྱང་ཆུབ་འབྲས་བུ་སྨིན་མཛད་པའི། །ཀུན་གཞི་གནས་འགྱུར་ས་ཡི་སྙིང་པོའི་སྐུ། །ཡེ་ཤེས་ཐུགས་ཀྱི་ཆོས་ཉིད་དོན་རྟོགས་ཏེ། །གཟུགས་སྐུ་ནམ་མཁའི་སྙིང་པོ་ཚུལ་འཛིན་ཅིང་། །ཉོན་མོངས་སྒྲིབ་པའི་དྲ་བ་གཅོད་མཛད་དེ། །ཡིད་ཀྱི་རྣམ་ཤེས་གནས་འགྱུར་ནམ་མཁའི་སྙིང་པོའི་སྐུ། །ཡེ་ཤེས་ཐུགས་ཀྱི་ཆོས་ཉིད་དོན་རྟོགས་ཏེ། །གཟུགས་སྐུ་སྤྱན་རས་གཟིགས་ཀྱི་སྐུ་མཆོག་སེམས་དཔའི་ཚུལ་འཛིན་པས། །འཁོར་བའི་བག་ཆགས་སྐྱོན་གྱིས་མ་གོས་ཏེ། །ཉོན་མོངས་ཡིད་ཀྱི་གནས་འགྱུར་སྤྱན་རས་གཟིགས་དབང་སྐུ། །ཡེ་ཤེས་ཐུགས་ཀྱི་ཆོས་ཉིད་དོན་རྟོགས་ཏེ། །གཟུགས་སྐུ་ཕྱག་ན་རྡོ་རྗེ་སེམས་དཔའི་ཚུལ་འཛིན་པས། །མཐའ་གཉིས་ཉོན་མོངས་འཁོར་བ་འཇོམས་མཛད་པ། །ལུས་ཀྱི་རྣམ་ཤེས་གནས་འགྱུར་ཕྱག་ན་རྡོ་རྗེའི་སྐུ། །


DNG022_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཐུགས་ཀྱི་ཆོས་ཉིད་ཐུགས་ཆུད་ཅིང་། །གཟུགས་སྐུ་བྱམས་པ་མཻ་ཏྲི་སེམས་དཔའི་ཚུལ་འཛིན་ཅིང་། །ཆེ་བའི་ཡོན་ཏན་མ་ལུས་སྐུ་ལ་རྫོགས། །སྣ་ཡི་རྣམ་ཤེས་གནས་འགྱུར་བྱམས་པ་མཻ་ཏྲིའི་སྐུ། །ཡེ་ཤེས་ཐུགས་ཀྱི་ཆོས་ཉིད་དོན་རྟོགས་ཏེ། །གཟུགས་སྐུ་སྒྲིབ་པ་རྣམ་སེལ་སེམས་དཔའི་ཚུལ་འཛིན་པས། །འགྲོ་བ་རྣམས་ལ་གསུང་གི་ཆོས་ཀྱང་སྟོན། །རྣ་བའི་རྣམ་ཤེས་གནས་འགྱུར་སྒྲིབ་པ་སེལ་བའི་སྐུ། །ཡེ་ཤེས་ཐུགས་ཀྱི་ཆོས་ཉིད་དོན་རྟོགས་ཏེ། །གཟུགས་སྐུ་ཀུན་ཏུ་བཟང་པོ་སེམས་དཔའི་ཚུལ་འཛིན་པས། །བླ་མེད་བྱང་ཆུབ་འབྲས་བུ་སྨིན་མཛད་ཅིང་། །མིག་གི་རྣམ་ཤེས་གནས་འགྱུར་ཀུན་ཏུ་བཟང་པོའི་སྐུ། །ཡེ་ཤེས་ཐུགས་ཀྱི་ཆོས་ཉིད་དོན་རྟོགས་ཏེ། །གཟུགས་སྐུ་འཇམ་དཔལ་གཞོན་ནུ་སེམས་དཔའི་ཚུལ་འཛིན་ཅིང་། །ཉོན་མོངས་བག་ཆགས་ཐ་བ་འཇོམས་པར་བྱེད། །ལྕེ་ཡི་རྣམ་ཤེས་གནས་འགྱུར་འཇམ་དཔལ་གཞོན་ནུའི་སྐུ། །སྐྱེ་མེད་ཆོས་དབྱིངས་དོན་དམ་ཐུགས་ཆུད་ཀྱང་། །གཟུགས་སྐུ་ལྷ་མོ་ལཱ་སྱེ་སེམས་མའི་ཚུལ་འཛིན་མ། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མངའ་བརྙེས་མ། །ཀུན་གཞི་ཡུལ་དུ་སྣང་བ་གནས་འགྱུར་ལཱ་སྱེ་མ། །སྐྱེ་མེད་ཆོས་དབྱིངས་དོན་དམ་ཐུགས་ཆུད་ཀྱང་། །གཟུགས་སྐུ་ལྷ་མོ་མཱ་ལེ་སེར་མོའི་ཚུལ་འཛིན་མ། །ཆོས་ཉིད་རིག་པ་ཉིད་ལ་གསལ་མཛད་དེ། །ཡིད་ཀྱི་ཡུལ་དུ་སྣང་བ་གནས་འགྱུར་མཱ་ལེ་མ། །སྐྱེ་མེད་ཆོས་དབྱིངས་དོན་དམ་ཐུགས་ཆུད་ཀྱང་། །གཟུགས་སྐུ་ལྷ་མོ་གཱིརྟི་སེམས་མའི་ཚུལ་དུ་བསྟན། །རྣམ་དག་འགྲོ་ལ་གསུང་གི་སྒྲ་སྒྲོགས་མ། །ཉོན་མོངས་ཡུལ་དུ་སྣང་བ་གནས་འགྱུར་གིརྟི་མ། །སྐྱེ་མེད་ཆོས་དབྱིངས་དོན་དམ་ཐུགས་ཆུད་ཀྱང་། །གཟུགས་སྐུ་ལྷ་མོ་ནིརྟི་སེམས་མའི་ཚུལ་འཛིན་ཅིང་། །ལུས་ཀྱི་ཡུལ་དུ་སྣང་བ་གནས་འགྱུར་ནིརྟི་མ། །སྐྱེ་མེད་ཆོས་དབྱིངས་དོན་དམ་ཐུགས་ཆུད་ཀྱང་། །གཟུགས་སྐུ་ལྷ་མོ་དྷཱུ་པེ་སེམས་མའི་ཚུལ་འཛིན་ཅིང་། །གསལ་བའི་རིག་པས་བདེར་གཤེགས་ཚོགས་རྣམས་ཚིམས་མཛད་ནས། །


DNG022_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་ཡུལ་དུ་སྣང་བ་གནས་འགྱུར་དྷཱུ་པེ་མ། །སྐྱེ་མེད་ཆོས་དབྱིངས་དོན་དམ་ཐུགས་ཆུད་ཅིང་། །གཟུགས་སྐུ་ལྷ་མོ་པུཥ྇་སེམས་མའི་ཚུལ་འཛིན་མ། །མཁྱེན་པའི་རིག་པས་དུས་གསུམ་སངས་རྒྱས་མཉེས། །རྣ་བའི་ཡུལ་དུ་སྣང་བ་གནས་འགྱུར་པུཥ྇་མ། །སྐྱེ་མེད་ཆོས་དབྱིངས་དོན་དམ་ཐུགས་ཆུད་ཀྱང་། །གཟུགས་སྐུ་ལྷ་མོ་ཨཱ་ལོ་ཀེ་སྟེ་སེམས་མའི་ཚུལ་འཛིན་མ། །འཁོར་བ་མ་རིག་མུན་པ་སེལ་བར་མཛད། །སྣ་ཡི་ཡུལ་དུ་སྣང་བ་གནས་འགྱུར་ཨཱ་ལོ་ཀེ། །སྐྱེ་མེད་ཆོས་དབྱིངས་དོན་དམ་ཐུགས་ཆུད་ཀྱང་། །གཟུགས་སྐུ་ལྷ་མོ་གནྡྷེ་སེམས་མའི་ཚུལ་འཛིན་མ། །བག་ཆགས་ཉོན་མོངས་སྒྲིབ་པ་དག་གྱུར་ཏེ། །ལྕེ་ཡི་ཡུལ་དུ་སྣང་བ་གནས་འགྱུར་གནྡྷེ་མ། །ཡེ་ཤེས་ཐུགས་ཀྱི་ཆོས་དབྱིངས་དོན་རྟོགས་ཏེ། །གཟུགས་སྐུ་ཀུན་ཏུ་བཟང་པོ་ཕྱག་རྒྱའི་ཚུལ་འཛིན་ཅིང་། །འཁོར་བ་གནས་འདྲེན་བདེ་གཤེགས་ཀུན་བསྐྱེད་ཡབ། །བྱེད་པ་པོ་ནི་གནས་འགྱུར་ཀུན་བཟང་བདག་ཉིད་ཡབ། །ཆོས་ཀྱི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱང་། །གཟུགས་སྐུ་འགྲོ་བའི་དོན་དུ་ཡུམ་གྱི་ཆ་འཛིན་མ། །འདས་དང་ད་ལྟར་མ་བྱོན་ཀུན་བསྐྱེད་ཡུམ། །བྱ་བ་མོ་ནི་གནས་འགྱུར་ཀུན་བཟང་བདག་ཉིད་ཡུམ། །སྤྲོས་པ་མེད་པའི་དོན་ལས་མ་གཡོས་ཀྱང་། །སྤྲུལ་སྐུ་བརྒྱ་བྱིན་ཐུབ་པའི་ཚུལ་འཛིན་པ། །བརྩོན་འགྲུས་ཆོས་སྟོན་ཕམ་ལྟུང་མེད་པར་མཛད། །ལེ་ལོ་གནས་འགྱུར་ལྷ་ཡི་ཐུབ་པ་མཆོག །སྤྲོས་པ་མེད་པའི་དོན་ལས་མ་གཡོས་ཀྱང་། །སྤྲུལ་སྐུ་ཐགས་བཟང་རིས་ཏེ་ཐུབ་པའི་ཚུལ་འཛིན་པས། །ཡོན་ཏན་ཚུལ་ཁྲིམས་ཆོས་སྟོན་འཐབ་རྩོད་རྣམ་པར་སེལ། །ང་རྒྱལ་གནས་འགྱུར་ལྷ་མིན་ཐུབ་པ་མཆོག །སྤྲོས་པ་མེད་པའི་ངང་ལས་མ་གཡོས་ཀྱང་། །སྤྲུལ་སྐུ་ཤཱཀྱ་ཐུབ་པའི་ཚུལ་འཛིན་པས། །བསམ་གཏན་ཆོས་སྟོན་དྲེལ་ཕོངས་སྡུག་བསྔལ་སེལ། །འདོད་ཆགས་གནས་འགྱུར་མི་ཡི་ཐུབ་པ་མཆོག །སྤྲོས་པ་མེད་པའི་ངང་ལས་མ་གཡོས་


DNG022_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །དྲང་སྲོང་ཤཱཀྱ་སེང་གེ་ཐུབ་པའི་ཚུལ་འཛིན་པས། །ཤེས་རབ་ཆོས་སྟོན་གཏི་མུག་སྡུག་བསྔལ་སེལ། །གཏི་མུག་གནས་འགྱུར་བྱོལ་སོང་ཐུབ་པའི་མཆོག །སྤྲོས་པ་མེད་པའི་དོན་ལས་མ་གཡོས་ཀྱང་། །སྤྲུལ་སྐུ་རཀྴ་གླང་མགོ་ཐུབ་པའི་ཚུལ་འཛིན་པས། །བཟོད་པའི་ཆོས་སྟོན་ཚ་གྲང་སྡུག་བསྔལ་སོལ། །ཞེ་སྡང་གནས་འགྱུར་དམྱལ་བའི་ཐུབ་པའི་མཆོག །སྤྲོས་པ་མེད་པའི་དོན་ལས་མ་གཡོས་ཀྱང་། །སྤྲུལ་སྐུ་དེད་དཔོན་ཁ་འབར་ཚུལ་འཛིན་པས། །སྦྱིན་པའི་ཆོས་སྟོན་བཀྲེས་སྐོམ་སྡུག་བསྔལ་སེལ། །སེར་སྣ་གནས་འགྱུར་ཡི་དྭགས་ཐུབ་པའི་མཆོག །ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང་། །འཇིགས་བྱེད་སྐུ་མཆོག་གཤིན་རྗེ་གཤེད་དུ་བསྟན། །འཆི་བདག་གཤིན་རྗེ་ཐབས་ཀྱིས་འདུལ་མཛད་པ། །རེག་པ་གནས་འགྱུར་གཤིན་རྗེ་གཤེད་ཀྱི་སྐུ། །ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །འཇིགས་པའི་སྐུ་མཆོག་སྟོབས་པོ་ཆེ་རུ་བསྟན། །རྡོས་བཅས་ཕུང་པོའི་བདུད་རྣམས་འཇོམས་མཛད་པ། །རེག་བྱ་གནས་འགྱུར་སྟོབས་པོ་ཆེ་རུ་བསྟན། །ཐུགས་མཆོག་ཞི་བའི་ངང་ལས་མ་གཡོས་ཀྱང་། །འཇིགས་པའི་སྐུ་མཆོག་རྟ་མཆོག་དཔལ་དུ་བསྟན། །འཁོར་བའི་ཉོན་མོངས་བདུད་དཔུང་རླག་པར་བྱེད། །རེག་བྱེད་གནས་འགྱུར་རྟ་མཆོག་རོལ་པའི་སྐུ། །ཐུགས་དམ་ཞི་བའི་ངང་ལས་མ་གཡོས་ཀྱང་། །འཇིགས་པའི་སྐུ་མཆོག་བདུད་རྩི་འཁྱིལ་པར་བསྟན། །ལྷ་བདུད་ཆེན་པོའི་ཚོགས་རྣམས་འཇོམས་མཛད་པ། །རེག་བྱ་གནས་འགྱུར་བདུད་རྩི་འཁྱིལ་པའི་སྐུ། །མཚན་མ་མེད་པའི་ངང་ལས་མ་གཡོས་ཀྱང་། །མཚན་མའི་སྐུ་མཆོག་སྙིང་རྗེའི་ཚུལ་འཛིན་མ། །འཁོར་བའི་སེམས་ཅན་བླ་མེད་གནས་སུ་འདྲེན་མཛད་པ། །རྟག་པ་གནས་འགྱུར་ལྷ་མོ་རྟ་གདོང་ལྕགས་ཀྱུ་མ་ཡི་སྐུ། །མཚན་མ་མེད་པའི་དབྱིངས་ལས་མ་གཡོས་ཀྱང་། །མཚན་མའི་སྐུ་མཆོག་བྱམས་པའི་ཚུལ་འཛིན་པས། །འཁོར་བའི་བག་ཆགས་མ་ལུས་འཆིང་བར་མཛད། །ཆད་པ་གནས་འགྱུར་ལྷ་མོ་ཕག་གདོང་མ་


DNG022_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྐུ། །མཚན་མ་མེད་པའི་དབྱིངས་ལས་མ་གཡོས་ཀྱང་། །མཚན་མའི་སྐུ་མཆོག་དགའ་བའི་ཚུལ་འཛིན་མ། །སྡིག་པ་མི་དགེའི་ལས་རྣམས་འཇོམས་མཛད་པ། །བདག་ཏུ་འཛིན་པས་གནས་འགྱུར་ལྷ་མོ་ཉི་ཟླ་སྤྱན་གྱི་སྐུ། །མཚན་མ་མེད་པའི་དབྱིངས་ལས་མ་གཡོས་ཀྱང་། །མཚན་མའི་སྐུ་མཆོག་བཏང་སྙོམས་ཚུལ་འཛིན་ཅིང་། །གསུང་སྙན་བདེར་གཤེགས་དགྱེས་པ་བསྐྱེད་མཛད་དེ། །མཚན་མར་འཛིན་པའི་གནས་འགྱུར་ལྷ་མོ་ཐལ་བྱེད་མ་ཡི་སྐུ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། ལྷ་རྣམས་ཀྱི་ཡོན་ཏན་དང་བྱུང་ཁུངས་དང་དངོས་གཞི་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་རྡོ་རྗེ་འཛིན་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་གསང་བ་མཆོག་གི་སྐུ། །སངས་རྒྱས་ཡབ་གྱུར་དམ་པའི་བདག །བདེ་གཤེགས་ཀུན་གྱི་སྔགས་དང་ཕྱག་རྒྱ་རྣམས། །ཀུན་མཁྱེན་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས་ཐུགས་སུ་ཆུད་དེ། སྔགས་དང་ཕྱག་རྒྱ་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །སྤྱིར་ནི་རྡོ་རྗེ་འཛིན་རྒྱལ་པོ། །ཡིད་ཀྱིས་བསམ་པ་ཏིང་འཛིན་ཏེ། །ངག་ཏུ་བརྗོད་པ་སྙིང་པོའི་མཆོག །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་སྟེ། །སྤྱོད་ཡུལ་ཀུན་ཏུ་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །དེ་ལྟར་རྟོགས་ན་འདི་མི་དགོས། །མ་རྟོགས་པ་ལ་འདི་དགོས་པས། །ཕྱག་རྒྱ་བཅའ་དང་སྙིང་པོ་ཟློ། །དྲང་བའི་དོན་དུ་འདི་སྐད་གསུངས། །རྡོ་རྗེ་འཛིན་རྒྱལ་ཁྱོད་ཉིད་ཀྱིས། །བསྔགས་པའི་སྔགས་ནི་འདི་ཡིན་ནོ། །ཧཱུྃ་བཛྲ་དྷྲྀཀ་ཧཱུྃ། སེམས་དཔའི་སྐྱིལ་མོ་ཀྲུང་འདུག་ནས། །ལག་གཡོན་ཕང་པར་མཉམ་གཞག་སྟེ། །གཡས་པ་རྡོ་རྗེ་ས་གཞི་གནོན། །རྡོ་རྗེ་འཛིན་པའི་ཡིན་པར་བཤད། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སངས་རྒྱས་གྲགས་པ་ཆེན་པོ་ཡང་། །རབ་ཏུ་


DNG022_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འདར་ཞིང་སྐྲག་གྱུར་ན། །བདུད་རྣམས་ཚར་གཅོད་སྨོས་ཅི་དགོས། །གཞན་ཡང་འཁོར་ལོས་སྒྱུར་རྒྱལ་གྱིས། །གསང་བའི་སྔགས་ནི་འདི་ཡིན་ནོ། །ཨཱོཾ་ཛི་ན་ཛིཀ་ཨཱོཾ། ལག་གཉིས་ཁུ་ཚུར་བཅངས་པ་ལས། །གཡོན་པའི་མཛུབ་མོ་བསྒྲེང་བ་ལ། །རྩེ་མོ་གཡས་པའི་ཁུ་ཚུར་གྱིས། །བཟུང་བའི་རྩེ་ལ་འཁོར་ལོ་འབར། །འཁོར་ལོས་སྒྱུར་རྒྱལ་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སངས་རྒྱས་སྲས་དང་བཅས་པ་ཀུན། །རབ་ཏུ་དགྱེས་ཤིང་མཉེས་པར་འགྱུར། །བྱང་ཆུབ་མཆོག་ཏུ་གདོན་མི་ཟ། །གཞན་ཡང་རིན་ཆེན་འཛིན་ཉིད་ཀྱི། །གསང་བའི་སྔགས་ནི་འདི་ཡིན་ནོ། །སྭཱ་རཏྣ་དྷྲྀཀ་སྭཱ། སེམས་དཔའི་སྐྱིལ་མོ་ཀྲུང་འདུག་ནས། །གཡོན་པ་རིན་ཆེན་འཛིན་པའི་སྐུ། །གཡས་པ་རིན་ཆེན་མཆོག་སྦྱིན་མཛད། །རིན་ཆེན་འཛིན་པའི་ཕྱག་རྒྱ་སྟེ། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །བདེ་བའི་མཆོག་རྣམས་སྦྱིན་བྱེད་པས། །འགེངས་དཀའ་བ་ཡང་འགེངས་པར་བྱེད། །བཀྲེན་ལས་ཕྱུག་པོར་ཇི་ཞིག་སྨོས། །གཞན་ཡང་པདྨ་འཆང་བ་ཡི། །གསང་བའི་སྔགས་ནི་འདི་ཡིན་ནོ། །ཨཱཾ་ཨཱ་རོ་ལིཀ་ཨཱཾ། ཕྱག་རྒྱ་གོང་མ་དེ་ཉིད་ལས། །ལག་གཉིས་རྩེ་བསྣོལ་ཕང་དུ་གཞག །ཏིང་འཛིན་ཕྱག་རྒྱ་པདྨའི་རྟེན། །པདྨ་འཆང་བའི་ཕྱག་རྒྱ་སྟེ། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སངས་རྒྱས་གྲགས་པ་ཆེན་པོ་ཡང་། །དབང་དུ་འགྱུར་ཏེ་ཐེ་ཚོམ་མེད། །ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས། །གཞན་ཡང་སྣ་ཚོགས་འཆང་བ་ཡི། །གསང་བའི་སྔགས་ནི་འདི་ཡིན་ནོ། །ཧཱ་པྲཛྙཱ་དྷྲྀཀ་ཧཱ། ཕྱག་རྒྱ་གོང་མ་དེ་ཉིད་ལས། །རྒྱ་གྲམ་གདེངས་པའི་ཚུལ་བྱས་ཏེ། །མི་འཇིགས་སྦྱིན་པར་བྱེད་པ་ནི། །སྣ་ཚོགས་འཆང་བའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །མཱུཾ་དྷཱ་ཏྭཱི་ཤྭ་རཱི། ཐལ་མོ་ཁོང་སྟོང་སྦྱར་བ་ལས། །མཛུབ་གཉིས་གདུ་བུ་ལྟར་བྱས་ཏེ། །མཐེ་བོང་སེན་མོ་མིག་གི་ཚུལ། །གུང་


DNG022_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རྩེ་ལ་དྲིལ་བུ་འབར། །རྡོ་རྗེ་དབྱིངས་ཕྱུག་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སངས་རྒྱས་ཐམས་ཅད་དགྱེས་པར་འགྱུར། །ལས་རྣམས་ཐམས་ཅད་འགྲུབ་པ་དང་། །ཤི་བ་སོས་པར་གདོན་མི་ཟ། །ལཱཾ་དྭེ་ཥ་ར་ཏཱི། ལག་པ་ཐལ་མོ་ཁོང་སྟོང་སྦྱར། །སྤྱི་བོའི་གཙུག་ཏུ་གཞག་བྱ་སྟེ། །ཐལ་མོའི་རྩེ་ལ་འཁོར་དྲིལ་འབར། །ནམ་མཁའི་དབྱིངས་ཕྱུག་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །དྲག་པོ་གཏུམ་པོ་ལྷན་ནེར་འགྱུར། །ཞི་བའི་ལས་ལ་ཐེ་ཚོམ་མེད། །མཱཾ་མོ་ཧ་ར་ཏཱི། ལག་གཉིས་རྡོ་རྗེ་བཅིངས་པ་ལས། །གུང་གཉིས་བསྒྲེང་བའི་ཚིགས་གསུམ་པར། །མཛུབ་གཉིས་བཀུག་པ་རྡོ་རྗེའི་ཚུལ། །རྩེ་ལ་རིན་ཆེན་དྲིལ་བུ་འབར། །རིན་ཆེན་དབྱིངས་ཕྱུག་ཕྱག་རྒྱ་སྟེ། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སྲུང་བའི་ལས་ཀུན་བྱེད་པ་སྟེ། །འདི་ཡིས་བསྲུང་བར་བྱས་ན་ནི། །སངས་རྒྱས་ཀྱིས་ཀྱང་མི་ཚུགས་སོ། ། བྞུ་རཱ་ག་ར་ཏཱི། རྡོ་རྗེ་ཐལ་མོ་སྦྱར་བ་ལས། །པདྨ་ཁ་ཕྱེའི་ཚུལ་བྱས་ཏེ། །དཀྱིལ་ནས་པདྨའི་དྲིལ་བུས་མཛེས། །པདྨ་དབྱིངས་ཕྱུག་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །འཇིག་རྟེན་འདས་དང་འཇིག་རྟེན་པ། །མོས་སྤྱོད་ཆེན་པོ་ཐོབ་པར་འགྱུར། །ཏཱཾ་བཛྲ་རཱ་ཏཱི། ཐལ་མོ་ཁོང་སྟོང་སྦྱར་བ་ལས། །མཛུབ་མོ་བཀུག་པའི་སེན་མོ་ཡིས། །སོར་མོ་གུང་མོའི་རྩེ་མོ་མནན། །རྩེ་ལ་རྒྱ་གྲམ་དྲིལ་བུ་འབར། །ལས་ཀྱི་དབྱིངས་ཕྱུག་ཕྱག་རྒྱ་སྟེ། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ཀུན། །དབང་དུ་འགྱུར་བར་ཐེ་ཚོམ་མེད། །ཀྵིཾ་ཧི་རཱ་ཛཱ་ཡ་ཧཱུྃ། ཐལ་མོ་ཁོང་སྟོང་སྦྱར་བ་ལས། །གུང་གཉིས་བསྒྲེང་བའི་ཚིགས་གསུམ་པ། །མཐེ་བོང་མཛུབ་མོ་སེན་མོ་བསྣོལ། །སྲིན་ལག་མཐེའུ་ཆུང་ནང་དུ་བཅུག །རིན་ཆེན་མྱུ་གུའི་ཚུལ་བྱས་ཏེ། །ས་ཡི་སྙིང་པོའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །ཞི་བའི་ལས་ལ་ཐེ་ཚོམ་མེད། །ཏྲཾ་ཨཱ་གརྦྷཱ་ཡ། ལག་པ་གཡོན་པའི་


DNG022_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བོང་གིས། །གུང་མོ་སྲིན་ལག་སེན་མོས་མནན། །གཡས་པའི་མཐེ་བོས་མཛུབ་མོ་མནན། །ལྷག་མ་གསུམ་པོ་གཡོན་པའི་ནང་། །ཤུབས་ནས་ཕྱུང་བ་ལྟར་བྱས་པ། །རལ་གྲིའི་ཚུལ་དུ་བྱས་པ་ནི། །ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །རྒྱས་པའི་ལས་ལ་ཤིན་ཏུ་འཇེབ། །ཧྲིཾ་ཧ་ཧཱུྃ་པདྨ་པཱ་ད་མ། རྡོ་རྗེ་ཐལ་མོ་དམ་བསྣོལ་ནས། །གུང་གཉིས་གཤིབས་ཏེ་ཚིགས་ཆེན་བཅག །པདྨའི་ཚུལ་དུ་རབ་མཛེས་པ། །སྤྱན་རས་གཟིགས་ཀྱི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །དབང་གི་ལས་ལ་ཐེ་ཚོམ་མེད། །ཛྷིཾ་ཀུ་རུ་པཱ་ཎ་ཧྲཱྀཿ། རྡོ་རྗེ་ཐལ་མོ་དམ་བསྣོལ་ནས། །གུང་མོ་གཉིས་བསྒྲེང་སྙིང་པོ་ལ། །མཐེ་བོང་སྲིན་ལག་དྲང་བརྐྱང་སྟེ། །མཛུབ་མོ་མཐེའུ་ཆུང་ར་ཡི་ཚུལ། །རྡོ་རྗེ་རྩེ་ལྔའི་ཚུལ་བྱས་པ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །དྲག་པོའི་ལས་ལ་ཐེ་ཚོམ་མེད། །མཻ་དྷ་ར་ཎེ་སྭཱ་ཧཱ། ཐལ་མོ་ཁོང་སྟོང་སྦྱར་བ་ལས། །མཐེའུ་བོང་གཉིས་འཁྱུད་དབུས་བཞག་སྙིང་པོའི་ཚུལ། །སོར་མོ་ཨུཏྤལ་གྱེས་པའི་ཚུལ། །བྱམས་པ་མཻ་ཏྲིའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །མཚན་དང་དཔེ་བྱད་སྐུ་ཡང་ཐོབ། །་ནིསྶ་རམྦྷཱ་ཡ་སྭཱ་ཧཱ། ཐལ་མོ་རྒྱབ་བསྣོལ་སོར་མོར་འཁྱུད། །མཐེབ་གཉིས་སྟེང་གི་དཀྱིལ་དུ་གཞག །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ། །སྒྲིབ་པ་རྣམ་སེལ་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །རྒྱུ་འབྲས་ཆོས་ཀྱི་དོན་རྣམས་རྟོགས། །ཧཱུྃ་ས་རཱ་ཛཱ་ཡ། གཡས་གཡོན་ཐབས་དང་ཤེས་རབ་ལས། །ལག་པའི་རྟིང་པ་དམ་སྦྱར་ནས། །རྡོ་རྗེ་སོར་མོ་དྲང་བརྐྱང་སྟེ། །རིན་ཆེན་སྙེ་མའི་ཚུལ་དུ་བྱ། །ཀུན་དུ་བཟང་པོའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སེམས་ཅན་སངས་རྒྱས་ས་ལ་བྱང་ཆུབ་སྨིན། །མཱུཾ་ཤྲཱི་ཨཾ་ར་གཱ་ཡ། ལག་པ་གཉིས་ཀྱི་རྒྱབ་སྦྱར་ཏེ། །མཐེ་བོང་མཐེའུ་ཆུང་སོ་སོར་འཁྱུད། །རྩ་བ་དམ་སྦྱར་ཅོ་ཏོ་དགྱེ། །


DNG022_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཤིང་ཡལ་ག་གྱེས་པའི་ཚུལ། །འཇམ་དཔལ་གཞོན་ནུའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །དགེ་བའི་ལོ་ཏོག་སྨིན་པར་མཛད། །ཨཱོཾ་བཛྲ་ལཱ་སྱ་ས་མ་ཡ་སྟྭཾ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཐེབ་གཉིས་དྲང་དུ་གྱེན་དུ་བསྒྲེང་། །སེན་མོ་མེ་ལོང་ཚུལ་དུ་བྱ། །ལཱ་སྱ་མ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་གསལ། །ཨཱོཾ་རཏྣ་མཱ་ལེ་ས་མ་ཡ་ཧོ། རྡོ་རྗེ་ཁུ་ཚུར་གཉིས་བརྐྱང་ནས། །མཛུབ་གཉིས་བསྒྲེང་བ་གཡས་གཡོན་དགྱེ། །སྨིན་མཚམས་ཕྲེང་བ་འདྲེན་པའི་ཚུལ། །མཱ་ལེ་མ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །མི་བརྗེད་པ་ཡི་གཟུངས་ཀྱང་འཐོབ། །ཧྲཱྀ་གིརྟི་རཱ་གོ྅ཧཾ། གཡོན་བརྐྱང་མཐེ་བོང་སྲིན་ལག་མནན་ཏེ་པི་ཝང་འཛིན། །གཡས་ཀྱི་སྲིན་མཐེབ་གཉིས་ཀྱིས་བརྡེབ་པའི་ཚུལ། །པདྨ་གིརྟིའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །འགྲོ་རྣམས་ཀུན་ལ་ཆོས་ཀྱི་སྦྱིན་པ་འགྱེད། །ཨཱཾ་ནིརྟི་རཱ་ག་ཡཱ་མི། གཡས་གཡོན་ཐབས་དང་ཤེས་རབ་ལས། །རྡོ་རྗེ་རོལ་པ་ཆེན་པོ་ཡིས། །དགྱེས་པ་ཆེན་པོ་གར་གྱི་ཚུལ། །ལས་ཀྱི་ནིརྟིའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །བདེ་གཤེགས་ཀུན་དགྱེས་སྤྱན་ཡང་མཉེས། །ཨཱོཾ་བཛྲ་དྷཱུ་པེ་དྷཱུ། རྡོ་རྗེ་ཐལ་མོ་བརྐྱང་བ་ལས། །གཡས་གཡོན་གཉིས་ཀྱི་སྲིན་མཐེབ་ཀྱིས། །སྤོས་ཁང་ཡུ་བ་འཛིན་པའི་ཚུལ། །བཛྲ་དྷཱུ་པེའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སྙིང་རྗེའི་དོན་མཐུན་འགྲོ་དོན་བྱེད་པར་འགྱུར། །ཨཱོཾ་རཏྣ་པུཥ྇་པུ། རྡོ་རྗེ་ཐལ་མོ་ཕྱིར་བཀྱེད་དེ། །མཐེབ་གཉིས་སོ་སོར་འཁྱུད་བྱས་ཏེ། །མེ་ཏོག་འཐོར་བའི་ཚུལ་བྱས་པ། །བཛྲ་པུཥ྇འི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །བྱམས་པའི་མཆོད་སྦྱིན་ཐོབ་པར་འགྱུར། །ཨཾ་པདྨ་ཨཱ་ལོ་ཀེ་ཧྲཱྀཿ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཐེབ་གཉིས་བསྒྲེང་བ་མར་མེའི་ཚུལ། །


DNG022_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་ཀེ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །དགའ་བའི་མཆོག་གི་དོན་སྤྱོད་འགྱུར། །ཨཱོཾ་བཛྲ་གནྡྷེ་གན། ལག་པ་གཡོན་པའི་སོར་མོ་དགྱེ། །མཐེབ་ཀྱིས་མཛུབ་མནན་དུང་ཕོར་དབྱིབས། །གཡས་ཀྱི་སྦོམ་པོ་དབང་མོས་འཐོར་བའི་ཚུལ། །དྲི་ཆབ་མ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །བཏང་སྙོམས་དོན་གྱི་སྒྲ་སྙན་སྒྲོགས་པར་འགྱུར། །ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཙིཏྟ་ས་མ་ཡ་ཧཱུྃ། རྡོ་རྗེ་ཐལ་མོ་ནང་དུ་བསྣོལ། །སྲིན་ལག་གཉིས་བསྒྲེང་རྩེ་མོ་སྟེ། །མཐེ་བོང་མཐེའུ་ཆུང་གུང་མོས་འཁྱུད། །རྡོ་རྗེ་རྩེ་ལྔའི་ཚུལ་དུ་བཤད། །ཀུན་བཟང་བདག་ཉིད་ཡབ་ཀྱི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །དངོས་པོ་ཀུན་གཅོད་ཡེ་ཤེས་ངང་དུ་མཁྱེན་པར་མཛོད། །ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱ། སོར་མོ་དྲང་བརྐྱང་ལག་རྟིང་དགྱེ། །གུང་མོ་གཉིས་ཀྱི་རྩེ་མོ་བསྒྲེང་། །དྲིལ་བུ་འཛིན་པའི་ཚུལ་བྱས་པ། །ཀུན་བཟང་བདག་ཉིད་མོ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །མཚན་མ་ཀུན་གཅོད་ཆོས་ཀྱི་མཚན་ཉིད་གསལ་བར་བྱེད། །ཨཱོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། གཡས་གཡོན་སོར་མོ་དྲང་བརྐྱང་སྟེ། །སྲིན་མཐེབ་པི་ཝང་བརྡེབ་པའི་ཚུལ། །ལྷ་དབང་བརྒྱ་བྱིན་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །ལེ་ལོ་བརྩོན་འགྲུས་ས་ལ་འཁོད། །ཨཱོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། རྡོ་རྗེ་སོར་མོ་ཕན་ཚུན་བསྣོལ། །མཐེབ་གཉིས་མཛུབ་མོའི་ཚིགས་ལ་སྦྲེལ། །རྡོ་རྗེ་གོ་ཆའི་ཚུལ་བྱས་པ། །ཐགས་བཟང་རིས་ཀྱི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །གང་ལ་བསྲུངས་ན་མཚོན་མི་ཚུགས། །ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱ། རྡོ་རྗེ་ཐལ་མོ་རྟིང་བསྣོལ་ནས། །མཐེབ་གཉིས་དཀྱིལ་བཞག་སྲོག་ཤིང་ལ། །སོར་མོ་གསེག་ཤང་བུམ་པའི་ཚུལ། །ཤཱཀྱ་ཐུབ་པའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སྡིག་པ་ཀུན་སྦྱོང་དགེ་ཚོགས་འཕེལ་བར་མཛད། །ཨཱོཾ་མུ་ནེ་པྲཾ་སྭཱ་ཧཱ། རྡོ་རྗེ་ཐལ་མོ་དམ་བསྣོལ་ནས། །གུང་མོ་སྲིན་ལག་བརྐྱང་


DNG022_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ། །གླེགས་བམ་ཚུལ་དུ་བྱས་པ་ནི། །ཤཱཀྱ་སེང་གེའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །རྟག་ཏུ་ཆོས་ལ་ལོངས་སྤྱོད་འགྱུར། །ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ། རྡོ་རྗེ་ཐལ་མོ་ཁོང་སྟོང་ལས། །རྩེ་སྤྲད་ཚིགས་ཟུར་སྒྲོམ་བུའི་ཚུལ། །ཁ་འབར་མ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །ལོངས་སྤྱོད་མང་པོ་ཐོབ་པར་འགྱུར། །ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ། གཡས་སོར་གདེངས་པ་མེ་རི་ལྟར། །གཡོན་གྱི་སྙིམ་པ་ཆུ་ཡི་ཚུལ། །གླང་མགོ་ཅན་གྱི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །ཧཱུྃ་ཡ་མཱནྟ་ཀྲྀཏ་ཛཿཕཊ། རྡོ་རྗེ་ཁུ་ཚུར་ནང་དུ་བསྡམ། །མཐེ་བོང་གཉིས་ནི་གྱེན་དུ་འདེགས། །ཐོད་པ་ནྲྀ་མགོ་གདེངས་པའི་ཚུལ། །གཤིན་རྗེ་འཇོམས་པའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །བདུད་ཀྱི་ཚོགས་ཀུན་སྐྲག་པར་བྱེད། །པྲཛྙཱནྟ་ཀྲྀཏ་ཧཱུྃ་ཕཊ། གཡས་གཡོན་ཐབས་དང་ཤེས་རབ་ལས། །གུང་གཉིས་གཤིབས་པའི་རྩེ་མོར་བྱ། །མཛུབ་མོ་མཐེའུ་ཆུང་རྭ་ཡི་དབྱིབས། །རྡོ་རྗེའི་ཚུལ་དུ་བྱས་པ་ནི། །སྟོབས་པོ་ཆེ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །བདུད་ཀྱི་ཚོགས་རྣམས་འཇོམས་པར་བྱེད། །པདྨཱནྟ་ཀྲྀཏ་ཧྲཱྀཿཕཊ། ལག་པ་གཉིས་ཀྱི་རྒྱབ་སྦྱར་ནས། །མཐེའུ་ཆུང་ལུ་གུ་རྒྱུད་དུ་མདུད། །མཛུབ་གཉིས་རྩེ་སྤྲད་ཞགས་པའི་ཚུལ། །རྟ་མཆོག་དཔལ་གྱི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །བདུད་ཀྱི་ཚོགས་ཀུན་དབང་དུ་སྡུད། །ཨཱོཾ་བིགྷྣཱཾ་ཏ་ཀྲྀཏ་ཧོ་ཕཊ། སོར་མོ་ཕན་ཚུན་བསྣོལ་བ་ལས། །གུང་མོ་གཉིས་ནི་དྲང་པོར་བརྐྱང་། །མཛུབ་མོ་མཐེབ་ཆུང་རྩེ་སྤྲད་ཕྱི་རུ་འགྱེད། །མཐེ་བོང་སྲིན་ལག་རྩེ་སྤྲད་ནང་དུ་བཏུད། །རྡོ་རྗེ་རྒྱ་གྲམ་གྱེས་པའི་ཚུལ། །བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །བདུད་ཀྱི་ཚོགས་རྣམས་རྡུལ་དུ་རློག །བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། རྡོ་རྗེ་ཁུ་ཚུར་རྒྱབ་སྦྱར་ཏེ། །མཐེ་ཆུང་ལུ་གུ་རྒྱུད་དུ་


DNG022_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མདུད། །མཛུབ་གཉིས་རྩེ་བཀུག་ལྕགས་ཀྱུའི་ཚུལ། །རྟ་གདོང་མ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །བདེ་གཤེགས་སྤྱན་འདྲེན་སྙིང་རྗེས་འགྲོ་དོན་མཛད། །རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། གོང་གི་ཕྱག་རྒྱ་དེ་ཉིད་ལས། །མཛུབ་གཉིས་རྩེ་སྤྲད་ཞགས་པའི་ཚུལ། །ཕག་གདོང་མ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སངས་རྒྱས་བཞུགས་སུ་གསོལ་བ་དང་། །བྱམས་པས་སྦྱིན་པ་ཆེན་པོ་མཛད། །པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཐེབ་མོ་མཛུབ་མོ་ལུ་གུ་རྒྱུད། །ལྕགས་སྒྲོག་ཚུལ་དུ་བྱས་པ་ནི། །སྦྲུལ་གདོང་མ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །རྒྱལ་བ་བརྟེན་མཛད་ཀུན་ཀྱང་དགའ་བར་མཛད། །ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། རྡོ་རྗེ་ཐལ་མོ་ཕན་ཚུན་བསྣོལ། །གུང་མོ་རྩེ་སྤྲད་བསྒྲེང་བྱས་ཏེ། །རྩེ་མོ་དྲིལ་བུ་འཛིན་པའི་ཚུལ། །སེང་གདོང་མ་ཡི་ཕྱག་རྒྱ་ཡིན། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །དེ་བཞིན་གཤེགས་པ་མཉེས་མཛད་འགྲོ་དོན་ཀུན་ལ་སྙོམས། །ཞེས་རྒྱལ་བ་རྣམས་ཀྱི་སྔགས་དང་ཕྱག་རྒྱའི་ངོ་བོ་དང་། ཡོན་ཏན་རྣམ་པར་བཤད་དོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། སྔགས་དང་ཕྱག་རྒྱ་རྣམ་པར་སྤྲོས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་འཛིན་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མའོ་བདེ་གཤེགས་བཅོམ་ལྡན་འདས། །སངས་རྒྱས་ཡབ་གྱུར་དམ་པའི་བདག །བདག་ལ་སོགས་པའི་འཁོར་རྣམས་ལ། །དབང་བསྐུར་བྱིན་རླབས་ཚུལ་བཞིན་མཛོད། །ཅེས་བསྐུལ་བ་མཁྱེན་ཏེ། བཅོམ་ལྡན་འདས་ཀྱིས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་དེ། འཁོར་གྱི་དཀྱིལ་འཁོར་དེ་དག་དང་གཞལ་ཡས་ཁང་ཉིད་ཀྱི་ཐུགས་ཀར་བསྡུ་བ་མཛད་དེ། རྒྱུན་ལམ་དང་གཤེགས་ཤུལ་ནས་ཡུམ་གྱི་བྷ་གའི་བསྡིམ་གནས་སུ་འཁྱིལ་པ་ལས། ཐམས་ཅད་ལྷག་པའི་བྱང་ཆུབ་ཀྱི་སེམས་ཆེན་པོར་གནས་པར་མཛད་དོ། །དེ་ནས་ཧཱུཾ་ཧཱུཾ་མ་


DNG022_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ག་ཎ་ས་མ་ཡ་ཧོ། ཞེས་པའི་སྒྲ་བརྗོད་ཅིང་། ཡབ་ཡུམ་ཉིད་ཀྱང་ཆགས་པ་ཆེན་པོའི་ཆོས་ཉིད་བྱང་ཆུབ་སེམས་སུ་གནས་པ་ལས། ཆོ་འཕྲུལ་གྱི་སྒྲ་རུ་ཧཱུྃ་ཧཱུྃ་ཞེས་བསྒྲགས་ནས། སྨོན་པ་མེད་པའི་གསུང་རྟགས་ཀྱི་ཡི་གེ་ཧཱུྃ་ཧཱུྃ་གཉིས་སུ་གསལ་བར་མཛད་དོ། །ཡང་ཆོ་འཕྲུལ་གྱི་སྒྲར་བཛྲ་ཛྙཱ་ན་གྷཎྜ་ཞེས་བརྗོད་པས། མཚན་མ་མེད་པའི་ཐུགས་རྟགས་རྡོ་རྗེ་དང་དྲིལ་བུ་གཉིས་སུ་གསལ་བར་མཛད་དོ། །དེ་ནས་ཡང་ཆོ་འཕྲུལ་སྒྲར་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མནྟ་ཨ། ཞེས་བརྗོད་དེ། རང་བཞིན་མེད་པའི་ཡབ་ཡུམ་གྱི་སྐུར་གསལ་བར་མཛད་དོ། །དེ་ནས་ཡང་། རྗེས་སུ་ཆགས་པ་བསྐྱེད་པའི་ཕྱིར་ན། རྡོ་རྗེ་དང་པདྨ་རྒྱས་པར་མཛད་པའི་ཆོ་འཕྲུལ་གྱི་སྒྲ་འདི་བརྗོད་དོ། །ཛྙཱ་ན་བཛྲ་ཨེ་ཨཱོཾ་ཧཱུྃ་ཕཊ། ཨེ་ཨ་ཨཱོཾ་ས་མ་ཡ་སྟཱཾ། ས་མ་ཡ་ཧོ། ཨ་ནུ་རཱ་ག་ཡཱ་མི། ཨ་ནུ་རཱ་གཱ་ཡ་ཧོ། དེ་ནས་ཡང་གསང་བའི་བྱང་ཆུབ་སེམས་ལས། འཁོར་དཀྱིལ་འཁོར་ཡུམ་གྱི་མཁའ་ལ་གསལ་བར་མཛད་པའི་ཆོ་འཕྲུལ་གྱི་སྒྲ་འདི་བརྗོད་དོ། །ཨཱོཾ་མ་ཧཱ་བོ་དྷི་ཙིཏྟ་མཎྜ་ལ་ཧཱུྃ་ཧཱུྃ། དེ་ནས་ཡང་བྷ་ག་གསང་བའི་དཀྱིལ་འཁོར། ཕྱིའི་དཀྱིལ་འཁོར་དུ་རྣམ་པར་སྤྲོས་པའི་སྙིང་པོ་འདི་ཆོ་འཕྲུལ་གྱི་སྒྲར་བརྗོད་དོ། །ཧཱུྃ་སྥ་ར་ཎ་ཕཊ་ཛཿཞེས་བརྗོད་དེ། གསང་བའི་དཀྱིལ་འཁོར་ཆེན་པོ་དེ་རྒྱས་པར་མཛད་དོ། །དེ་ནས་ཡང་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བྱིན་གྱིས་རླབས་པའི་སྙིང་པོ་འདི་ཆོ་འཕྲུལ་གྱི་སྒྲར་བརྗོད་དོ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ནས་ཡང་འཁོར་རྣམས་ལ་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔས་དབང་བསྐུར་བའི་སྙིང་པོ་འདི་ཆོ་འཕྲུལ་གྱི་སྒྲར་བརྗོད་དོ། །ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། ཨཱོཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་དྷཱ་ཝ་


DNG022_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཀྲྀཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་གསུངས་ཏེ། བྱིན་གྱིས་བརླབས་ཤིང་དབང་བསྐུར་བས། འཁོར་རྣམས་འགྲོ་བའི་དོན་ལ་ཐོགས་པ་མེད་པར་བྱིན་རླབས་དང་ཡང་ལྡན། དབང་ཡང་ཐོབ་ནས། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ་ལ་རག་པར་གནས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བྱིན་གྱིས་བརླབས་པ་དང་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་འཛིན་པའི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་རྣམ་པར་དག་པའི་ལམ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །སྣ་ཚོགས་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །རྣམ་དག་སྒྲ་ཆེན་ཁྱོད་ལ་འདུད། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །ཡེ་ཤེས་གཙོ་མཆོག་ཁྱེད་ལ་འདུད། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བའི། །སངས་རྒྱས་འཁོར་ལོ་ཁྱོད་ལ་འདུད། །ཡིད་བཞིན་རེ་བ་ཀུན་སྐོང་བའི། །ནོར་བུ་འཛིན་པ་ཁྱོད་ལ་འདུད། །འདམ་སྐྱེས་པད་ལྟར་སྐུ་འཁྲུངས་པའི། །པདྨ་འཆང་བ་ཁྱོད་ལ་འདུད། །འགྲོ་བ་ཐ་དད་འདུལ་བའི་བྱེ་བྲག་ཅན། །སྣ་ཚོགས་འཆང་བ་ཁྱོད་ལ་འདུད། །འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས། །འགྲོ་བ་སྣ་ཚོགས་འདུལ་བ་ལ། །སྐུ་གསུང་ཐུགས་ཀྱིས་སྤྲུལ་པ་ཡིས། །ཐུགས་རྗེས་འགྲོ་བའི་དོན་མཛད་རིགས། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱི་བསྐུལ་བ་ཐུགས་སུ་ཆུད་དེ། ལ་ལར་སྐུ་ཡིས་དོན་མཛད་པ། །འགྲོ་རྣམས་ཀུན་ལ་སྡིག་སྤོང་གཟུགས། །སྤྲུལ་སྐུས་སོ་སོར་འདུལ་བ་ནི། །དམྱལ་བ་རྣམས་ལ་གཤིན་རྗེས་འདུལ། །སྒྲིབ་པ་རྣམས་ལ་ཁ་འབར་གཟུགས། །དུད་འགྲོ་རྣམས་ལ་སེང་གེའི་གཟུགས། །མི་རྣམས་ཀུན་ལ་འཇིག་རྟེན་དུ། །འཁོར་ལོས་སྒྱུར་རྒྱལ་ལྟ་བུའི་གཟུགས། །ལྷ་མིན་རྣམས་ལ་ཐགས་བཟང་རིས། །ལྷ་རྣམས་ལ་ནི་བརྒྱ་བྱིན་གཟུགས། །ཚངས་རིས་རྣམས་ལ་ལྷ་ཆེན་གཟུགས། །


DNG022_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བྲལ་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །ས་བཅུའི་བྱང་ཆུབ་སེམས་དཔའ་ལ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །འགྲོ་རྣམས་ཇི་ལྟར་འདུལ་བ་ལས། །མཐུན་བྱས་སྐུ་ནི་སྣ་ཚོགས་འདུལ། །འགྲོ་རྣམས་ཇི་ལྟར་འདུལ་བ་བཞིན། །ཆོས་ཀྱི་འཁོར་ལོ་སྣ་ཚོགས་ནི། །ལ་ལར་སྡེ་སྣོད་གསུམ་དག་ཏུ། །བསྡུས་ནས་ཆོས་ཀྱི་འཁོར་ལོ་བསྐོར། །ལ་ལར་གསུང་རབ་བཅུ་གཉིས་སུ། །ལ་ལར་སྟོང་ཕྲག་བརྒྱད་ཅུ་བཞི། །ལ་ལར་བརྒྱད་ཁྲི་བཞི་སྟོང་དུ། །གཏི་མུག་མདོངས་པའི་འགྲོ་གང་ལ། །སངས་རྒྱས་འཁོར་ལོས་འཁོར་ལོ་བསྐོར། །ཞེ་སྡང་ཅན་ལ་རྡོ་རྗེ་འཛིན། །ང་རྒྱལ་ཅན་ལ་རིན་པོ་ཆེ། །འདོད་ཆགས་ཅན་ལ་པདྨ་འཆང་། །ཕྲག་དོག་སྤྱོད་པའི་ལས་གོམས་པར། །སྣ་ཚོགས་རྡོ་རྗེ་འཁོར་ལོ་བསྐོར། །འགྲོ་བའི་སྐད་རྣམས་ཇི་ཙམ་པར། །དེ་སྙེད་སྒྲ་སྐད་སྣ་ཚོགས་སྟོན། །ལ་ལར་ལྷུམས་ན་གནས་པའི་ཚུལ། །ལ་ལར་ལྷུམས་ནས་གཤེགས་པར་སྟོན། །ལ་ལར་ཁྱིམ་པ་ལྟ་བུའི་ཚུལ། །ལ་ལར་ཁབ་ནས་རབ་ཏུ་བྱུང་། །ལ་ལར་དཀའ་ཐུབ་དཀའ་བ་སྤྱོད། །ལ་ལར་བྱང་ཆུབ་མཆོག་སེམས་བསྐྱེད། །ལ་ལར་བདུད་བཞི་འདུལ་བར་སྟོན། །ལ་ལར་རྡོ་རྗེ་གདན་ལ་གཤེགས། །ལ་ལར་བྱང་ཆུབ་ཤིང་དབང་དྲུང་། །ལ་ལར་བསྐུལ་བའི་ས་ལས་བཞེངས། །ལ་ལར་རྣམ་པ་བཅུ་གཉིས་སུ། །ལན་གསུམ་དག་ཏུ་འཁོར་ལོ་བསྐོར། །ལ་ལར་ཆོ་འཕྲུལ་ཆེན་པོ་སྟོན། །ལ་ལར་མྱ་ངན་འདས་ཚུལ་སྟོན། །ལ་ལར་སྐུ་གདུང་རིང་བསྲེལ་སྟོན། །ལ་ལར་ཆོས་ཀྱི་གླེགས་བམ་སྟོན། །ལ་ལར་ཕྱི་རོལ་འབྱུང་བའི་ལས། །ཆོས་དང་མཐུན་པའི་སྒྲ་སྐད་འབྱུང་། །ལ་ལར་མུ་སྟེགས་ལྟ་བུའི་ཚུལ། །ལ་ལར་འཇིག་རྟེན་བསམ་གཏན་ཚུལ། །ལ་ལར་ས་བཅུ་རིམ་གྱིས་འབྱུང་། །ལ་ལར་སྤྱན་ལྔ་རྣམ་པར་དག །ལ་ལར་མངོན་ཤེས་ཕ་རོལ་ཕྱིན། །ལ་ལར་ཁྱབ་འཇུག་དབང་ཕྱུག་ཆེ། །ལ་ལར་འཇིག་རྟེན་སྐྱོང་བའི་ཚུལ། །


DNG022_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྣམས་ཇི་ལྟར་འདུལ་བ་བཞིན། །བྱིན་རླབས་ཆོ་འཕྲུལ་ཇི་ལྟར་སྟོན། །ཞེས་སྐུ་གསུང་ཐུགས་ཀྱིས་འགྲོ་བའི་དོན་མཛད་པ་ལས། འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་གསང་བ་མཆོག་གི་བདག །ངོ་མཚར་འབྱུང་བ་ཁྱོད་ལ་འདུད། །ཨེ་མ་ཧོ་གསང་སྔགས་ངོ་མཚར་ཆེ། །ཨེ་མ་ཧོ་སྟོན་པའི་ཆོ་འཕྲུལ་ཆེ། །ཨེ་མ་ཧོ་ངོ་མཚར་ཆོ་འཕྲུལ་ཆེ། །ཨེ་མ་ཧོ་སྔགས་ཀྱིས་མི་འདུལ་མེད། །འདི་ཅི་ཡ་མཚན་ངོ་མཚར་རོ། །ཞེས་གསོལ་པས། previous hit བཅོམལྡནའདསཀྱིསབཀའསྩལ next hit། །རིགས་ཀྱི་བུ་ཚུར་གཤེགས་ཤིག །གསང་བའི་ཐེག་པ་འདི་ཉིད་ལ། །སུ་ཞིག་མོས་པའི་སྐྱེས་བུ་དེས། །མི་བྱ་བ་ནི་གཅིག་ཀྱང་མེད། །མི་བསྒྲུབ་པ་ནི་གཅིག་ཀྱང་མེད། །རྟག་ཏུ་གསོད་ལ་བརྩོན་པ་དང་། །མ་བྱིན་བླང་དང་མི་ཚངས་སྤྱོད། །རྫུན་དང་ཕྲ་མ་ངག་རྩུབ་དང་། །ཟས་སུ་ཤ་དང་བཤང་གཅི་དང་། །རྣག་ཁྲག་དྲོན་མོ་འཐུང་བ་དང་། །ངན་ཟོས་ངན་སྤྱད་ཐམས་ཅད་ཀྱིས། །གསང་བ་འདི་ཉིད་འགྲུབ་པར་འགྱུར། །ཕ་དང་ཁུ་བོ་མེས་པོ་དང་། །བུ་དང་སྤུན་དང་མཛའ་བོ་རྣམས། །ཞེ་སྡང་སེམས་ཀྱིས་གསད་བྱས་ན། །རྡོ་རྗེ་རིགས་ཀྱི་ཞིང་དུ་འཁྲུངས། །མ་དང་སྲིང་མོ་བུ་མོ་དང་། །གདོལ་པ་མོ་དང་ཕྱལ་བ་མོ། །འདོད་པའི་སེམས་ཀྱིས་སྦྱོར་ན་ནི། །པདྨའི་རིགས་སུ་སྐྱེ་བར་ངེས། །ཞེས་གསུངས་པས། འཁོར་གྱི་བྱང་ཆུབ་སེམས་དཔའ་དེ་དག་སྐྲག་སྔངས་ཏེ་བརྒྱལ་བར་གྱུར་ཏོ། །དེ་ནས་ཡང་རྡོ་རྗེ་འཛིན་པ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཐབས་མཁས་པའི་བདག་ཉིད་རྟོག་པ་དང་བཅས་པའི་བྱང་ཆུབ་སེམས་དཔའ་དེ་དག །སླར་གསོས་ཏེ་རྟོགས་པ་སྩལ་དུ་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བསྐུལ་བར་མཁྱེན་ཏེ། དེ་ནས་བྱང་ཆུབ་སེམས་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་ཏེ། བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ་


DNG022_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཁྱིལ་པ་དེ། བྱང་ཆུབ་སེམས་དཔའ་རྣམས་ལ་བསྡིམས་ཏེ། བྱིན་གྱིས་བརླབ་པ་མཛད་ནས། བྱང་ཆུབ་སེམས་དཔའ་དེ་དག་སླར་དྲན་པ་རྙེད་ནས། བཅོམ་ལྡན་འདས་ཀྱི་ཞལ་དུ་མིག་མི་འཛུམ་པར་བལྟས་ཏེ་འཁོད་དོ། །དེ་ནས་previous hit བཅོམལྡནའདསཀྱིས་འདི་སྐད་ཅེས་བཀའསྩལ་ཏོ། །རིགས་ཀྱི་བུ་རྣམས་རང་རང་གི་འདུ་ཤེས་ངན་ next hit་དེ་ཐོང་ཞིག །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །དེ་ཉིད་འཇིག་རྟེན་སྣ་ཚོགས་ཏེ། །ཕྱག་རྒྱའི་ཚོགས་ཆེན་དེ་ཉིད་དོ། །ཆོས་རྣམས་སྒྱུ་མར་དབང་བསྒྱུར་བས། །དེ་ལ་དངོས་པོ་ག་ལ་ཡོད། །ཅི་སྤྱད་ཅི་བསྒོམས་ཅི་བསྒྲུབས་ཀྱང་། །དེ་ལ་དངོས་པོ་ཡོད་མི་འགྱུར། །བྱང་ཆུབ་ཉིད་དེ་ལྟུང་གནས་མེད། །དམྱལ་བའི་གནས་ཉིད་བླ་མེད་གནས། །སྡུག་བསྔལ་ཉིད་ན་བྱང་ཆུབ་སེམས། །འཁོར་བ་ཉིད་ན་མྱ་ངན་འདས། །སྒྲིབ་པ་ཉིད་ན་མངོན་སངས་རྒྱས། །བྱང་ཆུབ་སྤྱོད་སྒོ་ཇི་སྙེད་པ། །དེ་སྙེད་འབྲས་བུ་བདེ་ལ་འཁོད། །ངེས་དོན་དེ་ལ་འདུས་པར་བྱོས། །ཞེས་གསུངས་པས། བྱང་ཆུབ་སེམས་དཔའི་དེ་དག་སོམ་ཉི་དང་བྲལ་ནས། རང་རང་གི་དེ་བཞིན་ཉིད་ལ་དམིགས་ནས་འཁོད་དོ། །དེ་ཚེ་འགྲོ་དྲུག་སེམས་ཅན་རྣམས། །ལས་ཀྱི་སྟོབས་ཀྱིས་དབང་བསྒྱུར་ཡང་། །ལོག་ལྟའི་མཐུས་བསྙེམས་མ་དད་པ། །ཇི་སྙེད་གནས་པ་ཐམས་ཅད་ཀུན། །སངས་རྒྱས་བསྟན་ལ་དད་པར་གྱུར། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། འགྲོ་བ་ཐམས་ཅད་འདུལ་བ་ལ་མ་དད་པའི་རྒྱུ་འབྱུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་རྡོ་རྗེ་འཛིན་པའི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་གསང་བ་མཆོག་གི་བདག །བྱང་ཆུབ་སྤྱོད་པའི་ལམ་མཆོག་ལ། །འགྲོ་བ་ཇི་སྙེད་དད་པ་ལས། །ལས་ཀྱི་ལོག་ལྟ་མ་དད་པའི། །རྒྱུ་དང་རྐྱེན་ནི་ཇི་ལྟར་ལགས། །མ་དད་པ་ནི་ཅི་ཡི་


DNG022_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །རིགས་དང་སྡེ་ནི་གང་དུ་གཏོགས། །འབྲས་བུ་སྨིན་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། previous hit བཅོམལྡནའདསཀྱིསབཀའསྩལ next hit། དཀའ་ཐུབ་ཅན་གྱི་སེམས་ཅན་དེ། །ལེགས་པའི་རྒྱུ་ལས་མ་བྱུང་སྟེ། །མེད་པའི་གཟུང་འཛིན་རྟོག་ངན་རྒྱུ། །རྐྱེན་ནི་ཆགས་སྡང་སྤྱོད་ལ་ཞེན། །ལྟ་བ་ལོག་པ་ཉོན་མོངས་ལྔ། །དེ་ཡི་ལས་ཀྱི་དབང་བཙན་པས། །འབྲས་བུ་མ་དད་རྒྱུ་རུ་སྨིན། །རིགས་ནི་འཁོར་བའི་རིགས་ཆེན་ཏེ། །སྡེ་ནི་གདོལ་པའི་འབྱུང་པོར་གཏོགས། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་འཛིན་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལོག་པའི་སེམས་ཅན་ཆེན་པོ་དེ། །ཅི་ཡི་ཐབས་ཀྱིས་དད་པར་འགྱུར། །མ་དད་ངེས་ན་ཇི་ལྟར་གདུལ། །བཏུལ་ན་ཡོན་ཏན་ཇི་ལྟར་འཐོབ། །མ་བཏུལ་མ་དད་སྐྱོན་ནི་ཅི། །ཞེས་གསོལ་པས། previous hit བཅོམལྡནའདསཀྱིསབཀའསྩལ next hit། ལོག་ལྟའི་མཐུས་བསྙེམས་སེམས་ཅན་དེ། །བདེན་པའི་གཞུང་གིས་གདུལ་བར་བྱ། །མ་བཏུལ་བ་ཡི་སྐྱོན་བསྟན་ན། །ཕྱིན་ཅི་ལོག་ཏུ་ཆོས་སྤྱོད་ནས། །ལྷ་དང་མི་ཡི་སྲིད་བརླག་སྟེ། །ཁ་ལོ་ལོག་པར་བསྒྱུར་ནས་ཀྱང་། །སངས་རྒྱས་དམན་རིགས་སུ་ལུས་ལ། །སེམས་ཅན་ཁ་ལོ་ལོག་པར་བསྒྱུར་ནས་ཀྱང་། །དོན་ལ་མ་དད་སྐྱོན་ཡོད་དོ། །བཏུལ་ན་ཡོན་ཏན་དཔག་མེད་དེ། །དུས་གསུམ་རྩད་གཅོད་འཁོར་དངོས་སྤྲུག །འཁོར་བ་ཆོས་ཉིད་ཆེན་པོར་འགྱུར། །སངས་རྒྱས་ཞིང་ཁམས་རབ་ཏུ་རྒྱས། །བཏུལ་བས་དོན་ལ་དད་པར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་འཛིན་པས་འདི་སྐད་ཅེས་བསྐུལ་ལོ། །ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས། །མ་དད་པ་ཡི་སེམས་ཅན་ཆེན་པོ་དེ། །ལས་ལ་བབ་པའི་ཐུགས་རྗེ་ཡིས། །བདེ་བ་ཆེན་པོའི་གཞུང་བཀོན་ནས། །བདེ་ཆེན་ས་ལ་དགོད་དུ་གསོལ། །ཞེས་བསྐུལ་བས་བཅོམ་ལྡན་འདས་ཀྱིས་མཁྱེན་ནས། སྤྲུལ་པའི་ཐུགས་ཀྱི་ཆོ་འཕྲུལ་མཛད་དེ། ཡེ་ཤེས་ཀྱི་སྤྲིན་མགོ་ནི་དབྱར་གྱི་ཆར་སྤྲིན་བཞིན་གཏིབས།


DNG022_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དྲོད་ཆེན་པོ་ནི་ནམ་མཁའི་རླན་བཞིན་དུ་གཡོས་ཏེ། སྤྲུལ་པའི་སྐུ་ཆར་གྱི་རྒྱུན་བཞིན་དུ་བབས་པ་ནི། དཔེ་བྱད་ཀྱི་སྐུ་ལ་མཚན་གྱི་མེ་ཏོག་ཆགས་པར་མཛད། གསུང་ཆགས་པ་མེད་པའི་ཚངས་པའི་དབྱངས་ཀྱིས་ཆོས་ཀྱི་བྱེ་བྲག་སྣ་ཚོགས་བསྒྲགས་ནས། བདེན་པའི་གཞུང་གིས་འདུལ་བར་གཟིགས་ན། རཱུ་ཏྲ་ནག་པོ་དེས་སེ་གོལ་ལན་གཅིག་བརྡབས་ནས་མི་འདུལ་མངོན་པའི་ང་རྒྱལ་སྐྱེས་ཏེ། གོའུ་ཏ་མ་ཁྱོད་ཀྱིས་བདག་འདུལ་བ་མ་ལགས་སམ། ཁྱོད་རང་རང་གི་གནས་སུ་དཀའ་ཐུབ་ཀྱི་བདེ་བ་ལ་གནོས་ཤིག །ཅེས་ཟེར་ཏེ་མ་ཉན་ཏོ། །རྡོ་རྗེ་ཕུར་པའི་གསང་བའི་རྒྱུད་ཆེན་པོ་ལས། བདེ་བ་ཆེན་པོའི་གཞུང་གིས་མ་དད་པ་གདུལ་ བར་གཟིགས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་རྡོ་རྗེ་འཛིན་པས་འདི་སྐད་ཅེས་བསྐུལ་བ་མཛད་དེ། ཀྱེ་མའོ་སངས་རྒྱས་མང་པོའི་ཚོགས། །སྣང་ངོ་ཀུན་ཏུ་རབ་ཏུ་འདིར། །སྲིད་པའི་ལོག་པ་གདུག་པ་ཅན། །འཁོར་བའི་ས་བོན་རྩུབ་མོས་འཕངས། །སྡུག་བསྔལ་ཆེན་པོ་ཡི་དྭགས་ཏེ། །ལས་ཀྱིས་འཇིག་རྟེན་ཁམས་འདིར་བྱུང་། །དྲག་པོ་རང་གི་དཀའ་ཐུབ་ཀྱིས། །སྲིད་པ་གསུམ་གྱི་བདག་པོར་སྨིན། །དྲག་པོ་རཱུ་ཏྲའི་གདུག་དབལ་གྱིས། །འགྲོ་རྣམས་ཐལ་རློག་འཇིགས་བྱེད་འདི། །གདུལ་བར་བྱ་བའི་འོས་མཆོག་སྟེ། །སྙིང་རྗེའི་བདག་པོ་ཀུན་འདུས་ལ། །སྡུག་བསྔལ་ལམ་གྱི་རྒྱུན་བཅད་དེ། །བདེ་ཆེན་ས་ལ་གཞག་པར་རིགས། །ཞེས་གསོལ་ཏོ། །བདེ་བར་གཤེགས་པ་རྣམས་ཀྱིས། བསྐུལ་བའི་དོན་དེ་ཐུགས་སུ་ཆུད་དེ། ཞི་བ་དང་བདེན་པས་མི་འདུལ་བར་དགོངས་ནས། འགྲོ་བ་དང་ཚུལ་བསྟུན་ཏེ་གདན་ཚོགས་ཆེན་པོ་བཅས་ཏེ། འདི་སྐད་དག་གི་བགྲོ་བ་མཛད་དེ། བཅོམ་ལྡན་འདས་ཞེ་སྡང་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ཀྱེ་འདུས་པའི་ཚོགས་ཆེན་པོ་དག །འདས་པའི་དུས་ནས་སྔོན་བྱུང་ལྟར། །ད་ལྟར་དུས་འདིར་བྱུང་བ་སྟེ། །དེ་བཞིན་གཤེགས་པའི་གསུང་རབ་ལས། །བདག་ཉིད་ཆེན་པོ་རྟག་པ་ཡིས། །ཁྲོ་


DNG022_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་དྲག་གཏུམ་པ་ཡིས། །འོ་དོད་འབོད་པར་ལྟུང་བར་འགྱུར། །མི་བཟད་ཆེན་པོས་སྡུག་བསྔལ་ཏེ། །དུག་གསུམ་ས་ལ་མངོན་ཞེན་པའི། །ཇི་ལྟ་བ་ཡི་ཐབས་ཀྱིས་གདུལ། །ཞེས་བགྲོས་སོ། །བཅོམ་ལྡན་འདས་གཏི་མུག་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ཤིན་ཏུ་གཏུམ་པའི་སེམས་ཅན་དེ། །ཇི་ལྟར་དེ་དག་བཞག་གྱུར་ན། །བག་ཆགས་ངན་པའི་ཆུ་རླན་གྱིས། །བདུད་ཀྱི་ཚོགས་སུ་མངོན་འཕེལ་ནས། །རིག་འཛིན་པ་ཡི་རྒྱུད་གཅོད་ཅིང་། །བསྟན་པའི་གསུང་རབ་འཇིག་འགྱུར་བས། །དེ་ཚེ་ལས་ཀྱི་མུན་པ་ཡིས། །འགྲོ་བ་མ་རིག་མུན་པར་འཁྱམས། །དུག་ནད་རིམས་ནད་ཕྲ་མེན་མ། །གནོད་སྦྱིན་གདོན་དང་ལོག་འདྲེན་ཉིད། །སྲིད་པ་གསུམ་པོ་འཇོམས་བྱེད་ཅིང་། །དམ་ཚིག་གཉན་པོ་འདྲལ་བྱེད་པ། །ཇི་ལྟ་བ་ཡི་ཐབས་ཀྱིས་གདུལ། །ཞེས་བགྲོས་སོ། །བཅོམ་ལྡན་འདས་ང་རྒྱལ་ཆེན་པོའི་ཚོགས་ཀྱིས་བགྲོས་པ། འདས་པའི་དུས་ན་སྔོན་བྱུང་བ། །ལས་ཀྱི་གདུག་པའི་རཱུ་ཏྲ་དེ། །རྒྱལ་བ་འདུས་པའི་སྦྱོར་བ་ཡིས། །ཇི་ལྟར་ཁྲོ་བདག་གཏུམ་པ་ལྟར། །ད་ལྟར་ཚེ་འདིར་བྱུང་བ་སྟེ། །དུག་གསུམ་བརྩེགས་པའི་རི་བོ་འདི། །འབར་ཁྲོ་འཁྲུགས་པའི་སྦྱོར་བ་ཡིས། །ཇི་ལྟར་འཚམས་པ་བཞིན་དུ་འོས། །སངས་རྒྱས་ཐམས་ཅད་འདུས་ནས་ཀྱང་། །ཁྲོས་པའི་སྤྲིན་ནག་གཏིབས་པ་ཡིས། །མངོན་སྤྱོད་འབར་བའི་ཐབས་ཆེན་གྱིས། །འཁོར་བ་བསྒྲལ་བའི་དུས་ལ་བབ། །ཅེས་བགྲོས་སོ། །བཅོམ་ལྡན་འདས་ཆགས་པ་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་བྱ། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་བགྲོས་སོ། །བཅོམ་ལྡན་འདས་ཕྲག་དོག་ཆེན་པོའི་


DNG022_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་བགྲོས་པ་ནི། རང་བཞིན་དག་པའི་ངོ་བོ་ལས། །ལོག་རྟོག་ཕྱིན་ཅི་ལོག་གིས་བཅིངས། །དངོས་པོར་རང་གར་ཞེན་པ་ཡིས། །གདུལ་དཀའ་མ་ལུས་འདུལ་བ་དང་། །དམ་ཚིག་ལ་སྡང་རྣམ་སྦྱོང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད། །ཅེས་བགྲོས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། ཞི་བས་མི་འདུལ་བར་དགོངས་ནས། བདེ་བར་གཤེགས་པ་རྣམས་ཀྱིས་བཀའི་མོལ་བ་མཛད་པའི་ལེའུ་སྟེ་དགུ་པའོ།། །།དེ་ལྟར་བགྲོས་པས་རིགས་ལྔའི་བདེ་བར་གཤེགས་པ་དེ་དག་དགོངས་པ་གཅིག་ཏུ་གྱུར་ཏེ། ལོག་པའི་སྤྱོད་པ་ཅན་དངོས་པོའི་ལམ་ལ་མངོན་པར་འཆེལ་བ། མངོན་པའི་ང་རྒྱལ་གྱི་མཐུས་བསྙེམས་ནས། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པས། འཇིག་རྟེན་ཕུང་བར་བྱེད་པ་རྣམས། ཞི་བས་ཕན་པར་བྱེད་པའི་སྐལ་བ་ལ་མ་བབ་སྟེ། རོལ་པའི་མཛད་སྤྱོད་ཀྱིས་གདུལ་བར་གཟིགས་ཏེ། ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས། རིགས་ལྔའི་བདེ་བར་གཤེགས་པ་ལ་སོགས་པའི་འཁོར་ཐམས་ཅད་གནས་ཀྱི་དཀྱིལ་འཁོར་ལ་སོགས་ཐམས་ཅད་ཉིད་ཀྱི་ཐུགས་ཀར་བསྡུ་བ་མཛད་དེ། གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངང་དུ་མི་སྣང་བར་མཛད་ནས། ཆོས་ཉིད་དེ་བཞིན་ཉིད་ལ་དམིགས་ཏེ་གནས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་དེས། ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ལས་ཁྲོས་པས། ཉོན་མོངས་པ་ཞེ་སྡང་ལ་སོགས་པ་ངང་གིས་མི་གནས་པའི་དེ་བཞིན་ཉིད་དང་། དོན་དེ་ཉིད་ཀུན་ལ་ཁྱབ་ཅིང་གསལ་བའི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན། སྙིང་རྗེ་ཆེན་པོ་དང་གསལ་བ་ཉིད་དུ་ཀུན་ལ་ཁྱབ་པ་ནི། ནམ་མཁའི་མཚན་ཉིད་ལྟ་བུ་ལ་མངོན་པར་འདུ་མཛད་དེ། ནམ་མཁའ་མཚན་མ་མེད་པ་ལས། མཚན་མའི་རྒྱུའི་སྙིང་པོ་ཡི་གེ་ཧཱུྃ་སྔོན་པོ། ཡེ་ཤེས་ཅན་གྱི་འོད་དུ་འབར་བར་ཤར་ཏེ། དེས་རྣམ་པར་མི་རྟོག་པའི་ཡེ་ཤེས་འོད་དུ་མཚོན་ཅིང་འཛིན་རྟོག་ཟིལ་གྱིས་


DNG022_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པའི་ཏིང་ངེ་འཛིན་ཏོ། །སྲོག་གི་གོ་རུ་རྟོགས་པའི་ཧཱུྃ་དེ་ལས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་ཤར་བར་མཛད་པའི་ཕྱིར། མི་རྟོག་པ་ལ་གནས་པའི་ཧཱུྃ་དེ་ལས། ཆོ་འཕྲུལ་གྱི་སྒྲར་སྙིང་པོ་འདི་རྣམས་ཆེད་དུ་བརྗོད་དོ། །ཨེ་ཨགྣེ་ཛྭ་ལ་མཎྜ་ལ་ཨེ། ཡཾ་ཀརྨ་རཀྴ་ཧཾ། ར་རཀྟ་ས་མན་ཛྭ་ལ་མཎྜ་ལ། སུ་བཛྲ་སུ་མེ་རུ། ཀེང་ནི་རི་ཏི་ཀེང་། རཾ་ཛྭ་ལ་རཾ། ཞེས་བསྒྲགས་པས། ཞེ་སྡང་འབར་བའི་ནམ་མཁའ་ལ། །ཕྲག་དོག་འབར་བའི་འཚུབས་མར་ལྡན། །ཆགས་པ་རཀྟའི་རྦ་ཀློང་འཁྱིལ། །གཏི་མུག་ཆེན་པོའི་ས་གཞི་ལ། །ང་རྒྱལ་ཆེན་པོའི་མེ་རི་འབར། །ཞེས་པ་སྟེ། དབང་ཆེན་ཡུམ་ལྔའི་ནམ་མཁའི་ངོ་བོར་ཤེས་པར་མཛད་པ་ནི། འབྱུང་བ་ཡུམ་གྱི་གཞལ་ཡས་ཁང་མངོན་པར་ཤར་བར་མཛད་དོ། །དེ་ལས་ཡང་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཧཱུྃ་ཞེས་པས། ཡེ་ཤེས་ལྔ་ལྡན་རིན་ཆེན་ལྔ་ཡི་བརྩིག་པ་ལ། །ཕྱི་དང་ནང་མེད་ཀུན་ཏུ་སྣང་བར་མཛེས་པ་ཡི། །རྟ་བབས་ལ་སོགས་རིན་ཆེན་རྒྱན་དང་རྒྱན་གྱིས་བརྒྱན་པ་ཡི། །འདོད་ཡོན་ལྔ་དང་རོལ་མོའི་ཚོགས་སུ་བཅས། །ཞེས་པས། རིན་ཆེན་འབར་བའི་གཞལ་ཡས་ཁང་མངོན་པར་ཤར་བར་མཛད་དོ། །བྷྲཱུཾ་བྷནྡྷ་ཛྙཱ་ན་བཛྲ་བྷྲཱུཾ། ཞེས་པས། བྷནྡྷ་སྐམ་རློན་མང་པོའི་བརྩིག་པ་ལ། །གནམ་ལྕགས་ངུར་མོ་འབར་བའི་གཟེར་ཆེན་བཏབ། །གཟུངས་སུ་འཛིན་པའི་རྒྱུ་ཕྲེང་ཆེན་པོ་དང་། །ཁ་ནས་མེ་འབར་སྣ་ནས་དུ་བ་འཐུལ་ཏེ། །མཱཾ་སའི་ས་གཞི་རཀྟའི་རྒྱ་མཚོ་དང་། །དྲི་ཆེན་སྐྱང་ནུལ་དྲི་ཆུའི་ཞམ་ཆུ་ཆག་ཆག་དང་། །རྣག་དང་ཆུ་སེར་ཆོལ་བུར་འཁྱིལ། །མི་འགྱུར་བཏབ་པའི་ཀ་གདན་ལ། །ཞིང་ཆེན་ཀ་བ་ལྷ་ཆེན་ཀ་ཞུ་བཙུག །མཆོག་ཆེན་གདུང་དྲེས་མཆོག་བྲན་ཕྱམ་བཀྲམ་ཏི་རའི་དྲལ་བཀོད་ནས། །ཞིང་ཆེན་བླ་རེ་ཙིཏྟའི་ཏོག །ཉ་ཆེན་འཕན་དང་ཆུ་སྲིན་ཟ་ར་ཚགས། །ཞིང་ཆེན་ཁོག་སྟོད་ཁོག་སྨད་དམ་དུམ་རལ་རོལ་དང་། །གྲགས་གྲུགས་ལང་ལིང་གསུར་ཆེན་དུ་བ་ལ། །དུར་ཁྲོད་བྱ་རྣམས་ཧ་ཧ་རུ་ལུའི་སྒྲ་སྐད་དི་རི་རི། །ཐབས་དང་ཤེས་རབ་གསལ་བའི་ཉི་ཟླ་མཐོངས་


DNG022_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཆར། །རྣམ་ཐར་ཆེན་པོ་བཞི་ཡི་སྒོ་བཞི་ན། །བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བཙུགས། །ཞེས་པས་མ་དད་པ་དེ་དང་ཚུལ་བསྟུན་པའི་ཕྱིར་ན། དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་ཤར་བར་མཛད་དོ། །དེ་ནས་ཡང་ཨེ་བཾ་མ་ཡ་ར་ཛྭ་ལ་རཾ་ཞེས་པས། གྲུ་གསུམ་མཐིང་ནག་དྲག་པོ་སྟེ། །ཟླ་གམ་དམར་པོ་དབང་གི་ཚུལ། །མུ་ཁྱུད་ཟླུམ་པོ་ཞི་བའི་ངང་། །གྲུ་བཞི་སེར་པོ་རྒྱས་པའོ། །སྨུག་ནག་གྲུ་གསུམ་འབར་བ་ལྷ་ཡི་བཞུགས་གནས་ཏེ། །ཡེ་ཤེས་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཕྱི་ནི་ཡིད་བཞིན་རིན་ཆེན་ཏེ། །ནང་ནི་དུར་ཁྲོད་འབར་བའོ། །ཞེས་པས་གདན་ཚོགས་དང་འཇིགས་བྱེད་འབར་བའི་གཞལ་ཡས་ཁང་དུ་ཤར་བར་མཛད་དོ། །དེ་ནས་ཡང་མ་ཨ་པ་སཱུརྱ་ཙནྡྲ་པདྨ་མཎྜ་ལ་ཞེས་པས། རྟག་པ་ཟིལ་གྱིས་གནོན་པའི་ཉི་མ་དང་། །ཆད་པ་ཟིལ་གྱིས་མནན་པའི་ཟླ་བ་དང་། །རྟག་ཆད་སྐྱོན་གྱིས་མ་གོས་པདྨ་སྟེ། །ཟིལ་གནོན་གདན་དུ་མངོན་པར་ཤར་བར་མཛད་དོ། །དེ་ལས་ཧཱུྃ་ས་མ་ཡ་ཏིཥྛ་བཛྲ་ཧཱུྃ་ཞེས་པས། ཆོ་འཕྲུལ་གྱི་སྒྲ་བསྒྲགས་ཤིང་། གདན་གྱི་གེ་སར་ལ་རྒྱུ་ཡི་ཧཱུྃ་ཉིད་ཤར་ཏེ། བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཡི་གེ་ཧཱུྃ་དུ་ཤར་བར་མཛད་དོ། །ཧཱུྃ་དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གོ་རུ་རྟོགས་པར་མཛད་དོ། །བཛྲ་ཛྙཱ་ན་བཛྲ་ཨེ་ཞེས་པས། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་གཅིག་ཏུ་མངོན་པར་འདུ་མཛད་དོ། །དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ཐུགས་ཕྱག་མཚན་རྡོ་རྗེར་གནས་པར་གྱུར་ཏོ། །དེ་ལས་ཛྙཱ་ན་སཏྭ་ཀཱི་ལ་ཡ་ཧཱུྃ་ཞེས་པས། རྡོ་རྗེ་དེ་ཉིད་ལ་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྙིང་རྗེས་བསྒྲལ་བའི་སྐུ་མངོན་པར་འདུ་མཛད་དེ། ལུས་ཡོད་ན་གྲིབ་མ་ཡོད་པའི་ཚུལ་དུ་ཡུམ་དམ་ཚིག་གི་ཕྱག་རྒྱ་ཡང་མངོན་པར་འདུ་མཛད་དོ། །དེའི་ཚེ་ཆོས་ཐམས་ཅད་སྐུ་ཕྲ་མོའི་ངང་དུ་གསལ་བ་ལས། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་ན་བཾ་ཧཱུྃ་ཧཱུྃ་ཕཊ། དཱིཔྟ་ན་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཆོ་འཕྲུལ་གྱི་སྒྲ་བསྒྲགས་ཏེ། ཕྱག་རྒྱ་


DNG022_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡབ་ཡུམ་གཉིས་ཀྱི་སྐུ་མངོན་པར་འདུ་མཛད་དོ། །དེའི་ཚེ་ཆོས་ཐམས་ཅད་ཡབ་ཡུམ་ཕྱག་རྒྱ་ཆེན་པོར་ཐམས་ཅད་སངས་རྒྱས་པར་མཛད་དེ། དེ་ཡང་སངས་རྒྱས་དང་སེམས་ཅན་ཀུན། ཀུན་རྟོག་གི་ཞེ་སྡང་གིས་བསད་ཅིང་མནན་པ་མ་ཡིན་ཏེ། བྷྲཱུཾ་ཨཱོཾ་ཨཱཾ་ཧཱུྃ་སྭཱ་ཧཱ། བཛྲ་རཏྣ་ཙཀྲ་པདྨ་ཁཌྒ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ། ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། ཞེས་པས། སངས་རྒྱས་ཐམས་ཅད་བསྡུས་པའི་ངོ་བོ། དབུ་ལ་རྫོགས་པའི་རིགས་ལྔས་བསྲུང་བ་དང་། དབང་བསྐུར་བར་མཛད་དོ། །ཡང་ཨཱོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་པས། དུས་གསུམ་གྱི་ཆོས་མ་ལུས་པའི་ངོ་བོ། སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་མཛད་དོ། །ཧཱུྃ་ཧཱུྃ་ཧཱུྃ་ཨ་མྲྀ་ཏ་སུ་ཏི་ཕྲི་དུ་ཀཱི་ལ་ཡ་ཧཱུྃ་ཏུང་ཞེས་པས། སྲིད་པ་གསུམ་གྱིས་བསྡུས་པའི་སེམས་ཅན་གྱི་ངོ་བོ། བྱང་ཆུབ་སེམས་དཔའི་རང་བཞིན་རྣམས། བཀའ་ནན་གྱི་ཚུལ་གྱིས་སྐུ་ལ་བརྒྱན་པར་མཛད་དོ། །དེའི་ཚེ་ན་ཟག་པ་མེད་པའི་སྐུ་རྡོ་རྗེས་གཏམ་པར་མཛད་དོ། །དེ་ནས་ཡང་ཛྙཱ་ན་སཏྭ་ཀཱི་ལ་ཡ་ཧཱུྃ་ཞེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སེམས་དཔའི་ངོ་བོ་དང་། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཧཱུྃ་ཕཊ། ཅེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། སྔགས་ཀྱི་ངོ་བོ་དང་། ཨཱོཾ་ཧཱུྃ་ཧྲི་ཕཊ་ཅེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངག་པ་སྒོ་སྲུང་དབང་གི་རྒྱལ་པོ་དང་། ཛྙཱ་ན་བཛྲ་ཨཱོཾ་ཧཱུྃ་ཕཊ། ཨེ་ཨ་ཨཱོཾ་ཞེས་པས་ཡེ་ཤེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁའ་དང་། གསང་བའི་ངོ་བོ་མངོན་པར་འདུ་མཛད་དེ། རྣམ་པར་ཤེས་པའི་ངོ་བོ་དང་དེའི་རྐྱེན་དང་། དེའི་རྟགས་འབྱུང་ཁུངས་དང་། དེའི་གནས་བསྲུང་བ་སྟེ། ཐམས་ཅད་རྡོ་རྗེའི་རང་བཞིན་དུ་དགོངས་པར་མཁྱེན་ཏོ། །མ་དད་པའི་སེམས་ཅན་ཆེན་པོ་དེ་དང་ཚུལ་མཐུན་པའི་ཕྱིར་ན། ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག །རོལ་པ་ཆེན་པོའི་ཕྱག་དྲུག་དང་། །བརྗིད་པའི་དོར་ཐབས་ཞབས་བཞི་དང་། །སྐུ་ཡི་བེམ་ལྡིར་ཆེ་བ་དང་། །གསུང་གི་ཚམ་


DNG022_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྔམས་བསྒྲགས་པ་དང་། །ཐུགས་ཀྱི་དགོངས་པ་ཆེན་པོ་དང་། །དཔའ་ཞིང་ཤིན་ཏུ་བརྗིད་པའི་ཆ་བྱད་དོ། །དེ་ནས་དྲེགས་པ་ཆེན་པོ་དེས། སྲོག་བཅད་པའི་ཁྲག་རྗེས་ཡོད་པ་དེ་དག་གིས་ཐུགས་རྗེ་ཆགས་པའི་རྟགས་སུ་སྐུ་ལ་བརྒྱན་ནོ། །ཐལ་བའི་ཚོམ་ཚོམ་ཡོད་པ་དེ་དག་གིས་མཚན་མ་སྤྲོས་པ་མེད་པའི་དོན་གྱིས་ཉིད་ལ་བརྒྱན་ནོ། །ཞག་དང་བཅུད་ཀྱི་ཁྱལ་ཁྱིལ་ནི། དོན་དམ་བཅུད་ཀྱི་རང་བཞིན་གྱིས་ཁྲོས་པའི་སྐུ་ལ་བྱུགས་སོ། །དཀའ་ཐུབ་ཅན་གྱི་སེམས་ཅན་དེའི་བགོ་བའི་བྱེ་བྲག་ལ། མུན་པ་གླང་གི་ཀོ་ཤུན་ནི་སྟོབས་བཅུ་རྫོགས་པའི་ན་བཟར་སྐུ་ལ་གསོལ། ཆགས་པའི་ཞིང་ཆེན་ནི། ཚུལ་ཁྲིམས་རྣམ་པར་དག་པའི་ཆོས་གོས་སུ་མནབ། ཞེ་སྡང་རྫོངས་ལ་ཞེན་པའི་སྟག་ལྤགས་ནི། དཔའ་གཏུམ་གྱིས་འགྲོ་བའི་དོན་ལ་ཐབས་མཁས་པའི་ཤམ་ཐབས་སུ་བརྒྱན་ནོ། །ཡང་ང་རྒྱལ་གྱི་དྲོད་འབར་བ་ནི། །ཡེ་ཤེས་མེ་ཡི་དཀྱིལ་འཁོར་འབར་བ་དང་། །འཕྲོ་བ་འདུ་བ་སྲེག་པ་དང་། །ཀློང་པ་འཁྱིལ་པ་མི་བཟད་སྟེ། །ཉིད་ཀྱི་སྐུ་ལ་གནས་པར་མཛད། །གདུག་པ་ཅན་རྟག་ཆད་ཀྱི་མཐའ་ལ་མངོན་པར་ཞེན་པ་དེ། ཟིལ་གྱིས་གནོན་ཅིང་སྤ་བཀོང་བའི་ཕྱིར། རྡོ་རྗེའི་གཤོག་པས་འཇིག་རྟེན་གྱི་ཁམས་ཁེངས་པ་ཡང་ཁྲོས་པ་ཉིད་ལ་རྒྱན་མཛེས་པར་མཛད་དོ། །ཐོད་པ་སྐམ་རློན་གྱི་ཕྲེང་ཐོད་དེ་དག་ནི། དུས་གསུམ་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་ཀྱིས་ཁྲོས་པ་ཉིད་ཀྱི་རྒྱན་དུ་བྱས་སོ། །གདུག་ཅིང་ཞེ་སྡང་བའི་སྦྲུལ་བཀྲིས་ལ་སོགས་པ་དེ་དག་ནི། མཉེན་ལྕུག་ཡུམ་བཞིའི་གཟུངས་སུ་བྱིན་གྱིས་བརླབས་ཏེ། ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་པའི་རྟགས་ཀྱིས་ཁྲོས་པ་ཉིད་ལ་བརྒྱན་ནོ། །གཟུང་འཛིན་ལ་ཞེན་པའི་སྒྲ་ཤིན་ཏུ་འཇིགས་པ་དེ་ཡང་། ཟིལ་གྱིས་མཐའ་གཉིས་གནན་པའི་ཕྱིར། ཉིད་ལ་འཁྱིལ་པར་མཛད་དེ། འདོད་པའི་ཡོན་ཏན་དང་། ཁོའི་ལོངས་སྤྱོད་པའི་བྱེ་བྲག་ལ། འདོད་པའི་རྒྱ་མཚོ་ལས་མ་ཐར་པའི་ཕྱིར་ན། ཁོའི་


DNG022_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འཁོར་ན་ཁྲག་གི་རྒྱ་མཚོ་འཁྱིལ་པ་དེ་དག་ནི། ཁྲོས་པའི་རྒྱལ་པོས་པདྨ་རཀྟ་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ཏེ་གསོལ་ཏོ། །ཉོན་མོངས་པ་ལ་མངོན་པར་འཆེལ་བའི། མི་གཙང་བའི་འདམ་རྫབ་དེ་དག་ནི། དྲི་ཆེན་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ཏེ་གསོལ་ལོ། །ཞེ་སྡང་གི་རྫོངས་ལ་ཞེན་པའི་གོ་རོ་ཙ་ན་དང་རྐང་རུས་ཀྱི་བཅུད་དེ་དག །བྱང་ཆུབ་སེམས་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ཏེ་ཞལ་དུ་བཞེས་སོ། །རྣག་དང་ཆུ་སེར་གྱི་ཞམ་ཆུ་འབབ་པ་དེ་དག་ནི། རྡོ་རྗེ་དྲི་ཆུ་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ཏེ་ཞལ་དུ་བཞེས་སོ། །བསྒྲལ་བའི་དོན་འཆེལ་བའི་ཤ་དང་འབུ་ཤིན་ཏུ་ཆེ་བ་དེ་དག་ནི། མཱཾ་ས་ལས་བདུད་རྩིར་སྤྲུལ་ཏེ་ཞལ་དུ་རོལ་ལོ། །ཁྲོས་པའི་རྒྱལ་པོས། དྲེགས་པའི་སེམས་ཅན་དེའི་གནས་ཁང་དང་ཚུལ་བསྟུན་པའི་གཞལ་ཡས་ནི་གསལ་བར་མཛད། ལུས་ངག་གི་རྒྱན་གདོས་པ་དང་བཅས་པ་དེ་དག་ནི། སྐུ་གསུང་ཐུགས་ཀྱི་རྒྱན་དུ་དོན་དང་བསྟུན། ཟག་བཅས་ཀྱི་ལོངས་སྤྱོད་དེ་དག་ནི། ཟག་མེད་ཀྱི་བདུད་རྩིར་མཛད་དེ། གདུག་པ་དེ་དག་དང་ཚུལ་བསྟན་ཏེ། ཁོའི་གདོས་པ་དེ་དག་དང་བསྟུན་པར་བཞེད་པས། ཁོ་ཆགས་སྡང་ལ་ཞེན་པའི་དབང་གིས་མ་དད་དེ། ང་རྒྱལ་གྱི་དེའུ་མ་ཆོགས། གཏི་མུག་གི་མུན་པ་མ་སོལ། ཆགས་པའི་འདམ་ལས་མ་ཐར། ཞེ་སྡང་གི་མནར་སེམས་དང་མ་བྲལ། ཕྲག་དོག་གི་གདུག་རྩུབ་མ་ཞི་ནས། ཕན་ཞིང་ཞི་བར་མ་གྱུར་ཏོ། །དེ་ཚེ་སྟོང་གསུམ་འཇིག་རྟེན་ཀུན། །ཐུགས་རྗེ་ཆོས་ཀྱི་ཆར་གྱིས་བརླན། །སྨན་དང་འབྲུ་རྣམས་ཐམས་ཅད་ཀུན། །འགྲོ་བའི་གསོས་སུ་བྱིན་བརླབས་ཏེ། །རྩ་བ་སྡོང་པོ་དར་བ་དང་། །ཡལ་ག་ལོ་མ་མེ་ཏོག་དང་། །སྙིང་པོ་འབྲས་བུ་བཅས་པར་སྨིན། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །ར་སཱ་ཡ་ནའི་རྫས་ལ་སྤྱོད་པ་ལས། །དཀའ་ཐུབ་ཅན་དེ་དེ་ཉིད་བདུད་ཀྱི་ལྟ་བ་ལ་མངོན་པར་དད་པས། ཆགས་སྡང་གི་རང་བཞིན་ལོངས་སྤྱོད་པར་དད་པ་ལས། ཐམས་ཅད་འཁོར་བ་བདུད་དང་འདྲ་བའི་ཟས་


DNG022_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐུགས་རྗེའི་རྩི་བཏང་བས། ཐམས་ཅད་བདུད་རྩིའི་ཟས་ལ་རོལ་ཏེ་སྤྱོད་པ་ལས། དྲེགས་པ་དེ་ཉིད་ངེས་པ་ཁོ་ནར་དད་པར་མ་གྱུར་ཏོ། །དེ་ནས་ཁྲོས་པའི་རྒྱལ་པོ་དེས་མ་དད་པ་དེའི་གཟུང་འཛིན་དང་རྟག་ཆད་ཀྱི་མཐའ་བསལ་བའི་ཕྱིར། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་མོ་དང་། ཐེག་པ་ཆོས་ཀྱི་བྱེ་བྲག་དང་། ཡན་ལག་བཅུ་གཉིས་རྣམ་གྲངས་ཏེ། དྲང་བའི་དོན་ཕྱིར་ངེས་དོན་གསུངས་པ་ལས། འགྲོ་ཀུན་དད་ཅིང་གྲོལ་བ་ལས། དཀའ་ཐུབ་ཅན་དེ་ངེས་པར་མ་གྲོལ་མ་དད་དོ། །དེ་ནས་རྡོ་རྗེ་ཁྲོས་པའི་རྒྱལ་པོ་དེས། དྲེགས་པ་ཕོ་མོ་རྣམས་ཀྱི་ཆགས་པར་འདོད་པ་དེ་ཞི་བར་བྱ་བའི་ཕྱིར་ན། ཧཱུྃ་ཧཱུྃ་ཧཱུྃ་ཨེ་ཨ་ར་ལི་རུ་ལུ་རུ་ལུ་ས་མ་ཡ་ཛ་ཞེས་བརྗོད་པས། དྲེགས་པའི་མ་དང་སྲིང་མོ་དང་བུ་མོ་དང་སླེས་མོ་དང་བྲན་མོ་དང་ཆུང་མ་རྣམས། སྲོག་གི་སྙིང་པོས་མ་བཟོད་ནས། རྡོ་རྗེ་ཁྲོས་པའི་ཐད་དུ་ཡུད་ཙམ་གྱིས་ཕྱིན་པ་ལས། གསུང་མ་ཆགས་པའི་ཚངས་པའི་མགུར་ནི་བཞེས། ཞལ་བཞད་སྤྱན་གཟིགས་སྨིན་རིངས་འགྱུར། རོལ་པའི་མཛད་སྤྱོད་རྣམ་པར་སྟེགས་པ་ལས། དྲེགས་པ་མོ་རྣམས་འཁོར་བའི་རྒྱ་མཚོ་ལས་མ་ཐར་ནས། རྡོ་རྗེ་ཁྲོས་པའི་སྐུ་ཀུན་གྱི་ཐད་ཐད་དུ་འཁྲིལ་བ་ལས། རྡོ་རྗེ་ཁྲོས་པའི་རྒྱལ་པོས་མ་ཆགས་པ་ཐབས་ཀྱི་སྦྱོར་བ་ཀུན་ལ་མཛད་དེ། ཆགས་པའི་རྒྱུའི་ས་བོན་དེ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་འོད་ཟེར་དུ་སྤྲོས་པ་ལས། དྲེགས་པ་མོ་རྣམས་ཆགས་པའི་འདོད་ཆགས་པ། མཆོག་ཏུ་ཡང་དག་པར་སྐྱེས་ནས་གནས་སོ། །དེའི་དགྱེས་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ་ཞེས་བརྗོད་པ་ལས། དཀར་མོ་དང་ནི་རྐུན་མོ་དང་། གཏུམ་མོ་དང་ནི་རྨོངས་མོ་དང་། རོ་ལངས་མ་དང་། ལྕམ་མོ་དང་། ཐལ་བྱེད་སྨེ་ཤ་མ་ཚོགས་རྣམས། རེ་རེ་ལ་ཡང་ཚོགས་བསམ་གྱིས་མི་ཁྱབ་པ་དང་། རང་རང་གི་ཆ་ལུགས་ལག་ཆ་སྟན་དང་བཅས་ཏེ། འབར་བའི་དཀྱིལ་འཁོར་དུ་འཁོད་དོ། །ཡང་དགྱེས་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཞེས་བརྗོད་པས། སེང་གདོང་ཝ་


DNG022_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་སྟག་གདོང་ཁྱི་གདོང་དང་། །བྱ་རྒོད་གདོང་དང་དུར་བྱའི་གདོང་། །བྱ་རོག་གདོང་དང་འུག་པའི་གདོང་། །རེ་རེ་ལ་ཡང་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཆ་ལུགས་དང་ལག་ཆ་སྟན་དང་བཅས་ཏེ་འབར་བའི་དཀྱིལ་འཁོར་དུ་འཁོད་དོ། །ཡང་དགྱེས་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཕཊ་ཕཊ་ཕཊ་ཕཊ་ཅེས་བརྗོད་པས། རྟ་གདོང་ཕག་གདོང་སེང་གདོང་སྦྲུལ་གདོང་རྣམས། རེ་རེ་ལ་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཆ་ལུགས་དང་ལག་ཆ་སྟན་དང་ཆས་ནས་འབར་བའི་དཀྱིལ་འཁོར་དུ་འཁོད་དོ། །ཡང་དགྱེས་པའི་སྤྲིན་ལས། ཛཱ་ཛཱ་ཛཱ་ཛཱ། ཛཱ་ཛཱ་ཛཱ་ཛཱ། ཞེས་བརྗོད་པས། རྡོ་རྗེ་ཕོ་ཉ་དྲུག་ཅུའི་ཚོགས་རྣམས་གོང་བཞིན་ནོ། །ཡང་དགྱེས་པའི་སྤྲིན་ལས། ཧ་ཧ་རུ་ལུ་ཧཱུྃ་ཞེས་པས། ཕོ་གིང་དང་མོ་གིང་རྣམས་ཀྱང་གོང་མ་བཞིན་ནོ། །དེ་ནས་འདོད་པ་ཞི་བ་དང་། མ་ཧཱ་རཀྟ་ཀྲོ་ཏཱི་ཕཊ་ཅེས་པས། དྲེགས་པ་མོ་རྣམས་རང་རང་གི་གནས་ཁང་ག་ལ་བ་དེར་ཡུད་ཙམ་གྱིས་རྫུ་འཕྲུལ་གྱིས་ཕྱིན་པར་བཀྱེའོ། །དེ་ནས་དྲེགས་པ་ཆེན་པོ་དེས་ཤིན་ཏུ་ཡང་མི་དགའ་བའི་འདུ་ཤེས་སྐྱེས་ནས། འཇིག་རྟེན་གྱི་ཁམས་ན་བདག་ལས་ཁྱད་པར་ཅན་མེད་ན། བདག་གི་གནས་ཁང་དང་ཆ་ལུགས་དང་བྱེད་སྤྱོད་དང་ཡོ་བྱད་རྣམས་བྱིན་ཉམས་ལ། ཁྲོས་པ་དེ་ནི་གཟི་བྱིན་དང་ལྡན། མ་ལ་སོགས་པ་རྣམས་ཀྱང་ཁོའི་ཚིག་ཉན་པར་གྱུར་ཏོ། །སྔོན་མ་མཐོང་བའི་སེམས་ཅན་མང་པོ་ཡང་གནས་འཁོར་འདིར་བྱུང་། ཁོ་བོ་རང་ལུགས་ཀྱི་ཆོས་ལ་ཡང་ཁྲོས་པའི་རྒྱལ་པོ་དེ་བདེན་པའི་གཞུང་མེད་པར་སྨྲ་ན། ཇི་ལྟར་སྤོག་སྙམ་པ་ལས། དྲེགས་པ་དེ་ཞེ་སྡང་གི་མེ་ཆེན་ནི་སྦར། ཆགས་པའི་རྒྱ་མཚོ་ནི་གཏིང་ནས་གཡོས། མུན་པའི་སྐར་ཁུང་ནི་ཆར་སྤྲིན་ལྟར་གཏིབས། ཕྲག་དོག་གི་ཟུག་རྔུ་ནི་བསླང་། ང་རྒྱལ་གྱི་དེའུ་བསྐྱེད་དེ། ཉོན་མོངས་པའི་སྒྲ་རུ་རུ་ལུ་རུ་ལུ་ནི་སྒྲོགས། གདུག་པའི་ལག་ཆ་ཁ་ཊྭཱཾ་ག་འཁྲོལ་ཞིང་སྤོགས་པར་གཟོ་བ་ལས། རྡོ་རྗེ་ཁྲོས་པའི་རྒྱལ་པོས། རགྴ་ཏྲི་གུ་ས་མ་ཡ་མུ་དྲའི་སྒྲ་བསྒྲགས་


DNG022_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཁ་ཊྭཱཾ་གའི་ལག་ཆ་དེ་ཉིད་ཕྲོགས་ནས། རྒྱལ་བྱེད་རྟགས་ཀྱི་ཕྱག་མཚན་དུ་ཕྱག་དྲུག་གཡོན་གྱི་བར་པར་བསྣམས་སོ། །རྡོ་རྗེ་ཁྲོས་པའི་རྒྱལ་པོས། ཁོའི་ཉོན་མོངས་པའི་སྒྲ་རུ་ལུ་ནི། བདེ་བར་གཤེགས་པའི་སྙིང་པོ་ཨཱོཾ་དང་ཧཱུྃ་གི་བར་དུ་བཅུག་སྟེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཁྲོས་པས་བཟླས་པས། དྲེགས་པ་དེ་ཉིད་སྐྱེས་བུ་གང་དག་ལྕེ་བཅད་པ་བཞིན་དུ། ལན་བླན་པའི་གླགས་མེད་པར་ཤེས་པ་ཉམས་པར་མཛད་དོ། །དེ་ནས་ཡང་ཅུང་ཞིག་ན་ལོག་པར་རྟོགས་པའི་སེམས་ཅན་དེས། མཐུ་དང་རྫུ་འཕྲུལ་ཡིད་ལ་བྱས་ཏེ། ལུས་ངག་ཡིད་གསུམ་ཤིན་ཏུ་ཡང་ཁྲོ་ཞིང་གཏུམ་གདུག་པར་སྤྲུལ་ཏེ། རྫུ་འཕྲུལ་གྱིས་མཐུ་སྟོན་པ་ལས། རྡོ་རྗེ་ཁྲོས་པའི་རྒྱལ་པོས་ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཆོས་ཀྱིས་མ་འདུལ་བའི་སེམས་ཅན་དེ། དྲག་པོ་མངོན་སྤྱོད་ཀྱིས་བསྒྲལ་བར་དགོངས་ནས། བསྒྲལ་བའི་དོན་དེ་ཡང་སངས་རྒྱས་ཐམས་ཅད་ལ་དབང་མི་ཟ་བའི་ཕྱིར། དབང་བྱིན་རླབས་འདོད་པའི་ཕྱིར། ཨོཾ་ཏ་ཐཱ་ག་ཏ་ཀྲོ་དྷ་ས་མཱ་ཛ་ཞེས་པས། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ལས། གཟུགས་ཀྱི་སྐུ་འགག་པ་མེད་པའི་སྐུ་རུ་བཞེངས་ཏེ་གནས་སོ། །དེ་ལ་རོལ་པའི་ཚིག་འདིས་བསྐུལ་ལོ། །ཧཱུྃ་སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་བྱིན་རླབས་བླང་བའི་ཕྱིར། །འགྱུར་མེད་སྐུ་རུ་གནས་པ་དེ། །ཡེ་ཤེས་ཁྲོས་པར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿཞེས་བསྐུལ་བས། བདེ་བར་གཤེགས་པ་དེ་དག་སྔོན་གྱི་ཐུགས་དམ་གྱི་དབང་གིས། མདུན་གྱི་ནམ་མཁའ་ལ་ཏིལ་གང་བ་བཞིན་དུ་བྱོན་ནོ། །དེ་ནས་ཏ་ཐཱ་ག་ཏ་ན་མོ་བཛྲ་ཞེས་པས། དེ་བཞིན་གཤེགས་པ་དེ་དག་ལ། རྡོ་རྗེའི་ཕྱག་མངོན་པར་མཛད་དོ། །དེ་ནས་ཡང་ཏ་ཐཱ་ག་ཏ་མ་ཧཱ་དཱི་པ་དྷཱུ་པ་པུཥྤ་སུ་ཁ་གནྡྷ་ཨི་དཾ་པཱུ་ཛ་ས་མ་ཡེ་ཧཱུྃ་ཞེས་བརྗོད་པས། ཚུལ་ཁྲིམས་དྲི་མཆོག་ཏིང་འཛིན་མེ་ཏོག་དང་། །ལྷག་མཐོང་


DNG022_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་ཞི་གནས་ཆུ་རྒྱུན་དང་། །བསིལ་མངར་ཨརྒྷ་དག་པ་ལྷའི་ཞལ་ཟས་ཀྱིས་མངོན་པར་མཆོད་དེ། འདི་སྐད་ཅེས་བསྐུལ་ལ། ཡེ་ཤེས་ལྷ་མཆོག་གཤེགས་ནས་ཀྱང་། །ཕྱག་འཚལ་མཆོད་བཞེས་ཐུགས་བསྐུལ་བས། །དབང་དང་བྱིན་རླབས་སྩལ་པ་དང་། །རྟགས་དང་མཚན་མ་བསྟན་དུ་གསོལ། །ཞེས་པས་བསྐུལ་ལོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ནི་བསྐུལ་བའི་དོན་དེ་ཐུགས་སུ་ཆུད་ནས། ཐམས་ཅད་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་ལས་སྔ་ཚུལ་བཞིན་དུ་ཞུགས་པས། ཤིན་ཏུ་ཡང་བྱིན་རླབ་དང་ལྡན་པར་མཛད། དེ་བཞིན་རིགས་ལྔའི་ངོ་བོ་ཐམས་ཅད་རིགས་མ་འཆོལ་བར་ཐིམ་པས་ནི། སྐུ་དང་ཡེ་ཤེས་རིགས་ཀྱི་ངོ་བོར་དབང་བསྐུར། དྲེགས་པ་དེ་དང་ཚུལ་བསྟུན་པའི་ཕྱིར་ན། གདོས་བཅས་ཀྱི་རྒྱན་མང་པོས་ཁྲོས་པའི་སྐུ་ལ་བརྒྱན་པ་དེ་དག་ལས་དོན་དང་མཐུན་པའི་མཚན་མར་བསྟན་ཏེ། རབ་བརྗིད་མང་ལ་མང་བས་མ་ལུས་སྤ་བཀོང་བར་མཛད། དེ་བཞིན་གཤེགས་པ་དེ་དག་ནི། ཨོཾ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཅེས་པས། ཐེག་པ་དགུ་དང་རབ་ལྡན་པས། །ས་དགུའི་རྟོག་པ་ཀུན་བཅོམ་སྟེ། །ཧེ་རུ་དགུ་ཡི་རང་བཞིན་གྱི། །ཡེ་ཤེས་དགུ་ལྡན་རྟགས་འདི་བྱིན། །ཞེས་གསུངས་ཏེ། ལས་ཀྱི་རྡོ་རྗེ་རྩེ་དགུ་པ་རྡོ་རྗེ་ཁྲོས་པའི་ཕྱག་གཡས་ཀྱི་དང་པོར་རྟགས་ཀྱི་ཕྱག་རྒྱ་བྱིན་ནོ། །ཡང་ཨཱོཾ་ཛྙཱ་ན་པཉྩ་བཛྲ། ཡེ་ཤེས་ལྔ་དང་རབ་ལྡན་པས། །མཆོད་རྟེན་རྟགས་ཀྱི་རྡོ་རྗེ་འདིས། །དུག་ལྔ་འཇོམས་པས་གནས་ལྔ་སྟོངས། །དམ་སྐོང་རིགས་སྙེམས་ཡེ་ཤེས་ལྔ་ཡི་རྟགས། །ཞེས་གསུངས་ཏེ། མཆོད་པའི་རྡོ་རྗེ་རྩེ་ལྔ་པ་ནི། རྡོ་རྗེ་ཁྲོས་པའི་ཕྱག་གཡས་ཀྱི་བར་པར་བསྐུར་ཏེ། དྲེགས་པ་དེ་དག་འདུལ་བར་དབང་བསྐུར་རོ། །དེ་ནས་ཡང་དེ་བཞིན་གཤེགས་པ་དེ་དག་ལ། རྡོ་རྗེ་ཁྲོས་པས་འདི་སྐད་ཅེས་བསྐུལ་ལོ། །ཨེ་མ་ཧོ་ལོག་པའི་ལམ་གྱིས་མནར་བ་ལས། །ཐབས་ཀྱིས་འདུལ་བར་མ་གྱུར་ཏེ། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཡེ་ཤེས་ཁྲོས་པས་འདུལ་བར་འགྱུར། །དེ་བས་མངོན་པར་འདུ་


DNG022_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་རིགས། །ཞེས་བསྐུལ་བས། དེ་བཞིན་གཤེགས་པ་དེ་དག་གིས། བསྐུལ་བར་མཁྱེན་ཏེ། ཉིད་ཀྱི་ཡེ་ཤེས་རིགས་ཀྱི་ཁྲོ་བོར་སྤྲུལ་ཏེ། ཁྲོས་པའི་སྤྲིན་ཕུང་དུ་བཞུགས་སོ། །དེ་ནས་རྡོ་རྗེ་ཁྲོས་པ་དང་ཁྲོས་པའི་སྤྲིན་དེ་དག་གིས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད། ཁྲོ་བོ་འཆོལ་བས་ལྷག་གིས་གང་བར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་གཡོས་རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡོས་སོ། །འཁྲུགས་རབ་ཏུ་འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས་སོ། །ཚིག་རབ་ཏུ་ཚིག་ཀུན་ཏུ་རབ་ཏུ་ཚིག་གོ། །འཐོར་འཐོར་ཀུན་ཏུ་རབ་ཏུ་འཐོར་རོ། །ལྡེག་ལྡེག་ཀུན་ཏུ་རབ་ཏུ་ལྡེག་གོ། །འགུལ་འགུལ་ཀུན་ཏུ་རབ་ཏུ་འགུལ་ལོ། །དེའི་ཚེ་འཇིག་རྟེན་ཕུང་བར་བྱེད་པའི་དྲེགས་པ་དེ་ནི་རང་གི་རྫུ་འཕྲུལ་གྱི་ཆེ་བ་སྟོན་ཅིང་མ་འདུལ་ལོ། །དེ་ནས་ཡང་རྡོ་རྗེ་ཁྲོས་པའི་རྒྱལ་པོས། ཨཱེ་བཾ་མཱ་ཡ། བཛྲ་ཙཀྲ་རཾ་ཞེས་པས། དྲེགས་པ་དེ་རྡོ་རྗེ་འཁོར་ལོ་འབར་བའི་དྲྭ་བར་བཅུག །ཕྲིན་ལས་བཞིའི་དཀྱིལ་འཁོར་ནི་ལུས་ལ་བཀོད་ནས་གནས་སོ། །དེ་ནས་ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ར་ཏྲི་རུ་དྲ་རཀྴ། ཧ་ས་ཡ་ར་ན། ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་གསང་བའི་སྔགས་འཐོན་ཏེ། རྡོ་རྗེ་འཁོར་ལོ་བསྐོར་བས་མཐུ་དང་རྫུ་འཕྲུལ་ཐམས་ཅད་རྡོ་ཚན་ལ་ཆུ་འདུས་པ་བཞིན་དུ་སྐམས་ཏེ་གནས་སོ། །དྲེགས་པའི་སེམས་ཅན་དེ་ཉིད་དུ་དུང་སེམས་ཀྱི་གྱ་གྱུ་དང་། ལུས་ཀྱི་གཟི་བྱིན་ཆེ་བར་སྟོན་པ་ལས། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ར་ཏྲི་རུ་དྲ་རཀྴ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཅེས་པའི་སྔགས་འཐོན་ཏེ། ཆགས་བྱེད་དང་སྙིང་པོ་ལ་ལུས་སེམས་རྣལ་བར་མཛད་དོ། །ཁྲོས་པའི་རྒྱལ་པོ་ཉིད་ཀྱི་ཞབས་འོག་ཏུ་བརྫིས་ཏེ་གནས་སོ། །དེ་ནས་དྲེགས་པ་དེ་ཤིན་ཏུ་ཡང་མི་བཟོད་པའི་ཚིག་གིས། འོ་ཤ་ཐོང་དཔའ་བོ་སྒེག་པ་རབ་ཏུ་ཐོང་། ཐུགས་རྗེའི་བདག་པོ་དེ་བཞིན་གཤེགས་པའི་མཛད་སྤྱོད་དེའམ། ཟེར་ཞིང་ཕྱིར་འབྲོས་པར་གཟོ་བ་ལས། རྡོ་རྗེ་


DNG022_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་རྒྱལ་པོས། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏྲ་ཏྲི་རཱུ་ཏྲ་རཀྴ་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། ཅེས་པའི་སྔགས་འཐོན་ཏེ། ཡན་ལག་མཛོད་སྤུའི་བསྡི་གནས་ལ། ཚ་ཚ་དང་སྐར་མདའ་བཞིན་དུ་འཕྲོས་ཏེ་འཁོར་བས། ལུས་ཀྱི་བསྒུལ་བསྐྱོད་ཀུན་མེད་པར། རུས་སྦལ་རྒྱ་མཚོར་ཞུགས་པ་བཞིན་དུ་གནས་སོ། །དེ་ནས་ཡང་དྲེགས་པ་དེ་སྒྲིབ་པ་སྦྱོང་བའི་ཕྱིར་ན། རྡོ་རྗེ་ཁྲོས་པའི་ཞབས་ཀྱིས་ཀྱང་ཤིན་ཏུ་གཟིར་ཏེ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ར་ཏྲི་རཱུ་ཏྲ་ར་ཤ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ཅེས་སྔགས་འཐོན་ཏེ། བསམ་གཞི་དང་ངག་གནས་སུ་འཕྲོས་ཤིང་འཁོར་བས། དྲེགས་པ་དེ་སྔར་སྤྱད་པའི་ལས་ངན་དེ་དག་གིས་འདི་ལྟ་བུའི་ལས་ངན་ཉམས་སུ་མྱོང་བ་དྲན་ཏེ། མི་བཟད་པའི་འོ་དོད་འབོད་ཅིང་ལུས་ཞུམ་སེམས་ཉམས་ཏེ་གནས་སོ། །དེ་ནས་རྡོ་རྗེ་ཁྲོས་པའི་རྒྱལ་པོས། རྡོ་རྗེ་ཕུར་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་ཡུམ་དང་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས། རྡོ་རྗེ་ཕུར་པ་ཁྲོ་བོ་ལས་ཀྱི་ཕུར་པ་སྟེ། ཞལ་གཅིག་ཕྱག་བཞི་སྐུ་མདོག་མཐིང་། །སྐུ་སྨད་མན་ཆད་ཟུར་གསུམ་ལ། །ཐོད་རློན་སྦྲུལ་གྱི་རྒྱན་གྱིས་བརྒྱན། །དུག་གསུམ་སྟོང་པའི་ཁ་ཊྭཱཾ་ག་དང་། །བག་ཆགས་འདྲལ་བའི་སྟྭ་རེ་དང་། །ཟིལ་གནོན་རི་རབ་འདེབས་པའི་ཕུར་བུ་འདྲིལ། །རལ་གྲིའི་སྒྲ་ལ་ཕུར་བུའི་སོ། །རིགས་ཀྱིས་དབུ་བརྒྱན་ཐུགས་ལ་འབར་བའི་སྲོག །སྐུ་ལ་ཁྲོས་པའི་མེ་དཔུང་འབར་བ་གཅིག་འཐོན་ཏེ། བཀའ་ནོད་པའི་ཚུལ་གྱིས་སྤྱན་སྔ་ཉིད་ན་གནས་སོ། །ཡང་རྡོ་རྗེ་ཁྲོས་པའི་རྒྱལ་པོས། ཨཱོཾ་ཨཱཾ་ཧཱུྃ་སྭཱ་ཧཱ། ཞེས་པས་ཡེ་ཤེས་ཀྱི་ནི་ཡི་གེ་ལྔས། །གནས་ལྔར་བྱིན་བརླབ་དབང་བསྐུར་འོད་ཀྱི་འབྲུའོ། །ཨཱོཾ་ཧྲི་ཕཊ་ཅེས་པས་ནི། སྐུ་གསུང་ཐུགས་སུ་བྱིན་བརླབ་མཛད། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། སྤྲོ་བསྡུ་ཕྲིན་ལས་ས་བོན་ནོ། །འདས་དང་མ་བྱོན་ད་ལྟ་སངས་རྒྱས་རྣམས། །དེ་ཡི་སྐུ་ལ་འཇུག་པའི་ཕྱིར། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་བེ་ཤ་ཨ་ཨ། ཁྲོས་པའི་ཕྱག་


DNG022_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཕྱག་རྒྱ་གཉིས། །སྲས་མཆོག་དེ་ཡི་སྐེད་ནས་བཟུང་། །སོར་བཅུ་རིགས་ཀྱི་ཡབ་ཡུམ་བཅུས། །སྦྱོར་བའི་བྱིན་རླབ་འཕྲོ་འདུ་ལས། །དེ་ནས་སྐུ་གསུང་ཐུགས་ཉིད་དུ། །བྱིན་བརླབ་བཟླ་བ་མཆོག་ཏུ་མཛད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱན་ཧྲྀ་ད་ཤོ་དྷ་ཡ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཙིཏྟ་ཧཱུྃ་ཕཊ། སྲས་ཀྱི་དམ་པ་མཆོག་དེ་ལ། །མཆོད་དེ་ཐུགས་དམ་རྒྱུད་བསྐུལ་ནས། །གསང་སྔགས་རྒྱལ་པོ་འདི་བརྗོད་དོ། །ཨཱོཾ་ལཾ་ཧཱུྃ་ལཾ། སྟཾ་བྷ་ཡ་ནན། མོ་ཧ་གྷ་ཡ། འདི་རྣམས་ཟུར་ཆག ། བྷ་ག་ཝཱན། ཧྲཱྀཿཤྟྲཱིཿཝཱི་ཀྲི། བཛྲ་ཧཱུྃ་ཀཱ་ར། ཧཱུྃ་ཧཱུྃ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བཾ་ཧོཿ། སརྦ་བིགྷྣཱན་ཀཱི་ལ་ཡ་ཧཱུྃ་ཕཊ། བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨཱཿ། ཞེས་པས་དྲེགས་པའི་སྙིང་ལ་གདབ། །ཨ་ཉིད་བྱང་ཆུབ་སེམས་ཀྱིས་བཀྲུས། །བཀྲག་དང་གཟི་མདངས་ཉིད་ལ་བསྡིམ། །ཕུར་བུ་ཉིད་ཀྱང་གཟི་བྱིན་བསྐྱེད། །འོད་དང་མཐུ་དཔུང་ལྷག་པར་བསྐྱེད། །དེ་ནས་རྒྱལ་བ་ཐམས་ཅད་ལ། །རྡོ་རྗེའི་ཚིག་ཏུ་འདིས་བསྐུལ་ཏེ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་དང་གཞན་རྣམས་ལ། །གནོད་ཅིང་གདུག་སེམས་ལྡན་པ་དང་། །དགེ་བའི་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབ་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །ལུས་ངག་རྡུལ་དུ་བཤིག་བྱས་ནས། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ར་ཏྲི་རཱུ་ཏྲ་རཀྴ་ཙིཏྟ་ཙིཏྟ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཅེས་པའི་སྔགས་འཐོན་ཏེ། ཉོན་མོངས་པའི་གནས་ལྔ་ལ་འཁོར་ཞིང་ཐིམ་པས། ཉོན་མོངས་པ་ལས་གྲུབ་པའི་གདོས་བཅས་ཀྱི་ཕུང་པོ་བཤིག་པར་མཛད་དོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། རྡོ་རྗེ་ཁྲོས་པའི་སྐུ་ཟ་བྱེད་དུ་བྱིན་གྱིས་བརླབ་པའི་ཕྱིར། ཨཱོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་ཞེས་གསུངས་སོ། །རྡོ་རྗེ་ཡེ་ཤེས་ཀྱི་མེ་དབལ་དུད་ཁ་འབར་བ་ཞིག་རྡོ་རྗེ་


DNG022_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་ཕྱག་གཡོན་དང་པོར་ཕུལ་ཏེ་ཉོན་མོངས་པ་གནས་སུ་དག་ཅིང་། ཞལ་དུ་གསོལ་བར་དབང་བསྐུར་རོ། །རྡོ་རྗེ་ཁྲོས་པའི་རྒྱལ་པོས་ཀྱང་དྲེགས་པ་དེའི་བག་ཆགས་ཀུན། རྡོ་རྗེ་ཡེ་ཤེས་ཀྱི་མེ་དབལ་གྱིས་བསྲེག་ནས། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ར་ཏྲི་རཱུ་ཏྲ་རཀྴ་བྷིནྡྷ་ཡ་བྷིནྡྷ་ཡ་ཧ་ཧ་ཞེས་པའི་སྔགས་འཐོན་ཏེ། ཕུང་པོ་ལྷག་རོལ་ལ་འཁོར་ཞིང་ཞལ་དུ་རོལ་ལོ། །དེའི་ཚེ་དྲེགས་པའི་རྒྱལ་པོ་དེ་ཡང་། རྡོ་རྗེ་ཁྲོས་པའི་ལྟོ་ཁྱིམ་ན་བདེ་བའི་གནས་སུ་ཕྱིན་ཏེ། ལས་དགེ་སྡིག་གི་དོན་མཐོང་སྟེ་གནས་པ་ལས། རྡོ་རྗེ་ཁྲོས་པས་ཕྱག་བྲང་ལ་བསྣོལ་ནས། ཀུན་རྫོབ་དང་ཚུལ་བསྟུན་ཏེ་བཙིར་བས། མི་གཙང་བའི་རྒྱ་མཚོར་འཁྱིལ་ཏེ་སླར་དྲན་པ་བརླག་པར་གྱུར་ཏོ། །དེ་ནས་ཡང་རྡོ་རྗེ་ཁྲོས་པས་བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལས་སྣམ་ནས་ཁྲོ་བོ་སྨེ་ཤ་འཐོན་ཏེ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ར་ཏྲི་རཱུ་ཏྲ་རཀྴ། བཛྲ་ཡཀྴ་ཀྲོ་ཏ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྐུལ་ཏེ། དེས་མི་གཙང་བའི་རྒྱ་མཚོ་དེ་དག་སླར་རྔུབས་པས་དྲན་པ་རྙེད་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་རྡོ་རྗེ་ཁྲོས་པའི་སྐུ། །ཤིན་ཏུ་བདེ་བའི་གནས་བཤིག་ནས། །སྣམ་དུ་བཏོན་པ་ཐུགས་རྗེ་ཆུང་། །བདག་ཀྱང་རྒྱལ་བའི་བཀའ་ལ་ཐོགས། །ཞེས་གསོལ་ཞིང་། འདི་སྐད་ཅེས་སྡིག་པ་བཤགས་སོ། །བསྐལ་པ་དཔག་ཏུ་མེད་པ་ཚུན་ཆོད་ནས། །ད་ལྟ་ཚེ་ལུས་འདིར་སྐྱེས་ཕན་ཆད་དུ། །ལྷ་མཆོག་ཁྱོད་དང་སྨོན་ལམ་མཐུན་སྡེབས་པས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསོལ་ན། །དུས་ཚིགས་འདི་ནས་བཟུང་ནས་ཡི་དམ་ལ། །སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་པར། །ཚེ་རབས་འཁོར་བ་གར་སྐྱེས་གར་བྱུང་ཡང་། །གསང་བའི་ལྷ་མཆོག་ཁྱོད་དང་མི་འབྲལ་ཞིང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལ། །མི་འདའ་གནས་དང་ཡུན་དུ་བདག་བསྲུང་གི། །ལྷག་ཆད་འགལ་འཁྲུལ་མཆིས་པ་མཐོལ་ལོ་བཤགས། །ལས་ཀྱི་དབང་གིས་བར་ཆད་ཅི་བྱུང་ཡང་། །དཔལ་ཆེན་ཁྱོད་ཀྱིས་གོང་བཞིན་ཟིལ་གྱིས་


DNG022_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གནོན། །དངོས་གྲུབ་མཆོག་སྩོལ་ཤེས་རབ་ལྷ་མོའི་སྐུ། །ཞེས་བཤགས་སོ། །དེ་ནས་ཡང་དྲེགས་པ་དེ་ཤིན་ཏུ་དགའ་བ་དང་དད་པའི་སེམས་སྐྱེས་ནས། འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཁྱོད་ལ་རིམ་གྲོ་བསྐྱེད་པ་དང་། །བདག་གི་སྒྲིབ་པ་སྦྱོང་བའི་ཕྱིར། །བདག་གི་ལུས་འདི་གདན་དུ་འབུལ། །ཨེ་མ་ཧོ་དཔའ་བོས་བཞེས་སུ་གསོལ། །མ་སྲིང་ཆུང་མ་བུ་མོ་སླས་ཀྱི་ཚོགས། །དཔའ་བོ་ཁྱོད་ཀྱི་འབངས་སུ་འབུལ། །འབངས་སུ་འབུལ་ལོ་བཀའ་ལ་ཐོགས། །འབངས་ལ་ནན་ཏན་མ་ཆུང་ཞིག །དེ་ནས་དེའི་མ་དང་ཆུང་མ་བུ་མོ་སླས་ཀྱི་ཚོགས་རྣམས་ཀྱང་འདི་སྐད་ཅེས་གསོལ་ཏོ། །དབུས་སུ་མཆི་བའི་སྐལ་མེད་ཀྱིས། །དཀྱིལ་འཁོར་མུ་རན་མཐའ་ལ་ཞོག །ཕུད་ལ་འཚལ་བའི་སྐལ་མེད་ཀྱི། །ལྷག་མ་ཁ་ཆུས་བྲན་ལ་གསོལ། །ཞེས་གསོལ་ཏེ། དྲེགས་པ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས། ལུས་གདན་དུ་ཕུལ་བས་ཉོན་མོངས་པའི་སྒྲིབ་པ་བྱང་། རྣ་བས་ཆོས་ཉན་པས་ཤེས་བྱའི་སྒྲིབ་པ་བྱང་། རྒྱལ་བའི་ཕ་འབབ་མངོན་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས། དཀྱིལ་འཁོར་ཞལ་མཐོང་བས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། གྲུབ་པ་མོར་ཁས་བླངས་ནས། ཕྱི་རབས་ཀྱི་རྣལ་འབྱོར་པའི་ཚོགས་བསྐང་བར་ཡང་དམ་ནོས་ཏེ་གནས་སོ། །དྲེགས་པ་ཆེན་པོའི་མ་དང་ཆུང་མ་དང་སླས་མོ་དང་བུ་མོ་དང་། བྲན་མོ་རྣམས་ནི། འབར་བའི་དཀྱིལ་འཁོར་ཆེན་པོའི་མུ་རན་ལ་བཞག་སྟེ། བཀའ་ལ་བཏགས་ཏེ་དམ་ཚིག་བྱིན་ནས། མནས་བསྒགས་ནས་གནས་སོ། །དེའི་ཚེ་ན་དྲེགས་པ་ཆེན་པོའི་ཉེ་འཁོར། འདོད་ཆགས་དང་གཏི་མུག་དང་ཕྲག་དོག་དང་ང་རྒྱལ་ལ་སོགས་པས་སོ་སོར་དྲེགས་པའི། ཚངས་པ་བརྒྱ་བྱིན་དང་མ་ཧཱ་དེ་བ་དང་། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་རྣམས། རང་རང་གི་ཆེ་བ་སྟོན་ཅིང་ཁྲོ་ཞིང་གཏུམ་མོ། །རྡོ་རྗེ་ཁྲོས་པའི་རྒྱལ་པོས་ཁྲོ་གཏུམ་པ་དེ་དག་འདུལ་བའི་ཆེད་དུ། སྲས་མཆོག་


DNG022_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བུཌྜྷ་རིན་ཆེན་པདྨ་ལས་ཀྱི་ཕུར་པ་འབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་ནས། མ་ཆགས་པའི་ཡུམ་ལ་རྗེས་སུ་ཆགས་པ་བསྐྱེད་དེ། རོལ་པའི་བྱང་ཆུབ་སེམས་ལས། ཨཱོཾ་བུཌྜྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཨཱོཾ་ཧཱུཾ་ཕཊ། སྭཱ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཏྲཾ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧྲཱྀ་ཧཱུྃ་ཕཊ། ཧཱ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱ་ཧཱུྃ་ཕཊ། ཅེས་པས་ནི། དེ་བཞིན་ཁྲོ་བོ་ལས་ཀྱི་ཕུར་པ་དང་། རིན་ཆེན་ཁྲོ་བ་ལས་ཀྱི་ཕུར་པ་དང་། པདྨ་ཁྲོ་བོ་ལས་ཀྱི་ཕུར་པ་དང་། ལས་རབ་ཁྲོ་བོ་ལས་ཀྱི་ཕུར་པ་རྣམས་འཐོན་ཏེ། སྨུག་ནག་སེར་ནག་ལྗང་ནག་སྔོ་ནག་དམར་ནག་གཅེར་བུ་རྣམས། སྐུ་སྟོད་ཞལ་གསུམ་ཕྱག་བཞི་ལ། སྐུ་སྨད་སོ་སོའི་ཕུར་པ་ལས་ཀྱི་དབྱིབས་བཞི་དང་མཐུན་པའི་ཕྱག་མཚན་རང་རང་རིགས་ཀྱི་མཚན་མར་བརྒྱན། དབུ་ལ་རིགས་བསྲུངས་ཐུགས་ལ་སྲོག་ཀྱང་འབར། །ཐོད་རློན་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་རྣམས། །ཟླུམ་འཁྱིལ་གྲུ་བཞི་ཟླ་གམ་གྲུ་གསུམ་གདེངས་པ་ཡི། །གདན་ལ་བཀོད་དེ་བཀའ་ནོད་ཚུལ་དུ་གནས། །བྱིན་བརླབ་དབང་བསྐུར་ལ་སོགས་རིམ་པར་མཛད་དོ། །དེ་ནས་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ཡིས། བུཌྜྷ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། འདི་སྐད་ཅེས་བསྐུལ་ཏེ། དྲག་པོ་སྒྲོལ་བའི་ལས་ལ་བཙུད་དོ། །ཨཱོཾ་ཟླུམ་ཞིང་འཁྱིལ་པའི་དཀྱིལ་འཁོར་ནས། །འབར་ལ་འཕྲོ་བའི་སྐུ་བཞེངས་པ། །བུཌྜྷ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །གཏི་མུག་དྲེགས་པ་ཆེན་པོ་བསྒྲལ་དུ་གསོལ། །སྭཱ་གྲུ་བཞི་གདེངས་པའི་དཀྱིལ་འཁོར་ནས། །འབར་བ་འཕྲོ་བའི་སྐུ་བཞུགས་ལ། །རིན་ཆེན་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ང་རྒྱལ་དྲེགས་པ་ཆེན་པོ་བསྒྲལ་དུ་གསོལ། །ཨཿཟླ་གམ་གདེངས་པའི་དཀྱིལ་འཁོར་ནས། །འབར་ལ་འཕྲོ་བའི་སྐུ་བཞུགས་པ། །པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །འདོད་ཆགས་དྲེགས་པ་ཆེན་པོ་བསྒྲལ་དུ་གསོལ། །ཧཱ་གྲུ་གསུམ་གདེངས་པའི་དཀྱིལ་འཁོར་ནས། །འབར་མ་འཕྲོ་བའི་སྐུ་བཞུགས་པ། །ལས་རབ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ཕྲག་དོག་


DNG022_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་ཆེན་པོ་བསྒྲལ་དུ་གསོལ། །ཞེས་བསྐུལ་བར་མཁྱེན་ནས། ནམཿས་མནྟཱ་ནཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ཨཱོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ། སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་རོ་ཨ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། བུཌྜྷ་ཀཱི་ལ་ཡ་བ་ར་བིདྱན་ཧཱུཾ་ཕཊ། རཏྣ་ཀཱི་ལ་ཡ་གྲིཧྞ་གྲྀཧྞ་ཧཱུྃ་ཕཊ། པདྨ་ཀཱི་ལ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཀརྨ་ཀཱི་ལ་ཡ་བིནྡྷ་བིནྡྷ་ཧཱུྃ་ཕཊ། ཅེས་པའི་སྔགས་བརྗོད་ཅིང་། རྡོ་རྗེ་འདུས་པའི་ཕྱག་གིས་རིགས་བཞིའི་ཕུར་པའི་སྐེད་ནས་རིམ་པར་བཟུང་ཞིང་དྲེགས་པ་བཞི་སྒྲོལ་བར་མཛད་དོ། །དེའི་ཚེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་། སྲས་མཆོག་དམ་པ་དེ་ལ་འདི་སྐད་ཅེས་བསྒོས་ཤིང་སྐུལ་བར་མཛད་དེ། འདི་སྐད་ཅེས་ཆོ་འཕྲུལ་གྱི་སྒྲར་མངོན་པར་དུས་གཅིག་ཏུ་སྒྲོགས་སོ། །ཀྱེ་མ་སངས་རྒྱས་མང་པོའི་སྲས། །དགེ་བའི་བར་ཆད་བྱེད་པ་དང་། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིང་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་བསྡུ་བྱས་ཏེ། །ལུས་དང་ངག་སེམས་རྡུལ་དུ་བཤིག་ནས་ཀྱང་། །དུག་གསུམ་ཤ་ཁྲག་ཞལ་དུ་བསྡུས་རྔུབས་ནས། །བསྒོ་བའི་ལས་རྣམས་ཁྱེད་ཀྱིས་གྲུབ་པར་གྱིས། །ཞེས་པར་བསྐུལ་ཏེ། བསྟབ་ཅིང་བསྒྲལ་བར་མཛད་དོ། །དེའི་དོན་གྱིས་འབྱོངས་སྟོངས་མཉེས་སྐོངས་འབྲས་བུ་རྫོགས་པར་མཛད་དོ། །དེ་ནས་ཡང་དྲེགས་པ་དེ་ལྔའི་ཆུང་མ་དེ་དངོས་འཛིན་མ་དང་། རྟག་པ་མོ་དང་། མཚན་མ་ཅན་དང་། ཆད་པ་མོ་དང་། སྨུག་མོ་ལ་སོགས་པ་རྣམས། རང་རང་གི་ཆེ་བ་སྟོན་ཅིང་ཤིན་ཏུ་ཡང་ཆགས་པ་དང་ལྡན་པ་ལས། ཡང་ཁྲག་འཐུང་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུས། གསལ་བ་རྡོ་རྗེ་དང་། སྡུད་པ་རྡོ་རྗེ་དང་། འབར་བ་རྡོ་རྗེ་དང་། གཡོ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་འཁོར་བ་རྒྱས་འདེབས་མ་དང་། འཁོར་ལོ་འཁོར་


DNG022_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱས་འདེབས་མ་དང་། རིན་ཆེན་འཁོར་བ་རྒྱས་འདེབས་མ་དང་། པདྨ་འཁོར་བ་རྒྱས་འདེབས་མ་དང་། ལས་རབ་འཁོར་བ་རྒྱས་འདེབས་མ་རྣམས། ཉིད་ཀྱི་བྱིན་གྱིས་བརླབས་ཀྱིས། ཡུམ་ཆེན་མོ་འཁོར་ལོ་རྒྱས་འདེབས་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་འཐོན་ཏེ། རྒྱན་དང་ཆ་ལུགས་དང་། སྐུ་མདོག་དང་ཕྱག་མཚན་རྣམས། རིགས་ཀྱི་སྲས་དང་ཆ་མཐུན་ཏེ། དྲེགས་པ་ཕོ་རྣམས་གོང་བཞིན་བསྒྲལ་ཏེ་ཚར་བཅད་ནས། སྲས་མཆོག་ལ་འཁྲིལ་བའི་ཚུལ་དུ་བཞུགས་སོ། །དེ་ནས་ཡང་དྲེགས་པ་ཆེན་པོ་དེའི་ཉེ་འཁོར་ན། འཁོར་གྱི་གཙོ་བོ་འཇིག་རྟེན་པའི་ལས་ལས་གྲུབ་པའི་ཕྱོགས་སྐྱོང་བ་བཅུ་སྟེ། ཚངས་པ་དང་། བརྒྱ་བྱིན་དང་། མེ་ལྷ་དང་།གཤིན་རྗེ་དང་། སྲིན་པོ་དང་། ཆུ་ལྷ་དང་། རླུང་ལྷ་དང་། གནོད་སྦྱིན་དང་། དབང་ལྡན་དང་། ས་བདག་རྣམས། བརྣབ་སེམས་དང་། མ་བྱིན་ལེན་པ་དང་། ལོག་པར་བལྟ་བ་དང་། སྲོག་གཅོད་པ་དང་། ཕྲ་མ་དང་།འདོད་པས་ལོག་པར་གཡེམས་པ་དང་། ངག་འཁྱལ་པ་དང་། ངག་རྩུབ་པོ་དང་། གནོད་སེམས་དང་། ཚིག་བརླང་བོ་དང་། མི་དགེ་བ་བཅུས་དྲེགས་ནས། ང་རྒྱལ་གྱིས་མཐུ་སྟོན་ཅིང་ཤིན་ཏུ་ཡང་བསྟན་པ་ལ་མ་དད་པའི་ཚུལ་སྟོན་པ་ལ། དེ་རྣམས་འདུལ་བའི་ཕྱིར་ན། ཡང་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུས་རོལ་པའི་སྟོབས་དང་། བཟློག་པའི་སྟོབས་དང་། འཇོམས་པའི་སྟོབས་དང་། འཇིགས་བྱེད་ཀྱི་སྟོབས་དང་། གཞོན་ཚུལ་གྱི་སྟོབས་དང་། བརྗིད་པའི་སྟོབས་དང་། ཤུགས་འཆང་བའི་སྟོབས་དང་། གཟིར་བའི་སྟོབས་དང་། གནོན་པའི་སྟོབས་དང་། འདེགས་པའི་སྟོབས་དང་། སྟོབས་བཅུའི་ཏིང་ངེ་འཛིན་ལ་ཞུགས་ཏེ། མ་ཆགས་པའི་ཡུམ་ལ་ཆགས་པའི་ཚུལ་དུ་རོལ་ལོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པས། ཁྲོས་པའི་རྒྱལ་པོ་ཧཱུྃ་ཀཱ་ར་ཞེས་བྱ་བ་དང་། དེ་བཞིན་དུ་རྣམ་པར་རྒྱལ་བ་དང་། དབྱུག་པ་སྔོན་པོ་དང་། གཤིན་རྗེའི་གཤེད་པོ་དང་། མི་གཡོ་མགོན་པོ་དང་། རྟ་མགྲིན་དང་།


DNG022_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་མི་ཐུབ་པ་དང་། བདུད་རྩི་འཁྱིལ་པ་དང་། ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཁྲོ་བོ་སྟོབས་པོ་ཆེ་ལ་སོགས་པ་རྣམས་འཐོན་ཏེ། ཞལ་གསུམ་ཕྱག་དྲུག་པ་ཞབས་བཞི་དང་ལྡན་ཞིང་། ཞལ་མདོག་དང་ཕྱག་མཚན་སྣ་ཚོགས་པ་འཇིགས་བྱེད་འབར་བའི་ཆ་ལུགས་སུ་བྱུང་སྟེ། ཕྱོགས་བཞི་མཚམས་བཞིའི་སྟེང་འོག་ཏུ་འཕྲོས་ཏེ་གནས་སོ། །དེ་ལས་ཁྲོས་པའི་རྒྱལ་པོ་ལ་སོགས་པའི་བདེ་བར་གཤེགས་པ་རྣམས་ཀྱིས་འདི་སྐད་ཅེས་བསྐུལ་ལོ། །རྡོ་རྗེ་ཁྲོས་པའི་ཚོགས་རྣམས་ཀྱིས། །མ་དག་མི་དགེ་ལས་སྤྱོད་ཅིང་། །དགེ་བའི་བར་ཆད་བྱེད་པ་འདི། །སྔོན་ཆད་དམ་བཅས་དེ་བཞིན་དུ། །མངོན་སྤྱོད་ཕྲིན་ལས་དུས་ལ་བབ། །ཅེས་བསྐུལ་དབང་བསྐུར་ནས། ཡེ་ཤེས་ཀྱི་ཕུར་པ་རྡོ་རྗེ་ཁྲོས་པས་ཕྱག་ཏུ་རེ་རེ་བསྐུར་ནས། དྲེགས་པ་བཅུ་སྒྲོལ་བར་མངའ་གསོལ་བས། ཁྲོ་བོ་བཅུས་བསྐུལ་བའི་དོན་དེ་ཐུགས་སུ་ཆུད་པར་མཛད། ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། ད་ཧ་ད་ཧ་ཧཱུྃ་ཕཊ། པ་ཙ་པ་ཙ་ཧཱུྃ་ཕཊ། བནྡྷ་བནྡྷ་བཛྲ་ཕཊ། ཧུ་ལུ་ཧུ་ལུ་བཛྲ་ཕཊ། ཏིཥྛ་ཏིཥྛ་བཛྲ་ཕཊ། ཙྪིནྡྷ་ཙྪིནྡྷ་བཛྲ་ཕཊ། བིནྡྷ་བིནྡྷ་བཛྲ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ་བཛྲ་ཕཊ། ཅེས་གསུངས་ཤིང་། ཕྱག་གི་ཕུར་པས་དྲེགས་པ་རྣམས་རིམ་པར་མངོན་པར་བསྒྲལ་ལོ། །དེ་ནས་ཡང་ཁྲོས་པའི་རྒྱལ་པོས། ཨཱོཾ་བཛྲ་ཀྲོ་ཏ་ཀ་པཱ་ལ་ཧཱུྃ་ཞེས་བརྗོད་པས། ཁྲོ་བོ་རྣམས་ཀྱི་ཕྱག་གཡས་གཡོན་དང་པོར། རྡོ་རྗེ་འབར་བ་དང་དུང་ཆེན་འཇོམས་པ་བྱིན་ཏེ། ཨཱོཾ་བཛྲ་ཀྲོ་ཏ་ཁཱ་ཧི་ཁཱ་ཧི་ཞེས་བསྐུལ་བས། ཁྲོས་པ་རྣམས་ཀྱིས་མི་དགེ་བ་བཅུ་དག་པར་བྱ་བའི་ཕྱིར། རྡོ་རྗེ་ཐོ་བས་གཏུན་ཁུང་དུ་བརྡུངས་ཏེ། ཞལ་དུ་གསོལ་བས། ཁྲོ་བོ་རྣམས་དགྱེས་པའི་སྒྲ་ཧ་ཧ་ཞེས་བསྒྲགས་སོ། །དེའི་ཚེ་འཁོར་བ་མི་དགེ་བ་བཅུ་ལས་རྒྱལ་ནས། དབང་བཅུ་ལ་མངའ་བརྙེས་པ་ནི། མོས་པ་ལ་དབང་བ་དང་། བྱང་ཆུབ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཚེ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ཆོས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་།


DNG022_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་ལ་སོགས་བརྙེས་སོ། །དེ་ལྟར་མཛད་པས་སྐྱེ་བའི་རྒྱུན་བཅད། ཉོན་མོངས་པ་ལས་རྒྱལ་བའི་རྒྱལ་མཚན་བཙུགས། འཁོར་བའི་བག་ཆགས་བཅོམ། འཆི་བདག་ཚར་བཅད། རྟག་ཆད་ཀྱི་མཐའ་བསལ། ལས་དགེ་སྡིག་གི་ཤན་ཕྱེ། ལོག་པའི་དོན་ལ་ཡེ་ཤེས་ཀྱི་མཐུ་བསྟན། འཁོར་བའི་བདུད་ལ་ཐུགས་རྗེའི་རྩི་བཏང་། ཁམས་གསུམ་སྐུ་གསུང་ཐུགས་སུ་བཟློག །ཆེ་བའི་ཡོན་ཏན་གྱི་སྟོབས་ཀྱིས་ཟིལ་གྱིས་མནན་པའི་རྟགས་སུ། ཁྲོ་བོ་རྣམས་ཀྱི་སྣམ་ནས་ཕྱོགས་སྐྱོང་བཅུ་བཏོན་ཏེ། རྣམ་པར་ཤེས་པ་ནི་རྡོ་རྗེ་དང་དེ་བཞིན་དུ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་རྣམས་སུ་ཤེས་བྱ་དག་ནས། ཆོས་སྐྱོང་བའི་བསྲུང་མར་དབང་བསྐུར། ལུས་རྣམས་ནི་རང་རང་གི་ཁྲོ་བོ་རྣམས་ལ། ཉོན་མོངས་པའི་སྒྲིབ་པ་དག་པར་བྱ་བའི་ཕྱིར་གདན་དུ་དབུལ། ལག་ཆ་མདའ་གཞུ་དང་། རྡོ་རྗེ་གདེངས་པ་དང་། མེ་དཔུང་འབར་བ་དང་། དབྱུག་ཏོ་དང་། སྤུ་གྲི་དང་། ཞགས་པ་དང་། བ་དན་དང་། བེ་ཅོན་དང་། ཁ་ཊྭཱཾ་ག་དང་བུམ་པ་རྣམས་ནི། རྒྱལ་བྱེད་རྟགས་ཀྱི་ཕྱག་མཚན་དུ་རང་རང་གི་ཁྲོ་བོའི་ཕྱག་བར་བར་ཕུལ་ཏེ་བསྣམས་སོ། །དེ་ནས་ཡང་ཕྱོགས་སྐྱོང་རྣམས་ཀྱི་རིག་མ་སྟེ། ཚངས་པའི་ཆུང་མ་དང་། བརྒྱ་བྱིན་གྱི་ཆུང་མ་དང་། མེ་ལྷའི་ཆུང་མ་དང་། གཤིན་རྗེའི་ཆུང་མ་དང་། སྲིན་པོའི་ཆུང་མ་དང་། ཆུ་ལྷའི་ཆུང་མ་དང་། རླུང་ལྷའི་ཆུང་མ་དང་། གནོད་སྦྱིན་གྱི་ཆུང་མ་དང་། དབང་ལྡན་གྱི་ཆུང་མ་དང་། ས་བདག་གི་ཆུང་མ་རྣམས། སྐྱོན་བཅུ་ལ་བག་ཆགས་བརྟས་པ་ནི། མ་རིག་པའི་སྐྱོན་དང་། ཞེན་པའི་སྐྱོན་དང་། ཤེས་བཞིན་མ་ཡིན་པའི་སྐྱོན་དང་། གཡེང་བའི་སྐྱོན་དང་། འཆལ་བའི་སྐྱོན་དང་། ལེ་ལོའི་སྐྱོན་དང་། རྨོངས་པའི་སྐྱོན་དང་། ཕུར་པའི་སྐྱོན་དང་། ཁོང་ཁྲོ་བའི་སྐྱོན་དང་། རྩོད་པ་ལ་དགའ་བའི་སྐྱོན་དང་། རྒྱུའི་ཚོགས་མ་བསགས་པའི་སྐྱོན་ནོ། །དེ་ལྟ་བུའི་སྐྱོན་གྱིས་འཆེལ་བས། བསྟན་པ་ལ་མ་དད་པ་དེ་འདུལ་བའི་ཕྱིར་


DNG022_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུས། ཕ་རོལ་ཕྱིན་པ་བཅུའི་དོན་ལ་མཉམ་པར་བཞག་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དེའི་ངང་ལས་མ་གཡོས་ཀྱང་། གཡོས་པའི་ཚུལ་གྱིས་མ་གོས་པའི་ཡུམ་ལ་རོལ་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས། ཁྲོ་མོ་རྡོ་རྗེ་སྒྲ་འབྱིན་མ་དང་། ཁྲོ་མོ་རྡོ་རྗེ་མདའ་སྙེམས་མ་དང་། ཁྲོ་མོ་རྡོ་རྗེ་སྡེར་མོ་དང་། ཁྲོ་མོ་རྡོ་རྗེ་དུར་ཁྲོད་ཀྱི་བདག་མོ་དང་། ཁྲོ་མོ་རྡོ་རྗེ་གཏུན་ཁུང་མ་དང་། ཁྲོ་མོ་རྡོ་རྗེ་གཏུམ་མོ་དང་། ཁྲོ་མོ་རྡོ་རྗེ་མདའ་སྙེམས་མ་དང་། ཁྲོ་མོ་རྡོ་རྗེ་རླུང་འབྱིན་མ་དང་། ཁྲོ་མོ་རྡོ་རྗེ་གསོད་མ་དང་། ཁྲོ་མོ་རྡོ་རྗེ་བསྐྱོད་མ་རྣམས་འཐོན་ཏེ། སྟོང་པ་ཉིད་ཀྱི་དབྱིངས་ལས་ཆོས་ཉིད་ཀྱི་སྒྲ་བསྒྲགས། སྐྱེ་བ་མེད་པའི་དབྱིངས་ལས་དོན་བརྙེས། རང་བཞིན་མེད་པའི་དབྱིངས་ལས་ཁམས་གསུམ་ཐུགས་རྗེས་གཟུང་། མི་དམིགས་པའི་དབྱིངས་སུ་མཚན་མའི་དངོས་པོ་བསྡུས། མཚན་མ་མེད་པའི་དབྱིངས་སུ་འཁོར་བའི་བག་ཆགས་བཅོམ། ཆོས་ཉིད་དག་པའི་དབྱིངས་ཀྱིས་འགྲོ་བའི་དོན་ལ་བརྩོན། ཡང་དག་པའི་དབྱིངས་ཀྱིས་ཉོན་མོངས་པའི་གནས་སུ་བརྡེག །གསལ་ཞིང་གཡོ་བའི་དབྱིངས་ལས་བག་ཆགས་ཀྱི་དངོས་པོ་སུན་ཕྱུང་། རྟོག་མེད་སྒྲོལ་བའི་དབྱིངས་སུ་སྒྲིབ་པའི་བག་ཆགས་བསད། གཡོས་པ་ཆེན་པོའི་དབྱིངས་ཀྱིས་མི་དགེ་བའི་སྐྱོན་བསྐྱོད་དེ་གནས་སོ། །དེ་ནས་དྲེགས་པའི་བུ་ཕོ་སྟེ་སེམས་ཅན་གྱི་ལུས་ལ། ཕག་དང་སྟག་དང་གཡག་དང་ཤ་བ་དང་། གཟིག་དང་། བྱི་ལ་དང་། སྤྱང་ཀི་དང་། སེང་གེ་དང་། དྲེད་དང་། དོམ་གྱི་མགོ་བཏགས་པ་རྣམས། རྨུགས་པ་དང་། རྣམ་


DNG022_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མེད་པ་དང་། ཚུལ་བཞིན་མ་ཡིན་པ་དང་། ཤིན་ཏུ་ཆགས་པ་དང་། གཉིས་ཀ་མ་ཡིན་པ་དང་། མངན་སེམས་ཀྱི་གཡོ་དང་། ཚུལ་ཁྲིམས་ཉམས་པ་དང་། མཚན་མ་ཉམས་པ་དང་། ལས་ལོག་པ་དང་། མོས་པ་ལས་གྱུར་པ་ཡིས། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་སྟེ། ཤེས་རབ་མ་ཡིན་པ་དང་། གསལ་བ་མ་ཡིན་པ་དང་། བདེ་བ་མ་བསྟར་བ་དང་། དོན་མ་རྟོགས་པ་དང་། བརྩོན་འགྲུས་དང་མི་ལྡན་པ་དང་། ཁ་ན་མ་ཐོ་བ་ལ་མི་འཛེམ་པ་དང་། དགེ་བ་འཕེལ་བ་མ་ཡིན་པ་དང་། རང་བཞིན་མེད་པ་མི་ཤེས་པ་དང་། གཉིད་དང་མི་ལྡན་པ་མ་ཡིན་པ་ལ་སོགས་པར་སྤྱོད་པའོ། །དེ་རྣམས་སྦྱོང་ཞིང་གདུལ་བའི་ཕྱིར་ན། ཡང་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུས་རྟོག་འཇོམས་དང་། དཔའ་རྟུལ་དང་། རྫིས་ཚོར་དང་། དུས་འཇུག་དང་། སྤྱོད་རྫོགས་དང་། ཐབས་མཁས་དང་། ཟ་བྱེད་དང་། རིགས་བཙུན་དང་། གསོད་བྱེད་དང་། མྱོས་བྱེད་ལ་སོགས་པའོ། །དེ་རྣམས་དང་། ཚུལ་མཐུན་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། མ་ཆགས་པའི་ཡུམ་ལ་ཐབས་ཀྱིས་རོལ་ཏེ། དགྱེས་པའི་སྤྲིན་ལས། ཧ་ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ་ཧ། ཞེས་བརྗོད་པས་ནི། སྲས་འཕགས་པའི་ལུས་ལ་སེམས་ཅན་གྱི་མགོ་དང་ཚུལ་མཐུན་པའི་མགོ་བཏགས་པ་བཅུ་བྱུང་སྟེ། དྲེགས་པའི་བུ་ཕོ་རྣམས་གྲོང་བཞིན་བཏུལ་ཏེ་བསྒྲལ་ནས་དམ་ལ་བཏགས་སོ། །དེ་ནས་ཡང་དྲེགས་པའི་བུ་མོ་སྟེ། སེམས་ཅན་གྱི་ལུས་ལ་སྨིག་བུ་དང་། བྱ་རྒོད་དང་། བྱ་རོག་དང་། འུག་པ་དང་། ཁྭ་དང་། པུ་ཤུད་དང་། ཁྲ་དང་། ཕ་ཝང་དང་། སྲེ་མོང་དང་། བྱི་བའི་མགོ་བཏགས་པ་རྣམས་ནི། ཆགས་པ་དང་། ཡིད་གཡོ་བ་དང་། ཕྲག་དོག་དང་། རྩོད་པ་ལྡང་བ་དང་། ལེ་ལོ་བྱས་པ་དང་། སྤྱོད་པ་འཆལ་པ་དང་། ཚུལ་ཁྲིམས་འཆལ་པ་དང་། འཚོ་བ་འཆལ་པ་དང་། བདག་ཏུ་འཛིན་པ་དང་། ཉོན་མོངས་པ་དང་མཚུངས་པར་ལྡན་པ་ལ་སོགས་པ་ལས་བྱུང་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པ་དང་། སེམས་རྒོད་པ་དང་། སེམས་འབྱེད་པ་དང་།


DNG022_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ལ་མི་འཇུག་པ་དང་། ཚིག་བརླང་བོ་དང་། བག་མེད་པ་དང་། སྤྱོད་པ་བརླང་བོ་དང་། ཁྲེལ་མེད་པ་དང་། ལོག་པར་འཚོ་བ་དང་། དགོངས་པ་སྟེ་སེམས་མ་ཞི་བ་དང་། གཡོ་སྒྱུ་དང་། དེ་རྣམས་སྤྱོད་པར་གྱུར་ཏེ། དེ་རྣམས་འདུལ་བའི་ཕྱིར་ན་ནི། ཡང་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུས། མི་འགྱུར་བ་དང་། ཐོགས་མེད་དང་། གསལ་བྱེད་དང་། མཐོང་བྱེད་དང་། ཐལ་བྱེད་དང་། བཀྲ་བྱེད་དང་། གཡོ་བྱེད་དང་། བཙལ་བྱེད་དང་རྩོལ་བྱེད་ལ་སོགས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། གཉིས་སུ་མེད་པའི་དགྱེས་པའི་སྤྲིན་ལས། ཧེ་ཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ་ཧེ། ཞེས་པས་ནི། ཡང་གོང་གི་སེམས་ཅན་དང་ཚུལ་མཐུན་པའི་སྲས། འཕགས་པའི་ལུས་ལ་སེམས་ཅན་གྱི་མགོ་བཏགས་པ་བཅུ་བྱུང་སྟེ། གོང་བཞིན་བཏུལ་ཏེ་བསྒྲལ་ནས་དམ་ལ་བཏགས་སོ། །དེ་ནས་ཡང་རྡོ་རྗེ་ཁྲོས་པའི་རྒྱལ་པོས། འགྲོ་བ་མཐའ་དག་གི་དོན་བྱ་བའི་ཕྱིར་ན། དོན་མཐུན་དང་དོན་སྤྱོད་དང་། སྦྱིན་པ་དང་སྙན་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། མ་ཆགས་ཐབས་ཀྱིས་རོལ་པ་ལས། ཛཿཧཱུྃ་བཾ་ཧོཿ། ཞེས་བསྐུལ་བས། ལྷ་མོ་པུ་ཤུད་ཀྱི་མགོ་དང་སྐྱེ་ག་དང་། སྲིན་བྱ་དང་། ཁྲ་ལ་སོགས་པའི་མགོ་ཅན་བཞི་འཐོན་ཏེ། གཞལ་ཡས་ཀྱི་སྒོ་བཞི་ལ་འཁོད་དེ། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་ལ་སོགས་པས་དོན་མཛད་དེ། སྙིང་རྗེ་དང་། བྱམས་པ་དང་། དགའ་བ་དང་བཏང་སྙོམས་ཀྱི་ངང་དུ་གསལ་བར་མཛད་དོ། །དེ་ནས་ཡང་དམ་སྲི་དམར་པོ་ཆེན་པོ་ཞེས་བྱ་བ། གསང་སྔགས་ལ་སྐུར་པ་བཏབ་ཅིང་སྨད་པ་ལས་གྱུར་པ་ཞིག །སྔོན་གྱི་ལས་ཀྱི་དབང་གིས། སངས་རྒྱས་ཀྱི་བསྟན་པ་ལ་བར་ཆད་བྱེད་ཅིང་། འཚེ་བ་ལས། སངས་རྒྱས་མ་ལུས་པས། རྡོ་རྗེ་ཁྲོས་པ་ལ་བཀའ་སྩལ་པ། བཀའི་བསྒོ་བ་མཛད་པ། རྡོ་རྗེ་གསང་བའི་དོན་རྟོགས་པར་དཀའ་བ་ལས་ནི། སྡིག་ཆེན་དམ་སྲི་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །


DNG022_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག་ལས་ཀྱི་དམ་སྲི་འདི། །ངེད་ཀྱི་བཀའ་ལས་ཁྱོད་མ་འདའ། །ཞེས་བསྐུལ་བས། རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུས། དམ་སྲི་དེ་ལ་ཡེ་ཤེས་ཀྱི་མཚོན་གྱི་ཕུར་པས་མགོ་ལ་བརྒྱབ་སྟེ། མགོ་ཨ་རྫ་ཀའི་དོག་པ་བཞིན་དུ་བཀས་ཏེ། དེའི་ཚེ་ན་ཡང་གསང་བའི་སྙིང་པོ་འདི་འཐོན་ཏེ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དམ་སྲི་གཾ་པ་རི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཅེས་བསྒྲལ་བས་རྣམ་ཤེས་རྒྱལ་བའི་སྲས་སུ་བྱས། ཤ་རུས་དུར་ཁྲོད་ཀྱི་གཞལ་ཡས་ཁང་། དོན་སྙིང་དུར་ཁྲོད་ཀྱི་རྫས་ཀྱི་མཆོད་པ་རུ་རོལ། དེའི་སླས་མོ་དང་བུ་མོ་དང་མ་དང་སྲིང་མོ་ཆུང་མ་རྣམས་ནི། རྡོ་རྗེ་ཁྲོས་པ་ལ་པདྨའི་མདངས་ཕུལ་ཏེ། རྒྱལ་བའི་དམ་མནོས་ནས་ཕྱི་རབས་ཀྱི་ཚོགས་བསྐང་བར་དམ་བཅས་སོ། །དེ་ལྟར་དྲེགས་པ་ཅན་ཐམས་ཅད་བསྒྲལ་ཞིང་ཚར་བཅད་པ། དེའི་ཚེ་ན་ནི། འཇིགས་བྱེད་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞིས་ཀྱང་འདི་སྐད་ཅེས་མནོས་ཏེ། དམ་ཆོས་གཞུང་སྤྱོད་རྣལ་འབྱོར་ལ། །དངོས་གྲུབ་བར་ཆད་བྱེད་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །མཐུ་དང་རྫུ་འཕྲུལ་མེད་པར་བྱའོ། །ཞེས་གསུངས་ཏེ། སྲིང་མོ་དང་བཅས་པས་དམ་མནོས་ནས། བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་སོ། །རྡོ་རྗེ་ཁྲོས་པའི་རྒྱལ་པོས་ཀྱང་ལུང་ཕོག་སྟེ། དམ་ལས་འདས་ན་སྙིང་པོ་འདིས་ཁྱེད་ཉིད་ཀྱི་མཐུ་དང་རྫུ་འཕྲུལ་ཕྲོགས་ཏེ་བསྒྲལ་བར་དམ་བཅས་སོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཨཱ་ན་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཅེས་གསུངས་སོ། །དེའི་ཚེ་ན་དྲེགས་པའི་གཙོ་མོས་ཀྱང་རང་གི་སྙིང་པོ་འདི་བསྟབས་ཏེ་བསྟན་པ་བསྲུང་བར་དམ་བཅས་སོ། །མ་མ་པ་ཤཾ་ཀུ་རུ་ཧཱུྃ། ཟུར་ཆག ། མ་ཏཾ་ཛྙཱ་ཀ་ར་ཨི་དན་དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡ་ཞེས་བསྟབས་ཕུལ་ཏེ། ཕྱི་རབས་ཀྱི་ཚོགས་བསྐང་བར་བྱས་ནས། མཐུའི་བདག་ཉིད་དུ་མཚན་གསོལ་ལོ། །དེ་ནས་ཡང་བདུད་ནག་པོ་བཀྲག་མེད་ཀྱི་བུ་མོ་དང་། གཟའ་བི་ཏྲི་པ་ཏྲའི་བུ་མོ་དང་། བཙན་ཤུ་པོ་ལག་རིངས་ཀྱི་བུ་མོ་དང་། ཀླུ་འཇོག་པོའི་བུ་མོ་རྣམས་བསྒྲལ་ཞིང་སྦྱར་བར་དགོངས་ནས། རང་དམ་སྲོག་གི་སྙིང་པོ་བསྟབས་ཤིང་ཕུལ་ནས།


DNG022_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་དམ་མནོས། ཨ་ཛི་ཏེ་ཡ། ཨ་པ་ར་ཛི་ཏེ་ཡ། ཛ་ཡེ་བི་ཛ་ཡེ། མཱ་ར་སཻ་ནཱ་པྲ་མརྡ་ན་ཡེ། ཟུར་ཆག ། ཞེས་པས་ཕྱི་རབས་ཀྱི་རྣལ་འབྱོར་པའི་ཐུགས་དམ་བསྐང་བར་བྱས་ཏེ། ས་བདག་ཆེན་མོར་མཚན་གསོལ་ལོ། །དེ་ནས་ཡང་འཇིག་རྟེན་ཕུང་བར་བྱེད་པ་སྟེ། ལྕགས་ཀྱི་ཁྱི་མོ་རལ་པ་ཅན་དང་། ལྕགས་ཀྱི་སྤྱང་མོ་མགོ་དགུ་དང་། ཟངས་ཀྱི་ཝ་མོ་རྐང་གསུམ་དང་། གསེར་གྱི་འཕར་བ་ལྕེ་བརྒྱད་མ་ལ་སོགས་པས། འགྲོ་བ་ཀུན་སྒྲོལ་ཞིང་ཟ་བ་ལས། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་སྤྱན་གྱིས་གཟིགས་ནས། བསྒྲལ་བར་དགོངས་པས་སྲོག་སྙིང་ཕུལ་ཏེ་དམ་མནོས་སོ། །ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། མ་ཐ་མ་ཐ་བཛྲ་ཞེས་པས། ཕོ་ཉ་ཤྭ་ནར་མཚན་གསོལ་ལོ། །དེ་ལྟར་འཇིག་རྟེན་པའི་དྲེགས་པ་ཕོ་མོ། འཁོར་དང་བཅས་པ་རྣམས་རིམ་པས་བཏུལ་བསྒྲལ་སྦྱར་གནས་བསྟབས་དམ་ལ་བཏགས་པར་མཛད་དོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། རྡོ་རྗེ་ཁྲོ་བོ་རོལ་པས་མ་དད་པ་བཏུལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་སྲས་མཆོག་དམ་པ་དེས། བཅོམ་ལྡན་འདས་ཁྲོས་པའི་སྲས་མཆོག་སྐུ་གསུང་ཐུགས་གཞོན་ནུ་འཁོར་དང་བཅས་པ་ལས་མཆོད་པ་བསྟབས་ཏེ། ཨཱོཾ་ཀཱི་ལི་ཀཱི་ལ་ཡ་ཀྲོ་ཏ་ཀྲོ་ཏཱི་ཧ་ཧེ་ཕཊ། དཱི་པ་དྷཱུ་པ་པུཥྤ་སུ་ཁ་གནྡྷ་ཨི་དཾ། ཨ་མྲྀ་ཏ་བ་ལིནྟ་རཀྟ་བོ་དྷི་ཙིཏྟ་ཧོ། ཞེས་པས་ཕྱི་དག་པའི་མཆོད་པ་དང་། ནང་ཁྱད་པར་གྱི་མཆོད་པ་དང་། གསང་བ་དགའ་བའི་མཆོད་པས་རྒྱུན་དུ་མངོན་པར་མཆོད་པའོ། །མཛད་སྤྱོད་ཀྱི་དོན་བསྡུས་པས། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་ནི། ཨེ་མ་ཧོ། བདུད་བཞི་བཅོམ་ནས་ཡོན་ཏན་དྲུག་ལྡན་ལ། །ཡོད་མེད་མཚན་མའི་དངོས་པོ་ཀུན་ལས་འདས། །དོན་དམ་ཐུགས་ནི་འདའ་དཀའ་ཤིན་ཏུ་གསང་། །གསང་བའི་གསང་སྔགས་མ་ལུས་ཀུན་གྱི་གཙོ། །ཐམས་ཅད་མ་ལུས་མངའ་བརྙེས་བདག་པོའི་སྐུ། །བཅོམ་ལྡན་གསང་བདག་རྡོ་རྗེ་ཁྲོས་པའི་སྐུ། །གསུང་ཐུགས་


DNG022_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུས་ཐམས་ཅད་མཁྱེན་མཛད་དེ། །སྟོན་པའི་བདག་ཉིད་དེ་ལ་ཕྱག་འཚལ་བསྟོད། །སྐྱེ་མེད་ཡེ་ཤེས་ངང་ལས་རྡོ་རྗེ་ཀཱི་ལ་ཡ། །ཞེ་སྡང་འབྱོངས་པས་དམྱལ་བའི་འཇིག་རྟེན་སྟོངས། །ཐུགས་ཀྱི་དམ་ཚིག་སྐོངས་ཏེ་རྡོ་རྗེའི་རིགས་ཀྱང་བརྙེས། །གསལ་ལ་མ་འདྲེས་མེ་ལོང་ཡེ་ཤེས་བརྙེས། །རྡོ་རྗེ་འདུས་པ་འཆང་བའི་སྐྱེས་བུ་ཉིད་ལ་ཡང་ཕྱག་འཚལ་བསྟོད། ༈ །འགགས་མེད་ངང་ལས་སངས་རྒྱས་ཀཱི་ལ་ཡ། །གཏི་མུག་འབྱོངས་པས་བྱོལ་སོང་འཇིག་རྟེན་སྟོངས། །སྐུ་ཡི་དམ་ཚིག་སྐོངས་ཏེ་དེ་བཞིན་གཤེགས་ཀྱང་བརྙེས། །དམིགས་སུ་མེད་པའི་ཡེ་ཤེས་ཆེན་པོ་བརྙེས། །སྐུ་མཆོག་དམ་པ་དེ་ལ་ཕྱག་འཚལ་བསྟོད། ༈ །གནས་མེད་ངང་ལས་རིན་ཆེན་ཀཱི་ལ་ཡ། །ང་རྒྱལ་འབྱོངས་པས་ལྷ་མིན་འཇིག་རྟེན་སྟོངས། །སྤྱི་ཡི་དམ་ཚིག་སྐོངས་ཏེ་རིན་ཆེན་རིགས་ཀྱང་བརྙེས། །ཀུན་ལ་སྙོམས་པའི་མཉམ་ཉིད་ཡེ་ཤེས་བརྙེས། །ཡོན་ཏན་དམ་པ་དེ་ལ་ཕྱག་འཚལ་བསྟོད། །དམིགས་མེད་ངང་ལས་པདྨ་ཀཱི་ལ་ཡ། །འདོད་ཆགས་འབྱོངས་པས་མི་ཡི་འཇིག་རྟེན་སྟོངས། །གསུང་གི་དམ་ཚིག་སྐོངས་ཏེ་པདྨའི་རིགས་ཀྱང་བརྙེས། །ཀུན་མཁྱེན་སོ་སོར་རྟོག་པའི་ཡེ་ཤེས་བརྙེས། །གསུང་མཆོག་དམ་པ་དེ་ལ་ཕྱག་འཚལ་བསྟོད། ༈ །འགྲོ་མེད་འོང་བ་མེད་པས་ལས་རབ་ཀཱི་ལ་ཡ། །ཕྲག་དོག་འབྱོངས་པས་ཡི་དྭགས་འཇིག་རྟེན་སྟོངས། །འཆལ་བར་དམ་སྐོངས་ལས་ཀྱི་རིགས་ཀྱང་བརྙེས། །དོན་གྲུབ་བྱ་བ་ནན་ཏན་ཡེ་ཤེས་བརྙེས། །ཕྲིན་ལས་དམ་པ་དེ་ལ་ཕྱག་འཚལ་བསྟོད། ༈ །ཨེ་མ་ཧོ། ཤེས་རབ་རང་བཞིན་དག་པ་ལས། །དབྱིངས་ཀྱི་རང་བཞིན་གྲུ་གསུམ་གསལ་བར་མཛད། །དབུས་ནས་བྱང་ཆུབ་སེམས་ཀྱིས་མཚན། །སྐྱེ་མེད་དོན་རྣམས་སྟོན་བྱེད་མ། །ཤེས་རབ་དབྱིངས་མ་དེ་ལ་ཕྱག་འཚལ་བསྟོད། ༈ །དངོས་མེད་དབྱིངས་ལས་དངོས་པོའི་ཚུལ་འཛིན་མ། །རྡོ་རྗེ་རིགས་ཀྱི་ཁྲོ་མཆོག་དཔལ་གྱི་ཡུམ། །ནམ་མཁའི་འབྱུང་བ་མི་དམིགས་རང་བཞིན་ངང་། །ཆོས་ཀྱི་དབྱིངས་ལ་


DNG022_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བརྙེས་ཁྲོ་མོ་རྒྱལ། །རྡོ་རྗེ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད། །རྟོག་མེད་ངང་ལས་རྟོག་པའི་ཚུལ་འཛིན་ཅིང་། །སངས་རྒྱས་རིགས་ཀྱི་ཁྲོ་མཆོག་དཔལ་གྱི་ཡུམ། །ས་ཡི་འབྱུང་བ་མི་དམིགས་རང་བཞིན་ངང་། །གསལ་བའི་དབྱིངས་ལ་མངའ་བརྙེས་ཁྲོ་མོ་རྒྱལ། །རྡོ་རྗེ་འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད། ༈ །མཚན་མེད་དབྱིངས་ལས་མཚན་མའི་ཚུལ་འཛིན་མ། །རིན་ཆེན་རིགས་ཀྱི་ཁྲོ་མཆོག་དཔལ་གྱི་ཡུམ། །མེ་ཡི་འབྱུང་བ་མི་དམིགས་རང་བཞིན་ངང་། །ཚ་བའི་དབྱིངས་ལས་མངའ་བརྙེས་ཁྲོ་མོ་རྒྱལ། །རིན་ཆེན་འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད། ༈ །ཆད་མེད་དབྱིངས་ལས་ཆད་པའི་ཚུལ་འཛིན་ཅིང་། །པདྨ་རིགས་ཀྱི་ཁྲོ་མཆོག་དཔལ་གྱི་ཡུམ། །ཆུ་ཡི་འབྱུང་བ་མི་དམིགས་རང་བཞིན་ངང་། །པདྨ་འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད། །རྨུགས་བྱེད་དབྱིངས་ལས་རྨུགས་པའི་ཚུལ་འཛིན་མ། །ལས་ཀྱི་རིགས་ཀྱི་ཁྲོ་མཆོག་དཔལ་གྱི་གཟུངས། །རླུང་གི་འབྱུང་བ་མི་དམིགས་རང་བཞིན་དང་། །གཡོ་བའི་དབྱིངས་ལས་མངའ་བརྙེས་ཁྲོ་མོ་རྒྱལ། །ལས་རབ་འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད། །རོལ་པའི་སྟོབས་ལས་ཁྲོ་བོ་ཧཱུྃ་ཀཱ་ར། །ཚངས་པ་ཚར་བཅད་རྣམ་ཤེས་ཧཱུྃ་དུ་སྡུད། །སྐྱེ་ཤི་རྩད་གཅོད་སྟོང་ཉིད་ཡེ་ཤེས་སྙེམས་ཏེ་མོས་པའི་དབང་། །ཁྲོ་རྒྱལ་ཧཱུྃ་ཀཱ་ར་ལ་ཕྱག་འཚལ་བསྟོད། །བཟློག་པའི་སྟོབས་ལས་ཁྲོ་བོ་རྣམ་པར་རྒྱལ། །བརྒྱ་བྱིན་ཚར་བཅད་མ་བྱིན་ལེན་པ་སྤངས། །མཐའ་གཉིས་རྒྱལ་བས་མེ་ལོང་ཡེ་ཤེས་སྙེམས་ཏེ་སེམས་པའི་དབང་། །ཁྲོ་རྒྱལ་རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད། །འཇོམས་པའི་སྟོབས་ལས་ཁྲོ་བོ་དབྱུག་སྔོན་ཅན། །མེ་ལྷ་ཚར་བཅད་ལོག་ལྟ་དབང་དུ་སྡུད། །འཁོར་བའི་བག་ཆགས་བཅོམ་སྟེ་ཡེ་ཤེས་སྙེམས་ཏེ་ཡེ་ཤེས་ལ་ཡང་དབང་། །ཁྲོ་རྒྱལ་དབྱུག་སྔོན་ཅན་ལ་ཕྱག་འཚལ་བསྟོད། །འཇིགས་བྱེད་སྟོབས་ལས་ཁྲོ་བོ་གཤིན་རྗེ་གཤེད། །གཤིན་རྗེ་ཚར་བཅད་སྲོག་གཅོད་དབང་དུ་སྡུད། །


DNG022_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བདག་བདུད་བཅོམ་མཉམ་ཉིད་ཡེ་ཤེས་བརྙེས། །ཚེ་ལ་དབང་མཛད་ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་བསྟོད། །གཞོན་ཚུལ་སྟོབས་ལས་ཁྲོ་བོ་མི་གཡོ་མགོན། །སྲིན་པོ་ཚར་བཅད་ཕྲ་མ་དབང་དུ་སྡུད། །རྟག་ཆད་མཐར་མ་གཡོས་པས་མཐའ་བྲལ་ཡེ་ཤེས་བརྙེས། །ཚེ་ལ་དབང་མཛད་ཁྲོ་རྒྱལ་མི་གཡོ་མགོན་ལ་བསྟོད། །བརྗིད་པའི་སྟོབས་ལས་ཁྲོ་མཆོག་རྟ་མཆོག་དཔལ། །ཆུ་ལྷ་ཚར་བཅད་འདོད་གཡེམས་དབང་དུ་སྡུད། །རྒྱུ་འབྲས་རིམ་པར་ཕྱེ་སྟེ་ཀུན་རྟོག་ཡེ་ཤེས་བརྙེས། །ཆོས་ལ་དབང་བའི་ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། ༈ །ཤུགས་འཆང་སྟོབས་ལས་ཁྲོ་བོ་གཞན་མི་ཐུབ། །རླུང་ལྷ་ཚར་བཅད་ངག་འཁྱལ་དབང་དུ་སྡུད། །གཞན་གྱི་མཐུ་བཅོམ་མ་འདྲེས་ཡེ་ཤེས་སྙེམས་ཏེ་ཡོ་བྱད་དབང་། །ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པ་ལ་ཕྱག་འཚལ་བསྟོད། །གཟིར་བའི་སྟོབས་ལས་ཁྲོ་བོ་བདུད་རྩི་འཁྱིལ། །གནོད་སྦྱིན་ཚར་བཅད་ངག་རྩུབས་དབང་དུ་སྡུད། །བདུད་ལ་རྩི་བཏང་ནན་ཏན་ཡེ་ཤེས་སྙེམས། །ལས་ལ་དབང་མཛད་ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་བསྟོད། །གནོན་པའི་སྟོབས་ལས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །འབྱུང་པོ་ཚར་བཅད་གནོད་སེམས་དབང་དུ་སྡུད། །ཁམས་གསུམ་ལས་རྒྱལ་དོན་ཡོད་ཡེ་ཤེས་སྙེམས། །སྨོན་ལམ་དབང་མཛད་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་ལ་བསྟོད། །འདེགས་པའི་སྟོབས་ལས་ཁྲོ་རྒྱལ་སྟོབས་པོ་ཆེ། །ས་བདག་ཚར་བཅད་ཚིག་བརླང་དབང་དུ་སྡུད། །ཁམས་གསུམ་སྐུ་གསུང་ཐུགས་སུ་སྟོབས་ཏེ་ཆེ་བའི་ཡེ་ཤེས་བརྙེས། །རྫུ་འཕྲུལ་ལ་དབང་ཁྲོ་རྒྱལ་སྟོབས་པོ་ཆེ་ལ་བསྟོད། །ཡེ་ཤེས་ཕ་རོལ་ཕྱིན་པས་ཁྲོ་མོ་སྒྲ་འབྱིན་མ། །ཚངས་པའི་ཆུང་མ་ཚར་བཅད་མ་རིག་སྐྱོན་ཀྱང་སེལ། །སྟོང་ཉིད་དབྱིངས་ལས་ཆོས་ཉིད་སྒྲ་སྒྲོགས་ཏེ། །ཁྲོ་མོ་སྒྲ་འབྱིན་མ་ལ་བསྟོད། །སྦྱིན་པའི་ཕ་རོལ་ཕྱིན་པས་ཡེ་ཤེས་རྣམ་སྙེམས་མ། །བརྒྱ་བྱིན་མོ་ནི་ཚར་བཅད་ཞེན་བའི་སྐྱོན་ཀྱང་སེལ། །སྐྱེ་བ་མེད་པའི་དབྱིངས་ལས་དོན་བརྙེས་ཏེ། །ཁྲོ་མོ་རྣམ་སྙེམས་མ་ལ་བསྟོད། །བསམ་


DNG022_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཕ་རོལ་ཕྱིན་པས་རྡོ་རྗེ་སྡེར་མོ་ལ། །མེ་ལྷ་མོ་ནི་ཚར་བཅད་ཤེས་བཞིན་སྐྱོན་ཡང་སེལ། །རང་བཞིན་མེད་པའི་རྗེས་སུ་ཁམས་གསུམ་ཐུགས་རྗེས་གཟུང་། །ཁྲོ་མོ་སྡེར་མོ་མ་ལ་བསྟོད། །ཚུལ་ཁྲིམས་ཕ་རོལ་ཕྱིན་པས་ཁྲོ་མོ་དུར་ཁྲོད་མ། །གཤིན་རྗེའི་ཆུང་མ་ཚར་བཅད་གཡེང་བའི་སྐྱོན་ཡང་སེལ། །མི་དམིགས་དབྱིངས་སུ་དངོས་པོའི་མཚན་མ་བསྡུས། །ཁྲོ་མོ་དུར་ཁྲོད་མ་ལ་བསྟོད། །བཟོད་པའི་ཕ་རོལ་ཕྱིན་ལས་ཁྲོ་མོ་གཏུན་ཁུང་མ། །སྲིན་མོ་ཚར་བཅད་འཆལ་པའི་སྐྱོན་ཡང་སེལ། །མཚན་མ་མེད་པས་འཁོར་བའི་བག་ཆགས་བཅོམ། །ཁྲོ་མོ་གཏུན་ཁུང་མ་ལ་བསྟོད། །བརྩོན་འགྲུས་ཕ་རོལ་ཕྱིན་པས་རྡོ་རྗེ་གཏུམ་མོ་སྟེ། །ཆུ་ལྷ་མོ་ནི་ཚར་བཅད་ལེ་ལོ་དབང་དུ་སྡུད། །ཆོས་ཉིད་དག་པའི་དབྱིངས་ཀྱིས་འགྲོ་བའི་དོན་ལ་གཏུམ། །ཁྲོ་མོ་གཏུམ་མོ་དེ་ལ་བསྟོད། །ཤེས་རབ་ཕ་རོལ་ཕྱིན་ལས་རྡོ་རྗེ་མདའ་སྙེམས་མ། །རླུང་ལྷ་མོ་ནི་ཚར་བཅད་རྨོངས་པ་སེལ། །དག་པའི་དབྱིངས་ཀྱིས་ཉོན་མོངས་གནད་དུ་བརྡེག །ཁྲོ་མོ་མདའ་སྙེམས་མ་ལ་བསྟོད། །ཐབས་ཀྱི་ཕ་རོལ་ཕྱིན་ལས་ཁྲོ་མོ་རྡོ་རྗེ་རླུང་འབྱིན་མ། །གནོད་སྦྱིན་མོ་ནི་ཚར་བཅད་སྐུར་པའི་སྐྱོན་ཡང་སེལ། །གསལ་ཞིང་གཡོ་བའི་དབྱིངས་ཀྱིས་བག་ཆགས་སུན་འབྱིན་མ། །ཁྲོ་མོ་རླུང་འབྱིན་མ་ལ་བསྟོད། །སྟོབས་ཀྱི་ཕ་རོལ་ཕྱིན་ལས་ཁྲོ་མོ་གསོད་མ་སྟེ། །དབང་ལྡན་མོ་ནི་ཚར་བཅད་ཁོང་ཁྲོའི་སྐྱོན་ཡང་སེལ། །རྟོག་མེད་སྒྲོལ་བའི་དབྱིངས་སུ་སྒྲིབ་པའི་བག་ཆགས་བསད། །ཁྲོ་མོ་གསོད་མ་དེ་ལ་བསྟོད། །སྨོན་ལམ་ཕ་རོལ་ཕྱིན་ལས་རྡོ་རྗེ་བསྐྱོད་མ་སྟེ། །ས་བདག་ཚར་བཅད་རྩོད་མ་དགའ་བའི་སྐྱོན་ཡང་སེལ། །གཡོས་པ་ཆེན་པོའི་སེམས་ཀྱིས་མི་དགེའི་སྐྱོན་བསྐྱོད་དེ། །ཁྲོ་མོ་བསྐྱོད་མ་དེ་ལ་ཕྱག་འཚལ་བསྟོད། །རྟོག་འཇོམས་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་ཕོ་ཉ་ཕག་གི་མགོ། །རྨུགས་པ་ལས་བྱུང་ཚངས་པའི་བུ་ཕོ་དང་། །ཤེས་རབ་མ་ཡིན་གསལ་བར་བྱེད། །ཁྲོ་ཆུང་ཕག་གི་མགོ་ལ་བསྟོད། །དཔའ་གཏུམ་ཆེན་


DNG022_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཏིང་འཛིན་ལས། །ཕྲ་མེན་ཕོ་ཉ་སྟག་གི་མགོ། །བདེན་མེད་བརྒྱ་བྱིན་བུ་དང་རྣམ་སྨིན་བདེ་ལ་བཙུད། །ཁྲོ་ཆུང་སྟག་གི་མགོ་ལ་བསྟོད། །རྫིས་ཚོར་སྤོང་བའི་ཏིང་འཛིན་ལས། །ཕྲ་མེན་ཕོ་ཉ་གཡག་གི་མགོ། །གསལ་བྱེད་མེ་ལྷའི་བུ་དང་། །ཚུལ་བཞིན་མ་ཡིན་དོན་དང་བསྟུན། །ཁྲོ་ཆུང་གཡག་གི་མགོ་ལ་བསྟོད། །དུས་འཇུག་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་ཤ་བའི་མགོ། །ཆགས་པ་ལས་བྱུང་གཤིན་རྗེའི་བུ་ཕོ་དང་། །བདེན་པ་མ་ཡིན་སེལ་བར་བྱེད། །ཁྲོ་ཆུང་ཤ་བའི་མགོ་ལ་བསྟོད། །སྤྱོད་རྫོགས་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་ཕོ་ཉ་གཟིག་གི་མགོ། །གཉིས་ཀ་མ་ཡིན་ལས་བྱུང་སྲིན་པོའི་བུ་ཕོ་དང་། །མ་རྟོགས་པ་ནི་ཡིད་ཆེས་པས། །ཁྲོ་ཆུང་གཟིག་མགོ་དེ་ལ་བསྟོད། །ཐབས་མཁས་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་ཕོ་ཉ་བྱི་ལའི་མགོ། །གཡོ་ལས་གྱུར་པའི་ཆུ་ལྷའི་བུ་ཕོ་དང་། །བརྩོན་འགྲུས་མ་ཡིན་དོན་དང་ལྡན། །ཁྲོ་ཆུང་བྱི་ལའི་མགོ་ལ་བསྟོད། །ཟ་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་ཕོ་ཉ་སྤྱང་ཀིའི་མགོ། །ཚུལ་ཉམས་ལས་བྱུང་རླུང་ལྷ་ཡི། །བུ་དང་ཁ་ན་མ་ཐོ་མེད་པར་བྱེད། །ཁྲོ་ཆུང་སྤྱང་ཀིའི་མགོ་ལ་བསྟོད། །རིགས་བཙུན་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་སེང་གེའི་མགོ། །མི་དགེ་ལས་བྱུང་གནོད་སྦྱིན་བུ་ཕོ་དང་། །དགེ་འཕེལ་མ་ཡིན་རྒྱས་པར་བྱེད། །ཁྲོ་ཆུང་སེང་གེའི་མགོ་ལ་བསྟོད། །ཟ་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་ཕོ་ཉ་དྲེད་ཀྱི་མགོ། །ལས་ལོག་ལས་བྱུང་འབྱུང་པོའི་བུ་ཕོ་དང་། །རང་བཞིན་མེད་པར་མི་ཤེས་འབྲས་བུར་ཆེ། །ཁྲོ་ཆུང་དྲེད་ཀྱི་མགོ་ལ་བསྟོད། །མྱོས་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་དོམ་གྱི་མགོ། །མྱོས་བྱེད་ལས་བྱུང་ས་བདག་བུ་དང་གཉིད་སེལ་ཏེ། །ཁྲོ་ཆུང་དོམ་གྱི་མགོ་ལ་ཕྱག་འཚལ་བསྟོད། །མི་འགྱུར་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་སྨིག་བུའི་མགོ། །ཆགས་པ་ལས་བྱུང་ཚངས་པའི་བུ་མོ་དང་། །སེམས་རྒོད་པ་ནི་ཞི་བར་བྱེད། །ཁྲོ་མོ་


DNG022_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྨིག་བུའི་མགོ་ལ་བསྟོད། །ཐོགས་མེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་བྱ་སྟེ་བྱ་རྒོད་མགོ། །ཡིད་གཡོ་ལས་བྱུང་བརྒྱ་བྱིན་བུ་མོ་དང་། །འདུ་བྱེད་སེམས་པས་དབང་དུ་སྡུད། །ཁྲོ་མོ་བྱ་རྒོད་མགོ་ལ་བསྟོད། །གསལ་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་བྱ་རོག་མགོ། །ཕྲག་དོག་ལས་བྱུང་མེ་ལྷའི་བུ་མོ་དང་། །དགེ་ལ་མི་འཇུག་སྐུལ་བར་བྱེད། །ཁྲོ་མོ་བྱ་རོག་མགོ་ལ་བསྟོད། །མཐོང་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་འུག་པའི་མགོ། །རྩོད་པ་ལས་བྱུང་གཤིན་རྗེའི་བུ་མོ་དང་། །ཚིག་བརླངས་པོ་ནི་དབང་དུ་སྡུད། །ཁྲོ་མོ་འུག་པའི་མགོ་ལ་བསྟོད། །ཐལ་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་ཁྭ་ཡི་མགོ། །ལེ་ལོ་ལས་བྱུང་སྲིན་པོའི་བུ་མོ་དང་། །བག་མེད་པ་ནི་རྗེས་སུ་བསྐུལ། །ཁྲོ་མོ་ཁྭ་ཡི་མགོ་ལ་བསྟོད། །བཀྲ་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་པུ་ཤུད་མགོ། །སྤྱོད་འཆལ་ལས་བྱུང་ཆུ་ལྷའི་བུ་མོ་དང་། །བརླངས་པོ་སྤྱོད་པ་དགེ་བར་སྤྱོད། །ཁྲོ་མོ་པུ་ཤུད་མགོ་ལ་བསྟོད། །སྒྲིབ་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་ཁྲ་ཡི་མགོ། །ཚུལ་ཁྲིམས་འཆལ་པ་ལས་བྱུང་རླུང་ལྷའི་བུ་མོ་དང་། །ཁྲེལ་མེད་པ་ནི་ཆོས་ཉིད་ངང་དུ་བཅོམ། །ཁྲོ་མོ་ཁྲ་ཡི་མགོ་ལ་བསྟོད། །གསོ་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་ཕ་ཝང་མགོ། །འཚོ་བ་ལས་བྱུང་གནོད་སྦྱིན་བུ་མོ་དང་། །ལོག་པས་འཚོ་བ་དང་དུ་ལེན། །ཁྲོ་མོ་ཕ་ཝང་མགོ་ལ་བསྟོད། །བཙལ་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་སྲེ་མོའི་མགོ། །བདག་འཛིན་ལས་བྱུང་དབང་ལྡན་བུ་མོ་དང་། །སེམས་གཡེང་རྒོད་པ་ཞི་བར་མཛད། །ཁྲོ་མོ་ཟེར་མོང་མགོ་ལ་བསྟོད། །འགུགས་བྱེད་ཆེན་པོའི་ཏིང་འཛིན་ལས། །ཕྲ་མེན་མ་སྟེ་བྱི་བའི་མགོ། །ཉོན་མོངས་མཚུངས་ལྡན་ས་བདག་བུ་མོ་དང་། །གཡོ་དང་སྒྱུ་ནི་མི་གནས་ཏེ། །ཁྲོ་མོ་བྱི་བའི་མགོ་ལ་བསྟོད། །དོན་མཐུན་ལས་བྱུང་ལྷ་མོ་ལྕགས་ཀྱུ་མ། །ཞི་བས་དོན་མཛད་ཚད་མེད་སྙིང་རྗེ་བརྙེས། །དེ་བཞིན་རིགས་ཀྱི་མངག་གཞུག་མ། །


DNG022_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་པུ་ཤུད་མགོ་ལ་བསྟོད། །དོན་སྤྱོད་ལས་བྱུང་ལྷ་མོ་ཞགས་པ་མ། །རྒྱས་པས་དོན་མཛད་ཚད་མེད་བྱམས་པས་བརྙེས། །རིན་ཆེན་རིགས་ཀྱི་མངག་གཞུག་མ། །ཁྲོ་མོ་སྐྱེ་ཀའི་མགོ་ལ་བསྟོད། །སྦྱིན་པ་ལས་བྱུང་སྣ་ཚོགས་སྒྲ་སྒྲོགས་མ། །དབང་དུ་སྤྱོད་པས་ཚད་མེད་དགའ་བ་བརྙེས། །པདྨ་རིགས་ཀྱི་ཕོ་ཉ་ལས་མཁན་མ། །ལྷ་མོ་སྲིན་བྱའི་མགོ་ལ་བསྟོད། །སྙན་པ་ལས་བྱུང་ལྷ་མོ་དྲིལ་འཁྲོལ་མ། །དྲག་ཤུལ་སྤྱོད་པས་ཚད་མེད་བཏང་སྙོམས་བརྙེས། །ལས་ཀྱི་རིགས་ཀྱི་མངག་གཞུག་མ། །གསང་བའི་ཕོ་ཉ་ཁྲ་ཡི་མགོ་ལ་ཕྱག་འཚལ་བསྟོད། །དེ་ནས་ཡང་གསང་བ་སྔགས་ཀྱི་དོན་གསོལ་བ་ནི། ཀྱེ་མ་ཧོ་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུ་མི་བཟད་རྒྱན་གྱི་འཁོར་ལོ་དེའི། གསང་བའི་སྔགས་རྣམས་བཤད་དུ་གསོལ། ཞེས་གསོལ་པའི་དོན་ཐུགས་སུ་ཆུད་དེ། བཅོམ་ལྡན་འདས་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གསང་སྔགས་འདི་རྣམས་ཆེད་དུ་བརྗོད་དེ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཨཱོཾ་བུཌྜྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཏྲཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཧྲཱྀཿཔདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཧ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཨཱོཾ་བཛྲ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨཱོཾ་བུཌྜྷ་ཀྲོ་ཏཱི་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཏྲཱཾ་རཏྣ་ཀྲོ་ཏཱི་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧྲཱྀཿཔདྨ་ཀྲོ་ཏཱི་དཱིཔྟ་ཙཀྲ་ཧཱུྃ་ཕཊ། ཧ་ཀརྨ་ཀྲོ་ཏཱི་དཱིཔྟ་ཙཀྲ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ་ཕཊ། ད་ཧ་ད་ཧ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ། བནྡྷ་བནྡྷ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཟུར་ཆག ། ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲི་ཏ་ཀུཎྜ་ལི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཨཱོཾ་བཛྲ་


DNG022_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བིནྡྷ་བིནྡྷ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་དཱི་པ་ཡ་ཏི་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ལཱ་སེ་ཀི་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ཏཱེ་ཏཱ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་སྟན་པ་ཏི་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏི་མུ་ས་ལཱི་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ཛ་ཡ་ཏི་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ཤ་བྱ་ཏི་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ས་བྱཾ་མི་ཏ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏི་མ་ར་ཎཱི་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀྲོ་ཏི་ཙུནྡ་ཡ་ཏེ་ཧཱུྃ་ཕཊ། ཧ་བཛྲ་སཱུ་ཀ་ར་མུ་ཁ་ཧཱུྃ་ཕཊ། ཧ་བཛྲ་བྱཱ་གྷྲ་མུ་ཁ་ཧཱུྃ་ཕཊ། ཧ་བཛྲ་ཙ་མ་ར་མུ་ཁ་ཧཱུྃ་ཕཊ། ཧ་བཛྲ་ཧ་རི་ཎ་མུ་ཁ་ཧཱུྃ་ཕཊ། ཧ་བཛྲ་དི་པཱི་མུ་ཁ་ཧཱུྃ་ཕཊ། ཧ་བཛྲ་པི་ཌཱ་ལ་མུ་ཁ་ཧཱུྃ་ཕཊ། ཧ་བཛྲ་ཤྭ་ན་མུ་ཁ་ཧཱུྃ་ཕཊ། ཧེ་བཛྲ་སེངྷ་མུ་ཁ་ཧཱུྃ་ཕཊ། ཧེ་བཛྲ་ཏཀྵུ་མུ་ཁ་ཧཱུྃ་ཕཊ། ཧེ་བཛྲ་རྀཀྵ་མུ་ཁ་ཧཱུྃ་ཕཊ། ཧེ་བཛྲ་ཨུ་སེ་ཀ་མུ་ཁཱི་ཧཱུྃ་ཕཊ། ཧེ་བཛྲ་གྲྀ་མུ་ཁཱི་ཧཱུྃ་ཕཊ། ཧེ་བཛྲ་དྲོ་ཎ་མུ་ཁཱི་ཧཱུྃ་ཕཊ། ཧེ་བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧཱུྃ་ཕཊ། ཧེ་བཛྲ་ཀཱ་ཀ་མུ་ཁཱི་ཧཱུྃ་ཕཊ། ཧེ་བཛྲ་བཀྵ་ཏི་མུ་ཁཱི་ཧཱུྃ་ཕཊ། ཧེ་བཛྲ་པ་ཏཱི་མུ་ཁཱི་ཧཱུྃ་ཕཊ། ཧེ་བཛྲ་ཏི་ཏཱི་ལ་མུ་ཁཱི་ཧཱུྃ་ཕཊ། ཧེ་བཛྲ་བ་ཀུ་ལ་མུ་ཁཱི་ཧཱུྃ་ཕཊ། ཧེ་བཛྲ་ཀ་སི་ཀ་མུ་ཁཱི་ཧཱུྃ་ཕཊ། ཛཿབཛྲ་བྷཻ་ར་བེ་ཧཱུྃ་ཕཊ། ཧཱུྃ་བཛྲ་རཏྣ་བག་ཤ་ཏ་ཧཱུྃ་ཕཊ། བཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཧོཿབཛྲ་མ་ར་ཎ་ཧཱུྃ་ཕཊ། ཅེས་རྩ་བའི་ལྷ་རྣམས་ཀྱི་མ་ནོར་བའི་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་སྔགས་དང་། བསྐུལ་བ་ལས་ཀྱི་སྔགས་རྣམས་ཆེད་དུ་བརྗོད་དོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། དཀྱིལ་འཁོར་རྒྱས་པར་བསྟན་པ་ལས། སྡུད་པ་པོས་མཆོད་ཅིང་བསྟོད་ནས། གསང་སྔགས་ཀྱི་དོན་ཞུས་པ་དང་། དེའི་ལན་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡས། བཅོམ་ལྡན་འདས་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུ་ལ། རྨད་དུ་བྱུང་བའི་གླུ་སྣ་ཚོགས་པས་མངོན་པར་མཆོད་ནས། མ་དད་པའི་སེམས་ཅན་ཆེན་པོ་དེ་དག་ལ། དེ་ལྟ་བུའི་མཛད་སྤྱོད་བསྟན་པ། ཨེ་


DNG022_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧོ་ངོ་མཚར་ཡ་མཚན་ཅན་ནོ། །དེའི་རྗེས་སུ་འཇུག་པའི་གང་ཟག་དང་ནི་གནས། །འཁོར་དང་ཕུར་པ་ཡོ་བྱད་དུས་ཚོད་རྣམས། །དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུས་གསོལ་བའི་དོན་ཐུགས་སུ་ཆུད་ནས། ཁྲོས་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འདུས་པའི་སྲས། །རྣལ་འབྱོར་དོན་ཞུས་ཡ་མཚན་ཆེའོ། །ཨེ་མ་ཧོ་ཉོན་ལ་ཡིད་ལ་ཟུང་། །གང་ཟག་སྒྲུབ་པའི་མཚན་ཉིད་ནི། །རིགས་བཟང་ཀུན་གྱིས་བཀུར་ཞིང་ཀུན་ལ་མཛེས། །དབྱིབས་ལེགས་གསང་བ་ཉོན་མོངས་ཆུང་། །ལོངས་སྤྱོད་ལྡན་ཞིང་སྒོ་ཡང་སྤྱོད་པ་མཛེས། །གང་གི་ལས་ལ་མ་རྨོངས་བཟོ་བའི་བྱེ་བྲག་ཕྱེད། །ཕྱི་ནང་སྡེ་སྣོད་ཐམས་ཅད་ལ། །ཐོས་བསམ་བསྒོམས་ལ་རབ་སྦྱངས་པའི། །ལས་སུ་དགེ་བཅུ་ལྡན་ཞིང་ཆོས་སྤྱོད་ཚད་མེད་ངང་ལ་གནས། །བསྟན་པའི་རྒྱ་མཚོ་འདུལ་ཁྲིམས་སྡོམ་པ་ཡི། །ངང་ལ་གནས་ཏེ་དམ་ཚིག་བསྲུང་། །བླ་མེད་ཐེག་པ་རྣམ་གསུམ་ལ། །བྱེ་བྲག་སྒྲུབ་པའི་ཉམས་དྲོད་ལྡན། །དཀྱིལ་འཁོར་མཚན་ཉིད་ཕྲིན་ལས་བྱེ་བྲག་ཕྱེད། །ཏིང་འཛིན་ལས་སུ་རུང་བའི་དྲོད་ཚད་རྟགས་མཐོང་བའི། །དབང་གི་རིམ་པ་མ་ལུས་རྫོགས་པ་ཡི། །དེ་ལྟར་ལྡན་པ་རྡོ་རྗེ་བླ་མ་ཡིན། །དེ་ཡི་ཕྱི་བཞིན་བེའུ་ལྟར་འདྲེང་། །དེ་དང་མི་ལྡན་སྐྱོན་དུ་གྱུར་པའི་བླ་མ་ནི། །གསང་སྔགས་སྤྱད་དཀའ་འབྲས་བུ་བླ་མ་ལ་ལྟོས་པས། །ཐོ་ཅོ་རས་ཆོད་གཟུ་ལུམས་མ་ཡིན་པར། །ཐབས་ཀྱི་རིམ་པས་སྤང་བར་བྱའོ། །གནས་ཀྱི་རིམ་པ་བསྟན་པ་ནི། །གནོད་སྦྱིན་མོ་ཡིས་སྦར་རྗེས་སམ། །གནོད་སྦྱིན་མཚོན་ཆས་བཤས་རྗེས་སམ། །ཀླུ་བདུད་དག་གི་རྒྱུ་སྲང་ངམ། །རྟེན་དང་འབྲལ་བའི་ཡ་ག་ཅན། །རྣལ་འབྱོར་བསམ་པས་སྤང་བར་བྱའོ། །སྤངས་ན་དངོས་གྲུབ་མྱུར་བར་བཤད། །མ་སྤངས་ནམ་ཕུགས་རང་ལ་གནོད། །སྟེང་འོག་བར་སྣང་བརྟག་པ་ནི། །འཁོར་ལོ་གནམ་ལ་པདྨ་ས། །ཕྱོགས་མཚམས་ཀུན་ཏུ་རྡོ་རྗེ་བྲག །


DNG022_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལྡན་བཀྲ་ཤིས་དམ་པའོ། །དབྱིབས་ལེགས་ལུང་པ་རན་པ་དང་། །འབྲུ་ཁུང་ཆུ་ཤིང་འཚམས་པ་དང་། །གཅན་གཟན་མི་རྒོད་ཉམ་ང་མེད། །མི་དང་མི་མིན་རྒྱུ་སྲང་ཉུལ། །འདི་ནི་ཡིད་འོང་དམ་པ་སྟེ། །དེ་ནི་དང་དུ་བླང་བར་བྱའོ། །སྤང་དང་དང་དུ་བླང་བ་ནི། །བདག་གི་ཏིང་འཛིན་ཉམས་དང་སྦྱར། །ཏིང་འཛིན་ཟབ་ན་ངན་པ་བདམ། །ཏིང་འཛིན་གཡེལ་ན་བཟང་པོ་བདམ། །ཏིང་འཛིན་དྲོད་དང་ལྡན་གྱུར་ན། །ངན་པའི་ལས་རྣམས་གོང་མ་དེར། །སྒྲུབ་པ་ལ་སོགས་བྱས་ན་ཡང་། །ངན་པའི་ལས་ཀྱིས་རན་པ་འགྲུབ། །ལས་ལ་ཕན་འདོགས་ཡོད་པ་དང་། །གྲིམས་ཕྱིན་ཤུགས་ཀྱིས་ཏིང་འཛིན་གསལ། །བཟང་པོའི་ལས་སུ་བསྒྲུབ་གྱུར་ན། །ཡུན་དུ་བསྲིང་ན་ཕུང་འཚིང་མེད། །དེ་བས་གཞུང་དང་ལྡན་པར་བྱའོ། །འཁོར་གྱི་རིམ་པ་བསྟན་པ་ནི། །ཁ་གཙག་གཡོ་སྒྱུ་མེད་པ་དང་། །རེམ་ལ་ཉམས་ཤེད་ལྡན་པ་དང་། །བརླིང་པོ་གཞན་གྱིས་བསླུ་བར་ལྕི། །སྐོས་ཉམས་དུས་ལ་རུབ་པ་ནི། །གང་ཟག་ཕོ་མོ་དེ་ལྟ་བུ། །སྒྲུབ་པ་ཕྱི་ཡི་འཁོར་དུ་བྱ། །རྒྱལ་ཐེབས་སྟོབས་དང་ལྡན་པ་དང་། །ལས་མཁན་བྱེ་བྲག་ཕྱེད་པ་དང་། །བརྟུལ་ཞུགས་འཆང་བའི་གིང་ཆེན་དང་། །དྲོད་ཚད་ཟིན་པའི་སྤྱན་མཐོང་དང་། །གཙང་སྦྲ་ཕྱེད་པའི་གཡོས་པ་ནི། །སྒྲུབ་པ་རྩ་བའི་དཀྱིལ་འཁོར་དུ། །རིགས་བཞི་འོས་བཞི་ཚུལ་བཞི་དང་། །ཡོན་ཏན་བཅུ་གཅིག་ལྡན་པ་ཡི། །མཚན་ལྡན་བཀྲ་ཤིས་ཡུམ་མཆོག་ནི། །དགྱེས་སྐོང་གསང་བའི་འཁོར་དུ་བྱའོ། །ཕུར་པ་ཡོ་བྱད་མཚན་ཉིད་ནི། །ཕུར་པའི་རྒྱུ་ནི་འདི་ལྟ་སྟེ། །དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བའི་ཕུར་པའི་རྒྱུ་རུ་བཤད། །གསེར་རམ་སེར་པོའི་ཤིང་རྣམས་ནི། །རྒྱས་པའི་ཕུར་པའི་རྒྱུ་རུ་བཤད། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །དབང་གི་ཕུར་པའི་རྒྱུ་རུ་བཤད། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོའི་ཕུར་པའི་རྒྱུ་རུ་བཤད། །རྨིག་ཟླུམ་རྐང་ལ་ཞི་བ་བྱ། །འདབ་ཆགས་རྐང་ལ་རྒྱས་པ་བྱ། །རྐང་ལེབ་རྐང་ལ་དབང་


DNG022_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱ། །སྡེར་ཆགས་རྐང་ལ་དྲག་པོ་བྱ། །ལོ་མ་མེ་ཏོག་ཡལ་ག་མེད། །ཤིར་ཤིང་ནག་པོའི་མྱུ་གུ་ལ། །དྲག་པོའི་ཕུར་པ་བྱ་བར་བཤད། །ཕོ་མོ་འདོད་པའི་སྲིད་མ་ཟིན། །སློས་པོ་རུ་ལེབ་མཚན་ལ་ནི། །དེ་ལ་དབང་གི་ཕུར་པ་བྱ། །ཕོ་དང་མོ་ཡི་མཚན་མ་དང་། །མ་ནིང་ནག་པོའི་མཚན་མ་ལ། །དེ་ལ་རྒྱས་པའི་ཕུར་པ་བྱ། །བུ་ཚ་རིགས་རྒྱུད་སྲིད་མ་ཟིན། །དྲེའུ་རྟ་ནག་པོའི་མཚན་མ་ནི། །དེ་ལ་ཞི་བའི་ཕུར་པ་བྱ། །འདི་ནི་ཀུན་རྫོབ་ཕུར་པའི་རྒྱུ། །རྟོགས་པའི་དོན་ལ་མི་དགོས་པས། །མ་རྟོགས་དོན་དུ་བསྟན་པར་ཟད། །ཀུན་གྱི་རྒྱུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །གཞན་ནས་རྒྱུ་ཉིད་བཙལ་མི་དགོས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །ཕུར་པའི་ཚད་ནི་འདི་ལྟ་སྟེ། །རང་བྱུང་ཆེན་པོའི་ཕུར་པ་ལས། །སེམས་ཉིད་གསལ་བའི་ཚད་བཏང་ན། །དོན་དམ་དུ་ནི་མི་དགོས་ཏེ། །དམན་པའི་དོན་དུ་ཚད་བསྟན་ཏོ། །སོར་བཞི་པ་དང་སོར་དྲུག་པ། །བཅུ་གཉིས་སུ་ནི་ཡང་དག་བཤད། །རྩེ་མོའི་ཕྱོགས་ནི་མ་ནོར་བར། །རྩ་བ་ལ་ནི་རྒྱ་མདུད་བྱ། །མྱུ་གུའི་ངོས་སུ་རྩེ་མོ་བྱ། །སྤྱི་བོར་སོར་གཅིག་རྒྱ་མདུད་བྱ། །སྐེད་པར་དེ་བཞིན་བྱ་བ་སྟེ། །སྟོད་ཀྱི་དབྱིབས་ནི་སོར་བརྒྱད་ལ། །རྩེ་མོ་ཟུར་གསུམ་ཟེར་སོར་བྱ་བ་ནི། །ཟླུམ་པོ་གྲུ་བཞི་ཟླ་གམ་ཟུར་གསུམ་སྟེ། །རྩེ་མཚན་སོ་སོའི་དབྱིབས་སུ་ནི། །དབང་དྲག་གཉིས་ནི་ཆུ་སྲིན་ཁ་ནས་བྱུང་། །ཞི་ལ་ཟུར་དྲུག་རྒྱས་ལ་བརྒྱད། །རི་རབ་ལྟ་བུར་བརྗིད་ཆེ་བ། །ཀུན་རྫོབ་དབྱིབས་སུ་བྱས་པ་ཡིན། །ཁྲག་འཐུང་འབར་བ་ཐུགས་ཀྱི་ཡེ་ཤེས་ལ། །ཡོན་ཏན་ཚང་བའི་ཚུལ་ལམ་དབྱིབས། །དེ་ཉིད་རྟོགས་ན་འདི་མི་དགོས། །རྒྱུ་རྐྱེན་མ་འགགས་དོན་ཤེས་ན། །རྩ་བ་རྩེ་མོ་དབྱེར་མེད་དོ། །མ་རྟོགས་པས་ན་དེ་བསྟན་ནོ། །ལེགས་པའི་ཡོན་ཏན་བསམ་ལས་འདས། །ལེགས་ན་ཡི་རང་དོད་ན་གདུང་། །ཉེས་པའི་སྐྱོན་ནི་འདི་ཡིན་ཏེ། །གང་དགར་བྱས་ན་བཀའ་ལས་འགལ། །སྙེད་བཅོང་བྱས་ན་ཚུལ་ལས་ཉམས། །ངན་དགུར་བཤམས་ན་རྟོག་པར་འགྱུར། །


DNG022_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པས་ཕྱོགས་མེད་ཕན་གདགས་ཤིང་། །མ་ཆགས་དགའ་བས་མངོན་བསྒྲུབས་ཏེ། །བྱམས་པ་ཕན་གདགས་སྨོན་པ་བྱའོ། །ལས་ནི་འབུམ་ལྔའི་བཤགས་པ་སྟེ། །སྐུ་ཡི་དམ་ཚིག་ཉམས་པ་བཤགས་པ་ཚ་ཚ་འབུམ། །གསུང་གི་དམ་ཚིག་ཉམས་པ་བཤགས་པ་གསུང་རབ་འབུམ། །ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས་པ་སྲོག་འདོན་འབུམ། །ཁྱད་པར་དམ་ཚིག་ཉམས་པ་བཤགས་པ་ཚོགས་མཆོད་འབུམ། །ལྷག་པའི་དམ་ཉམས་གང་ལ་བཤགས་པ་འབུམ། །འབུམ་ལྔའི་བཤགས་པས་སྡིག་པ་མཚམས་མེད་འབྱང་བར་འགྱུར། །ཉོན་ཅིག་རྡོ་རྗེ་འདུས་པའི་སྲས། །འབུམ་ཕྲག་ཚ་ཚ་གདབ་ཅིང་བཤགས་ཤིང་བསྐང་གསོ་རྒྱ་ཆེར་བྱའོ། །ལས་དང་དོན་དམ་ཀུན་རྫོབ་སེམས་བསྐྱེད་དགོས་པ་ནི། །དཔེར་ན་རས་དཀར་ཚོས་སུ་འཇེན་པ་བཞིན། །རྣལ་འབྱོར་པ་ཡི་ཉེས་པ་དག་གྱུར་ན། །བདེ་གཤེགས་སྐུར་འགྱུར་འདི་ལ་ཐེ་ཚོམ་མེད། །མ་དག་རྒྱུ་ཡིས་མི་འགྲུབ་སྟེ། །དཔེར་ན་ས་བོན་རྩི་ཉམས་པས། །འབྲས་བུ་འབྱུང་བ་ག་ལ་སྲིད། །དེ་ནས་ནན་ཏན་ཆེར་བསྐྱེད་ནས། །སྔོན་དུ་འགྲོ་བའི་དོན་ལ་དད་ཅིང་བརྩོན་པར་བྱ། །ཞེས་གསུངས་སོ། །དེ་སྐད་གསུངས་པས་རྡོ་རྗེ་འདུས་པ་ལ་སོགས་པ་འཁོར་རྣམས་ནི། ཕྱི་རབས་པའི་རྣལ་འབྱོར་པའི་དོན་དུ་སྔོན་དུ་འགྲོ་བ་ལ་གུས་པས་དོན་ཐུགས་སུ་ཆུད་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། རྣལ་འབྱོར་སྔོན་དུ་འགྲོ་བའི་དོན་རྒྱས་པར་ཞུས་ལན་དུ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས། བཅོམ་ལྡན་འདས་ལ་ཡང་རྨད་དུ་བྱུང་བའི་མཆོད་པས་མངོན་པར་མཆོད་དེ། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བདེ་གཤེགས་བཅོམ་ལྡན་འདས། །རིགས་དང་ཡེ་ཤེས་ཀུན་གྱི་འབྱུང་གནས་ཏེ། །དམ་ཆོས་བྱེ་བྲག་ཀུན་ལ་མངའ་བརྙེས་པས། །ཇི་ལྟར་སྤྲུལ་ཀྱང་ཐུགས་ཀྱི་གདེང་མི་གཡོ། །སྐུ་གསུང་ཐུགས་ཀྱི་བདག་ལ་ཕྱག་འཚལ་ལོ། །ཞི་བ་རྗེས་སུ་སྒྲུབ་འདོད་པས། །བདག་ཉིད་


DNG022_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་གནས་དང་འཁོར། །ས་ཆོག་སྟ་གོན་དཀྱིལ་འཁོར་ཆོ་གའི་རིམ་པ་དང་། །འཇུག་དང་དབང་བསྐུར་ཕན་པའི་ཡོན་ཏན་སྐྱོན་དང་ལས་ཀྱི་མཐའ་བཏུལ་རྣམས། །བདེ་གཤེགས་རྒྱལ་བ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། གསོལ་བའི་དོན་ཐུགས་སུ་ཆུད་དེ། དཀྱིལ་འཁོར་འབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ་བདེ་གཤེགས་འདུས་པའི་གཙོ། །དཀྱིལ་འཁོར་རྒྱས་པའི་དོན་ཞུས་ཡ་མཚན་ཆེའོ། །ང་ཡིས་བཤད་ཀྱི་ཁྱོད་ཀྱིས་ཉོན། །རྡོ་རྗེ་བླ་མའི་མཚན་ཉིད་ནི། །བློ་ཡངས་རྒྱུད་ལ་མཁས་པ་དང་། །སེམས་ཀྱི་རྣམ་རྟོག་ཆོམས་པ་དང་། །ཏིང་འཛིན་ལས་སུ་རུང་བ་དང་། །ཕྱི་ནང་སྡེ་སྣོད་ཐམས་ཅད་ལ། །སོམ་ཉི་མེད་དེ་ཐེ་ཚོམ་མེད། །སྲན་ཐུབ་མི་ལྡོག་དད་པ་ཆེ། །གསང་བ་སྦས་པའི་ཐབས་མཆོག་རྣམས། །སྣོད་ངན་ཕལ་ལ་མི་སྤེལ་བ། །རྡོ་རྗེ་རིགས་ཀྱི་བླ་མར་གསུངས། །རྐྱེན་ཐུབ་མི་ལྡོག་དམ་ཚིག་གནས། །ཡིད་ཀྱི་སྒོ་ནས་ཤིན་ཏུ་སྦྱངས། །མན་ངག་ལུང་ལ་རྟག་དགའ་ཞིང་། །སྣ་ཚོགས་སྣ་ཚོགས་ཅི་སྒོ་ནས། །བླ་མའི་ཐུགས་ནི་མཉེས་བྱེད་པ། །རྡོ་རྗེ་རིགས་ཀྱི་བུ་ཡིན་ཏེ། །གསུམ་མམ་བཅུ་ཕྱེད་མན་ཆད་དོ། །རི་བོ་འདུས་པའི་རྩེ་རྣམས་དང་། །མདངས་དཀར་ཤར་དུ་གཞོལ་བ་ཡི། །གངས་རི་རྡོ་རྗེའི་བྲག་དཀར་ནི། །རྡོ་རྗེ་རིགས་ཀྱི་སྒྲུབ་གནས་ཡིན། །ས་ཡི་ཆོ་ག་བསྟན་པ་ནི། །གནམ་དང་ས་དང་བར་སྣང་རྣམས། །རྡོ་རྗེའི་གུར་བཙལ་བྲག་རི་བརྟགས། །དེ་ནས་པུས་གང་ཙམ་དུ་རྐོ། །ས་ཡི་རོ་ལྔ་བསལ་བྱས་ནས། །ས་དེ་ཉིད་ཀྱིས་དགང་བར་བྱ། །ཁེངས་ནས་ལྷག་ན་དངོས་གྲུབ་རབ། །ཁ་ཏ་ཆད་ན་དངོས་གྲུབ་འབྲིང་། །མ་ཁེངས་གྱུར་ན་གཞན་དུ་སྤོ། །མངོན་དུ་སྣང་བའི་མི་རྣམས་ལ། །རིན་ཆེན་རིན་ནམ་བདེན་པས་བསླང་། །བདག་ཉིད་ལྷ་ཡི་རྣལ་འབྱོར་པས། །མཆོད་དང་གཏོར་མ་ངེས་ཐོགས་ནས། །ལག་གཉིས་འཁོར་ལོས་ས་ཡི་ལྷ་མོ་སྦྲན། །མཆོད་ལ་དཔང་བཅོལ་བདེན་ཚིག་བསྒོ། །


DNG022_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ལེགས་ཤིང་དང་བར་བྱ། །ཡོ་བྱད་དམ་པ་བྱང་ཆུབ་སེམས། །སེམས་ཀྱི་སྟོབས་ཀྱིས་རྩོལ་ནུས་ན། །ཐམས་ཅད་མ་ལུས་ཡོ་བྱད་ཡིན། །ལྷ་གྲངས་ཚང་བའི་ཕུར་པ་དང་། །བསྒྲུབ་པ་རྫས་ཀྱི་ཕུར་པ་དང་། །ཉུང་དཀར་གུ་གུལ་རཀྟ་རྣམས། །བསྒྲུབ་པ་རྩ་བའི་ཡོ་བྱད་དོ། །ཕྱི་ནང་གསང་བའི་མཆོད་རྫས་ཏེ། །བདུག་པ་མར་མེ་མེ་ཏོག་བཤོས། །གཏོར་མ་བདུད་རྩི་རཀྟ་དང་། །གཙོ་གཟུངས་ལྷག་པའི་བྱང་ཆུབ་སེམས། །མཆོད་པ་གསང་བའི་ཡོ་བྱད་དོ། །དུར་ཁྲོད་ཤ་ཁྲག་ལ་སོགས་པའི། །ཁྱི་སྤྱང་ཝ་འཕར་ཤ་ཁྲག་དང་། །མར་ཞག་འོ་མ་ཁྲག་རྣམས་ཀུན། །མ་མོ་བསྟེན་པའི་ཡོ་བྱད་དོ། །རབས་ཆད་ནག་པོའི་ཐོད་པ་དང་། །ལྕགས་སྣ་ལྔ་ཡི་ཕུར་པ་ནི། །དམ་སྲི་མནན་པའི་ཡོ་བྱད་དོ། །མཛེས་པའི་གཏོར་མ་ཕུར་པ་བཅུ། །འབར་བ་མཚམས་ཀྱི་ཡོ་བྱད་དོ། །ཤུན་ཆེན་ཀོ་བ་སྟག་ལྤགས་དང་། །དར་གྱི་སྙིང་ནོན་ཕྱག་རྒྱའི་ཕུ་རུང་དང་། །ཅོད་པན་སྟོད་གཡོགས་སྨད་དཀྲིས་སྦྲུལ་ཆུན་རྣམས། །སྔགས་པ་རྒྱན་གྱི་ཡོ་བྱད་དོ། །མཱཾ་ས་པཉྩ་ཛ་གད་ཚེ། །ཚིམ་བྱེད་ཀུན་ཏུ་རྒྱུག་པ་དང་། །གལ་ཕྱི་ཀ་ཏ་རི་དང་ཟླ་ཚེས་དང་། །ཟླ་ཕྲོམ་ཟླ་རྒྱས་ཨ་ས་ལ། །འབྱོར་པ་ཚོགས་ཀྱི་ཡོ་བྱད་དོ། །སྨན་དང་སྤྲ་བ་གཙགས་མ་ནི། །ནད་འཇོམས་སྨན་གྱི་ཡོ་བྱད་དོ། །གོ་དང་ཕུབ་དང་མཚོན་ཆ་རྣམས། །བར་ཆད་དགྲ་བཟློག་ཡོ་བྱད་དོ། །བྱ་ནག་ལུག་ནག་བསྒྲལ་བའི་ཞིང་། །ཉམས་ཆག་སྐོང་དང་རྐྱེན་བཟློག་ཡོ་བྱད་དོ། །དེ་ལྟར་བསྟན་པའི་ཡོ་བྱད་རྣམས། །སྒྲུབ་པ་ལོ་ཟླའི་ཡོ་བྱད་ལྡབ་ཏུ་བྱ། །མ་སྨ་པ་དང་མ་སྨེ་བའི། །ཚོགས་པར་འགྲུབ་འགྱུར་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་རྒྱུ་ཡིན་ཏེ། །ཕྱི་མའི་རྐྱེན་གྱི་ཚུལ་དུ་གནས། །རྒྱུ་རྐྱེན་ཚོགས་པས་འབྲས་བུ་ཆུད་མི་ཟ། །འཇུག་པའི་དུས་ཚོད་བསྟན་པ་ནི། །རྣལ་འབྱོར་བསྒྲུབ་པའི་དོན་ལྡན་ན། །དུས་ཚོད་མེད་དེ་ཀུན་ཀྱང་དུས། །སྤྱོད་ཡུལ་ཀུན་ཏུ་སྒྲུབ་པའི་དུས་ཚོད་ཡིན། །མ་རྟོགས་དོན་དུ་འདི་བསྟན་ནོ། །དབྱར་དགུན་སྟོན་དཔྱིད་ནམ་སླ་བཞིར། །


DNG022_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་གྱི་ངོ་ལ་འཇུག་པ་ནི། །དབྱར་དགུན་སྟོན་དཔྱིད་ཟླ་དུས་སོ། །སྟག་གླང་རྟ་བྱའི་ཉི་མ་ལ། །ཕུར་བུ་མིག་དམར་ཉི་མ་པ་ཝ་སངས། །རྒྱལ་སྟོད་རྒྱལ་སྨད་སྤོ་དང་ཝ། །ཉི་མ་སྐར་མ་གཟའ་དུས་སུ། །ཡོ་བྱད་མ་ལུས་ཚོགས་འགྱུར་ན། །སྒྲུབ་པ་ལ་འཇུག་དུས་ཚོད་ཡིན། །མ་ཚོགས་བར་དུ་དུས་ཚོད་མེད། །ཅེས་པས་ནི། ཕྱིས་རྗེས་སུ་འཇུག་པའི་གང་ཟག་རྣམས་ཕུན་སུམ་ཚོགས་པ་དྲུག་གི་དོན་གྱིས་སྒྲུབ་པའི་གཞི་བཟུང་བ་ལ་མགོ་མི་རྨོངས་པར་འགྱུར་རོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། ཕུན་སུམ་ཚོགས་པ་དྲུག་གིས་སྒྲུབ་པའི་གཞི་བཟུང་བ། ཞུས་ལན་དུ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡས། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས། སྔོན་དུ་བྱ་བའི་ཆོ་ག་ལ་མགོ་མི་རྨོངས་པར་བྱ་བའི་ཕྱིར་ན། བཅོམ་ལྡན་འདས་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་རྒྱལ་བའི་མཆོག །རྗེས་སུ་འཇུག་པའི་རྣལ་འབྱོར་པས། །སྔོན་དུ་བྱ་བའི་ལས་ནི་གང་། །རྒྱལ་མཆོག་ཁྱོད་ཀྱིས་བསྟན་དུ་གསོལ། །ཞེས་གསོལ་ཏེ། previous hit བཅོམལྡནའདསཀྱིསབཀའསྩལ next hit་ནི། རྣལ་འབྱོར་སྔོན་དུ་བྱ་བའི་ལས། །དོན་དམ་ཀུན་རྫོབ་གསུམ་ཡིན་ཏེ། །དོན་དམ་སྔོན་དུ་འགྲོ་བ་ནི། །འབྲས་བུ་ཡེ་ཤེས་ཚོགས་འདོད་ཕྱིར། །བདེ་བའི་སྟན་ལ་འདུག་ནས་ནི། །བསམ་གཏན་གྱི་ནི་ཕྱག་རྒྱ་ལྔས། །ལུས་སེམས་མཉམ་པར་བཞག་བྱས་ཏེ། །སྟོང་པ་ཆེན་པོའི་ཏིང་འཛིན་ནི། །དམ་པ་དོན་གྱི་བྱང་ཆུབ་སེམས། །རྒྱུ་རྐྱེན་གང་ལས་མ་བྱུང་ཞིང་། །མི་འགྱུར་བྱང་ཆུབ་བརྟན་པར་བཟུང་། །ཀུན་རྫོབ་སྔོན་དུ་འགྲོ་བ་ནི། །བདག་ཉིད་ལྷ་ཡི་བྱང་ཆུབ་སེམས། །བདེ་གཤེགས་སྲས་བཅས་སྤྱན་དྲང་བཞུགས་གསོལ་དམིགས། །ཕྱག་འཚལ་མཆོད་པ་ཅི་འབྱོར་འབད། །སྡིག་བཤགས་ཡི་རང་སྐྱབས་གསོལ་ཞིང་། །འགྲོ་བ་མ་ལུས་དོན་གྱི་ཕྱིར། །སྙིང་རྗེ་མཆོག་གིས་གཞི་བཟུང་སྟེ། །


DNG022_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་འཁོར་ལྔ་ཉིད་ལ་ནི། །གཏོར་མ་བྱིན་ཏེ་གཞན་དུ་བཏང་། །ཉི་མ་རིམ་པར་འགྲོ་བ་བཞིན། །ལྟོ་འཕྱེ་གཞུང་དུ་བརྟགས་ནས་ནི། །ལྔ་ཚན་ཉི་ཤུ་རྩ་ལྔ་ཉིད། །ས་བདག་ཉིད་ལ་དབུལ་བར་བྱའོ། །རྒྱལ་པོ་རྣམས་ལ་ཁྲུ་བཅུ་གཉིས། །བློན་པོ་རྣམས་ལ་བརྒྱད་དུ་བྱ། །དམངས་ལ་དེ་བཞིན་དྲུག་ཡིན་ཏེ། །ཤིན་ཏུ་འཐས་ཤིང་ལེགས་བྱས་ལ། །དམིགས་སུ་མེད་པའི་ཏིང་འཛིན་གྱིས། །དམིགས་མེད་ངང་དུ་དག་པར་བྱ། །དཀྱིལ་དུ་གཙང་མའི་གདན་བཏིང་ལ། །གདེང་ལྡན་བདག་ཉིད་མཛེས་བྱས་དབུས་སུ་འདུག ། ཟུར་ཆག ། ཤི་ཥྱ་བཞི་ཉིད་ཕྱོགས་བཞིར་གནས། །དུས་གསུམ་བཞུགས་ཀུན་སྤྱན་དྲང་མཆོད། །ཡིད་ཀྱིས་རྡོ་རྗེའི་བཟླས་པ་བྱ། །དེ་ནས་བློ་ལྡན་བཞི་པོ་ཡིས། །རིགས་བཞིའི་ངང་ལ་གནས་ནས་སུ། །དཀྱིལ་འཁོར་ཆེན་པོ་ཤོད་ཅིག་ཅེས། །སྔོན་བྱུང་བཞིན་དུ་གསོལ་བ་གདབ། །དེ་ནས་ཕྱིར་ཉིད་སོང་ནས་ནི། །རྡོ་རྗེའི་སྟབས་དང་རོལ་པའི་གར། །རྡོ་རྗེའི་ལྟ་བས་ཀུན་བལྟས་ཏེ། །བར་ཆད་བགེགས་བསྐྲད་དཀྱིལ་འཁོར་བསྲུང་། །གཞུང་ལས་འབྱུང་བ་དེ་བྱས་ན། །དེ་ལ་བར་ཆད་ཡོངས་མི་འབྱུང་། །གཞུང་དང་མི་ལྡན་ལས་བྱས་ཀྱང་། །ངལ་བའི་ཚི་ཆད་དོན་མེད་འགྱུར། །དེས་ན་ནན་ཏན་བསྐྱེད་པར་བྱ། །སྟ་གོན་རིམ་པ་བསྟན་པ་ནི། །རིན་ཆེན་བུམ་པ་བརྒྱད་ཉིད་ལ། །གཙང་སྦྲ་དག་བྱས་དྲི་ཡིས་བྱུག །ཕྱག་རྒྱ་བྲིས་ནས་གདན་ལ་བཞག །བགེགས་བསྐྲད་བསང་གཏོར་རིམ་པར་བྱ། །སྟོང་ཉིད་ངང་ལས་གཞལ་ཡས་ཁང་། །གཅིག་ནི་ལས་ཏེ་གཉིས་པ་མཆོད་པ་ཡིན། །གསུམ་པ་ཁམས་གསུམ་རྣམ་རྒྱལ་ཏེ། །ལྔ་པ་ཚོམ་བུའི་དཀྱིལ་འཁོར་བསྐྱེད། །རང་བཞིན་དཀྱིལ་འཁོར་སྤྱན་དྲང་མཆོད། །མཆོད་པ་གསུམ་གྱིས་ངེས་མཆོད་ལ། །ལྔ་ཚན་ཉི་ཤུ་རྩ་ལྔ་ཉིད། །སྔགས་དང་ཏིང་འཛིན་གསལ་རྫོགས་ནས། །ཁ་རྒྱན་བཙུགས་ཏེ་གཟུངས་ཐག་གདགས། །རྡོ་རྗེའི་བཟླས་པ་བརྒྱ་རྩ་བརྒྱད། །ལྷ་རྣམས་


DNG022_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཚང་བར་བྱ། །བུམ་པ་མ་ལགས་རྒྱལ་པོ་ལགས། །རྒྱལ་པོ་སྔགས་ཀྱིས་བཏབ་ནས་ནི། །རྒྱལ་པོ་ཆེན་པོར་མངའ་གསོལ་གྱིས། །རྒྱལ་པོའི་ཚུལ་དུ་བཞུགས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་རྫོགས་ནས། །མདའ་དང་ཕུར་བུ་རལ་གྲི་དང་། །མེ་ལོང་དར་སྣ་སྲུང་སྐུད་དང་། །དབུ་རྒྱན་སྙིང་ནན་ཕྱག་རྒྱའི་ཕུ་རུང་དང་། །སྟོད་གཡོགས་སྨད་དཀྲིས་དཀར་པོར་བྱ། །དབང་དུ་གསོལ་བའི་ལྷ་མོ་ཉིད། །མཆོད་ནས་ས་གཞི་ཉིད་ལ་བསྡིམ། །ཕོ་བྲང་དབུས་ནས་སྒོ་བཞི་རུ། །དྲི་ཡི་ཐིག་ལེ་བཞི་བཅུ་གཉིས། །རྩ་བའི་སྔགས་ཀྱིས་མཛེས་བྱས་ལ། །སྤྱན་དྲང་བསྡིམ་མཆོད་གསལ་གདབ་ལ། །རྡོ་རྗེ་འཆང་ཆེན་འདི་ཞེས་པས། །ནམ་ལངས་གྱུར་ནས་དཀྱིལ་འཁོར་བྲི། །ཁྱེད་རྣམས་ལ་ནི་མཆོད་བྱེད་དང་། །སློབ་མ་རྗེས་སུ་གཟུང་བའི་ཕྱིར། །རབ་ཏུ་བསྟེན་ཏེ་འཇུག་པར་བྱ། །སྟ་གོན་ལ་ནི་གནས་པར་མཛོད། །སྔོན་ཚེ་དབང་མཛད་ལྷ་མོ་ཁྱོད། །བདག་ཅག་སྒྲིབ་སྦྱོང་ཚོགས་སྐྱེད་ཕྱིར། །སྔོན་གྱི་རྒྱལ་བའི་བཀའ་བཞིན་དུ། །སྟ་གོན་ལ་ནི་བཞུགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཛྙཱ་ན་པཉྩ་ཧཱུྃ་ཕཊ། ཨཱོཾ་དྷུ་པ་སིདྡྷི་ཧཱུྃ། རཏྣ་མཎྜ་ལ་སིདྡྷི་ཧཱུྃ། བྲུ་ཧི་གརྦྷ་སིདྡྷི་ཧཱུྃ། ཨ་མྲྀ་ཏ་ཨཱ་བེ་ཤ་ཨ་ཨ། ཨཱོཾ་ཨཱཾཿཧཱུྃ་སིདྡྷི་གུ་རུ་ཨ། པཉྩཱ་ལི་ཀ་ཨཱ་བེ་ཤཱ་ཨཱ། ཀལྤ་བྲྀཀྵ་ཧཱུྃ་ཨཱཿ། བློ་ལྡན་ཁྲུས་ཀྱིས་དག་བྱས་ནས། །མདུན་བསྟར་མེ་ཏོག་ལག་ཐོགས་ནས། །སྐྱེ་རྒས་ན་དང་འཆི་བ་ཡི། །ཆུ་སྲིན་པིར་སོགས་འཇིགས་བྱེད་པས། །འདོད་པར་མཛད་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པ་པས། །མགོན་པོ་ཆེན་པོ་བདག་ལ་སྩོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པས། །དམ་ཚིག་ཆེན་པོ་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ཆེན་པོས་གཞུག་ཏུ་གསོལ། །དབང་ལྡན་ཕྱོགས་སུ་དཀྱིལ་


DNG022_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནི། །ཚོམ་བུ་ལྔ་དང་ལྡན་པར་བྱ། །བསྐྱེད་དང་བསྡིམ་ཕྱག་མཆོད་གཟབས་ཏེ། །ཨཱོཾ་བཛྲ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ། ཙཀྲ་སཏྭ་ཨཱོཾ། པདྨ་སཏྭ་ཧྲཱྀཿ། བཛྲ་སཏྭ་ཧཱུྃ། སྐུ་གསུང་ཐུགས་སུ་སྦྱར་བྱས་ནས། །ལུས་ངག་ཡིད་གསུམ་བསྲུང་བ་དང་། །རྣམ་ཐར་ལ་ནི་དགོད་པའི་ཕྱིར། །བྱིན་གྱིས་བརླབ་པའི་གནས་མཛོད་ཅིག །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དམ་ཚིག་དམ་པ་བསྟན་པར་བྱའོ། །བྱང་ཆུབ་སེམས་ཀྱང་བསྐྱེད་པར་བྱ། །འཁོར་བ་དག་ལས་བསྐྱབ་པར་བྱའོ། །དཀྱིལ་འཁོར་ཆེན་པོར་གཞུག་པར་བྱ། །ཕྱི་ནང་གསང་བའི་དབང་བསྐུར་བགྱི། །ད་ནི་དད་པར་རབ་ཏུ་སྐྱེད། །ཨཱོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། བསྲུང་བའི་དོན་དུ་བསྲུང་སྐུད་ལ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གདབ། །སློབ་མའི་དཔུང་པ་གཡས་པར་བཅིངས། །ལུས་ཀྱི་ཉེས་པ་དག་པ་དང་། །བསྲུང་དང་སྟ་གོན་གནས་པར་མཛོད། །ཨཱོཾ་བཛྲ་ཨ་འཛི་ས་ཤ་མ་པ་རི་ན་ཧཱུྃ་ཕཊ། དུར་ཁྲོད་སོ་ཤིང་དོར་བ་ཉིད། །ངག་གི་ཉེས་པ་བསལ་བའི་ཕྱིར། །དཀྱིལ་འཁོར་གང་དུ་རབ་ཏུ་དོར། །དབང་གི་ལྟས་རྣམས་བསྟན་དུ་གསོལ། །བི་ཤུདྡྷེ་སརྦ་ཧི་ནི་ཧཱུྃ་ཕཊ། ས་ཤམ་ཤོ་དྷ་ཡ། སརྦ་བི་ན་ཡ་ཧཱུྃ་ཕཊ། བདུད་རྩི་ཆེན་པོ་ཆུ་ཉིད་ལས། །གསང་བའི་སྔགས་ཀྱིས་བཏབ་ནས་ནི། །བླུད་ནས་ལུས་ཀྱི་ཉེས་པ་དག །སྟ་གོན་ལ་ནི་གནས་པར་མཛོད། །ཐེག་པ་གཞན་ནས་ལྡོག་བྱའི་ཕྱིར། །ཐེག་པ་ཆེན་པོའི་སྤྲོ་བ་བསྐྱེད། །བདག་ཉིད་ཆེན་པོའི་འཁོར་རྣམས་ཀྱིས། །དེ་རིང་བདག་ཉིད་ཐོབ་པ་ཉིད། །གང་གིས་ཁྱེད་ཅག་རྒྱལ་བ་ཀུན། །སྲས་དང་བཅས་པས་བསྟན་འདི་ལ། །སྐྱེ་བཞིན་པ་ན་བདག་ཆེན་གྱིས། །ཐམས་ཅད་ཡོངས་སུ་འཛིན་ལ་གནས། །དེས་ན་ཁྱེད་ཅག་ཐེག་ཆེན་ལ། །རིགས་བཟང་པོ་རུ་ངེས་པར་འགྱུར། །དེ་ཡི་ལམ་མཆོག་དཔལ་དང་ལྡན། །


DNG022_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་ལས་བྱུང་བའི། །ཁྱེད་རྣམས་ཀྱིས་ནི་བགྲོད་གྱུར་པའི། །མ་འོངས་པ་ན་བདེར་གཤེགས་འགྱུར། །ཡོད་མེད་དག་ལས་རྣམ་པར་འདས། །ནམ་མཁའ་ལྟ་བུར་དྲི་མ་མེད། །ཆོས་རྣམས་ཀུན་ལ་ཟབ་གྱུར་ཅིང་། །རབ་ཏུ་སྤྲོས་ཏེ་གནས་མེད་པས། །སྤྲོས་པ་ཐམས་ཅད་སྤངས་པ་ཡིན། །རབ་སྤྲོས་རྣམས་ཀྱིས་རབ་ཏུ་སྤྲོས། །ཐེག་པ་ཆེན་པོའི་ཚུལ་གནས་ན། །འདི་ཉིད་དུ་ནི་ཆོས་ཐོས་འགྱུར། །སེང་གེའི་ཉལ་ཐབས་རབ་ཏུ་བརྟགས། །ཀུ་ཤ་མྱུ་གུ་རྩེ་མ་ཉམས། །དེ་ལས་བྱུང་བ་སྤྱི་བོར་གཟུགས། །གཞན་དག་སྟན་དུ་གདིང་བར་བྱ། །འདི་རུ་ཉོལ་ལ་ཇི་ལྟ་བར། །རྨི་ལམ་མཐོང་བ་སྟོན་ཅིག་ཅེས། །དེ་སྐད་བརྗོད་ལ་སློབ་མ་བསྙལ། །དེ་ནས་ས་སྟེགས་གྲུ་བཞི་ལ། །དམ་རྫས་བདུད་རྩིས་ག་དར་བྱའོ། །སྲད་བུ་དོག་པ་ཁ་དོག་ལྔ། །མ་ནོར་ཕྱོགས་བཞག་མཆོད་པ་བཤམས། །བདེ་གཤེགས་རིགས་ལྔའི་རྒྱལ་བ་ལ། །མཆོད་གསོལ་ཡེ་ཤེས་ཐིག་བླངས་ནས། །སྲད་བུ་ཉིད་ལ་ཐིམ་གྱུར་ནས། །བློ་ལྡན་གྲོགས་མཆོག་ཡིད་འོང་གཟུགས། །གསལ་བར་ལྡན་ནམ་བྱིན་གྱིས་བརླབ། །ཆགས་བསྐྱེད་སྦྱོར་བའི་བརྡས་བསྐུལ་ཏེ། །བྱང་ཆུབ་སེམས་ནི་བསྣོལ་མར་བསྡིམས། །སྲད་བུ་ཉིད་ཀྱང་བྱང་ཆུབ་སེམས། །དེ་ལས་རྡོ་རྗེའི་སྐུར་གྱུར་ཏེ། །དག་པ་ཚངས་པའི་ཐིག་གིས་ནི། །རང་བཞིན་དཀྱིལ་འཁོར་གསལ་བར་བྱ། །དེ་ནས་ཐིག་ཆ་རིམ་པར་དབྱེ། །མཚན་མ་ཡེ་ཤེས་ཐིག་ཏུ་གསལ། །རིན་ཆེན་ལྔ་ཡི་ཕྱེ་མ་ལ། །ཡང་ན་འབྲུ་སྣ་རྣམ་ལྔ་སྟེ། །ཡང་ན་ས་དང་རྡོ་ལ་བྱ། །བྱིན་བརླབས་བསམ་རྒྱུད་ངེས་པར་བཞག །མཁས་པས་ཐོགས་ལ་དཀྱིལ་འཁོར་བྲི། །སྲད་བུའི་ཚད་ནི་དཀྱིལ་འཁོར་ཉིས་འགྱུར་ཏེ། །སར་པ་ལེགས་བཀལ་དགུ་བསྒྲིལ་བ། །མཛེས་ཤིང་གཤེར་བར་བྱས་པ་ཡིས། །དང་ལ་ཚངས་ཐིག་གདབ་བྱ་སྟེ། །བླ་མ་ཤར་ལ་བློ་ལྡན་ནུབ། །བདག་ཉིད་མེ་ལྷའི་མཚམས་འདུག་སྟེ། །བློ་ལྡན་རླུང་གི་ཕྱོགས་སོང་སྟེ། །ཚངས་ཐིག་དང་པོ་གདབ་པར་བྱ། །བདག་ཉིད་གཤིན་རྗེའི་གོམ་


DNG022_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་ཀྱིས། །བདག་ཉིད་ལྷོ་ཡི་ཕྱོགས་སོང་སྟེ། །བློ་ལྡན་གནོད་སྦྱིན་ཕྱོགས་འདོང་སྟེ། །ཚངས་ཐིག་གཉིས་པ་གདབ་པར་བྱ། །བདག་ཉིད་སྲིན་པོའི་ཕྱོགས་སོང་ལ། །བློ་ལྡན་བྱང་ཤར་ཉིད་སོང་སྟེ། །གྲུ་ཐིག་གཉིས་པ་གདབ་པར་བྱ། །བདག་ཉིད་རྡོ་རྗེའི་གོམ་སྟབས་ཀྱིས། །བསྐོར་ནས་མེ་ལྷའི་ཕྱོགས་སོང་སྟེ། །ཤར་གྱི་ཐིག་ཆ་རིམ་པར་དབྱེའོ། །ཕྱོགས་གཞན་དེ་བཞིན་བསྒྱུར་ཏེ་གདབ། །གདབ་པ་སྲད་བུའི་ཐིག་ཏུ་གསུངས། །ཁ་དོག་དོན་ནི་རིགས་དང་སྦྱར། །རེ་ཁཱ་གྲི་སོ་བསླང་བ་འདྲ། །མཚོན་རྩི་ཁ་བ་བབ་པ་བཞིན། །གཡས་སུ་བསྐོར་ཞིང་རྒྱུན་མི་གཅད། །ཡེ་ཤེས་ཐིག་ལ་མི་འགོང་སྟེ། །ཏིང་ངེ་འཛིན་གྱིས་འོག་ནས་འཛུལ་བར་བྱ། །དབུས་སུ་སྔགས་ཀྱི་བདག་པོ་ནི། །རྡོ་རྗེ་གཟུགས་དང་བཅས་པར་བྲི། །ཆོ་ག་བཞིན་དུ་མཛེས་པར་དགོད། །སྤྱན་སྔར་རྡོ་རྗེ་འཛིན་རྒྱལ་ཏེ། །འཁོར་ལོས་སྒྱུར་དང་རིན་ཆེན་འབྱུང་། །པདྨ་འཆང་དང་སྣ་ཚོགས་ལས། །ཕྱོགས་ཀྱི་འཁོར་ལོའི་གདན་དག་ལ། །གཟུགས་དང་བཅས་པ་དགོད་པར་བྱའོ། །ཕྱི་རོལ་འཁོར་ལོའི་རྩིབས་བརྒྱད་ལ། །སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། །རིམ་པས་སྤེལ་ཏེ་དགོད་པར་བྱ། །བར་ཁྱམས་ལ་ནི་ཐུབ་དྲུག་སྟེ། །སྒོ་བཞི་སྒོ་སྲང་འཁོར་དང་བཅས། །སྐུ་འམ་ཕྱག་རྒྱའམ་ཡི་གེ་འམ། །མ་ངེས་པ་ནི་རྒྱལ་བས་གསུངས། །བླ་རེ་འཕན་གདུགས་ལ་སོགས་དང་། །རྒྱལ་མཚན་བརྒྱད་ཉིད་འབར་འདྲ་གཟུག །གཞན་ཡང་དཀྱིལ་འཁོར་མ་ལུས་དང་། །མཆོད་དང་རོལ་མོ་ཅི་འབྱོར་འབད། །དཀྱིལ་འཁོར་བཙའ་བའི་རིམ་པའོ། །ཆོ་གའི་རིམ་པ་བསྟན་པ་ནི། །བསྐྱེད་དང་དབང་བསྐུར་རིམ་པ་དག །སྔོན་བྱུང་བཞིན་དུ་རྗེས་འཇུག་པ། །དེ་ནས་རྣལ་འབྱོར་ཅན་གྱིས་ནི། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲང་མཆོད། །མཆོད་དང་བསྟོད་པའི་ལས་ཀྱང་བྱ། །མཉེས་ནས་ཉེ་བར་འགྲུབ་པའོ། །འཇུག་པའི་རིམ་པ་བསྟན་པ་


DNG022_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དེ་ནས་སློབ་མ་གདོང་གཡོགས་ཏེ། །བགེགས་བསྐྲད་བསངས་གཏོར་བདུག་པ་བྱའོ། །དཀྱིལ་འཁོར་གཙོ་བོས་དཀྱིལ་འཁོར་དུ། །སློབ་མ་རབ་ཏུ་འཇུག་ཏུ་གསོལ། །སེམས་ཅན་དོན་དུ་བདག་སྩོལ་བས། །བཟོད་པར་མཛད་དེ་དགོངས་སུ་གསོལ། །སྐལ་དང་ལྡན་པའི་རིགས་ཀྱི་བུ། །ལས་གང་སྤྱོད་པ་ཅི་ལ་དགའ། །བདག་ནི་གསང་བའི་དཀྱིལ་འཁོར་དུ། །འཇུག་པར་འཚལ་ཏེ་བག་ཆགས་ཀྱིས། །བསྒྲིབས་པ་རབ་ཏུ་སྦྱངས་བྱས་ཏེ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ། །དབང་ནི་ནོད་པར་འཚལ་ལགས་སོ། །ཁྱོད་ནི་དེ་ལྟར་འདོད་ཡིན་ན། །སྣོད་དང་ལྡན་པའི་མཚན་ཉིད་དང་། །དད་པ་ཆེན་པོའི་སྔ་ལྟས་སུ། །ཡོན་དང་དད་པ་ཅི་ཞིག་ཡོད། །བདག་གི་ལུས་དང་སྲོག་ལ་མ་ཆགས་པར། །རྟ་དང་གླང་པོ་ནོར་གྱི་དབྱིག །གསེར་དངུལ་བྱ་རིས་ཟོར་སྐྱོགས་དང་། །གཡུ་དང་བྱུ་རུ་མན་ཤེལ་དང་། །གཡི་སྤྱང་དར་ཟབ་གོས་ཀྱི་མཆོག །འབངས་དང་རྐང་འགྲོས་ཡུལ་མཁར་རྣམས། །མ་ཞུམ་པ་ཡིས་དབུལ་བར་བྱ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །ཞི་བའི་དམ་ཚིག་བདག་ལ་སྩོལ། །དཔའ་བོ་ཆེན་པོ་དབང་གི་ལྷ། །སྡོམ་པ་བདག་ལ་བཤད་དུ་གསོལ། །སངས་རྒྱས་གར་མཁན་ལས་བྱུང་བའི། །གསང་བ་ཆེན་པོར་འཇུག་པར་འཚལ། །ཕྱིར་མི་ལྡོག་པའི་དཀྱིལ་འཁོར་དུ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་གསང་བའི་དབང་མཆོག་སྐུར། །གསང་བ་ཀུན་གྱི་རིགས་ཚོགས་སུ། །བདག་ནི་མ་འོངས་སློབ་དཔོན་ཤོག །དེ་རིང་ཁྱོད་ཀྱི་སྙིང་ལ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་གནས། །གལ་ཏེ་ཚུལ་འདི་དྲལ་འགྱུར་ན། །སྐད་ཅིག་གཅིག་གིས་དྲལ་ཏེ་གཤེགས། །དེ་བས་དམ་ལས་མ་འདའ་ཞིག །ཨཱོཾ་བཛྲོ་ད་ཀ་ཧཱུྃ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཇི་སྐད་བསྒོ་བ་བཞིན། །ངེས་པ་ཁོ་ནར་བྱ་དགོས་སོ། །བདག་ལ་སྨད་པར་


DNG022_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱེད་ཅིག །གལ་ཏེ་སྨད་པར་བྱས་ན་ནི། །ཚེ་ཡི་འདུ་བྱེད་བྱས་ནས་ཀྱང་། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །དམྱལ་བའི་རྡོ་རྗེར་འགྱུར་ཏ་རེ། །སྐལ་དང་ལྡན་པ་རིགས་ཀྱི་བུ། །ཁྱོད་ཀྱིས་བསྲུང་བར་བྱ་བ་ནི། །ལྷ་དང་བླ་མ་སྤུན་མི་སྤང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །གསང་བ་གཞན་ལ་སྤེལ་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། །རྩ་བའི་དམ་ཚིག་ངེས་ཐུབ་ན། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །ཡེ་ཤེས་སེམས་དཔའ་ཉིད་དུ་འགྱུར། །མེ་ཏོག་ཕྲེང་བ་བཟང་པོ་འདི། །དཀྱིལ་འཁོར་གཙོ་བོ་རབ་དྲུང་དོར། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ནས་བཞེས་སུ་གསོལ། །པྲ་ཏཱིཙྪ་ཧོ། བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་བོར་བས། །གང་ལ་བབ་པ་རིགས་ཀྱི་ལྷ། །གཙོ་བོར་རིགས་ཏེ་བསྒྲུབས་ནས་ནི། །དངོས་གྲུབ་རིགས་ནི་ཐེ་ཚོམ་མེད། །སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །མཚན་ནི་རྡོ་རྗེ་ཆེ་གེ་ཞེས། །རྡོ་རྗེ་ཀུན་གྲགས་ཡིན་པར་ངེས། །རྡོ་རྗེའི་མཚན་གྱིས་ཀུན་གྲགས་ཤོག །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །གསེར་གྱི་གཙགས་བུ་ཐོགས་ནས་ནི། །མིག་གི་ལིང་ཏོག་བསལ་བ་ལྟར། །ཐུགས་རྗེ་ཡེ་ཤེས་ཐབས་ལྡན་པས། །མི་ཤེས་པ་ཡི་རབ་རིབ་དང་། །མ་རིག་མུན་པ་བསལ་དུ་གསོལ། །དེང་ཁྱོད་རྡོ་རྗེ་སེམས་དཔའ་ཡིས། །མིག་ཀུན་ཉེ་བར་ཞི་མཛད་པའི། །མིག་དབྱེ་བ་ལ་བརྩོན་པར་བྱའོ། །རྡོ་རྗེའི་མིག་ནི་བླ་མེད་འགྱུར། །བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཕཊ། ཆོས་རྣམས་གཟུགས་བརྙན་འདྲ་བ་ཡི། །རང་བཞིན་དག་པས་རྙོག་པ་མེད། །གཟུགས་བརྙན་གསལ་བའི་དཀྱིལ་འཁོར་གྱི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །དཀྱིལ་འཁོར་འདི་ལ་ད་ལྟ་ཉིད། །དད་པའི་ཐུགས་ཀྱིས་བལྟ་བར་གྱིས། །ཁྱོད་ཀྱང་སངས་རྒྱས་རིགས་ལས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཀྱི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །


DNG022_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མཎྜ་ལ་པྲཱ་བེ་ཤ་ཧོ། མྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མི་སྤོང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་གདན་ལ་བཞུགས་སུ་གསོལ། །དབང་བསྐུར་བར་བསྟན་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱིས། །བདེན་པ་ཆེན་པོ་ཇི་ལྟར་བྱིན། །བདག་ཀྱང་བསྒྲལ་བའི་དོན་སླད་དུ། །ནམ་མཁའི་རྡོ་རྗེ་བདག་དབང་སྐུར། །རིན་པོ་ཆེ་ཡི་དབང་འདི་ནི། །སངས་རྒྱས་ཀུན་གྱིས་རབ་གསུངས་ཏེ། །མཁས་པ་ཀུན་གྱིས་ཕྱག་བྱས་པའི། །གནས་ལས་བྱུང་བ་སྦྱིན་པར་བྱའོ། །ཏྲ་གསང་བ་གསང་མཆོག་མྱ་ངན་འདས། །དེ་ལ་སོགས་པ་གསང་བ་ཀུན། །དོན་དུ་བརྟགས་ཤིང་མཉན་པ་ལས། །ཀུན་ལ་བསྒྲག་པར་བྱ་བ་མིན། །དྷརྨ་དྷཱ་ཏུ་མཎྜ་ལ་ཧཱུྃ་ཨཱ་བེ་ཤ་ཨཱཿ། ཧྲཱྀཿབྱེ་བ་བརྒྱད་ཅུའི་སྒྲ་དབྱངས་ཀྱིས། །གང་འདོད་སྐྱེས་བུ་ཚིམ་པར་བྱོས། །ཤེས་རབ་དོན་གྱི་དམིགས་དང་སྦྱར། །ཆེ་ཆུང་དོན་གྱིས་སོ་སོར་བསྒྲགས། །ཡོངས་ལ་བསྒྲག་པར་བྱ་བ་མིན། །ཨཱོཾ་དྷརྨ་དྷཱ་ཏུ་པྲ་བེ་ཤ་ཕཊ། ཧ་ཡི་འབར་བའི་ཚོགས་མཆོག་ལ། །ཀརྨའི་ཚོགས་མཆོག་གསལ་སྤྲོ་ཐིམ། །ཁྱོད་ནི་ལས་རྣམས་བྱེད་པ་ཡིན། །རྣམ་བཞིའི་ཕྲིན་ལས་ཀུན་བྱོས་ཤིག །ཨེ་བཾ་མཱ་ཡཱ་མཎྜ་ལ་སིདྡྷི་ཧཱུྃ། རྒྱལ་བའི་གདུང་འཚོབ་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །གཉིས་མེད་རྒྱལ་བས་མཉེས་མཆོད་པ། །བདེ་གཤེགས་རྒྱལ་བ་ཀུན་དང་སྦྱོར། །ས་མི་ཏ་ཧཱུྃ་བཛྲ་ཀཱ་ཡ་བཛྲ་ཧཱུྃ། ཕྱོགས་བཅུ་འཇིག་རྟེན་སྟོང་གསུམ་དུ། །རིགས་མཆོག་རྣམས་ཀྱི་ཕྱག་རྒྱ་ཚུལ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོར། །ཐམས་ཅད་མ་ལུས་དབང་རྣམས་སྦྱིན། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མ་ཧཱ་གུ་རུ་ཧཱུྃ། གླེགས་བམ་ཆག་ཤིང་རྡོ་རྗེ་དྲིལ་བུ་དང་། །ཆོ་ག་གསུམ་ལྡན་མེ་ལོང་ཕྱག་རྒྱ་རྣམས། །རྣ་བ་ལྕེ་དང་སྙིང་མགོ་ལག་པ་གཡས་པ་རུ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། རིན་ཆེན་པདྨ་རྡོ་རྗེ་འཁོར་ལོ་གཞལ་ཡས་སུ། །འཕྲོ་འདུས་རིགས་གསལ་སྤྱན་དང་བསྡིམ་མཆོད་བཟླས་པ་


DNG022_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གསོལ་གདབ་ཐིམ་གྱུར་སོ་སོའི་དབང་དང་ལྡན་པར་བསམ། །སྦས་པ་ཤེས་རབ་ཡེ་ཤེས་དབང་། །གནས་དང་བླ་མ་གཟུངས་བཅས་ཏེ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ། །སྐལ་ལྡན་བུ་ཡིས་མེ་ཏོག་བར། །དེ་ནས་བླ་མ་སློབ་དཔོན་གྱིས། །རྡོ་རྗེ་རིགས་ཀྱི་བུ་མཆོག་ལ། །ཡང་དག་སེམས་ཀྱི་གཏན་ཚིགས་བཞིན། །བུས་ཀྱང་ཇི་བཞིན་ཉམས་སུ་བླངས། །བུམ་པ་དབུ་རྒྱན་ཅོད་པན་དང་། །སྙིང་བོ་ལྔ་དང་ཕྱག་རྒྱ་ལྔ་སྟེ་སྐུ་ལྔ་དང་། །ཕྲེང་བ་གདུགས་དང་གོ་ཆ་བཟའ་བཏུང་དབང་བྱིན་ནོ། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་པའི། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དབང་མཆོག་དམ་པ་བསྐུར་བར་བྱའོ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཧཱུྃ། སངས་རྒྱས་ཀུན་གྱི་རིན་ཆེན་རྩེ། །དཔག་ཏུ་མེད་པའི་འོད་དང་ལྡན། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རྒྱ་གྲམ་ཁང་བུ་ལྔ། །ཟེའུ་དབྲོག་ཁང་བུམ་དབང་བསྐུར་རོ། །བཛྲ་བུཌྜྷ་རཏྣ་པདྨ་ཁཌྒ་མཱུ་ཀཱུ་ཊ་ཏྲཾ་ཏྲཾ། ཅོད་པན་འདི་ནི་མཛེས་པ་སྟེ། །ཡེ་ཤེས་ལྔ་ལྡན་ཅོད་པན་འདིས། །རྟག་ཆད་གཉིས་ལས་གྲོལ་འགྱུར་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །མྱ་ངན་འདས་པའི་གོ་འཕང་ཐོབ་པར་ཤོག །ཨཱོཾ་ཏ་ཐཱ་ག་ཏ་བཛྲ་ལཾ་བྷ་ཨ་བྷི་ཥི་ཉྩ་ཧཱུྃ། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །ཡི་གེ་གསུང་གི་ཕྱག་རྒྱའི་ཚོགས། །གསུང་གི་དེ་ཉིད་བསྡུས་པའི་དོན། །དེ་བས་སྙིང་པོ་ལྔ་ཡིས་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲི་མཚོན་ཆེན་ལྔ། །ཕྱག་རྒྱ་ལྔ་ཡི་དབང་བསྐུར་རོ། །ཨཱོཾ་བཛྲ་ཙཀྲ་རཏྣ་པདྨ་ཁཌྒ་མུ་དྲ་ཧཱུྃ་ཕཊ། ཨེ་མ་ཧོ་བདེ་གཤེགས་ཀུན་གྱི་སྐུ། །མཚན་དང་དཔེ་བྱད་དཔག་ཏུ་མེད། །མི་འགྱུར་མི་ཤིགས་རིགས་ཀྱི་གཙོ། །དེ་བས་རིགས་ལྔས་དབང་བསྐུར་རོ། །ཨཱོཾ་སཏྭ་བཛྲ་ཧཱུྃ། བཻ་རོ་ཙ་ན་ཨཱོཾ། རཏྣ་སམྦྷ་ཝ་ཏྲཾ། པདྨ་ཨ་མི་དྷི་བ་ཧྲཱྀ། ཀརྨ་ཨ་མོ་གྷ་སིདྡྷི་ཨ། གཟུངས་


DNG022_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཏིང་འཛིན་མེ་ཏོག་ཕྲེང་། །སངས་རྒྱས་ཀུན་གྱིས་བསྔགས་པ་སྟེ། །སྐུ་ཡི་རྒྱན་དུ་གྱུར་པའི་ཕྱིར། །དེ་བས་ཕྲེང་བས་དབང་བསྐུར་རོ། །ཨཱོཾ་རཏྣ་མཱ་ལེ་པུཥྤ་ཧོ། སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་དངོས་པོ་ཀུན་བཅོམ་ནས། །ཕྱིན་ཅི་ལོག་གི་བགེགས་ཆེན་བསྲུང་། །དེ་བས་གོ་ཆས་དབང་བསྐུར་རོ། །བཛྲ་ཀཱ་ཝཱ་ཙ་བཛྲ་རཀྵ་ཧཱུྃ་ཧཱུྃ། གདུགས་མཛེས་གསེར་གྱི་ཡུ་བ་ཅན། །སྐྱབས་ཆེན་བྱམས་པ་ཆེན་པོ་སྟེ། །ཉོན་མོངས་གདུང་བ་སེལ་བའི་རྟགས། །དེ་བས་གདུགས་ཀྱིས་དབང་བསྐུར་རོ། །ཨཱོཾ་བཛྲ་སཱུརྱ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། བཟའ་དང་བཅའ་དང་བཏུང་བའི་ཚོགས། །ཁ་མངར་སྐྱུར་བརླག་བསྐ་འམ་རོ་མཆོག་སྟེ། །ཛ་གད་ཚེ་དང་ཟླ་རྒྱས་དང་། །ཚེ་འཛིན་མཱཾ་ས་ཀུན་ཏུ་རྒྱུ། །ཚིམས་བྱེད་འཇམ་དེས་ཞལ་ཟས་ཀྱིས། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ས་མ་ཡ་ཧཱུྃ། གསང་བ་ནང་གི་དབང་བསྐུར་རོ། །ཡིད་དུ་འོང་བའི་གནས་དག་ཏུ། །བླ་མ་རྡོ་རྗེ་སློབ་དཔོན་གྱིས། །མེ་ཏོག་ཕུང་པོའི་དཀྱིལ་འཁོར་བྱ། །རབ་བསྐྱེད་སྤྱན་དྲང་མཆོད་བྱས་ལ། །རིགས་ཀྱི་བུ་ཡིས་ཞུ་བ་དབུལ། །བླ་མས་གཟུངས་མ་བྱིན་བརླབས་ཏེ། །གསང་བ་བྱང་ཆུབ་སེམས་ཀྱི་དབང་། །འདོད་པ་དེ་ལ་སྦྱིན་པར་བྱ། །རིགས་བཟང་ཉི་ཤུ་ལོན་པ་འམ། །མཚན་ལྡན་སེམས་ཕེབས་གང་དུ་བཟུང་། །རིགས་ངན་མཚན་ངན་སེམས་མི་ཕེབས། །ད་ནི་སྤང་བར་བྱ་བ་ཡིན། །ཕན་ཡོན་བསྟན་པར་བྱ་བ་ནི། །དབང་མཆོག་བསྐུར་བས་བུ་མཆོག་དེ། །འཇིག་རྟེན་མེ་ཡིས་མཆོད་ཅིང་བཀུར། །བདེ་གཤེགས་རྣམས་ཀྱིས་སྲས་སུ་དགོངས། །ལྷ་མོ་རྣམས་ཀྱིས་གྲོགས་སུ་མཐོང་། །ཆོས་སྐྱོང་སྲུང་མས་སྟོང་གྲོགས་བྱེད། །འགྲོ་དོན་སྤྱད་ཀྱང་མི་འགྲིབ་ཅིང་། །འཁོར་འདབ་རྒྱས་ཤིང་བསམ་པ་འགྲུབ། །ཚེ་ཡི་འདུ་བྱེད་བྱས་ན་ཡང་། །རིག་འཛིན་ས་ལ་ངེས་པར་འཁོད། །བྱང་ཆུབ་མཆོག་ཏུ་གདོན་མི་ཟ། །གཞན་ཡང་འཇིག་རྟེན་འཕོས་མ་ཐག །ལས་ཀྱི་དབང་


DNG022_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གར་སྐྱེས་ཀྱང་། །ཞག་གྲངས་ཉི་ཤུ་རྩ་དགུ་ཚུན་ཆད་དུ། །གོས་སམ་མིང་ལ་ཤེས་བསྡིམ་ནས། །ཆོ་གའི་རིམ་པ་འདི་བྱས་ན། །རིགས་ངེས་པ་ཡི་སྲས་ཉིད་དུ། །འདག་ལ་རྒྱས་བཏབ་ཇི་བཞིན་ནོ། །གཞན་ཡང་ཡོན་ཏན་དཔག་ལས་འདས། །སྐྱོན་གྱི་རིམ་པ་བསྟན་པ་ནི། །བླ་མ་མཉེས་པར་མ་བྱས་སམ། །དམ་མེད་དབང་རྣམས་མ་མནོས་ནས། །ཉན་འཆད་སྒོམ་ཞིང་ལས་བྱེད་དང་། །རྡོ་རྗེ་བླ་མ་བྱེད་པ་དག །ཚེ་ཐུང་དམྱལ་བའི་གནས་སུ་ལྟུང་། །འཇིག་རྟེན་འདིར་ཡང་གནོད་པ་དག །འཁོར་དུ་མི་ནད་ཕྱུགས་ནད་འབྱུང་། །ཡུལ་དུ་སད་དང་སེར་བ་འབེབས། །འཇིག་རྟེན་མི་ཡི་ཡ་ག་དར། །དེ་ཡི་སྐྱོན་དུ་ཤེས་པར་བྱའོ། །ལས་ཀྱི་མཐའ་བསྡུས་བསྟན་པ་ནི། །གཏོར་མ་ཚོ་གསུམ་གནས་སུ་གཏང་། །གཤེགས་དང་བསྡུས་དང་གཟུགས་བརྙན་ཞལ་ཕྱེས་ལ། །ལུས་བསྲུང་གོ་བགོ་བཀའ་ནན་སྤྱོད་ལམ་བྱའོ། །ཟབ་པའི་དབང་གསུམ་དབང་བསྐུར་ན། །གཟུངས་མ་དེ་དང་དེ་དག་ལ། །ཡོན་ཡང་བླ་མའི་ཕྱེད་ཤས་དབུལ། །དམ་ཚིག་བསྲུངས་དེ་བརྡ་དང་ལྡན་པར་བྱ། །མ་བྱས་པས་ན་མནར་མེད་འགྱུར། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། ཞི་བ་རྗེས་སུ་བསྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡས། ཕྱི་རབས་ཀྱི་རྣལ་འབྱོར་གྱི་དོན་དུ་དྲག་པོའི་ལས་བྱ་བའི་དམིགས་གང་ལ་བྱ་བ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་རྡོ་རྗེ་ཁྲོས་པའི་ཡབ། །དཀའ་ཐུབ་ཅན་གྱི་དྲེགས་པ་ཆེན་པོ་དེ། །མངོན་སྤྱོད་རོལ་པས་བསྒྲལ་བ་ཨེ་མ་ཧོ། །ངོ་མཚར་ཆེའོ། །ཨེ་མ་ཧོ་ཡ་མཚན་ཅན་ནོ། །དེའི་རྗེས་སུ་སྤྱོད་པའི་རྣལ་འབྱོར་པས། །བསྒྲལ་བའི་དམིགས་ནི་གང་ལ་བྱ། །དེ་ཡི་མཚན་ཉིད་བཤད་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་རྡོ་རྗེ་ཁྲོས་པའི་ཡབ་ཆེན་པོས་བཀའ་སྩལ་པ་ནི། ཉོན་ཅིག་རྡོ་རྗེ་འདུས་པའི་སྐུ། །ཀུན་ལ་བྱ་བར་གཞུང་


DNG022_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེད། །དམ་ཚིག་ཉམས་པ་བསྒྲལ་བའི་ཞིང་། །དམ་ཚིག་མི་ཤེས་དམ་ཅན་བཀའ་གཅོག་པ། །འདི་ནི་བསྒྲལ་བའི་ཞིང་དུ་གསུངས། །དམ་ཚིག་ཉམས་པ་བསྒྲལ་ཞིང་ནི། །སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མ་འདོད་པས་ཉམས་དང་བདུན། །ཕ་མ་མཁན་པོ་སློབ་མ་གསོད། །རྡོ་རྗེ་ནང་དམེ་བྱེད་པ་དང་། །སྲོག་ལས་ཉམས་པས་བསྒྲལ་བའི་ཞིང་། །སློབ་དཔོན་བཀའ་བསླུ་མངན་དང་དབྱེ་ཡི་སེམས། །སྔགས་དང་ཕྱག་རྒྱ་རྒྱུན་གཅོད་གསང་བ་གཞན་ལ་སྤེལ། །དོན་ལས་ཉམས་པས་བསྒྲལ་བའི་ཞིང་། །གསང་སྔགས་ཚུལ་སྤྱོད་རྣལ་འབྱོར་ལ། །རྐུ་མཚངས་བྲུ་ཞིང་ཡ་ག་འདོགས། །བཀའ་ལ་སྐུར་འདེབས་འཁོར་རྣམས་ལོག་པར་ཁྲིད། །རྟགས་ཀྱི་དོན་བསྟན་ལོག་པར་འཛིན། །བཀའ་ལས་ཉམས་པས་བསྒྲལ་བའི་ཞིང་། །སྐུར་པའི་གཞི་བྱེད་ལྟ་བ་རྒྱབ་ཏུ་བོར། །སྤྱོད་པ་ལོག་པ་དང་དུ་ལེན་ཅིང་སྤྱོད། །བཀའ་ཡི་གཞུང་བོར་ཕྱིན་ཅི་ལོག་ལ་མཁས། །དམ་ལས་ཉམས་པས་བསྒྲལ་བའི་ཞིང་། །སྔོན་ཆད་མཁོན་པའི་གཞི་མེད་པར། །རྒོད་ཅིང་བཞིན་ལྡོག་ཉེས་མེད་གཞན་ལ་གནད་དུ་འཛུག །བདག་གིས་ཉེས་པར་མ་དྲན་པར། །བདག་ལ་མཐུ་དང་རྩལ་འདེད་པས། །ལས་ཀྱིས་ཉམས་པས་བསྒྲལ་བའི་ཞིང་། །གཉིས་མེད་དོན་ལ་ཕྱོགས་ཆར་འཛིན། །ལྟ་བ་སྒྲོ་སྐུར་རས་ཆོད་ཞེ་གཅོད་པའི། །སྐྱེ་མེད་ཆོས་བཤད་མཚན་མའི་ཆོས་སུ་གཟུང་། །ལྷ་སྲིན་བྲན་དུ་ངས་འཁོལ་གྱི། །མཐུ་འགྲན་བྱེད་པ་སུ་ཞིག་ཡོད། །ང་ཉིད་དཔལ་ཡིན་ཉམས་སུ་མ་མོ་བྱུང་། །ཟེར་ཞིང་གཞན་ལ་ཁྲོ་ཞིང་འཚེ། །མཚན་མས་ཉམས་པས་བསྒྲལ་བའི་ཞིང་། །ཤེས་རབ་རྣམ་གསུམ་གསལ་མེད་པར། །གཞན་པས་མཐུ་ཆེ་བཙན་འདོད་པས། །ལས་ཀྱི་གཙོ་རུ་མཚན་མ་སྤྱོད། །རང་གི་ངོ་གདོང་ཁྲག་བྱུགས་ཏེ། །མི་ཐོད་ཞིང་ཆེན་ལག་ན་ཐོགས། །དམར་གཏོར་ཡ་དོང་གློ་ལ་བཏགས་ནས་འཇིག་རྟེན་མ་མོ་བསྟེན་ཅིང་འབོད། །སྤྱོད་པའི་དོན་བོར་མི་འཚམ་ལས་རྣམས་


DNG022_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཐོ་ཅོ་བརླང་པོའི་སྤྱོད་པས་བཀའ་གཞུང་སྨད། །རྣལ་འབྱོར་པ་ལ་ཡ་ག་འདོར། །དུས་གསུམ་སངས་རྒྱས་ཞབས་ནས་དྲངས། །འབར་བའི་རྒྱལ་པོའི་ཐུགས་དང་འགལ། །ཤ་ཟ་མ་མོའི་གཟན་ཚོགས་བཀྲམ། །མཆོག་སེམས་མི་ལྡན་སེམས་ཀྱི་ནོར་བྲུས་ནས། །ཤི་བར་ཤེས་ཀྱང་འདོད་པས་བརྒྱལ། །ཕུང་བར་ཤེས་ཀྱང་སྔགས་འཆང་འཇོམས། །གཉན་ཞིང་བཙུན་ཡང་ཐབས་ཀྱིས་སྨོད། །ཐོབ་ཏུ་འདོད་ནས་གསང་སྔགས་རྐུ། །བཟའ་རུ་འདོད་ནས་སྒྲུབ་པ་པོའི། །ཕུད་དང་ལོངས་སྤྱོད་བརྐུས་ནས་ཟ། །དུག་ཏུ་ཤེས་ཀྱང་ལྟོ་རུ་ཟ། །འདོད་པས་ཉམས་པ་བསྒྲལ་བའི་ཞིང་། །འདི་ནི་དམ་ཉམས་བསྒྲལ་བར་བསྟན་པའོ། །དམ་ཚིག་མི་ཤེས་དམ་ཅན་བཀའ་གཅོག་གི། །གསང་སྔགས་གཞུང་སྤྱོད་རྣལ་འབྱོར་ལ། །སྡང་བར་བྱེད་ན་ཕ་ཡང་རུང་། །གནོད་པར་བྱེད་ན་མ་ཡང་རུང་། །གནད་དུ་འཛུག་ན་སྤུན་ཡང་རུང་། །དམ་ལས་ལྡོག་ན་མཆེད་ཀྱང་རུང་། །སྙིང་རིང་བྱེད་ན་གྲོགས་ཀྱང་རུང་། །དེ་ནི་བཀའ་གཅོག་བསྒྲལ་བའི་ཞིང་། །དེ་ནས་ཡང་རྡོ་རྗེ་འདུས་པའི་རྒྱལ་པོས་གསོལ་པ། དེ་ལྟར་བསྒྲལ་བའི་ཞིང་དེ་ལ། །བསྒྲལ་བའི་ཡོན་ཏན་ཅི་ལྟར་ལགས། །མ་བསྒྲལ་བ་ལ་སྐྱོན་ནི་གང་། །ཞེས་གསུངས་པས། རྡོ་རྗེ་ཁྲོས་པའི་ཡབ་ཀྱིས་བཀའ་སྩལ་པ། བསྒྲལ་བའི་ཡོན་ཏན་འདི་ལྟ་སྟེ། །དེ་དག་བསྒྲལ་བས་རྣལ་འབྱོར་བཙུན། །བདུད་རྣམས་བཏུལ་ནས་བསྟན་པ་གཉན། །དམ་མེད་བསྒྲལ་ན་བར་ཆད་ཉུང་། །མེད་པར་གྱུར་ན་བསྟན་པ་རྒྱས། །ཉམས་པ་མེད་ན་དཀོན་མཆོག་ཆེ། །དེ་བས་ཡོན་ཏན་བསམ་མི་ཁྱབ། །མ་བསྒྲལ་བ་ཡི་སྐྱོན་བསྟན་པ། །དམྱལ་ཁམས་འཕེལ་ལ་མཐོ་རིས་འགྲིབ། །གཞུང་སྤྱོད་རྣལ་འབྱོར་སྒྱིད་ལུག་ནས། །གསང་སྔགས་ཐེག་པའི་ཆོས་སྒོ་འགག །དམ་ཆོས་སྤང་བའི་གཞིར་གྱུར་ནས། །དོན་ལ་མི་མཐུན་སྐྱོན་ཡོད་དོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། །


DNG022_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བའི་དམིགས་པ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ། རྡོ་རྗེ་འདུས་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་དཔལ་ཆེན་འབར་བའི་སྐུ། །བསྒྲལ་བའི་ཞིང་རྣམས་བསྟན་པ་དེ། །མངོན་སུམ་བསྒྲལ་བའམ་ཐབས་ཀྱིས་བསྒྲལ། །ཞེས་གསོལ་པས། རྡོ་རྗེ་དཔལ་ཆེན་པོས་བཀའ་སྩལ་པ། མངོན་སུམ་བསྒྲལ་བ་མ་ཡིན་གྱི། །ཐབས་ཀྱིས་རིམ་པས་བསྒྲལ་བར་བྱའོ། །དེ་ནས་ཡང་རྡོ་རྗེ་འདུས་པས་གསོལ་པ། ཐབས་ཀྱིས་བསྒྲལ་བར་གསུངས་པ་དེའི། །དམིགས་པའི་རྟེན་ནི་གང་ལ་བྱ། །བཀའ་སྩལ་པ། དམིགས་པའི་རྟེན་ནི་ལིངྒའོ། །ལིངྒའི་རིམ་པ་ཇི་ལྟར་ལགས། །བཀའ་སྩལ་པ། གྲོག་མཁར་ས་དང་མི་ཕུང་ས། །གངས་ཀྱི་དུམ་བུ་ཇུ་ཚེའི་ཕུབ། །སྲུབ་མའི་ལོ་མ་ཞིང་ཆེན་རས། །སྐེ་ཚེ་དང་ནི་ལྡོང་རོས་དང་། །ཐལ་ཆེན་དང་ནི་རཀྟ་དང་། །གཤང་བ་འམ་ནི་གཅི་བ་སྟེ། །བཅུ་གཉིས་ཐོད་པའི་ནང་དུ་བརྡུང་། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མུཌྒ་ར་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ། ཟུར་ཆག ། ལུག་ཐུག་ར་ཐུག་གཅིན་གྱིས་སྤྲུས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་ཤ་མ་བྷི་ཤྭ་དྷ་བཾ་ཁཾ་ཧཱུྃ་ཕཊ། དུར་ཁྲོད་ཀུ་ཤའི་རྩྭ་དག་ལ། །དགྲ་དང་བགེགས་ཀྱི་གཟུགས་བརྙན་བྱ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་མཱ་ར་ཡ་ཕཊ་ཨ། དེ་ལ་གོང་གི་དམ་རྫས་བྱུག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་རཀ་ཧཱུྃ་ཕཊ། མཁར་ནག་སྐུད་པས་སྐེ་ནས་གདགས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཾ་ཀུ་ཤ་ཧཱུྃ་ཛཿ། དེ་ནི་གདབ་པའི་ལིངྒ་ཡིན། །ཤིང་ཤུན་ཚོན་གང་བ་གཅིག་ལ། །དེ་ལ་དགྲ་བགེགས་གཟུགས་བརྙན་བྱ། །དེ་ནི་གཟིར་བའི་ལིངྒར་བཤད། །རས་སམ་གྲོ་གའམ་ཤོག་ཤོག་ལ། །དགྲ་བགེགས་གཟུགས་བརྙན་རྫོགས་བྲི་སྟེ། །ཁམ་ཤིས་ནག་ལ་གདགས་པ་ནི། །འདི་ནི་བསྟབ་པའི་ལིངྒའོ། །མ་ནིང་ནག་པོའི་ཐོད་པ་ལ། །གྲུ་གསུམ་འབར་བ་ཆ་དྲུག་ལ། །ཡན་ལག་མགོ་དང་གསང་གནས་བྱ། །གྲུ་གསུམ་རྩེ་ལ་འཁོར་ལོ་དྲུག །མཐའ་མ་


DNG022_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁྱུད་ཟླུམ་པོས་བསྐོར། །འཁོར་ལོ་དྲུག་གི་ཆ་ལ་ནི། །སྔགས་དང་འཕྱོང་གཉིས་མཐུན་བསྡེབ་པར། །དགྲ་བགེགས་མིང་དང་གཟུགས་བྲིས་ལ། །སྤྱི་བོར་ཨཱོཾ་དང་ཀཱི་ལ་ཡ། །དཔྲལ་བར་རུས་ལ་སྙིང་གར་མིང་། །གཡས་སུ་ཧཱུྃ་ལ་གཡོན་དུ་ཕཊ། །འདོམས་སུ་མཱ་ར་ཡ་ཡང་དགོད། །འདི་ནི་གནན་པའི་ལིངྒའོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། དགྲ་བགེགས་ཀྱི་གཟུགས་བརྙན་བཅའ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡས། འདི་སྐད་ཅེས་གསོལ་ཏོ། །གོང་དུ་བསྟན་པའི་དཀྱིལ་འཁོར་དེའི། །མི་ཤེས་རྨོངས་ལ་བསྟན་པའི་ཕྱིར། །གཟུགས་བརྙན་བཅའ་བའི་དཀྱིལ་འཁོར་ཆོ་ག་གང་། །རྗེས་འཇུག་དོན་དུ་བསྟན་དུ་གསོལ། །རྡོ་རྗེ་ཁྲོས་པས་བཀའ་སྩལ་པ། ས་དང་མཚམས་དང་གོ་མ་ཡི། །ཐིག་དང་ཚོན་དང་ཕྱག་རྒྱ་དགོད། །རྒྱན་དང་མཆོད་རྫས་ཕྱག་བཙལ་བའོ། །སྔོན་ཚེ་དཔང་མཛད་ལྷ་མོ་ལ། །སྤྱན་དྲངས་མཆོད་དོན་གསོལ་བ་ནི། །བར་ཆད་བགེགས་རྣམས་ཞི་བ་དང་། །ས་ཡི་དངོས་གྲུབ་བདག་ལ་སྩོལ། ། ཟུར་ཆག ། བེ་ཨ་ཀྲ་མ་སིདྡྷི་ཧཱུྃ། ཕྱག་ན་རྡོ་རྗེ་དབང་གི་མཐུས། །རི་རབ་གླིང་བཞིའི་ཕྱོགས་བཞི་ནས། །དཔལ་ལྡན་རྒྱལ་པོ་ཆེན་པོ་བཞིས། །ཕྱོགས་སྲུངས་རེ་བ་སྐོང་དུ་གསོལ། །བར་དུ་གཅོད་པ་མཚམས་ཆོད་ཅིག །བཻ་ཤྲ་པ་ཎ་ཡེ། དྷྲྀཥྚ་རཱཥྚ་ཡེ། བི་རུ་ཌྷ་ཀ་ཡེ། བི་རུ་པཱཀྵ་ཡེ། ས་མ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། དུར་ཁྲོད་འབར་བའི་གནས་ཆེན་འདིར། །ལས་ཀྱི་དབང་གིས་བར་ཆད་བྱེད། །བཀའ་ལས་འདའ་བྱེད་དམ་སྲི་འདི། །གནན་ཅིང་སྤར་བའི་དུས་ལ་བབ། །ཀཱི་ལ་ཡ་མཱ་ར་ཡ། རཀྴ་རཀྴ་ཏོ་ཅོ་ཕྱང་། ཧཱུྃ་བཛྲ་སྭཱ་ཧཱ། དཀར་དམར་ལྗང་སེར་མཐིང་སོགས་པ། །རིགས་ལྔའི་བྱིན་རླབ་ཡེ་ཤེས་འོད། །མ་འདྲེས་ར་རི་མེད་པའི་མདོག །རིགས་རྣམས་སོ་སོར་ཁ་དོག་གསལ། །ཀཱི་ལི་ཀཱི་ལ་ཡ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཎྜ་ལ་སིདྡྷི་ཧཱུྃ། ཕྱི་ནང་གསང་བའི་མཆོད་རྫས་


DNG022_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །སོ་སོའི་གཞུང་དུ་བྱིན་བརླབས་ནས། །མཆོག་ཏུ་མཛེས་པ་དགྲམ་པར་བྱའོ། །ཨཱོཾ་མ་ཧཱ་པཱུ་ཛ་ས་མ་ཡ་ཧཱུྃ། ཐུགས་ལས་བསྲུང་བའི་ཁྲོ་རྒྱལ་བཅུས། །མི་དགེ་བཅུ་རྣམས་ཚར་བཅད་ནས། །རྣམ་ཐར་ལ་ནི་དགོད་པའི་ཕྱིར། །ཆོ་ག་བཞིན་དུ་ཕུར་པས་གདབ། །མ་དག་པ་རྣམས་ཚར་ཆོད་ཅིག །གརྫ་ཧ་ན་ད་ཧ་པ་ཙ་བྷནྡྷ། ཧུ་ལུ་ཏིཥྛ་ཙྪིནྡ་བིནྡྷ་སྥོ་ཊ་ཧཱུྃ་ཕཊ། ཐབས་དང་ཤེས་རབ་ལྡན་བྱས་ལ། །གསང་བའི་དཀྱིལ་འཁོར་ཐིག་བཏབ་པས། །བདེར་གཤེགས་རྒྱལ་བའི་བཞུགས་གནས་ལ། །རྡོ་རྗེ་ཐིག་ཆ་རིམ་པར་དབྱེ། །ཨེ་མཎྜ་ལ་བཛྲ་སིཛྫཾ་ནཱན། གནོད་ནས་དག་པའི་དམ་རྫས་བདུད་རྩི་ལྔ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་པས། །བདེར་གཤེགས་རྒྱལ་བའི་བཞུགས་གནས་བཤམས་པ་དང་། །དྲང་བའི་དོན་ཕྱིར་གཞལ་ཡས་ཆག་ཆག་གདབ། །ཨཱོཾ་ཨཿཧཱུྃ་སྭཱ་ཧཱ། སརྦ་པཉྩ་ཨ་མྲྀ་ཏ་མཎྜ་ལ་སིདྡྷི་ཧཱུྃ་ཕཊ། སྐུའམ་གསུང་སྟེ་ཕྱག་རྒྱ་ཐུགས། །དབུས་ནས་མཐའ་ཡི་སྒོ་བཞི་རུ། །རྡོ་རྗེ་སྲིན་པོའི་ལྷ་རྣམས་ཀུན། །བདག་ལ་རིམ་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་བཛྲ་ཕཊ། ཞིང་ཆེན་བླ་རེ་འཕན་གདུགས་རྒྱལ་མཚན་དང་། །ལྡ་ལྡི་རས་རོས་དམ་དུམ་ཤ་རུས་ཁྲག །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ལ། །གདོས་བཅས་དོན་དང་བསྟུན་ཞིང་དགོད་པར་བྱའོ། །མ་ཧཱ་རཀྟ་ཀེཾ་སྨི་ག་ཏ་མཎྜ་ལ་ཧཱུྃ། །རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་ལ། །རྡོ་རྗེ་རྣལ་འབྱོར་སྤུན་གྲོགས་རྣམས། །མ་བུའི་འདུ་ཤེས་ཉེར་བཞག་ནས། །རྣལ་འབྱོར་སྤྱོད་མཆོག་ཕྱག་བགྱིད་དོ། །ཤྲཱི་བཛྲ་ན་མོ། ཕྱི་ནང་གསང་བའི་མཆོད་རྫས་རྣམས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །སོ་སོའི་གཞུང་དུ་བྱིན་བརླབས་ཏེ། །མཆོག་ཏུ་མཛེས་པ་ དགྲམ་པར་བྱ། །མ་ཧཱ་བུ་ཛ་ས་མ་ཡེ་ཧཱུྃ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། སྒྲུབ་པའི་དཀྱིལ་འཁོར་གཟུགས་བརྙན་དུ་བཅའ་བའི་ལེའུ་སྟེ་བཅུ་


DNG022_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས། བཅོམ་ལྡན་འདས་ཁྲོས་པའི་རྒྱལ་པོ་ལ།འདི་སྐད་ཅེས་གསོལ་ཏོ། །དུར་ཁྲོད་འབར་བའི་གནས་ཆེན་དུ། །དྲེགས་བྱེད་རྣམས་ནི་བསྒྲལ་བ་བཞིན། །རྗེས་སུ་འཇུག་པའི་རྣལ་འབྱོར་པས། །བསྒྲལ་བའི་གནས་ནི་གང་དུ་བྱ། །རྡོ་རྗེ་ཁྲོས་པས་བཀའ་སྩལ་པ། །བསྒྲལ་བའི་གནས་ནི་དོན་བཤད་པ། །དེ་ཡང་རྟོགས་པའི་ཚད་དང་སྦྱར། །སེམས་ལ་ཆོས་ཉིད་མི་གསལ་ཞིང་། །ཉམས་དང་ཏིང་འཛིན་གཡེལ་བ་ཡིས། །སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་དེ། །ཤར་ལྷོ་བྱང་ཤར་གང་རུང་དུ། །རྡོ་རྗེ་དྲག་པོའི་ལས་བྱའོ། །དེར་ནི་ངེས་འགྲུབ་ཕུང་འཚེང་མེད། །དམ་ཚིག་ངེས་ཐུབ་ཏིང་འཛིན་བརྟན་པའི་བློ། །དོན་སྤྱོད་རྟགས་ཀྱི་བློ་ཅན་གྱིས། །དྲག་པོའི་གནས་སུ་བྱ་བ་ལ། །གསང་བ་ཚེར་མ་ཅན་གྱི་རི། །གཅན་གཟན་གདུག་པ་སྣ་ཚོགས་ཡོད། །གནམ་ནི་གྲི་འདྲ་རལ་གྲིའི་ཤུལ། །ས་ནི་གྲུ་གསུམ་མེ་དཔུང་འདྲ། །ལོགས་ལ་དུར་ཁྲོད་གླིང་ཡོད་པ། །ཚེར་མ་ཅན་གྱི་ཤིང་དག་དང་། །དུག་ཤིང་གདུག་པ་ཡོད་པ་དང་། །བྲག་ལ་རད་རོད་མང་བ་དང་། །དམ་ས་གྲོགས་པོ་གཏིང་ཟབ་དང་། །སྟག་གི་སོ་འདྲ་སྦྲུལ་གྱི་ལྕེ། །སྡིག་པའི་རྭ་འདྲ་ཆུ་སྲིན་ཁ། །བ་གླང་སྣ་མཐའ་བྲག་དང་ཆུ་ཡི་བར། །རྐང་གཅིག་ཤིང་དང་མ་རུངས་པ། །སྔོན་ཆད་ལྷ་མིའི་གཡུལ་ས་དང་། །གཡུལ་བཀྱེ་བ་དང་མཚོན་འཐབ་དང་། །བསད་བཅད་ས་དང་མ་རུངས་པ། །སྲིན་པོ་བསྒྲལ་བའི་བཅས་གཞི་དང་། །སྲོག་ཆགས་བསད་པའི་ཁྲག་རྗེས་དང་། །གཡུལ་ངོར་བསྐོལ་བའི་ས་མཁར་རྣམས། །མང་པོ་བསད་པའི་ཕུང་བའི་ས། །བྲག་ནི་སྲིན་པོ་རུས་པ་འདྲ། །རི་ནི་ཐལ་ཕུང་སྙིལ་བ་འདྲ། །ལུང་པ་མེ་ཡིས་བསྲེག་པ་འདྲ། །ཤིང་རྩི་རྐང་ཐང་བྲོས་པ་འདྲ། །སྒང་དེའུ་མི་རོ་ཕྱུང་བ་འདྲ། །དུར་ཁྲོད་གནས་དང་ཤིང་གཅིག་དྲུང་། །རྒྱ་གྲམ་ལམ་དང་འབྱུང་པོའི་སྲང་། །དྲག་པོའི་ལས་འདི་བྱ་བར་ཤིས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་


DNG022_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཆེན་པོ་ལས། བསྒྲལ་བའི་གནས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ། རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུ། །རྗེས་སུ་སྒྲུབ་པའི་རྣལ་འབྱོར་དང་། །བསྒྲལ་བའི་དཀྱིལ་འཁོར་གང་ལགས་པ། །བདེར་གཤེགས་ཁྱོད་ཀྱིས་བཤད་དུ་གསོལ། །བཀའ་སྩལ་པ། སྔགས་མཁན་དག་གི་ཡོན་ཏན་ནི། །རིགས་ཀྱི་རྣལ་འབྱོར་གྲལ་དུ་སྨོས། །ཚུལ་བཟང་ངང་ཚུལ་བཟང་ལ་ཤིས་པ་དེས། །དང་པོ་ཤེས་རབ་རྣམ་གསུམ་གྱིས། །གཏན་ཚིགས་དོན་ལ་ཡིད་ཆེས་ནས། །དེ་ནས་ངེས་པར་དབང་ཐོབ་སྟེ། །ཐེག་པ་མཐའ་དག་སེམས་ལ་གསལ། །ཕྱོགས་མེད་ལྟ་བ་གདེང་དུ་འཇོག །སྒྲུབ་པ་རྣམ་གཉིས་རྒྱལ་པོར་བསྒྲུབས། །ཕྲིན་ལས་ཐོགས་མེད་སྙིང་རྗེར་སྤྱོད། །དམ་ཚིག་འཇིགས་པའི་མཁར་བཞིན་བསྲུངས། །རྒྱུད་དང་སྒྲུབ་ཐབས་མཐའ་དག་ཚང་། །ཕྱོགས་འཛིན་སྤང་ལ་མཁས་པ་བསྟེན། །རྫས་དང་ལག་ཆ་རྟག་ཏུ་འཆང་། །སྦྱོར་དང་སྒྲོལ་བའི་ཉམས་དྲོད་ལྡན། །ཕུང་པོ་ལྷ་དང་གཉིས་སུ་མེད། །སེམས་ནི་ཆོས་ཉིད་ངང་ལ་གནས། །རྣལ་འབྱོར་རྟགས་ལྡན་དམ་པ་ཡིས། །ལས་སུ་བྱ་བ་ཆུད་མ་ཟོས། །དཀྱིལ་འཁོར་རིམ་པ་འདི་སྐད་ཅེས་གསུངས་སོ། །འབྲུབ་ཁུང་དང་འཁོར་ལོ་དབྱེ་བའོ། །དེ་ལ་འབྲུབ་ཁུང་རིམ་པ་བསྟན་པ་ནི། །དྲག་པོའི་གནས་སམ་དཀྱིལ་འཁོར་ཤར་ལྷོ་རུ། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི། །དཀྱིལ་འཁོར་ཁྲུ་གང་ཙམ་དུ་བྱ། །གྲུ་གསུམ་སུམ་བརྩེགས་ཁ་ཁྱེར་ལ། །བྲ་བྱེད་ཞལ་དང་མདའ་གཞུ་བཅས། །མཚོན་ཆ་ལྔ་དང་རྩང་གིས་བསྐོར། །མཐིང་ནག་དར་གྱིས་ཞལ་བཀབ་པའི། །འཁོར་ལོའི་རིམ་པ་དབྱེ་བ་ནི། །སྔར་ཤིའི་རོ་གོས་ཁྲག་ཅན་ནམ། །བཀྲ་མི་ཤིས་པའི་ཞིང་རས་ལ། །དྲག་པོའི་ལས་ལ་རབ་བརྩོན་པས། །དུར་ཁྲོད་རྐང་གིས་རྨྱུག་གུ་བྱའོ། །ཁྱོ་དགུ་ཤི་བའི་མངལ་ཁྲག་གིས། །ཕྱི་དྲོའི་དུས་ན་བྲི་བར་བྱ། །རྒྱ་རུ་ཆག་ཁྲུ་གང་ཡོད་ལ། །སྒོ་དང་


DNG022_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་ཆད་བར་ཁྱམས་དང་། །འབར་བའི་འཁོར་ལོ་རྩིབས་བརྒྱད་སྟེ། །ནང་རྒྱས་ཞི་བ་དབང་དྲག་བྲི། །རྒྱས་པ་ལ་ནི་དམིགས་པ་ནི། །ཡན་ལག་ཉིང་ལག་རྫོགས་པར་བྱ། །འབར་བའི་འཁོར་ལོ་རྩིབས་བརྒྱད་ལ། །དྲུག་པའི་སྔགས་ཀྱི་ཕྲེང་བ་དགོད། །རྩིབས་མཆན་བརྒྱད་ཀྱི་ཆ་ལ་ནི། །དང་པོ་སྔགས་ཀྱི་ཕྲེང་བ་དགོད། །ཡན་ལག་མགོ་དང་གསང་གནས་ལ། །གསུམ་པ་སྔགས་ཀྱི་ཕྲེང་བ་དགོད། །སྙིང་པོ་དང་ནི་ཙིཏྟ་ལ། །གཉིས་པ་སྔགས་ཀྱི་ཕྲེང་བ་དགོད། །ཙིཏྟ་ཧ་ལྕེའི་རྩེ་མོ་རུ། །བཞི་པའི་སྔགས་ཀྱི་ཕྲེང་བ་དགོད། །ཉོན་མོངས་ལྔ་ཡི་གནས་ལྔ་རུ། །ལྔ་ཡི་སྔགས་ཀྱི་ཕྲེང་བ་དགོད། །གཞན་ཡང་སོ་སོའི་གནས་རྣམས་སུ། །ཡབ་རྣམས་བསྐུལ་བའི་སྙིང་པོ་བརྗོད། །འདི་ནི་ཐབས་ཀྱི་འཁོར་ལོ་ཡིན། །ཕུང་སྲི་ནག་པོའི་ཐོད་པ་ལ། །ཕྲིན་ལས་རྣམ་བཞི་གོང་བཞིན་དུ། །མཐའ་ལ་གྲུ་གསུམ་ཉི་ཤུས་བསྐོར། །རྒྱས་ལ་དམིགས་པ་གོང་བཞིན་དུ། །སྔགས་ཀྱི་རིམ་པ་གོང་བཞིན་ནོ། །ཡིག་འགོ་གཡོན་ལ་ཡིག་གཞུག་གཡས། །ཕྱིར་དམིགས་པ་ལ་དགོད་གོང་མ་བཞིན། །དང་པོ་སྔགས་དང་ཐ་མ་གཉིས། །གྲུ་གསུམ་དག་གི་ཆ་ལ་དགོད། །གཞན་ཡང་སོ་སོའི་གནས་རྣམས་སུ། །ཡུམ་རྣམས་བསྐུལ་བའི་སྔགས་ཀྱང་བྲི། །འདི་ནི་ཤེས་རབ་འཁོར་ལོ་ཡིན། །རས་སམ་གྲོ་གའམ་ཤོག་ཤོག་ལ། །ཕྲིན་ལས་བཞི་རྣམས་གོང་བཞིན་དེ། །སྒོ་དང་བར་ཁྱམས་དེ་བཞིན་ཏེ། །འཁོར་ལོའི་ཆ་ལ་རིན་ཆེན་དབྱིབས། །གཞན་རྣམས་ལ་ཡང་གོང་བཞིན་དེ། །དང་པོ་ཐ་མ་རིན་ཆེན་ལའོ། །འདི་ནི་ནང་གི་འཁོར་ལོ་སྟེ། །གཞན་ཡང་སོ་སོ་གནས་རྣམས་སུ། །རྩ་བའི་སྔགས་ཀྱིས་མཛེས་པར་བྱའོ། །འདི་ནི་འཁོར་ལོའི་དབྱེ་བའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། སྒྲོལ་བྱེད་སློབ་དཔོན་ལས་དང་གཟུགས་བརྙན་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་རྒྱལ་པོས། ཕྱི་


DNG022_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རབས་པས་བསྒྲུབ་པའི་དྲོད་དང་། རྟགས་དང་རྫས་བསག་པའི་ཕྱིར། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་རྡོ་རྗེ་འདུས་པའི་གཙོ། །རྗེས་སུ་གཞུང་སྤྱོད་རྣལ་འབྱོར་པས། །བསྒྲལ་བའི་རྫས་ནི་ཇི་ལྟར་བསག །བསྒྲུབ་པའི་རྟགས་དང་དྲོད་ཚད་ཅི། །རྒྱལ་བ་དཔའ་བས་བཤད་དུ་གསོལ། །ཞེས་གསོལ་པས། བཀའ་སྩལ་པ་ནི། བསྒྲལ་བའི་རྫས་སུ་བསྟན་པ་ནི། །རྒྱ་ཚིལ་འགྲོ་སད་མ་དུད་སྨེ་རྫས་དང་། །བདབ་པའི་ཞབས་མ་མངག་པའི་ཉུང་དཀར་དང་། །མཚོན་གྱི་འདབ་ལྔ་སྐུད་པ་དང་། །དུག་དང་མ་རུངས་སྦྱར་བའི་གཏོར་མ་དང་། །ལྕགས་ཕྱེ་ཟངས་ཕྱེ་དུག་གཏོར་དང་། །སྲི་ཤིང་ཧོམ་དང་གནན་པའི་ཐོད་པ་དང་། །འདི་ནི་དྲག་པོ་བསྒྲལ་བའི་རྫས། །གྲུབ་པའི་རྟགས་ནི་འདི་ལྟ་སྟེ། །འཕར་དང་འཆོག་དང་ཆགས་པ་དང་། །འགུལ་དང་ལྡེག་དང་མཆོད་པའོ། །འོད་དང་དུ་བ་འབྱུང་བ་དང་། །རྣལ་འབྱོར་ནམ་མཁར་འགྲོ་བ་དང་། །ས་ལ་མི་ཐོགས་ཆུར་མི་འབྱིང་། །འདི་ནི་རྟགས་རབ་བསྟན་པ་ཡིན། །མཚན་མའི་ལིངྒ་འགུལ་གྱུར་རམ། །དམིགས་རྣོ་ཉམས་དང་རྟགས་བྱུང་ན། །བར་གྱི་རྟགས་སུ་བསྟན་པ་ཡིན། །ཐ་མལ་རྨི་ལམ་སྟོན་པར་འགྱུར། །རྟགས་ཀྱི་མཚན་ཉིད་ལ་ཡང་ནི། །གྲོལ་ས་དང་ནི་ངོ་བོ་སྟེ། །དེ་ཡི་ངོ་བོ་བརྟགས་པར་གཅེས། །དྲོད་ཚད་མཚན་ཉིད་ལྡན་པ་ནི། །བདལ་བ་ཆེན་པོའི་ཏིང་འཛིན་གྱིས། །ཆོས་ཉིད་མཉམ་ལ་བློ་བཞག་ནས། །ཅི་ཡང་མི་དམིགས་བསམ་ལས་འདས། །ཆོས་ཉིད་ལྟ་བའི་དྲོད་ཚད་དེ། །ག་ཎ་འཆིང་གྲལ་མེད་པའི་ངང་། །དམ་རྫས་བླང་དོར་མེད་པ་དང་། །ཏ་ན་སྐྱེ་ཤི་མེད་སྤྱོད་དང་། །འདི་སྤྱོད་པ་ཡི་དྲོད་ཚད་ཡིན། །དངོས་སུ་སྣང་བ་སྐུར་གྲུབ་ཅིང་། །སྒྲ་རུ་གྲག་པ་གསུང་དུ་སྟེ། །དངོས་མེད་སྣང་བ་ཐུགས་གྲུབ་ན། །འདི་ནི་བསྒྲུབ་པའི་དྲོད་ཚད་ཡིན། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ལྷར་ཤེས་ཏེ། །ཐམས་ཅད་ཀུན་ཏུ་དཀྱིལ་འཁོར་དུ། །དཀྱིལ་འཁོར་ཆེན་པོའི་དྲོད་ཚད་ཡིན། །བྱར་མེད་ཉིད་ལ་སྤྱོད་བྱེད་


DNG022_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །གང་ལ་སྤྱད་ཀྱང་བདེར་གཤེགས་ལས། །བྱེད་པ་མི་དམིགས་ཕྲིན་ལས་ཏེ། །འདི་ནི་ཕྲིན་ལས་དྲོད་ཚད་ཡིན། །དབྲི་སྣོན་མེད་པའི་ཏིང་འཛིན་གྱིས། །གོལ་ས་མེད་པའི་ས་ལ་གནས། །བླང་དོར་མེད་པའི་དབང་རྫོགས་ན། །འདི་ནི་དབང་གི་དྲོད་ཚད་ཡིན། །དམ་པའི་གཞི་ཉིད་བདེ་གཤེགས་ལ། །ཞལ་ནས་གསུངས་པའི་ཚིག་ཏུ་ཤེས། །དམ་ཚིག་དམ་པ་མཆོག་གི་གཞི། །འདི་ནི་དམ་ཚིག་དྲོད་ཚད་ཡིན། །དེ་ལྟར་རྟགས་དང་དྲོད་ཚད་ཟིན་པས་ནི། །དྲག་པོའི་ལས་ལ་བརྩོན་པར་བྱའོ། །རྟགས་དང་དྲོད་ཚད་མ་ཟིན་ན། །དྲག་ཤུལ་སྤྱད་ཀྱང་ལས་མི་འགྲུབ། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། རྫས་དང་རྟགས་དང་དྲོད་ཚད་གསང་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་རྒྱལ་པོས། རྨད་དུ་བྱུང་བའི་ཚིག་གིས་གསོལ་པ། ཀྱེ་མ་ཧོ་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུ། །ཡོན་ཏན་ཕྲིན་ལས་ཀུན་ཀྱང་དབྱེར་མེད་པ། །ཀུན་གྱི་བདག་ཉིད་དེ་ལ་ཕྱག་འཚལ་བསྟོད། །ཨེ་མ་ཧོ་ངོ་མཚར་ཡ་མཚན་ཆེའོ། །ཞེས་བསྟོད་ནས་ནི། དེ་ཡི་རྫས་སུ་སྒྲུབ་པའི་རྣལ་འབྱོར་པས། །བསྒྲལ་བའི་དུས་ནི་གང་ལ་བྱ། །ཞེས་གསོལ་བས། བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འདུས་པའི་གཙོ། །རྟགས་དང་དྲོད་ཚད་བསྟན་པ་ནི། །དྲག་པོའི་ལས་ལ་འཇུག་པའི་དོན། །བྱེ་བ་འམ་ནི་ས་ཡ་འམ། །འབུམ་མམ་བདུན་འབུམ་བཟླས་པ་ནི། །བཟླས་པ་ཉི་ཤུ་རྩ་གཅིག་ལ། །ལོ་ནི་གསུམ་གྱིས་འགྲུབ་པར་ནི། །ཏིང་འཛིན་བར་གྱི་དེ་ལྟར་རོ། །དེ་ལྟར་འགྲུབ་ན་དྲག་པོའི་དུས། །དེ་མིན་བར་དུ་དུས་ཚོད་མེད། །དྲོད་ཚད་རྟགས་ལ་མ་བབ་ཅིང་། །གྲངས་ཀྱི་བསྙེན་པ་མ་ཚང་བར། །དུས་ཀྱི་ལོ་ཟླ་ཡུན་ཐུང་ན། །དྲག་ཤུལ་སྤྱད་ཀྱང་མི་འགྲུབ་སྟེ། །བདེ་གཤེགས་རྒྱལ་བ་ཀུན་གྱིས་གསུངས། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བསྒྲུབ་པ་དྲག་པོ་ལས་ལ་འཇུག་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་


DNG022_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བདེར་གཤེགས་བཅོམ་ལྡན་འདས། །ཏིང་ངེ་འཛིན་གྱི་དེ་ཉིད་དེ། །ཕྱི་རབས་དོན་དུ་བསྟན་དུ་གསོལ། །ཨ་ལ་ལ་ཧོ་ཞེས་གསོལ་པས། །previous hit བཅོམལྡནའདསཀྱིསབཀའསྩལ next hit། །ཏིང་འཛིན་དེ་ཉིད་བསྡུས་པའི་དོན། །ལེགས་པར་བཤད་ཅིང་མདོར་བསྟན་གྱི། །ངེས་པར་ཉོན་ཅིག་ཡིད་ལ་ཟུང་། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱའོ། །ཨཱོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་ས་བྷཱ་ཝ་ཨདྨ་ཀོ྅ཧཾ། དྷརྨ་དྷཱ་ཏུ་མཎྜ་ལ་ཧཱུྃ། ཧཱུྃ་ཧཱུྃ་བཛྲ་ཙིཏྟ། ཧཱུྃ་ཨེ་ཨགྣི་མཎྜ་ལ་ཡཾ་ཀརྨ་རཀྴ་ཧཱུྃ། ར་རཀྟ་མཎྜ་ལ། སུ་བཛྲ་སུ་མེ་དུ་ཧཱུྃ་ཧཱུྃ། རཾ་ཛྭ་ལ་རཾ། ཀེཾ་ནི་རི་ཏི་ཀེཾ། བྷྲུཾ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ན་བྷྲུཾ། ཨེ་བཾ་མཱ་ཡཱ་རཾ། ར་ཏྲི་རཱུ་ཏྲ་རཀྴ་མཎྜ་ལ། མ་ཨ་པ་སཱུརྱ་ཙནྡྲ་པདྨ་མཎྜ་ལ་ཧཱུྃ། སྥ་ར་ཎ་ཕཊ། སཾ་ཧ་ར་ན་ཧཱུྃ། ཛྙཱ་ན་བཛྲ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཛྙཱ་ན་སཏྭ་ཀཱི་ལ་ཡ་ཧཱུྃ། ཀཱི་ལ་ཡ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། བཛྲ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པས་བདག་ཉིད་རྩ་བའི་དཀྱིལ་འཁོར་དུ་གསལ་བར་མཛད་དོ། །ཕཊ་ནི་སོ་སོར་བསྐུལ་བ་ལས། །ཆགས་པའི་ཏིང་འཛིན་གསལ་གྱུར་ཏེ། །ཡབ་ཡུམ་སྦྱོར་བ་མཛད་པ་ལས། །མཆོད་པ་གསང་བ་སོ་སོར་ཐིམ། །བྱང་ཆུབ་སེམས་ནི་སྤྲོས་པ་ལས། །དང་པོས་བདག་ཉིད་རྡོ་རྗེར་བསམ། །གཉིས་པས་སྲས་མཆོག་གསལ་བྱས་པས། །ཕྱོགས་སྐྱོང་དགུག་དང་གདན་བཏིང་ལ། །གསུམ་པས་ཧཱུྃ་གྱུར་གསུང་རྫོགས་པའོ། །དེ་ནས་བསྐུལ་བས་ཕྱག་རྒྱ་རྫོགས། །དེ་ལས་ཕྱོགས་བཅུའི་ཁྲོ་བོ་རྣམས། །སྔགས་ཀྱི་རིམ་པས་རྫོགས་གསལ་གྱུར། །ཁྲོ་


DNG022_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཁྲོ་མོ་རོལ་པ་ལས། །ཧ་དང་ཧེ་ལས་འཁོར་རྣམས་བསྐྱེད། །དེ་ནས་བྱང་ཆུབ་སེམས་འཕྲོས་པས། །སྙིང་པོ་ཕྱག་རྒྱའི་འགྲོ་འདུ་ལས། །སོ་སོ་བསྒོམ་པའི་ཚུལ་རྫོགས་པའོ། །ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡཱ་མི། ཨ་ནུ་ར་གཱོ྅ཧཾ། མ་ཧཱ་བོ་དྷི་ཙིཏྟ་ཧཱུྃ། བསྟ་བཛྲ་ཏཾ། ཀཱི་ལ་ཡ་མུ་ཏི་ཛ་མ་ཨ་བ་སཱུརྱ་ཙནྡྲ་པདྨ་མཎྜ་ལ། ཧཱུྃ་ཧཱུྃ་བཛྲ་ནན་ཧ། འདི་ནི་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རོ། །ཕུར་པ་རྫས་ཀྱི་ངོ་བོ་ལས། །བྱང་ཆུབ་སེམས་ནི་སྤྲོས་པ་ལས། །རིགས་ཀྱི་སྲས་མཆོག་རྣམ་ལྔ་ཉིད། །སྤྱན་སྔ་ཉིད་དང་ཕྱོགས་བཞིར་བསམ། །བྱིན་བརླབས་ལ་སོགས་སྔོན་འབྱུང་བཞིན། །གཟི་མདངས་ཆགས་བསྐྱེད་ཐུགས་བསྐུལ་ཏེ། །ཨཱོཾ་མ་ཀུ་ལ་རྟ་ལ་པྲ་ཏ་ལ་ཧཱུྃ་ཕཊ། བཛྲ་བཻ་ཏ་ལཱི་མཎྜ་ལ་ཧཱུྃ་ཕཊ། བཛྲ་མ་ཧཱ་རཀྟ་མཎྜ་ལ་ཧཱུྃ་ཕཊ། ཕུར་པ་རྫས་ཀྱི་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། རྗེས་འཇུག་ཏིང་འཛིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡས། ཁྲོས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྗེས་སུ་འཇུག་པའི་རྣལ་འབྱོར་པས། །བདག་གི་སྲས་སུ་ལྷ་རྣམས་བསྐྱེད་པ་དང་། །དེའི་སྲས་སུ་བདག་བྱ་བའི་རིམ་པ་ཇི་ལྟར་ལགས། །ཞེས་གསོལ་པས། བཀའ་སྩལ་པ་ནི། འཁོར་བ་ཡོངས་སུ་སྦྱོང་བའི་ཕྱིར། །རང་གི་ངང་ཚུལ་དེ་བཟང་ལགས། །སྔགས་དང་བསྐུལ་ཚིག་འདི་ཡང་བརྗོད། །བྱང་ཆུབ་སེམས་ཀྱི་དབང་སྤྲོས་པས། །ཡེ་ཤེས་འོད་ཀྱིས་ལུས་རྟོག་སྦྱངས། །གསེར་ཞུན་ལྟ་བུའི་སེམས་དག་ལ། །གསུམ་གྱིས་བྱིན་བརླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེ་ལས་བྱུང་ཡུམ་གྱི་མཁའ། །ཆོས་ཀུན་བྱང་ཆུབ་སེམས་གནས་སུ། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲས། །རབ་ཏུ་གསལ་བར་བརྗོད་པའི་སྒྲ། །བྱང་ཆུབ་སེམས་ནི་གསལ་བར་ཐིམ། །དེ་ལས་ཧཱུྃ་ཞེས་རབ་བརྗོད་པས། །གསུང་གི་ཕྱག་རྒྱ་ཉིད་རྫོགས་ནས། །ཐུགས་ཀྱི་


DNG022_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་རབ་ཏུ་འབར། །དེ་ལས་ཕྲ་མོའི་སྐུ་སྤྲོ་བསྡུས། །ཕྱག་རྒྱ་ཆེན་པོའི་སྐུ་ཉིད་རྫོགས། །དེ་ཉིད་སྦྱོར་བའི་བྱིན་བརླབས་ལས། །བྷ་ག་ཉིད་དུ་ལྷ་རྣམས་བསམ། །ཛ་དང་ཕཊ་ཀྱི་རྩ་སྔགས་ཀྱིས། །བྷ་གའི་དཀྱིལ་འཁོར་བདག་དང་སྟན་ལ་དགོད། །བཛྲ་བ་ཀཱི་ལ་ཡ་ཕཊ་ཛ། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པའི་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པའི་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་གྱུར་ཅིག །ཨཱོཾ་ཨཱཾཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཨཱ། ཨཱོཾ་ཨཾཿཧཱུྃ་མཎྜ་ལ་སིདྡྷི་ཧཱུྃ། ཀཱི་ལ་ཡ་ཀྲོ་ཏ་ཀྲོ་ཏཱི་ཧ་ཧི་ཧཱུྃ་ཕཊ། སཾ་ཧ་ར་ཎ་ཧཱུྃ། མ་ཧཱ་གྷ་ན་ས་མ་ཡ་ཧོ། ཧཱུྃ་ཧཱུྃ་བཛྲ་གྷན་དྷ། བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། མ་ཧཱ་བོ་དྷི་ཙིཏྟ་མཎྜ་ལ་ཧཱུྃ་ཕཊ། ལྷ་རྣམས་རྩ་བའི་སྔགས་གཞུག་ཏུ། །ཛ་ཕཊ་ཅེས་ནི་ཀུན་ལ་གདགས་པར་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་ རྒྱུད་ཆེན་པོ་ལས། རྗེས་འཇུག་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་ཡང་འདུས་པའི་སྲས་མཆོག་ཀཱི་ལ་ཡས། འདི་སྐད་ཅེས་གསོལ་ཏོ། །བདེ་གཤེགས་རྒྱལ་བས་འཁོར་རྣམས་ལ། །བྱིན་བརླབ་དབང་བསྐུར་ཇི་བཞིན་དུ། །རྗེས་སུ་འཇུག་པས་ཇི་ལྟར་བྱ། །ཞེས་གསོལ་པས། བཀའ་སྩལ་པ། ཡི་གེ་འབྲུ་གསུམ་རིམ་པས་སུ། །སྲོག་གི་རྟ་ལ་བསྐྱོན་ནས་སུ། །འཕྲོ་འདུ་གསལ་བའི་ཏིང་འཛིན་ལས། །བྱིན་རླབ་གསུམ་ནི་ངེས་པ་རུ། །སྔོན་བྱུང་བཞིན་དུ་བྱིན་གྱིས་བརླབས། །སྲོག་གི་ཧཱུྃ་ལས་འོད་འཕྲོས་པས། །རིགས་ལྔ་རྒྱལ་བའི་ཐུགས་བསྐུལ་ཏོ། །སྔོན་བྱུང་བཞིན་དུ་སྔགས་བརྗོད་ཅིང་། །ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ། །ཨཱོ་བཛྲ་ས་མ་ཡ་ཛ་ཏིཥྛ་བཛྲ། ཤྲཱི་བཛྲ་ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་ཧཱུཾ། ཐབས་ཀྱི་སྤྱོད་


DNG022_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབ་འདིར་སྩོལ་ཅིག །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ། ཅེས་དབང་དང་བྱིན་རླབ་ནོད་པའི་ཕྱིར་ན། དུས་གསུམ་གཤེགས་བཞུགས་བྱོན་རྣམས་ཀུན། །རྡོ་རྗེ་ཁྲོ་བོར་བཞེངས་གསོལ་དྲངས། །ཕྱག་འཚལ་དགའ་བས་མཆོད་པ་བྱ། །ཞེས་གསོལ་བ་གདབ་བོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བྱིན་གྱིས་བརླབ་ཅིང་དབང་བསྐུར་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་རྒྱལ་པོས། འདི་སྐད་ཅེས་གསོལ་ཏོ། །རྗེས་སུ་སྒྲུབ་པའི་རྣལ་འབྱོར་པས། །སྒྲུབ་པའི་ཐབས་ནི་ཇི་ལྟར་བགྱི། །བསྙེན་པའི་རིམ་པ་གང་ལྟར་ལགས། །ཁྲོས་པའི་རྒྱལ་པོས་བཀའ་སྩལ་པ། །དོན་དམ་དང་ནི་ཀུན་རྫོབ་ཀྱིས། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་རྣམས། །ངེས་པར་འདི་སྐད་བཀའ་སྩལ་ཏོ། །ཆོས་ཉིད་ཀྱི་བདེན་པའོ། །སངས་རྒྱས་ཀྱི་མཐུའོ། །གསང་བ་སྔགས་ཀྱི་བྱིན་བརླབས་སོ། །ཨ་བྷི་ཙརྱའི་དུས་ལ་བབ་པའི་གནག་པ་དེ་ཁོ་ན་ལའོ། །དོན་དམ་པ་དང་ཀུན་རྫོབ་བསྙེན་སྒྲུབ་བཞི་རྫོགས་ནས། །རྟགས་དང་མཚན་མ་འབྱུང་བ་གདོན་མི་ཟ། །རྟགས་དང་མཚན་མས་བསྒྲུབ་པའི་དྲོད་ཚད་ཟིན་པ་དང་། །བཀྲ་ཤིས་མཚན་ལྡན་བྷནྡྷ་ཀ་པཱ་ལ། །ཅི་འབྱོར་བཏུང་བ་སྣུམ་པོས་བཀང་བྱས་ནས། །དཀྱིལ་འཁོར་ལྷ་ཚོགས་ཚད་ལ་གསོལ་བ་གདབ། །ཐུན་མོང་དབང་གི་དངོས་གྲུབ་བླང་། །བཀྲ་ཤིས་བརྗོད་དེ་གསོལ་བྱས་ན། །རིག་འཛིན་གོ་འཕང་ཐོབ་པར་འགྱུར། །ཆོ་ག་འདི་ཡི་བྱིན་བརླབས་ཀྱིས། །གང་ཞིག་མོས་པའི་དད་ལྡན་དེ། །དབང་བཅུ་ཐོབ་ ནས་ཚད་མེད་དོན་དང་ལྡན། །ཕྲིན་ལས་ཐོགས་མེད་དབྱིངས་དང་ཡེ་ཤེས་དོན་མཐོང་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བསྒྲུབ་པར་བྱ་བའི་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་


DNG022_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ཁྲོས་པའི་བདག་ཉིད་ཅན། །རང་བཞིན་དོན་དམ་དཀྱིལ་འཁོར་དེ། །སྤྱན་དྲངས་མཆོད་པ་ཇི་ལྟར་བགྱི། །བཀའ་སྩལ་པ་ནི། བདག་ཉིད་ཏིང་འཛིན་རྟག་ལྡན་པས། །ས་མཱ་ཛ་ཡིས་གསོལ་བཏབ་ནས། །ཕྱག་རྒྱ་བཞི་ཡིས་སྤྱན་ཡང་དྲངས། །ཏིཥྛ་བཛྲས་བརྟན་བྱས་ནས། །དགྱེས་པ་ཆེན་པོས་ཕྱག་བཙལ་ཏེ། །མཆོད་པའི་རིམ་པ་སྔོན་བྱུང་བཞིན། །དེས་ནི་ལས་རྣམས་མ་ལུས་འགྲུབ། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །འགྱུར་མེད་ཡེ་ཤེས་ལྷ་གནས་པ། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ ཀྱང་། །ཕྱི་ནང་གསང་བའི་མཆོད་བཞེས་ཏེ། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་བརྗོད་དོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་གཞོན་ནུ། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་རང་བཞིན་ཅན། །དྲེགས་པ་སྒྲོལ་མཁས་ཐུགས་རྗེའི་དཔལ་མགོན་ཏེ། །ཐུགས་རྗེའི་བདག་ཉིད་དེ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་ཆེན་པོས་དྲེགས་པ་བསྒྲལ་བའི་ཞིང་། །རྗེས་བསྒྲུབ་དྲོད་ཚད་ཟིན་པར་ངེས་པ་དེས། །དགྲ་བགེགས་དམིགས་པ་བསྒྲལ་བའི་རིམ་པ་གང་། །ཐུགས་རྗེའི་བདག་ཉིད་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། གསོལ་པའི་དོན་ཐུགས་སུ་ཆུད་ནས། དྲག་པོས་བསྒྲལ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། འདི་སྐད་ཅེས་བཀའ་སྩལ་ཏོ། །དང་པོར་གནོད་པའི་དགྲ་བགེགས་དེ། །ལྷ་དང་རྒྱབ་རྟེན་དཔུང་དང་དབྲལ། །དེ་ནས་ངེས་པར་གཟུགས་ལ་བསྡིམ། །འགྱུར་ལྡོག་མེད་པར་བྱད་དུ་གཞུག །གཟི་བརྗིད་ཕྲོགས་ཏེ་སྨྱོ་རུ་གཞུག །ཕུར་པས་བཏབ་སྟེ་ངེས་པར་བསྒྲལ། །རྡུལ་དུ་བྱས་ཏེ་ཚོགས་


DNG022_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབུལ། །ལས་རྣམས་དྲུག་པོ་རེ་རེ་ལ་ཡང་། །དེ་ལ་དྲུག་དྲུག་སུམ་ཅུ་དྲུག །ཆོ་ག་གཞུང་སྔགས་དང་ཏིང་འཛིན་ཕྱོགས་དང་རྫས་དང་ཐབས། །སྔོན་བྱུང་རྗེས་འཇུག་འཁོར་བཀྲ་ཤིས། །དེ་ལྟའི་དོན་དང་ལྡན་ན་ནི། །གང་ལ་དམིགས་པ་གདོན་མི་ཟ། །རྡོ་རྗེའི་བྲག་ཀྱང་ འཇིག་འགྱུར་ན། །སྡིག་ཅན་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། དྲེགས་པ་ཅན་བསྒྲལ་བའི་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཕུར་པ་བཏབ་པ་བཞིན། །དམིགས་པའི་དགྲ་དང་བགེགས་རྣམས་ལ། །རྫས་ཀྱི་ཕུར་པ་བསྡིམ་པའི་ལས་ནི་གང་། །བདེ་གཤེགས་རྒྱལ་བས་བཤད་དུ་གསོལ། །བཀའ་སྩལ་པ། དབྱེ་བ་དྲག་པོ་ལས་ཀྱི་རིགས། །བསྡིམ་པ་ཞི་སྟེ་དེ་བཞིན་རིགས། །གཟིར་བ་རྒྱས་ཏེ་རིན་ཆེན་རིགས། །བྱད་ལ་དབང་སྟེ་པདྨའི་རིགས། །གདབ་ལ་དྲག་སྟེ་རྡོ་རྗེའི་རིགས། །བསྟབ་པ་ལྷ་ཕུར་ཉིད་ལ་བྱ། །དེ་ནི་སྤྱི་ཡི་ལས་སུ་བཤད། །གདབ་པའི་གནས་ནི་དུ་ཞིག་ཡོད། །བཀའ་སྩལ་པ། གདབ་པའི་གནས་ནི་ཉི་ཤུ་རྩ་གཅིག་སྟེ། །སྔོན་བྱུང་དྲེགས་པ་ལྔ་བསྒྲལ་ལ། །ལྟེ་བ་ཉིད་དང་གསང་བ་དཔུང་མགོ་དཔྱི་ལ་གདབ། །དྲེགས་པ་ཆེན་པོ་བསྒྲལ་བ་ཡིན། །སེམས་ཉིད་རྩད་བཅད་སྙིང་ལ་གདབ། །དྲེགས་པའི་ཕྱོགས་སྐྱོང་བསྒྲལ་བ་ཡིན། །བསྒྲལ་བའི་རྣམ་ཤེས་བརྒྱད་ལ་གདབ། །དམ་སྲི་ཆེན་པོ་བསྒྲལ་བ་བཞིན། །དགྲ་བགེགས་མགོ་ལ་དེ་བཞིན་གདབ། །མཐུ་དང་རྫུ་འཕྲུལ་ཕྲོགས་པ་ཡིན། །ཡར་དང་མར་གྱི་བདུན་རྒྱུད་བཅད། །དེ་ནི་གདབ་པའི་ལས་སུ་གསུངས། །དེ་ནས་ཡང་རྡོ་རྗེ་འདུས་པས་གསོལ་པ། དྲེགས་པའི་སེམས་ཅན་ཆེན་པོ་ལ། །དཀྱིལ་འཁོར་ལྷ་ཡིས་གཟིར་བ་བཞིན། །རྗེས་སུ་གཟིར་བ་ཇི་ལྟར་བྱ། །བཀའ་སྩལ་པ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལས། །གཟིར་བའི་མཚན་ཉིད་འདི་ཡིས་ནི། །


DNG022_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་གཟིར་ཞིང་གནན་བྱ་ན། །ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །སྙིང་ལ་ཙིཏྟ་འཁོར་གཟིར་སྦྱོང་། །ཙིཏྟ་སྒོ་བསྲུང་སྦྱོར་བ་ཡིས། །མགོ་ལ་ལ་ཀའི་བྲོས་གཟིར་སྦྱོང་། །དམ་ལ་གཏོགས་པའི་མ་ཚོགས་ཀྱིས། །ཁྲོ་བཅུ་འཁོར་བཅས་སྦྱོར་བ་ཡིས། །ལུས་ཀྱི་གནས་བཅུར་གཟིར་ཅིང་སྦྱོང་། །རིགས་ཀྱི་ཡུམ་ལྔའི་སྦྱོར་བ་ཡིས། །སྒོ་ལྔའི་རྣམ་ཤེས་གཟིར་ཅིང་སྦྱོང་། །སྒོ་མ་བཞི་ཡི་སྦྱོར་བ་ཡིས། །ཡན་ལག་བཞི་ཡི་མཚན་མ་སྦྱོང་། །དམ་ལ་གཏོགས་པའི་མ་ཚོགས་ཀྱིས། །གཡང་གཞིས་ཤུན་ལྤགས་སྦྱོང་གཟིར་བྱ། །རོལ་པའི་ཕོ་ཉ་ཚོགས་བཅས་ཀྱིས། །དུག་གསུམ་ཤ་རུས་ཁྲག་རྣམས་སྦྱར། །ཡེ་ཤེས་རོལ་པའི་བྲོ་གར་གྱིས། །མ་ལུས་ཀུན་ཀྱང་གཟིར་བར་འགྱུར། །ཞེས་གསུངས་སོ། །གསོལ་པ། ཡེ་ཤེས་འབར་བའི་ཁྲོ་ཚོགས་ཀྱིས། །རྡོ་རྗེ་ཐོད་པའི་ཐོ་གཏུན་དུ། །དྲེགས་པ་བསྒྲལ་ནས་གསོལ་ཏེ་དགེ་བ་ཡིན། །རྗེས་སུ་འཇུག་ན་ཇི་ལྟར་བགྱི། །བཀའ་སྩལ་པ། མཁའ་ཡི་གཏུན་ཁུང་བདེར་གཤེགས་གནས། །གཏིང་དཔག་མེད་པའི་དབྱིངས་ཉིད་དུ། །སྲིད་གསུམ་མ་ལུས་ཕུར་པས་ཐེབས། །ཁ་ཐམ་དབྱིངས་སུ་བསྒྲལ་བར་བྱ། །ཁ་ཐམ་དབྱིངས་སུ་བསྒྲལ་བྱས་ནས། །ཧཱུྃ་ཧཱུྃ་བགྱིས་པས་དབང་དུ་བསྡུས། །ཕཊ་ཀྱི་ཀུན་ཏུ་གཏོར་བར་བྱས། །ཤ་ཁྲག་ཁམས་གསུམ་གང་བར་བཏོན། །ཁཱ་ཁཱ་བགྱིས་པས་ལྷག་མ་བཞེས། །ཧི་ཧི་དགྱེས་པའི་སྒྲ་བསྒྲགས་པས། །བཞེས་ཤིག་རོལ་ཏེ་གསོལ་བར་འགྱུར། །ཞེས་གསུངས་སོ། །གསོལ་པ། བདེ་གཤེགས་རྒྱལ་བའི་མཛད་སྤྱོད་ཚེ། །རྡོ་རྗེ་ཡེ་ཤེས་མེ་དབལ་གྱིས། །དྲེགས་པའི་ཤ་རུས་བསྲེགས་ནས་རོལ་པ་བཞིན། །རྗེས་སུ་བསྒྲུབ་ན་ཇི་ལྟར་བྱ། །ཞེས་གསོལ་པས། བཀའ་སྩལ་པ། བྲུབ་ཁུང་ཉིད་དུ་བྱ་བ་འམ། །ཡང་ན་གཞུང་དང་མཐུན་པ་རུ། །མེ་ཐབ་གྲུ་གསུམ་སུམ་བརྩེགས་ལ། །དཀྱིལ་དུ་རྡོ་རྗེ་ནག་པོ་བཞག །དང་པོ་དཀར་ལ་གཉིས་པ་ནག །


DNG022_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སེར་པོར་བྱ་བ་སྟེ། །ཟླ་གམ་ཡང་ནི་དམར་པོ་བྱ། །མུ་ཁྱུད་དཀར་ལ་གྲུ་ཆད་ལྗང་། །བར་ཁྱམས་ནག་ལ་སྒོ་རིགས་སྦྱར། །དུར་ཁྲོད་ཤིང་ངམ་ཚེར་མ་ཅན། །ཁྲུ་གང་གྲུ་གསུམ་དབྱིབས་སུ་བརྩིགས། །ཡམ་ཤིང་ནག་པོ་རྩེ་མོ་མ་ནོར་བར། །རྩེ་མོ་གྲུ་གསུམ་དག་ཏུ་བཞག །ཚེ་ཐེའུ་རྩ་རྩེ་མ་ནོར་བར། །རྩ་བ་མི་ཡི་ཚིལ་གྱིས་བྱུག །སྔགས་པའི་ཆས་གོས་ནག་པོ་ལ། །བྱང་དུ་ཁ་བལྟས་འགྲེང་ནས་འདུག །དུར་ཁྲོད་གནས་སམ་མ་བདུན་ཁྱིམ། །ཡིད་འོང་མེ་ཏོག་ཤིང་བརྒྱན་པའམ། །ཤིན་ཏུ་དབེན་པའི་གནས་དག་ཏུ། །དགང་གཟར་གྲུ་གསུམ་ཁྱུད་གང་ལ། །དཀྱིལ་དུ་ཨེ་ཡིས་མཚན་པར་བྱ། །བླུག་གཟར་ཟླུམ་པོ་རྡོ་རྗེ་དཀྱིལ་དུ་མཛེས། །ཕྱི་ནང་བསྲེག་རྫས་གསང་བ་ནག་པོར་བྱ། །ཤན་པའི་ཁྱིམ་ནས་བླངས་པའི་མེས། །ཡམ་ཤིང་ནག་པོ་སྦར་བར་བྱ། །བདག་ཉིད་ལྷ་ཡི་རྣལ་འབྱོར་པས། །རཾ་ལས་དམ་ཚིག་མེ་ལྷ་བསམ། །ཡེ་ཤེས་མེ་ལྷ་སྙན་གསོལ་སྤྱན་དྲང་བསྡིམ་ཕྱག་འཚལ། །མཆོད་པའི་རིམ་དབུལ་བསྟོད་པས་དགྱེས་བྱས་ནས། །འདོད་དོན་གསོལ་ནས་མེ་ལྷ་གཞལ་ཡས་བསམ། །དེ་ནང་དཀྱིལ་འཁོར་སྤྱན་དྲང་བཞུགས་གསོལ་མཆོད། །བསྟོད་པའི་རྒྱལ་པོས་དོན་རྟགས་གང་རུང་བསྟོད། །འདོད་དོན་གསོལ་ཏེ་ཕྲིན་ལས་བཅོལ། །བསྒྲལ་བའི་ལིངྒ་ཆ་གཅིག་དང་། །དགྲ་བགེགས་གཟུགས་བརྙན་གསལ་བྱས་ནས། །དགུག་བསྡིམ་ཕུར་པས་རབ་གདབ་ཅིང་། །ཉུང་དཀར་བརྡེག་ཅིང་གུ་གུལ་བདུག །མཚོན་གྱིས་འདེབས་གཏུབ་སྐུད་པས་དམ་བཅིངས་ནས། །གཏོར་མ་གཉིས་ཀྱང་ལེགས་བྱས་ནས། །མཚོན་ཆའི་ཆར་དང་གཏུན་བརྡུང་ལས་བྱས་ཏེ། །ལྷ་ཡི་ཚོགས་ལ་ཐིམ་པར་དབུལ་བ་ནི། །ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །འབར་འཕྲོ་འཁྲུག་པའི་མེ་སྦར་ནས། །གནོད་ཅིང་གདུག་པའི་དགྲ་བགེགས་རྣམས། །བསྲེགས་ཤིང་རྡོ་རྗེ་འབར་བ་ཡི། །བཀའ་ལས་འདའ་བྱེད་སྡིག་ཆེན་རྣམས། །


DNG022_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །དངོས་པོར་གྱུར་པའི་གནས་རྣམས་ཀུན། །ཚོར་དོགས་མེད་པར་བསྲེག་པར་བྱའོ། །ཞེས་གསུངས་སོ། །དེ་ནས་ཡང་གསུངས་པ། བདེ་བར་གཤེགས་པའི་མཛད་སྤྱོད་ཚེ། །དྲེགས་པ་ཞབས་འོག་མནན་པ་བཞིན། །རྗེས་བསྒྲུབ་གནན་ན་ཇི་ལྟར་བགྱི། །བཀའ་སྩལ་པ་ནི། ཤིང་གཅིག་དྲུང་དང་མ་རུངས་པ། །རྒྱ་གྲམ་ལམ་དུ་བྱ་བ་དང་། །ཀླུ་ཡི་གནས་དང་འབྱུང་པོའི་སྲང་ཉིད་དུ། །དཀྱིལ་འཁོར་གྲུ་གསུམ་རྒྱ་སོལ་འདག །དེ་ནང་གནན་པའི་རྫས་བཅུག་སྟེ། །དབང་གི་ཕུར་པ་དྲག་བཏབ་ནས། །དུར་ཁྲོད་གཡམ་པ་སྔོན་པོ་ལ། །ཞིང་ཆེན་དག་གི་སུར་ཁྲག་གིས། །ནམ་མཁའ་སྔོན་པོ་གྲུ་གསུམ་ལ། །རྡོ་རྗེ་རྒྱ་གྲམ་བཞི་ཡིས་མཛེས། །འབྱུང་བ་བཞི་ཡི་དཀྱིལ་འཁོར་ལྡན། །ཡི་གེ་ཛ་དང་མཛེས་པས་ནི། །ཕུར་པ་དེ་ཡིས་སྤྱི་ནས་གནན། །སེམས་མ་རྡོ་རྗེས་དམ་ཚིག་བསྐུལ། །སྐུ་གསུང་ཐུགས་ཀྱི་སྟོབས་ཀྱིས་མནན། །བེ་ཅོན་ཉིད་ཀྱང་ལས་ཀྱིས་སྟོངས། །མཆེ་བས་ཤ་ཁྲག་ཟ་བར་བྱེད། །ཉུང་དཀར་བརྡེག་ཅིང་གུ་གུལ་བདུག །ཏིང་འཛིན་འབྱུང་ཆེན་བཞི་ཡི་རི་རབ་བསམ། །དེ་ཉིད་ལས་ཀྱི་ལྷ་ཉིད་ཀྱིས། །ཤིན་ཏུ་གནན་པའི་མཆོག་ཏུ་གསུངས། །ལས་ཀྱི་མནན་པའི་འབྱུང་ནང་དུས་ཟད་འདི། །ཧཱུཾ་ལས་ཀྱི་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ཀྱིས་གནན་པར་ཤོག །ཅེས་གསུངས་སོ། །ཡང་གསོལ་པ། དྲེགས་པ་བསྒྲལ་བ་ནི་སླར་གསོལ་སྔར་བཞིན། དགྲ་བགེགས་བསྒྲལ་ན་ཇི་ལྟར་བསྒྲལ། །ཞེས་གསོལ་པས། བཀའ་སྩལ་པ་ནི། ཏ་ན་ག་ཎ་སྦྱོར་བ་མཛད། །དྲག་པོ་ལས་ཀྱི་བསྒྲལ་བ་རྣམས། །རྣམ་ཤེས་ཧཱུྃ་གིས་བསྡུས་རྔུབས་ནས། །མི་ལྡོག་དབྱིངས་སུ་ཕཊ་ཀྱིས་འཕངས། །ཟླ་དཀྱིལ་རླུང་གི་སྦྱོར་བས་བསྐྱོད། །དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །ཧཱུྃ་དུ་གྱུར་པས་རྣམ་པར་དག །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །ངོ་མཚར་


DNG022_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འགྲོར་ཐར་པའི་ཐབས། །དེ་ལྟར་བསྐྱེད་ལ་མི་གནས་ཏེ། །མ་གཡོས་དབུ་མའི་དོན་དང་ལྡན། །མྱ་ངན་འདས་པའི་དབྱིངས་སུ་བཞག །བདེ་བ་ཆེན་པོའི་གནས་ཉིད་དུ། །དེ་ལྟ་བུ་ཡི་དོན་ལྡན་ན། །བསྒྲལ་བ་བྱས་དང་འགལ་མེད་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བསྡིམ་གཟིར་གདབ་བསྟབ་བསྲེག་མནན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་གསོལ་པ་ནི། མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །གཟུགས་བརྙན་དཀྱིལ་འཁོར་ཇི་ལྟར་བྲི། །ཐབས་ནི་གང་། ཞེས་གསོལ་པ་དང་། བཀའ་སྩལ་པ་ནི། གྲུ་གསུམ་ཟླ་གམ་མུ་ཁྱུད་ཟླུམ། །གྲུ་བཞི་པ་ལ་འཁོར་ལོ་བརྒྱད། །བར་ཁྱམས་དང་ནི་སྒོ་བཞིར་བཅས། །གྲུ་གསུམ་ནག་ལ་ཟླ་གམ་དམར། །མུ་ཁྱུད་དཀར་ལ་གྲུ་བཞི་སེར། །གོང་རས་ལྗང་ལ་འཁོར་ལོ་སེར། །རྩིབས་མཆན་དམར་ལ་མཚམས་བྱེད་དཀར། །གྲུ་ཆད་ལྗང་ལ་བར་ཁྱམས་དམར། །སྒོ་ནི་རིགས་བསྟུན་རྟ་བབས་མཛེས་པར་བྱ། །དུར་ཁྲོད་རིན་ཆེན་རྒྱན་གྱིས་བརྒྱན། །དབུས་སུ་བཅོམ་ལྡན་ཡབ་ཡུམ་སྟེ། །ཟླ་གམ་གྲུ་གསུམ་རྩེ་མོ་དང་། །མུ་ཁྱུད་གྲུ་བཞི་དག་ལ་དགོད། །རྣམ་རྒྱལ་གཤེད་པོ་རྟ་མགྲིན་དང་། །བདུད་རྩི་འཁྱིལ་པ་ཉིད་དང་བཞི། །རང་རང་གཟུངས་དང་སྲས་བཅས་ཏེ། །ཕྱོགས་ཀྱི་འཁོར་ལོའི་གདན་དག་ལ། །དྲི་ཟ་གཤིན་རྗེ་གྲུ་རྣམས་དང་། །གནོད་སྦྱིན་གདན་ལ་མཁས་པས་དགོད། །དབྱུག་སྔོན་མི་གཡོ་གཞན་མི་ཐུབ། །ཁམས་གསུམ་རྣམ་རྒྱལ་ཉིད་དང་བཞི། །རང་རང་གཟུངས་དང་སྲས་བཅས་རྣམས། །མཚམས་ཀྱི་འཁོར་ལོའི་གདན་དག་ལ། །མེ་ལྷ་སྲིན་པོ་རླུང་ལྷ་དང་། །དབང་ལྡན་གདན་དང་བཅས་པར་རོ། །མདུན་དུ་ཧཱུྃ་ཆེན་འཁོར་ལོ་བཅས། །རྒྱབ་ཏུ་སྟོབས་ཆེན་དེ་བཞིན་དུ། །ཚངས་དང་ས་བདག་གདན་ལ་གནས། །དབུས་ཀྱི་གནས་ལས་བཞི་མཐུན་ཏེ། །ཕྱི་རིམ་གྲུ་གསུམ་ཉི་ཤུ་བྱ། །བར་ཁྱམས་སྒོ་རྣམས་དེ་བཞིན་ཏེ། །


DNG022_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་རིན་ཆེན་བརྩེགས་པ་ལ། །ཀ་བ་བརྒྱད་དང་གདུང་བཅུ་གཉིས། །རྟ་བབས་དུར་ཁྲོད་རིན་ཆེན་བརྒྱན། །ཁ་དོག་ཡང་ནི་རིགས་དང་སྦྱར། །ཡང་ན་དམར་ནག་ཉིད་དུ་བྱ། །གྲུ་གསུམ་རྣམས་ནི་ཡུམ་གྱི་ཤེས་རབ་མཁའ། །ཉི་ཤུ་རྩ་གཅིག་ཤེས་པར་བྱ། །ཡབ་རྣམས་ཉི་ཤུ་རྩ་གཅིག་སྟེ། །སྟེང་འོག་ཕྱོགས་མཚམས་མ་ནོར་བར། །ཐམས་ཅད་ངོ་བོ་དགོད་པར་བྱ། །སྲས་ཀྱི་ཕུར་པ་གོང་བཞིན་ཏེ། །སྒོ་མ་རྣམས་ཀྱང་དེ་བཞིན་ནོ། །དབུས་སུ་ཟླ་གམ་སྒོ་ཅན་གྲུ་གསུམ་མཛེས། །མུ་ཁྱུད་ཕྱི་རིམ་རིན་ཆེན་འབར་བ་བརྒྱད། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །དཀྱིལ་འཁོར་ཉི་ཤུ་ལས་བཞི་ཚང་བར་བྱ། །བར་ཁྱམས་སྒོ་དང་རྒྱན་རྣམས་དེ་བཞིན་ཏེ། །ཟླ་གམ་དམར་ལ་གྲུ་གསུམ་ནག །སྒོ་ནི་མི་འགྱུར་མཐིང་ནག་སྟེ། །སྒོ་ཁྱམས་ཤིན་ཏུ་མཛེས་བྱས་ལ། །མུ་ཁྱུད་དཀར་ལ་རིན་ཆེན་སྔོ། །ཟུར་མཚན་དམར་ལ་མཐའ་སྡུད་དཀར། །གྲུ་ཆད་ནག་ལ་ཁྱམས་བཞི་སེར། །ལས་བཞིའི་དབྱིབས་ནི་གང་དང་མཐུན། །ཁྱམས་དང་སྒོ་རྒྱན་དེ་བཞིན་ཏེ། །དབུས་སུ་བདུད་འདུལ་ཡབ་ཡུམ་སྟེ། །སྤྱན་སྔར་རྡོ་རྗེ་འདུས་པ་གཟུངས་མར་བཅས། །ཕྱོགས་བཞི་རིན་ཆེན་དག་ལ་ནི། །རིགས་བཞིའི་སྲས་མཆོག་རིམ་པར་དགོད། །མཚམས་ལ་རིགས་ཀྱི་ཡུམ་བཞི་སྟེ། །ཚོམ་བུའི་དཀྱིལ་འཁོར་ཉི་ཤུ་ལ། །ཐབས་དང་ཤེས་རབ་གོང་བཞིན་ནོ། །གཞན་རྣམས་ཀྱང་ནི་དེ་བཞིན་ཏེ། །གཟུགས་བརྙན་དཀྱིལ་འཁོར་དེ་སྐད་གསུངས། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་བཅའ་བའི་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་གསོལ་བ་ནི། རྡོ་རྗེ་ཁྲོས་པ་མི་བཟད་པས། །དྲེགས་པ་ཆེན་པོ་བསྒྲལ་བའི་ཚེ། །དུས་གསུམ་རྒྱལ་བའི་རྒྱུད་བསྐུལ་ཞིང་། །དྲག་ཤུལ་རྗེས་སུ་སྤྱོད་པའི་ཚེ། །ལྷ་རྣམས་བསྟོད་བསྐུལ་ཇི་ལྟར་ལགས། །མི་བཟད་ཁྲོས་པས་བཤད་དུ་གསོལ། །ཞེས་གསོལ་པས། མི་བཟད་ཁྲོས་པའི་


DNG022_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །དབུས་ཀྱི་ཁྲག་འཐུང་བདག་ཉིད་དཔལ། །རྣམ་པར་ཐར་པའི་དབུ་གསུམ་ལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །མེ་དཔུང་ཁ་ཊྭཱཾ་རི་རབ་ཕུར་པ་འདྲིལ། །རྫུ་འཕྲུལ་ཆེན་པོ་བཞི་ཡི་ཞབས་དག་གིས། །དྲེགས་པ་ཕོ་མོ་ཉི་ཟླ་པདྨའི་གདན་ལ་བཞུགས། །འཇིགས་བྱེད་སྐུ་ལ་དུར་ཁྲོད་རྒྱན་གྱིས་བརྒྱན། །གླང་ཆེན་སྟག་ཆས་ཞིང་ཆེན་གཡང་གཞིས་བཀླུབས། །ཐོད་སྦྲུལ་ལ་སོགས་སྐུ་ལ་རྒྱན་གྱིས་བརྒྱན། །ཐལ་ཆེན་ཞགས་དང་རཀྟའི་ཐིག་ལེས་བརྒྱན། །རྡོ་རྗེ་གཤོག་པས་སྲིད་གསུམ་ཟིལ་གྱིས་གནོན། །བསྐལ་པའི་མེ་ལྟར་འབར་བའི་ཀློང་ན་བཞུགས། །དཔའ་སྒེག་འཇིགས་སུ་རུང་བའི་སྐུ་མངའ་བའི། །རྒོད་དང་གཤེ་དང་འཇིགས་བྱེད་གསུང་གི་མཆོག །སྙིང་རྗེ་རྔམས་དང་ཞི་བྱེད་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ལ་ཕྱག་འཚལ་བསྟོད། །གཡོན་ནས་ཡུམ་ཆེན་ཨེ་ཀ་ཙ་ཏི་མ། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་། །ཁ་ཊྭཱཾ་ཨུཏྤལ་དྲིལ་བུ་དང་། །བྷནྡྷ་རཀྟ་རྡོ་རྗེས་དཀྲུག་ཅིང་གསོལ། །རི་རབ་ཕུར་བུ་འདྲིལ་ཞིང་འདེབས། །རྒྱན་རྣམས་ཀུན་གྱིས་ལེགས་བརྒྱན་ཅིང་། །གསང་བའི་ཡུམ་ཆེན་ཉིད་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་ཉིད་ལས་འཁྲུངས་པའི་སྲས་མཆོག་ཀཱི་ལ་ཡ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དུས་ལ་བབ། །རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །མཐིང་ནག་ཞལ་གཅིག་ཕྱག་བཞི་སྐུ་སྨད་ཟུར་གསུམ་པོ། །རྡོ་རྗེ་སྟྭ་རེ་ཁ་ཊྭཱཾ་རི་རབ་ཕུར་བུ་འདྲིལ། །རིགས་ཀྱི་ཡུམ་འཁྲིལ་ཚངས་པ་བརྒྱ་བྱིན་གདན་ལ་བཞུགས་ཏེ་ལས་རྣམས་མ་ལུས་མཛད། །ཞེ་སྡང་ཆེན་པོའི་ཕྲིན་ལས་དུས་ལ་བབ། །རིན་ཆེན་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྨུག་ནག་ཞལ་གཅིག་ཕྱག་བཞི་སྐུ་སྨད་ཟླུམ། །འཁོར་ལོ་སྟྭ་རེ་རི་རབ་ཕུར་བུ་འདྲལ། །རིགས་ཀྱི་ཡུམ་འཁྲིལ་ཚངས་པའི་གནས་ལ་བཞུགས་ཏེ་ཞི་བའི་ཕྲིན་ལས་


DNG022_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །གཏི་མུག་ཆེན་པོའི་ཕྲིན་ལས་དུས་ལ་བབ། །རིན་ཆེན་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སེར་ནག་ཞལ་གཅིག་ཕྱག་བཞི་སྐུ་སྨད་ཟུར་བཞི་སྟེ། །རིན་ཆེན་སྟྭ་རེ་ཁ་ཊྭཱཾ་རི་རབ་ཕུར་བུ་འདྲིལ། །རིགས་ཀྱི་ཡུམ་འཁྲིལ་མ་ཧཱ་དེ་བའི་གདན་ལ་བཞུགས་ནས་རྒྱས་པའི་ཕྲིན་ལས་མཛད། །ང་རྒྱལ་ཆེན་པོའི་ཕྲིན་ལས་དུས་ལ་བབ། །པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །དམར་ནག་ཞལ་གཅིག་ཕྱག་གཉིས་སྐུ་སྨད་ཟླ་གམ་རེ། །པདྨ་སྟྭ་རེ་ཁ་ཊྭཱཾ་རི་རབ་ཕུར་བུ་འདྲིལ། །རིགས་ཀྱི་ཡུམ་འཁྲིལ་ཁྱབ་འཇུག་གདན་ལ་བཞུགས་ཏེ་དབང་གི་ཕྲིན་ལས་མཛད། །འདོད་ཆགས་ཆེན་པོའི་ཕྲིན་ལས་དུས་ལ་བབ། །ཀརྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ལྗང་ནག་ཞལ་གཅིག་ཕྱག་བཞི་སྐུ་སྨད་ཟུར་གསུམ་སྟེ། །རྒྱ་གྲམ་སྟྭ་རེ་ཁ་ཊྭཱཾ་རི་རབ་ཕུར་པ་འདྲིལ། །རིགས་ཀྱི་ཡུམ་འཁྲིལ་དབང་ཕྱུག་ཆེན་པོའི་གདན་ལ་བཞུགས་ཏེ་དྲག་པོའི་ཕྲིན་ལས་མཛད། །ཕྲག་དོག་ཆེན་པོའི་ཕྲིན་ལས་དུས་ལ་བབ། །སྟེང་ཕྱོགས་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །ཧཱུྃ་མཛད་དཀར་དམར་སྔོན་ཏེ་རྡོ་རྗེ་དུང་། །མདའ་གཞུ་འགེངས་དང་རི་རབ་ཕུར་བུ་འདྲིལ། །ཚངས་པ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །སྒྲ་འབྱིན་སྐུ་འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པའི་ཕྲ་མེན་ཕག་དང་སྨིག་བུའི་མགོ། །རོལ་པ་ཆེན་པོའི་ཕྲིན་ལས་དུས་ལ་བབ། །ཤར་ཕྱོགས་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །རྣམ་པར་རྒྱལ་བ་དཀར་དམར་སྐྱ་སྟེ་རྡོ་རྗེ་དང་། །འཁོར་ལོ་ལྕགས་ཀྱུ་ཏྲི་ཤུལ་རི་རབ་ཕུར་བུ་འདྲིལ། །བརྒྱ་བྱིན་ཕོ་མོ་བསྣོལ་བའི་གདན་སྟེང་ན། །མདའ་སྙེམས་སྐུ་འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པ་ཕྲ་མེན་སྟག་དང་བྱ་རྒོད་མགོ། །ཟློག་བྱེད་ཆེན་པོའི་ཕྲིན་ལས་དུས་ལ་བབ། །ཤར་ལྷོ་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །དབྱུག་པ་སྔོན་པོ་དཀར་དམར་སྔོ་སྟེ་རྡོ་རྗེ་དུང་། །རིན་ཆེན་དབྱུག་པ་མེ་དཔུང་རི་རབ་ཕུར་བུ་འདྲིལ། །མེ་ལྷ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །སྡེར་མོ་སྐུ་


DNG022_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པའི་ཕྲ་མེན་གཡག་དང་བྱ་རོག་མགོ། །འཇོམས་བྱེད་ཆེན་པོའི་ཕྲིན་ལས་དུས་ལ་བབ། །ལྷོ་ཕྱོགས་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །གཤིན་རྗེ་གཤེད་པོ་སྔོ་ནག་མཐིང་སྟེ་རྡོ་རྗེ་དང་། །བེ་ཅོན་དབྱུག་ཏོ་རལ་གྲི་རི་རབ་ཕུར་བུ་འདྲིལ། །གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །དུར་ཁྲོད་སྐུ་འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པའི་ཕྲ་མེན་ཤ་བ་འུག་པའི་མགོ། །འཇིགས་བྱེད་ཆེན་པོའི་ཕྲིན་ལས་དུས་ལ་བབ། །ལྷོ་ནུབ་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །མི་གཡོ་མགོན་པོ་མཐིང་དམར་སྨུག་ཏེ་རྡོ་རྗེ་དུང་། །སྤུ་གྲི་ཞགས་པ་རི་རབ་ཕུར་བུ་འདྲིལ། །སྲིན་པོ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །གཏུན་ཁུང་སྐུ་འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པའི་ཕྲ་མེན་གཟིག་དང་ཁྭ་ཡི་མགོ། །མི་འགྱུར་ཆེན་པོའི་ཕྲིན་ལས་དུས་ལ་བབ། །ནུབ་ཕྱོགས་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །རྟ་མགྲིན་དཀར་སྔོན་དམར་ཏེ་རྡོ་རྗེ་དུང་། །རལ་གྲི་སྦྲུལ་ཞགས་རི་རབ་ཕུར་བུ་འདྲིལ། །ཆུ་ལྷ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །གཏུམ་མོ་སྐུ་འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ། །བརྗིད་པ་ཆེན་པོའི་ཕྲིན་ལས་དུས་ལ་བབ། །ནུབ་བྱང་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །གཞན་གྱིས་མི་ཐུབ་དམར་ནག་ལྗང་སྟེ་རྡོ་རྗེ་དུང་། །བ་དན་རྡུལ་གཡབ་རི་རབ་ཕུར་བུ་འདྲིལ། །རླུང་ལྷ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །མདའ་སྙེམས་སྐུ་འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པའི་ཕྲ་མེན་སྤྱང་ཀུ་ཁྲ་ཡི་མགོ། །ཁྱོ་ཤུག་ཆེན་པོའི་ཕྲིན་ལས་དུས་ལ་བབ། །བྱང་ཕྱོགས་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །བདུད་རྩི་འཁྱིལ་པ་དུད་སེར་ལྗང་སྟེ་རྡོ་རྗེ་དུང་། །རྒྱ་གྲམ་དྲིལ་བུ་རི་རབ་ཕུར་པ་འདྲིལ། །གནོད་སྦྱིན་ཕོ་མོ་བསྣོལ་བའི་གདན་སྟེང་ན། །རླུང་འབྱིན་སྐུ་འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པའི་ཕྲ་མེན་སེང་གེ་ཕ་ཝང་མགོ། །གཟིར་བའི་ཕྲིན་ལས་ཆེན་པོ་མཛད་དུ་གསོལ། །བྱང་ཤར་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །ཁམས་གསུམ་རྣམ་རྒྱལ་ལྗང་


DNG022_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྐྱ་སྟེ་རྡོ་རྗེ་དུང་། །མདའ་གཞུ་ཁ་ཊྭཱཾ་རི་རབ་ཕུར་བུ་འདྲིལ། །དབང་ལྡན་ཕོ་མོ་བསྣོལ་བའི་གདན་སྟེང་ན། །གསོད་མ་སྐུ་འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པའི་ཕྲ་མེན་དྲེད་དང་སྲེ་མོའི་མགོ། །སྒྲོལ་བའི་ཕྲིན་ལས་ཆེན་པོ་མཛད་དུ་གསོལ། །འོག་ཕྱོགས་གྲུ་གསུམ་རྡོ་རྗེའི་བྲག་སྟེང་ན། །སྟོབས་ཆེན་ལྗང་སེར་དུད་ཀ་རྡོ་རྗེ་དུང་། །ཐོ་བ་གཏུན་ཤིང་རི་རབ་ཕུར་པ་འདྲིལ། །ས་བདག་ཕོ་མོ་བསྣོལ་བའི་གདན་སྟེང་ན། །བསྐྱོད་མ་སྐུ་འདྲ་འཁྲིལ་སྦྱོར་རོལ་པ་ལས། །སྤྲུལ་པའི་ཕྲ་མེན་དོམ་དང་བྱི་བའི་མགོ། །འདེབས་པའི་ཕྲིན་ལས་ཆེན་པོ་མཛད་དུ་གསོལ། །དཀར་མོ་པུ་ཤུད་མགོ་ཅན་ཕུར་བུ་ལྕགས་ཀྱུ་འཛིན། །སྙིང་རྗེ་ཆེན་པོས་ཕྲིན་ལས་མཛད་དུ་གསོལ། །སྔོན་མོ་སྐྱེ་ག་མགོ་ཞགས་འཛིན་ཕུར་པ་འདྲིལ། །བྱམས་པ་ཆེན་པོའི་ཕྲིན་ལས་མཛད་དུ་གསོལ། །དམར་མོ་སྲིན་བྱའི་མགོ་ཅན་ཕུར་བུ་ལྕགས་སྒྲོག་ཅན། །དགའ་བའི་ཕྲིན་ལས་ཆེན་པོ་མཛད་དུ་གསོལ། །ལྗང་ནག་ཁྲ་མགོ་དྲིལ་བུ་ཕུར་བུ་འདྲིལ། །བཏང་སྙོམས་ཆེན་པོའི་ཕྲིན་ལས་མཛད་དུ་གསོལ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། ལྷ་ལ་བསྟོད་ཅིང་ཕྲིན་ལས་བཅོལ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་ཁྲོས་པའི་རྒྱལ་པོས། དྲེགས་པ་ཕོ་མོའི་ཆུང་མ་རྣམས། །མ་ཆགས་ཐབས་ཀྱི་སྦྱོར་བ་ལས། །དགྱེ་བའི་ཕྲིན་ལས་སྤྲོས་པ་ཡི། །མཁའ་འགྲོ་མ་རྣམས་ཇི་ལྟར་སྒྲུབ། །ཅེས་གསོལ་པས། བཀའ་སྩལ་པ་ནི། རྡོ་རྗེ་མཁའ་འགྲོ་སྒྲུབ་པར་འདོད་པས། དུར་ཁྲོད་ཆེན་པོ་རབ་དབེན་པར། །ར་བ་ཡར་གྱི་ངོ་ལ་འཇུག །དཀྱིལ་འཁོར་ཟླ་གམ་ལེའུ་དགུ་པ་ལས། །གྲུ་ཆད་དང་ནི་གློ་འབུར་དང་། །བར་ཁྱམས་སྒོ་རིམ་གཉིས་པར་བྱ། །དབུས་སུ་སྔགས་ཀྱི་བདག་པོ་སྟེ། །གཟུགས་དང་བཅས་ནས་དགོད་པར་བྱའོ། །གོའུ་རཱི་ཙོའུ་རཱི་པྲ་མོ་བཻ་ཏཱ་ལི། །ཕྱོགས་ཀྱི་ལེའུ་ཙེ་དག་ལ་དགོད། །པུཥྐ་གྷསྨ་ཙཎྜ་ལཱི། །


DNG022_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་ལེའུ་ཚེ་དག་ལ་དགོད། །སེང་གདོང་སྟག་དང་ཝ་དང་སྤྱང་ཀི་རྣམས། །ཕྱོགས་ཀྱི་གློ་འབུར་བཞི་ལའོ། །བྱ་རྒོད་དུར་བྱ་བྱ་རོག་འུག་པའི་མགོ། །མཚམས་ཀྱི་གྲུ་ཆད་དག་ལའོ། །རྟ་གདོང་ཕག་དང་སྦྲུལ་དང་སེང་གེ་བཞི། །དང་པོའི་སྒོ་བཞི་དག་ལའོ། །སྲིན་མོ་ཚངས་མ་ལྷ་ཆེན་གསུམ། །ཤར་སྟོད་ལྕགས་རི་དག་ལའོ། །གཏོགས་འདོད་གཞོན་ནུ་བརྒྱ་བྱིན་གསུམ། །ཤར་སྨད་ལྕགས་རི་དག་ལའོ། །རྡོ་རྗེ་བདུད་རྩི་ཟླ་བ་གསུམ། །ལྷོ་སྟོད་ལྕགས་རི་དག་ལའོ། །བེ་ཅོན་སྲིན་མོ་ཟླ་བ་གསུམ། །ལྷོ་སྨད་ལྕགས་རི་དག་ལའོ། །དགའ་བ་སྟོབས་ཆེན་རྡོ་རྗེ་གསུམ། །ནུབ་སྟོད་ལྕགས་རི་དག་ལའོ། །འདོད་པ་ནོར་སྲུང་རླུང་ལྷ་གསུམ། །ནུབ་སྨད་ལྕགས་རི་དག་ལའོ། །གསོད་བྱེད་ཆེན་མོ་ཕག་མོ་གསུམ། །བྱང་སྟོད་ལྕགས་རི་དག་ལའོ། །རྒན་བྱེད་སྣ་ཆེན་ཆུ་ལྷ་གསུམ། །བྱང་སྨད་ལྕགས་རི་དག་ལའོ། །རྡོ་རྗེ་ནག་པོ་རྡོ་རྗེ་སྡེར། །རྡོ་རྗེ་དམར་མོ་ལྗང་ནག་བཞི། །ཕྱི་ཡི་སྒོ་བཞི་དག་ལའོ། །དེ་ཡི་ལྕགས་རི་ནག་པོ་ལའོ། །མཁའ་འགྲོ་གིང་དང་ཕོ་ཉ་སྲིང་མོ་རྣམས། །རང་བཞིན་དོན་གྱིས་གནས་པར་བྱའོ། །ཡང་ན་སྙིང་པོ་ལྔ་བཅུ་ཉིད། །ཐོད་བུ་དག་ལ་བྲིས་ཏེ་དགོད། །ཡང་ན་ཕྱག་མཚན་ལྔ་བཅུ་ཉིད། །སོ་སོའི་གནས་སུ་དེ་བཞིན་ནོ། །དུར་ཁྲོད་ཐོད་པའི་ནང་ཉིད་དུ། །རས་ཆེན་སྡོང་བུ་གསུམ་སྒྲིལ་དུ། །སྣང་བའི་འོད་ཅན་ཉིད་དུ་དགོད། །ཡང་ན་ཡབ་ཡུམ་བྱང་སེམས་ཀྱིས། །གསང་བའི་ཐིག་ལེ་ལྔ་བཅུ་བྱ། །རྡོ་རྗེ་ཤ་ཆེན་ཐང་མར་བདལ། །དམར་གྱི་རཀྟ་རྒྱ་མཚོར་བསྐྱིལ། །རུས་པའི་ཕུང་པོ་རི་ལྟར་སྤུངས། །ཞིང་ཆེན་གཡང་གཞི་སྤྲིན་ལྟར་གཏིབས། །སྤྲིན་ཆེན་ལྡ་ལྡི་བྱེ་ལྟར་བཀྲམ། །བ་སུའི་རྒྱུ་ཕྲེང་འཁོར་བར་ལྡན། །གསུར་ཆེན་དུད་པ་རྒྱུན་མི་གཅད། །མཆོད་པའི་རིམ་པ་ཅི་འབྱོར་དང་། །ཡོ་བྱད་ལ་སོགས་བཅད་ལ་བྱ། །དེ་ནས་རྣལ་འབྱོར་བློ་ལྡན་གྱིས། །ཕྱི་ནང་རྒྱུ་འགྲུལ་དམ་དུ་བསྡམས། །ཆག་ཉམས་དམ་བཤགས་བྱིན་དབབ་སྟེ། །


DNG022_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་གདབ་མཆོད་རྫས་བྱིན་གྱིས་བརླབ། །དམ་བཅས་རྣལ་འབྱོར་ཚུལ་ཕྱག་ནི། །རྒྱལ་བའི་མཛད་སྤྱོད་གཞུང་ལ་བསྙེག །ཐུགས་དམ་བཞིན་དུ་སྙན་གསན་གསོལ། །རང་བཞིན་གནས་ནས་སྤྱན་དྲངས་ཏེ། །ཏིང་འཛིན་བསྐྱེད་དེ་ཉིད་ལ་བསྡིམ། །སྐུ་གསུང་ཐུགས་ཀྱི་གཟི་བྱིན་བསྐྱེད། །སེམས་ཅན་དོན་དུ་བརྟན་པར་བྱ། །ཁམས་གསུམ་ཀུན་གྱི་གདུག་པ་དང་། །འཁོར་གྱི་མ་ཚོགས་ཟིལ་གྱིས་གནོན། །ཡེ་ཤེས་ལྷ་ལ་དབང་མི་བཟའ་ཕྱིར་ཕྱག་ཀྱང་བཙལ། །འགྲོ་བའི་དོན་དུ་དམ་བཅས་ཏེ། །ཀུན་ཏུ་བཟང་པོ་ལྔས་མཆོད་ནས། །བདུད་རྩི་རཀྟ་གཏོར་མ་གུས་དབུལ་བསྟོད། །དོན་གསོལ་རོལ་མོ་ཡིད་འོང་སྒྲོགས། །འབྱོར་པ་ཚོགས་མཆོད་དུས་དྲུག་རྒྱུན་མི་གཅད། །མ་ནོར་མ་བཅོས་དབྱིངས་ཉིད་དང་། །རང་བཞིན་ལྷུན་གྱིས་གྲུབ་པའི་གནས། །མི་དམིགས་ནམ་མཁའི་ཀློང་དུ་བསྒྲུབ། །བདེ་ཆེན་བྱང་ཆུབ་བརྟན་པར་བཟུང་། །གཉིས་མེད་མཚོན་པའི་ལམ་བཟང་པོ། །སྲིད་པ་དབང་དུ་བསྡུས་ནས་ནི། །ཁམས་གསུམ་ཀུན་ལས་འདས་པ་སྟེ། །འདི་ནི་བདག་གི་བྱང་ཆུབ་སེམས། །རྒྱུ་མཆོག་འབྲས་བུ་ཡི་གེ་ཧཱུྃ། །སྲིད་པ་གསུམ་ལ་དབང་བསྒྱུར་ཅིང་། །བཅོམ་ལྡན་འདས་དང་སྐལ་བ་མཉམ། །བྱང་ཆུབ་སེམས་ནི་མངོན་སུམ་བརྟན། །ཨཱ་ཨཱེ། བཾ་མ། ཡཾ། རཾ། སུ། ཀེཾ། བྷྲཱུཾ། བྷནྡྷ་བྷྲཱུཾ། ཨེ་བཾ་བྷྲཱུཾ། ནམ་མཁའ་རྡོ་རྗེ་རླུང་ནག་རྒྱ་མཚོ་དང་། །ས་གཞི་ཀེང་རུས་རི་རབ་སྟེ། །འབྱུང་ཆེན་ལྔ་ལས་གྲུབ་པའི་གཞལ་ཡས་ནི། །དབྱིབས་དང་ཁ་དོག་མཚན་ཉིད་ནི། །སོ་སོར་གསལ་ཀྱང་མ་འདྲེས་ཏེ། །ཡེ་ནས་མ་བཅོས་ཡུམ་ཆེན་ལྔ་ཡི་ངང་། །བརྗོད་བྲལ་སྤྲོས་བྲལ་འཁོར་ལོ་རྒྱས་འདེབས་ཀློང་། །མཁའ་མཉམ་རིན་ཆེན་འབར་བའི་གཞལ་ཡས་ནི། །ནམ་མཁའི་མཐའ་ལྟར་ཀུན་ཏུ་ཁྱབ་པར་བདལ། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །དུར་ཁྲོད་འབར་བའི་གཞལ་ཡས་ནི། །ཞིང་ཆེན་གཅལ་བཀྲམ་རྨད་དུ་བྱས། །བྷནྡྷ་སྐམ་རློན་རྩིག་ཏུ་བརྩིགས། །གནམ་


DNG022_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་གཟེར་བཏབ་རྒྱན་རྣམས་རྫོགས། །གདན་ཚོགས་འབར་བའི་གཞལ་ཡས་ནི། །དབུས་ཀྱི་ཟླ་གམ་སྒོ་ཅན་ལིང་ཙེ་དགུ། །གྲུ་ཆད་གློ་འབུར་སྒོ་རིམ་གཉིས་ཀྱིས་མཛེས། །རིན་ཆེན་དུར་ཁྲོད་རྒྱན་གྱིས་བརྒྱན་པར་གསལ། །ལྷ་རྣམས་ཀུན་ལ་བརྒྱ་རྩ་བརྒྱད། །རུ་ལུ་འོད་ཀྱིས་གནས་སྦྱང་དང་། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་སྒྲུབ་ཆེན་རྫོགས་པར་བྱ། །ཡན་ལག་བཞི་དང་ལྡན་བྱས་ན། །མཚན་མ་འབྱུང་བར་གདོན་མི་ཟ། །གསུང་གི་ངོ་བོ་ཧཱུཾ་ཉིད་ལས། །ཐུགས་ཀྱི་ཕྱག་རྒྱ་རབ་འབར་ནས། །ཕྲ་མོ་སྐུ་ཡི་འཕྲོ་འདུ་ལས། །ཡབ་ཡུམ་རྩ་བའི་སྐུར་གསལ་ཏེ། །རིན་ཆེན་འབར་བའི་ཁྲི་སྟེངས་སུ། །མ་ཧཱ་དེ་བི་སྣི་སྣོལ་ཁ། །ཉི་ཤུ་གསལ་བའི་དཀྱིལ་འཁོར་ལ། །ཆགས་མེད་པདྨ་ཁ་སྟོད་རྒྱས། །ཧཱུཾ་ཧཱུཾ། བཛྲ་བྷནྡྷ་ཛྙཱ་ན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་སྭཱ་ཧཱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨ་མ་ཏི་ཛི་ཏི་སྟར་སྡི་སྡི་ར་བཾ། རཏྣ་མ་ཧཱ་སཱུརྱ་ཙནྡྲ་པདྨ་མཎྜ་ལ། རྡོ་རྗེ་པདྨར་ལྡན་བྱས་ནས། །བྱང་ཆུབ་སེམས་ནི་ཉི་ཟླའི་འོད། །ཐིམ་པས་ཐིམ་གྱུར་གཉིས་ཀ་སྤྲོ། །གཉིས་མེད་དགྱེས་པའི་བྱིན་བརླབས་ལས། །དེ་ནས་དགྱེས་ཏེ་ཧ་བརྗོད་པས། །གནས་ཀྱི་ལྷ་མོ་བརྒྱད་འཐོན་ཏེ། །ཕྱོགས་བཞི་མཚམས་བརྒྱད་ཉིད་དུ་ནི། །ངོ་མཚར་སྟན་དང་ལག་ཆར་ལྡན། །ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། དེ་ནས་དགྱེས་ཏེ་ཧེ་བརྗོད་པས། །ཡུལ་གྱི་ལྷ་མོ་བརྒྱད་འཐོན་ཏེ། །གྲུ་ཆད་གློ་འབུར་དག་ལ་ཡང་། །ངོ་མཚར་ཆས་ནས་གོང་བཞིན་ནོ། །ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། དེ་ནས་དགྱེས་ཏེ་ཕཊ་བརྗོད་པས། །ཡེ་ཤེས་སྒོ་མ་བཞི་འཐོན་ཏེ། །གཞལ་ཡས་ཆེན་པོའི་སྒོ་བཞིར་འཁོད། །ཕཊ་ཕཊ་ཕཊ་ཕཊ། བཛྲ་ཨེ། མ་སཱུརྱ་མཎྜ་ལ་ཧཱུཾ། ཨ་ཙཎྜ་མཎྜ་ལ་ཨཱོཾ། མ་ཧཱ་བོ་དྷི་ཙིཏྟ་མཎྜ་ལ་ཧཱུཾ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཞེས་དགྱེས་པའི་ཕྲིན་ལས་སྤྲོས་ཏེ། ཕྱི་ཡི་ཁྱམས་དང་སྒོ་ལ་འཁོད། །ཡེ་ཤེས་


DNG022_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རྣམས་འཐོན་ཏེ། །སྔོན་གྱི་རྒྱལ་བའི་མཛད་སྤྱོད་བཞིན། །ལས་ཀྱི་མ་ཚོགས་ཟིལ་གྱིས་མནན། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་དང་། །བྱིན་རླབ་དབང་བསྐུར་སྔོན་བྱུང་བཞིན། །ཆོ་འཕྲུལ་ཆེན་པོའི་རང་བཞིན་དུ། །མཁས་པས་ནན་ཏན་བསྐྱེད་དེ་བྱ། །བཛྲ་གོའུ་རཱི་ཧ། བཛྲ་ཙོའུ་རཱི་ཧ། བཛྲ་པྲ་མོ་ཧ། བཛྲ་བེ་ཏ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷ་སྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། བཛྲ་སེང་ཧ་མུ་ཁཱི་ཧེ། བཛྲ་བྱ་གྷྲ་མུ་ཁཱི་ཧེ། བཛྲ་ཤྭ་ན་མུ་ཁཱི་ཧེ། བཛྲ་གྲྀ་ཌྷ་མུ་ཁཱི་ཧེ། བཛྲ་ཀང་ཀ་མུ་ཁཱི་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧེ། ཕཊ་ཨཱརྱ་ཏེ་ཙ་ཏེ་ཛ། ཕཊ་ཨ་མུ་ཀ་སི་ཏི་ཧཱུྃ་ཕཊ། ཕཊ་བཛྲ་ལོ་ཀ་བཾ། ཕཊ་བཛྲ་བྷ་སྨི་པ་ལ་ཡ་བ་ཏུ་ཧོ། མ་ནུ་རཀྵ་སཱི་བྷྱོ། བྲ་ཧྨ་ཎཱི་བྷྱོ། རོའུ་ཏྲཱི་བྷྱོ། བིཥྞ་བེ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྡྲ་ཎཱི་བྷྱོ། བཛྲ་པིང་ག་ལམ་བྷྱོ། ཨ་ཧྲཱུཾ་ཏཾ་བྷྱོ། སོའུ་མ་བྷྱོ། དནྜ་དཾ་བྷྱོ། རཀྵ་སཱི་བྷྱོ། བྷཀྵ་སཱི་བྷྱོ། ར་ཏི་བཛྲ་བྷྱོ། རུ་དྷི་ར་མཏྟཱ་བྷྱོ། ཨེ་ཀེ་ཙ་ཏི་ཎཱི་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཱ་བྷྱོ། བ་ཡ་བཱེ་བྷྱོ། མ་ཧཱ་མ་ར་ཎ་བྷྱོ། ཨ་བྷྱོ། བ་ར་ཧཱི་བྷྱོ། ཙ་མུཎྚི་བྷྱོ། སུ་ཏ་ནི་བྷྱོ། བ་རུ་ཎཱི་བྷྱོ། མ་ཧཱ་ཀཱ་ལཱི་བྷྱོ། ཙ་ཀཱ་ལ་བྷྱོ། ཀུམྦྷ་ཀཪྞ་བྷྱོ། བཛྲ་ལཾ་བོ་ད་ར་བྷྱོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཧཱུཾ་དཱིཔྟ་ཙཀྲ་ཧ་ཧེ་ཕཊ་བྷྱོ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ངེས་པའི་དོན་དུ་རྡོ་རྗེ་མཁའ་འགྲོ་རྣམས། །གདེང་ལྡན་རྣལ་འབྱོར་དག་གིས་བསྒྲུབ་གྱུར་ན། །ལས་ཀྱི་མཁའ་འགྲོ་འཁོར་བཅས་ཀྱིས། །དམ་བཅས་བཞིན་དུ་རྟགས་དང་མཚན་མའི་བརྡ་སྟོན་ཏེ། །གདེང་མེད་དག་ལ་སྟོན་པར་ག་ལ་འགྱུར། །བརྡ་དང་ལན་དུ་མ་འབྱོར་ན། །ཐབས་མེད་ཤེས་རབ་ཟང་ཀ་བས། །བརྡ་ལ་ལན་དུ་བརྩོན་པར་བྱའོ། །ལྷ་མོའི་དག་གི་སྤྲུལ་པ་དག །གང་ཞིག་སོར་མོ་གཅིག་སྟོན་པ། །ངེས་པར་ལེགས་པར་འོང་བ་ཡིན། །དེ་ཡིས་སོར་མོ་གཉིས་སྟོན་པ། །གཡོན་པའི་མཐེ་བོང་བཅངས་པ་ལས། །


DNG022_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བསྙུན་མེད་ཕྱག་རྒྱའི་བརྡ་ཡིན་ཏེ། །གཡས་པའི་མཐེ་བོང་བསྟན་པར་བྱ། །དོན་དམ་བདེན་པ་ལྡན་དྲི་བའི། །གང་ཞིག་སྲིན་ལག་སྟོན་པ་ན། །དེ་ཡིས་མཐེ་ཆུང་བསྟན་པར་བྱ། །ཀུན་རྫོབ་བདེ་ལྡན་དྲི་བ་ཡི། །གང་ཞིག་མཛུབ་མོ་སྟོན་པ་ལ། །དེ་ཡིས་གུང་མོ་བསྟན་པར་བྱ། །ཐབས་དང་ཤེས་རབ་ལྡན་འདྲི་བ། །གང་ཞིག་སྲིན་མཐེབ་སྟོན་པ་ལ། །དེ་ཡིས་མགྲིན་པའི་རུས་ཕྲེང་བསྟན། །ལྷ་ཡི་སྐུར་བསྒོམ་ནུས་པ་ཡི། །གང་ཞིག་གོས་ནི་སྟོན་པ་ལ། །དེ་ཡིས་དབྱུག་ཏོ་མུ་ཏྲ་བསྟན། །སྦྱོར་བའི་བྱེད་པ་དམ་པ་ཡི། །གང་ཞིག་ནུ་མ་སྟོན་པ་ལ། །དེ་ལ་གསང་བའི་རྡོ་རྗེ་བསྟན། །བདེན་རྫུན་ལེགས་པར་འདྲི་བ་ཡི། །གང་ཞིག་གསུས་པའི་སོ་སྟོན་ན། །ཁ་དང་ལྕེ་ནི་རབ་ཏུ་སྟོན། །བདེན་ན་སྦྱོར་བ་བྱ་བ་ཡིས། །གང་ཞིག་འཁྲིལ་དགུ་སྟོན་པ་ལ། །བདག་གི་སྤྱི་གཙུག་དགོ་བར་བྱ། །སྦྱོར་བ་མ་ནུས་སྡིགས་བྱེད་པའི། །དེ་ཡི་ཁྲོ་གཉེར་སྟོན་པ་ལ། །དེ་ཡི་ལག་མཐིལ་བསྟན་ཏེ་བསྡིག་མི་དགོས། །སྦྱོར་བའི་དོན་ལ་ཉལ་ལོ་བའི། །དེ་ཡིས་རྐང་མཐིལ་སྟོན་པ་ལ། །དེ་ཡི་གནས་དགུར་སེན་མོ་གདབ། །དེ་ལྟར་སྦྱོར་བ་བྱས་གྱུར་ན། །ཚིག་གི་དབང་གིས་སྲིན་མོ་འདུ་འགྱུར་ཏེ། །སླས་དང་གྲོགས་སུ་ཐེ་ཚོམ་མེད། །རུས་ཕྲེང་ལ་སོགས་རྒྱན་ཐོགས་ནས། །བདག་ལ་དབང་བསྐུར་བྱེད་འགྱུར་ན། །མཚན་མའི་ཆོ་འཕྲུལ་ཅི་བསྟན་ཡང་། །ཆོས་ཉིད་མཉམ་ལས་མ་གཡོས་ན། །བུ་ཡི་དམ་ཚིག་ཤེས་འགྱུར་ཏེ། །ཨེ་མ་ཧོ་བུ་ནི་རྡོ་རྗེ་ཆེ། །ཤིན་ཏུ་བརྩེ་བའི་མཚན་ཉིད་ཀྱིས། །མ་ལྟར་དགོས་པའི་དོན་བྱེད་འགྱུར། །བརྟུལ་ཞུགས་ཕྱག་རྒྱ་ལྡན་གྱུར་ན། །བྲན་དང་སྲིང་མོར་ཐེ་ཚོམ་མེད། །མ་བཅོལ་བཞིན་དུ་ལས་རྣམས་བྱེད་པ་ནི། །ནོར་བུ་རིན་ཆེན་བཞིན་དུ་རེ་བ་སྐོངས། །དེ་ནི་ལས་ཀྱི་མཁའ་འགྲོ་མའོ། །བདག་གི་བུ་མོའི་ཚོགས་ནི་ཡེ་ཤེས་མཁའ་འགྲོ་མའོ། །རིག་འཛིན་ས་ལ་སྨིན་ཏེ་མངོན་པ་ཉིད། །རྗེས་འཇུག་གང་ཞིག་རྣམ་ཤེས་ཕུང་པོ་ཡུལ་དང་ཁམས་


DNG022_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན། །མ་སྤངས་གནས་སུ་དག་སྟེ་སངས་རྒྱས་འདི་ཡིས་འགྲུབ། །ལས་ཀྱི་མཁའ་འགྲོ་བསྒྲུབས་པས་སངས་མི་རྒྱ། །བརྡ་དང་རྟགས་བསྟན་དེ་ཀུན་སྒྲིབ་པ་སྟེ། །མཚན་མའི་ཆོས་ཀྱིས་ཏིང་འཛིན་གཡེང་བའི་རྒྱུ། །དེ་བས་སེམས་དང་སེམས་ལས་བྱུང་བ་འབད་པར་བྱའོ། །ལས་ཀྱི་མཁའ་འགྲོ་འདུལ་བ་ཉིད། །ཡེ་ཤེས་མཁའ་འགྲོ་གྲུབ་པའི་ཤུགས་ལས་འབྱུང་བ་སྟེ། །དོན་དམ་དེ་ལ་བསྒྲུབ་པའི་རྟགས་མི་བཅའོ། །སྔོན་གྱི་དམ་པས་གསུང་རྒྱུ་ཚོགས་བསག་ཕྱིར། །ལས་ཀྱི་མཁའ་འགྲོ་གིང་དང་མ་སྲིང་ཕོ་ཉ་འབར་ཚོགས་ལ། །ཚོགས་ཀྱི་ལྷག་མ་ཁ་ཆུས་བྲན་ཏེ་སྦྱིན། །དམ་བཅས་བཞིན་དུ་གསལ་བའི་ལས་བཅོལ་ལོ། །སྤྱན་དྲངས་ཡེ་ཤེས་མཁའ་འགྲོ་མ། །གཏང་རག་ཚུལ་དུ་མཆོད་ཕུལ་ལ། །ཉེས་པ་བཤགས་ཏེ་དོན་གསོལ་ནས། །གཞལ་ཡས་ཉིད་དུ་གཤེགས་སུ་གསོལ། །བསྐྱེད་པའི་མཁའ་འགྲོའི་ཚོགས་རྣམས་ཀུན། །བདག་ཉིད་ཆེན་པོའི་སྐུ་ལ་བསྡུ། །དེ་ནས་རིམ་གྱིས་མི་དམིགས་པར། །ཐིག་ལེ་བྱང་ཆུབ་བརྟན་པར་བཟུང་། །གཟུགས་བརྙན་ཞལ་ཕྱིས་ཆག་ཆག་གདབ། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྒྲུབ་ཅིང་། ལས་ཀྱི་མཁའ་འགྲོ་མ་ཡོངས་སུ་དམ་ལ་བཏགས་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།དེ་ནས་ཡང་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ། རྡོ་རྗེ་འདུས་པས་གསོལ་པ། ཐབས་ཀྱི་སྤྱོད་པ་མཛད་པའི་ཚེ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀྱིས། །ཁྲོས་པའི་རྒྱལ་ལ་དབང་བསྐུར་བཞིན། །རྗེས་སུ་འཇུག་པ་ཇི་ལྟར་བྱ། །ཞེས་གསོལ་པས། ཁྲོས་པའི་རྒྱལ་པོས་བཀའ་སྩལ་པ། །དྲོད་ཚད་རྟགས་ལྡན་བླ་མ་ཡིས། །བརྟུལ་ཞུགས་འཆང་བའི་སློབ་མའི་ཕྱིར། །ཡིད་འོང་མེ་ཏོག་རྒྱས་པ་འམ། །དུར་ཁྲོད་ཆེན་པོ་རབ་དབེན་པར། །མཆོད་རྟེན་དྲུང་ངམ་ཀུན་དགའ་ར། །དེར་ནི་དབང་གི་ལས་བྱ་སྟེ། །ས་ཆོག་མཚམས་རྣམས་གོང་དང་འདྲ། །གཉིས་


DNG022_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟ་གོན་བྱ་བ་ནི། །དཀྱིལ་འཁོར་དམ་རྫས་ཆག་ཆག་གདབ། །ལྷ་རྣམས་རྩ་བའི་སྔགས་བརྗོད་ཅིང་། །བདུད་རྩི་ལྔ་ཡི་ཐིག་ལེ་བྱ། །ཐོད་པའི་བུམ་པ་བཅྭ་ལྔ་ལ། །དུར་ཁྲོད་སྐྲ་ཡིས་ཁ་རྒྱན་བྱའོ། །རོ་རས་དག་གིས་མགུལ་བརྒྱན་ཏེ། །ཞིང་ཆེན་དག་གི་གདན་ལ་བཞུགས། །དེ་ནས་སློབ་མ་སྟ་གོན་ནི། །བ་སུ་ཏ་ཡིས་སྲུང་སྐུད་བྱ། །དུར་ཁྲོད་རྐང་ལ་སོ་ཤིང་བྱ། །རྡོ་རྗེ་དྲི་ཆུའི་ཁ་དག་བྱའོ། །དབང་གི་ཡོ་བྱད་མ་ལུས་ཀུན། །སྐབས་དེར་ངེས་པར་བསོག་པར་བྱའོ། །དེ་དག་སྔགས་དང་བསྐུལ་ཚིག་རྣམས། །ཞི་བའི་ལས་དང་འདྲ་བ་སྟེ། །ཐབས་ནི་བདག་ཉིད་ཁྲོས་པའི་ལས་སུ་བསྒྱུར་ཅིང་བྱའོ། །ཐིག་ཚོན་ཆོ་ག་གོང་བཞིན་ཏེ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །སྒོ་དང་བར་ཁྱམས་སྒོ་ཁྱུད་དང་། །དེ་ནས་ཐིག་བསྐོར་གཉིས་བྱས་ལ། །ནང་ཚན་བརྒྱད་བརྒྱད་ཉིད་དུ་བྱ། །དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་དགུ། །དབུས་སུ་ཟླ་གམ་གཅིག་བྱས་ཏེ། །མདུན་རྒྱབ་གཉིས་སུ་ཟླ་གམ་བཞི། །ཕྱོགས་ཀྱི་ལེའུ་ཚེ་ལས་གཞུའི་དབྱིབས། །ཕྱི་རིམ་བརྒྱད་ཆ་ཉིས་འགྱུར་ལ། །དབང་གི་ཟླ་གམ་བཅུ་དྲུག་བྱ། །ཟླ་གམ་རྣམས་ནི་དམར་བར་བྱའོ། །ལས་བཞིའི་དབྱིབས་ནི་རིགས་དང་སྦྱར། །གཞན་ཡང་མཛེས་ཤིང་ལེགས་པར་བྲིས། །དབུས་སུ་ཁྲོས་པའི་རྒྱལ་པོ་སྟེ། །མདུན་སྟེངས་ལོགས་བཞི་ཁྲོ་བོ་བཞི། །ཕྱི་རིམ་ཟླ་གམ་བཅུ་དྲུག་དགོད། །སྤྱོད་ཕྱོགས་བཞི་ཡི་དཀྱིལ་འཁོར་བཞི། །སྲས་ཀྱི་ཕུར་པ་ལྔ་པོ་དགོད། །གྲུ་མཚམས་བཞི་ལ་ཕྱག་རྒྱ་བཞི། །སྒོ་བཞི་དག་ལ་སྒོ་བསྲུང་སྟེ། །ཟླ་གམ་ཉི་ཤུ་རྩ་གཅིག་ནི། །ཤེས་རབ་ཡུམ་གྱི་བྷ་ག་ཉིད། །ཁྲོ་བོ་ཉི་ཤུ་རྩ་གཅིག་ནི། །ཐབས་མཆོག་ཡབ་ཀྱི་ངོ་བོའོ། །ཐབས་དང་ཤེས་རབ་དབྱེར་མེད་དོན། །རྒྱན་དང་མཆོད་པ་མཛེས་པར་རྫོགས། །ཆོ་གའི་རིམ་པ་གོང་བཞིན་དུ། །དེ་ནས་གཞུགས་པའི་རིམ་པ་ཉིད། །ཞི་བ་ཁྲོ་བོར་བསྒྱུར་ཞིང་


DNG022_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེ་ནས་དབང་གི་རིམ་པ་ཉིད། །དང་ལ་སྐུ་ཡི་ཆ་རྐྱེན་དབང་། །སྔོན་བྱུང་བཞིན་དུ་བསྐུར་བ་ནི། །ཕུང་པོ་མ་སྤངས་ངོ་བོ་ཉིད། །གསང་བའི་སྙིང་པོ་བརྗོད་ལས་འདས། །རཀྴ་མེ་དབལ་སྐུར་བསྒོམས་ཏེ། །ལྷང་ངེ་བ་རུ་ངེས་པ་གསལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཨེ་མ་ཧོ་དེ་ནི་རང་བྱུང་བའི། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །འཁོར་བ་ཡོངས་སུ་སྦྱོང་བའི་ཕྱིར། །ཡེ་ཤེས་སེམས་དཔས་དབང་བསྐུར་རོ། །ཛྙཱ་ན་སཏྭ། ཀཱི་ལ་ཡ་ཨཱ། སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། །བྱང་ཆུབ་སེམས་ནི་མངོན་སུམ་བསྟན། །ཁམས་གསུམ་ཡེ་ཤེས་སྐྱེད་པའི་ཕྱིར། །དབུ་ལ་རིགས་ལྔས་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཡེ་ཤེས་དྲུག་གི་རང་བཞིན་ཏེ། །ཕ་རོལ་ཕྱིན་པ་དྲུག་གི་རྟགས། །རྡོ་རྗེ་ལ་སོགས་ཕྱག་མཚན་གྱིས། །རྒྱུ་དྲུག་གནས་སུ་སྒྲོལ་བར་ཤོག །ཞག་གི་ཟོ་རིས་དོན་དམ་བཅུད་ཀྱི་རྒྱན། །རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས། །ཐལ་ཆེན་ཐིག་ལེ་མཚན་མ་སྤྲོས་དང་བྲལ། །མཚན་མ་གསུམ་གྱི་དོན་དམ་མཚོན་པར་ཤོག །མ་ཧཱ་ཏིག་སྣ། མ་ཧཱ་རཀྟ། མ་ཧཱ་ཀིཾ་ནི་རི་ཏི། སྐམ་པོ་ཆོས་སྐུ་ར་རི་ལོངས་སྤྱོད་རྫོགས། །རློན་པ་སྤྲུལ་པའི་སྐུ་ཡིན་ཏེ། །དུས་གསུམ་སངས་རྒྱས་བཞུགས་ཀུན་དང་། །སྐུ་གསུམ་ངོ་བོར་དབང་བསྐུར་རོ། །མ་ཧཱ་ཀ་པཱ་ལ་ཧཱུྃ། སྦྲུལ་རིགས་བཞི་ཡི་ཆུན་འཁྲིལ་ཏེ། །མཉེན་ལ་འཁྲིལ་བ་སྐུ་ཡི་རྒྱན། །ཞེ་སྡང་ཆེན་པོའི་རང་བཞིན་པས། །ཕྲིན་ལས་བཞི་ཡིས་གདུག་པ་ཞི་བར་ཤོག །མ་ཧཱ་ནཱ་ག་ཧཱུྃ། གླང་ཆེན་ཀོ་རློན་སྟོབས་བཅུའི་བརྗིད་དུ་ལྡན། །ཚུལ་ཁྲིམས་གཡང་གཞི་ཐབས་ལ་མཁས་པ་དང་། །སྟག་ལྤགས་ཤམ་ཐབས་དཔའ་བར་ལྡན་པ་ཡི། །ན་བཟའ་རྒྱན་གྱི་དབང་མཆོག་ཐོབ་པར་ཤོག །ཁམས་གསུམ་ཟིལ་གནོན་རྡོ་རྗེ་གཤོག་པ་འདི། །སྲིད་གསུམ་འདེགས་བྱེད་རླུང་གི་རང་བཞིན་པས། །གཡས་པ་ཐབས་ལ་གཡོན་པ་ཤེས་རབ་སྟེ། །རྡོ་རྗེ་གཤོག་པའི་དབང་མཆོག་ཐོབ་པར་


DNG022_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཡེ་ཤེས་གཅིག་ལས་ཀྱང་འདུལ་ཐབས་བྱེ་བྲག་ཐ་དད་བསྟན་པའི་ཕྱིར། རྟགས་ཀྱི་ཁྲོ་ཆུང་ཚོན་གང་གིས། །དཀའ་ནན་ཆེན་པོས་འགྲོ་དོན་བྱེད་པར་ཤོག །ཁམ་ནག་རལ་པས་སྟོང་ཉིད་དོན་རྟོགས་སྟོན། །མཐིང་ནག་ཐལ་བའི་ཆུན་འཕྱངས་ཀྱིས། །འཁོར་བ་རྟག་ཆད་གཉིས་ཀྱི་མཐའ་སངས་ཏེ། །མ་གཡོས་དབུ་མ་ཆེན་པོའི་དོན་རྟོགས་ཤོག །འབར་བ་ཐུགས་རྗེའི་རང་བཞིན་དང་། །འཕྲོ་བས་ཁྱབ་པའི་ཐུགས་རྗེ་དང་། །འདུ་བ་དབྱིངས་ཀྱི་རང་བཞིན་ཏེ། །གླེང་བ་ཟད་པའི་ཕྲིན་ལས་དང་། །འཁྱིལ་པའི་གཉིས་སུ་མེད་པའི་དོན། །རྡོ་རྗེ་མེ་ཡི་དབང་མཆོག་ཐོབ་པར་ཤོག །དེ་ནི་སྐུ་ཡི་ཆ་རྐྱེན་ནོ། །དེ་ནས་མཛད་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། བདག་དང་ལག་པའི་མཆོག་རྣམས་ཀྱིས། །རབ་ཏུ་གསོར་ཏེ་དྲིལ་བྱས་ནས། །བྱིན་གྱིས་བརླབས་ཤིང་དབང་བསྐུར་བས། །གཉིས་མེད་ཆེན་པོའི་བྱིན་རློབ་ཤོག །གུ་གུལ་སྦྱར་མའི་རྫས་མཆོག་དམ་པ་འདིས། །སྲས་མཆོག་ཀཱི་ལ་ཡ་ཡི་གཟི་མདངས་རབ་བསྐྱེད་ནས། །མཚན་དང་དཔེ་བྱད་ལྡན་གྱུར་ཅིང་། །འགྲོ་བའི་དོན་རྣམས་བྱེད་པར་ཤོག །ཉུང་དཀར་རྒྱལ་པོའི་སྲས་མཆོག་འདིས། །བདེར་གཤེགས་སྲས་མཆོག་རྣམས་ཀྱི་ནི། །ཐུགས་དམ་ཆེན་པོ་བསྐུལ་ནས་ཀྱང་། །འགྲོ་བའི་དོན་རྣམས་བྱེད་པར་ཤོག །རཀྟའི་རྒྱལ་པོ་ཆགས་པའི་བདག་ཉིད་འདིས། །འགྲོ་བའི་དོན་ལ་ཐུགས་དམ་རབ་བསྐུལ་ཞིང་། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་སུ། །ཐུགས་རྗེ་ཆགས་པས་འགྲོ་བའི་དོན་རྣམས་བྱེད་པར་ཤོག །ཐུགས་རྗེ་ཆེན་པོའི་ཅོད་པན་འདི། །ཐབས་དང་ཤེས་རབ་རྟགས་ཡིན་ཏེ། །གཟུང་འཛིན་མཐའ་རྣམས་རབ་སྤངས་ཏེ། །དབྱིངས་དང་ཡེ་ཤེས་མཚོན་པར་ཤོག །ཕྱི་ནང་གསང་བའི་མཆོད་རྫས་ཏེ། །དུས་གསུམ་སངས་རྒྱས་མཉེས་མཆོད་ཅིང་། །འགྲོ་བའི་དོན་ལ་ཐུགས་བསྐུལ་ཞིང་། །མཆོད་སྦྱིན་སྟོབས་ཀྱི་དབང་མཆོག་ཐོབ་པར་ཤོག །བསྒྲུབ་པའི་ཤེས་རབ་ཚོན་གང་བ། །


DNG022_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་སྔགས་ཀྱིས་རབ་བསྐྱེད་ལ། །དུས་དང་རྒྱན་དུ་བཟླ་དགོས་པས། །འཛབ་བསྙེན་འདི་ཡིས་དབང་བསྐུར་རོ། །དེ་ནི་མཛད་པ་ཕྲིན་ལས་ཀྱི་དབང་ངོ་། །དྲག་པོ་བསྒྲལ་བའི་དབང་ནི། དབྱིངས་དང་ཡེ་ཤེས་དོན་དམ་ཕོ་ཉ་དང་། །ཐབས་དང་ཤེས་རབ་རྟགས་ཀྱི་ཕོ་ཉ་དང་། །འཁོར་བའི་གནས་ནས་དགྲ་བགེགས་འགུག་པའི་ཕྱིར། །མངག་པ་ཕོ་ཉའི་ཕུར་བུ་གཟུང་། །ཕྱག་རྒྱ་བཞི་ལྡན་ཕུར་བུ་འདི་བྱིན་པས། །དགུག་དང་བཅིངས་དང་དབང་དུ་བསྡུ་བའི་ཕྱིར། །བར་ཆད་དགྲ་བགེགས་ལིངྒལ་འདེབས་པར་ཤོག །རྡོ་རྗེ་གདབ་ཕུར་འདི་བྱིན་པས། །ཡེ་ཤེས་དབྱིངས་ལ་ཕུར་པ་འདེབས་པའི་རྟགས། །མཚན་མ་ཐབས་ཀྱི་ཕུར་བུ་འདིས། །གདབ་པའི་ལིངྒ་ཤེས་པ་ལ། །ཐབས་མཆོག་ཕུར་བུ་འདེབས་པར་ཤོག །མཚོན་ཆ་ལྔ་ལྡན་ཕུར་བུ་འདི་བྱིན་པས། །འཇོམས་བྱེད་རྡོ་རྗེ་གཅོད་པའི་འཁོར་ལོ་དང་། །གཏུབ་པའི་རལ་གྲི་བརྡུང་བའི་དབྱུག་ཏོ་དང་། །གནོན་པའི་རྒྱ་གྲམ་ཕྲིན་ལས་ཀྱིས། །མ་རིག་རྒྱ་མཚོ་འདྲལ་བར་ཤོག །རིན་ཆེན་རྒྱས་པའི་ཕུར་བུ་འདི་བྱིན་པས། །དམིགས་པའི་མཐུ་དང་རྩལ་བྱེད་ལྷ་ལ་སོགས། །གནས་སུ་བསྐྲད་ཅིང་རྫུ་འཕྲུལ་ཕྲོགས་ནས་ནི། །རང་ཉིད་ཚེ་དང་དབང་ཐང་རྒྱས་པར་བྱེད་པར་ཤོག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཁྲོ་བོ་འབར་བའི་ཐོ་ཚོགས་ཀྱིས། །འཁོར་བའི་བག་ཆགས་སྦྱོང་བའི་ཕྱིར། །མཚན་མའི་དངོས་པོ་རྡུལ་དུ་རློག་པར་ཤོག །དྲག་པོའི་མཆོད་གཏོར་འདི་བྱིན་པས། །དམ་ཅན་རྣམས་ཀྱི་ཐུགས་བསྐུལ་ཞིང་། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་དུ་རློག་པར་ཤོག །དབང་མཆོག་དུག་གི་གཏོར་མ་འདི་བྱིན་པས། །གནོད་བྱེད་མ་ལུས་མྱོས་ཤིང་འཚུབས་པ་དང་། །བག་ཆགས་སྦྱོང་ཕྱིར་སྡིག་པ་མཐོལ་གྱུར་ནས། །མྱོས་འཚུབ་བབ་ཆོལ་སྨྱོ་རུ་ཆུག །རྡོ་རྗེ་སྲིན་པོ་ཟ་བྱེད་དང་། །རྡོ་རྗེ་སྲིན་མོ་ཞལ་གདངས་པར། །ཤ་རུས་ཁྲག་སྟེ་དུག་གསུམ་མཆོད་པ་ཡིས། །དུག་


DNG022_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟོངས་ནས་སྐུ་གསུང་ཐུགས་ལྡན་ཤོག །ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །འབར་འཕྲོ་འདུ་ཀློང་མེ་ལྕེ་དེ། །ཡ་མ་མེ་ཡི་སྦྱོར་བ་ཡིས། །ལྷ་རྣམས་མ་ལུས་མཉེས་བྱེད་ཤོག །ཟིལ་གནོན་རི་རབ་ཕུར་པ་འདི་བྱིན་པས། །སྐལ་མེད་བྱུང་ངན་དུས་ཟད་རྣམས། །བྱང་ཆུབ་སེམས་ནི་མ་སྐྱེས་པར། །གནོན་བྱེད་སྟོབས་ཀྱི་དབང་ཐོབ་ཤོག །རིགས་ངན་སྨེ་ཤ་གདོལ་པའི་རིགས། །ཁ་ཅིག་ཁ་རལ་གཟུངས་མ་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བར་བཀོད། །དབང་བསྐུར་རིམ་པ་གོང་བཞིན་ནོ། །གོང་གི་གཟུངས་མ་དེ་ཉིད་ལས། །ཟབ་མོའི་དབང་ཡང་དེ་བཞིན་བསླང་། །དེ་ལྟར་དབང་རིམ་རྫོགས་གྱུར་ན། །མི་ཞེས་བྱ་བ་བདེར་གཤེགས་ཡིན། །སངས་རྒྱས་ཞེས་ནི་གུད་ན་མེད། །དེ་ཡིས་ལས་རྣམས་འགྲུབ་པར་བཤད། །དེ་ལྟར་དྲག་པོའི་དབང་རྫོགས་ནས། །གནོད་བྱེད་མ་ལུས་རང་བཞིན་དུ། །ཞེ་སྡང་གཏིང་ནས་མ་གཡོས་ཀྱང་། །རང་ངམ་ཤུགས་ཀྱིས་སྒྲོལ་འགྱུར་ན། །དམིགས་པ་བཅས་ན་སྨོས་ཅི་དགོས། །དེ་ལྟར་ དབང་མཆོག་མ་ཐོབ་པར། །བསྒྲལ་བ་ཉིད་ལས་བརྩོན་བྱས་ཀྱང་། །རང་ཉིད་ཚེ་ཡི་བར་ཆད་ནས། །འཁོར་བའི་གཡང་ས་ཆེན་པོར་ལྷུང་། །དེ་བས་ནན་ཏན་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། ཁྲོ་བོ་ཕྲིན་ལས་ཀྱི་དབང་བསྐུར་བའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་རྡོ་རྗེ་གསང་བའི་བདག །བདེ་གཤེགས་རོལ་པའི་རྗེས་འཇུག་པའི། །རྡོ་རྗེའི་དབང་རྫོགས་རྣལ་འབྱོར་པས། །རྗེས་སུ་འཇུག་དང་དམ་ཚིག་རྟོགས། །བསྲུང་བའི་དམ་ཚིག་རྣམ་པ་གང་། །ཕྱི་རབས་དོན་དུ་བསྟན་དུ་གསོལ། །རྡོ་རྗེ་གསང་བས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འདུས་པའི་གཙོ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །རྟོགས་པའི་དོན་ཉིད་ཡིན་པ་སྟེ། །དེ་ལས་འདས་ན་ཚིག་པར་འགྱུར། །རྟོགས་པའི་དོན་རྟོགས་བདེ་གཤེགས་ཀྱི། །ཞལ་ནས་


DNG022_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་གདམས་ངག་སྟེ། །དེ་ཡི་དོན་ལ་འདས་ན་ཚིག་པར་འགྱུར། །གདམས་ངག་རིམ་པར་བསྟན་པ་ནི། །རྟོགས་པར་བྱ་བ་སྤྱི་ཡི་དམ་ཚིག་ཡིན། །བསྲུང་བར་བྱ་བ་ཁྱད་པར་དམ་ཚིག་སྟེ། །གནས་པར་བྱ་བ་ལྷག་པའི་དམ་ཚིག་ཡིན། །མདོར་ན་རྣམ་པ་གསུམ་དུ་གསུངས། །ཡན་ལག་རྣམ་པར་ཕྱེ་བའི་རིམ་པ་སྟེ། །དོན་དམ་གཉིས་མེད་སྟོན་པའི་རྡོ་རྗེ་མཆེད་རྣམས་ལ། །ལྟ་ལོག་ངན་སེམས་རྐུ་འཕྲོག་བརྡེག་ལ་སོགས། །ངན་དུ་སྨྲས་ཤིང་གནོད་པ་དངོས་སུ་བགྱིས། །སྐུ་ཡི་དམ་ཚིག་ཉམས་པ་དམྱལ་བའི་རྒྱུ། །དང་པོ་དམ་ཚིག་བཅས་པ་བཞིན། །བཟླས་བརྗོད་སྔགས་དང་སྙིང་པོ་བར་མི་གཅད། །གསུང་གི་དམ་ཚིག་ཉམས་པ་དེ་བཞིན་ནོ། །ཡེ་གསང་ཐབས་ཀྱིས་ཆོད་ནས་མི་རྟོགས་བཞིན་དུ་དོན་མེད་སྤེལ་བྱེད་ན། །ཐུགས་ཀྱི་དམ་ཚིག་ཉམས་པ་དམྱལ་བའི་རྒྱུ། །སྦྱོར་དང་སྒྲོལ་བ་མ་བྱིན་ལེན་པ་དང་། །ཚིག་བརྙན་དང་ནི་རྫུན་སྤྱོད་པ། །ཉོན་མོངས་རང་གར་སྤྱོད་པས་ངན་སོང་རྒྱུ། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ལ། །མ་རིག་ལོག་པར་མཐོང་བས་སྤངས་བྱས་ཏེ། །མི་སྤང་དམ་ཚིག་ཉམས་པ་དེ་བཞིན་དེ། །དྲི་ཆེན་དྲི་ཆུ་དམར་ཆེན་མཱཾ་ས་སེམས། །སོ་སོའི་རྣམ་པར་རྟོག་པས་མ་འབྱོངས་ཏེ། །གཉིས་མེད་དོན་ལས་འགལ་བ་དེ་བཞིན་ནོ། །ཕུང་པོ་འབྱུང་བ་ཁ་དོག་དབང་པོ་ཡུལ། །གཉིས་མེད་ལྟ་བ་ངང་ལས་མ་རྟོགས་ཏེ། །ཡེ་ཤེས་ལྔ་ཡི་དོན་འགལ་གོང་བཞིན་ནོ། །དེ་བཞིན་རྡོ་རྗེ་རིན་ཆེན་པདྨ་ལས། །རིགས་ཀྱི་ཁྱད་པར་ཡེ་ཤེས་ལྔ་ཡང་སྣང་། །ཡེ་ཤེས་དམིགས་མེད་དོན་ལ་མ་རྟོགས་པས། །གྲུབ་པའི་འབྲས་བུ་མེད་པས་དམྱལ་བའི་རྒྱུ། །ས་ལ་འཇུག་ཅིང་སྤྱོད་པའི་རྣལ་འབྱོར་པས། །སྤྱི་ཡི་དམ་ཚིག་དོན་མང་ཡང་། །དོན་དང་བསྟུན་པའི་ཉི་ཤུ་རྩ་བརྒྱད་པོ། །དྲང་དང་ངེས་པའི་དོན་དུ་རྟོགས་པར་བྱ། །ཁྱད་པར་དམ་ཚིག་བསྲུང་བ་ནི། །གཅན་གཟན་རྒྱལ་པོ་སེང་གེ་དག །གསད་པར་བྱ་བའི་འོས་མ་ཡིན། །ཟ་མ་ཏོག་གི་རིན་ཆེན་དག །དུག་རྣམས་སྤྱོ་བ་མ་ཡིན་ནོ། །རིན་པོ་ཆེ་ཡི་


DNG022_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལྕུག་མ་དག །རྩད་ནས་གཅད་པར་བྱ་བ་མིན། །གངས་ཀྱི་ཞུན་ཆུ་ཁོལ་མ་དག །ཁོང་དུ་བཏུང་བར་མི་རིགས་སོ། །པདྨ་རྒྱས་པའི་ཟེའུ་འབྲུ་དག །ཁ་དབྱེ་སྤྱད་པར་མི་བྱའོ། །བུག་རྡོལ་ཅན་གྱི་སྣོད་དག་ཏུ། །གསང་བའི་བཅུད་རྣམས་བླུགས་པ་མིན། །མ་བརྟགས་པ་ཡི་ཟས་དང་ནོར། །མི་བསྲེལ་བཅང་བར་མི་བྱའོ། །ཤེལ་གོང་བཞིན་དུ་གསལ་ཞིང་དག་པ་དག །འདམ་དུ་བསྣུབ་པར་མི་བྱའོ། །སེང་གེ་དཀར་མོའི་འོ་མ་དག །རིན་ཆེན་གསེར་གྱི་སྣོད་དུ་བླུགས་པ་ལས། །དུག་ཅན་དག་ཏུ་ག་ལ་བླུགས། །དགོས་འདོད་བསྐང་བའི་ཡིད་བཞིན་ནོར་བུ་དག །ཐབ་ཏུ་བསྲེག་པར་ཡང་མི་བྱ། །བྱ་རྒྱལ་ཁྱུང་གི་གཤོག་པ་དག །བཅག་པར་བྱ་བ་མ་ཡིན་ནོ། །གནམ་ལྕགས་ངུར་མོའི་མཚོན་ཆ་དག །ས་ལ་བརྡབ་པར་མི་བྱའོ། །སྟག་གཟིག་སྒྲོལ་བའི་ལས་བྱས་པའི། །ལས་ཀྱི་མཐའ་མ་མི་རྟུལ་ལོ། །རྡོ་རྗེ་བྲག་ཆེན་གཏམས་པ་དག །བཤིག་ཅིང་འདྲལ་བར་མི་བྱའོ། །རྡོ་རྗེ་ར་བས་བསྐོར་བ་དག །གོ་མཚམས་བཤིག་པར་མི་བྱའོ། །མུན་པ་སེལ་བའི་སྒྲོན་མ་དག །གསད་ཅིང་བསྣུབ་པར་མི་བྱའོ། །རྡོ་རྗེ་ཆུ་བོའི་འོལ་ཁ་དག །བཅད་ཅིང་བསྒྱུར་བར་བྱ་བ་མིན། །རྒྱལ་པོ་རྟགས་ཀྱི་ཕྱག་རྒྱ་དག །གཞན་ལ་སྦྱིན་བྱའི་རིགས་མ་ཡིན། །རྡོ་རྗེ་མཁར་རྫོང་གཏམ་པ་དག །རྨང་ནས་བཟློག་སྟེ་མི་བཤིག་གོ། །རྒྱལ་མཚན་རྩེ་ལ་བཏགས་པའི་ནོར་བུ་དག །འདོད་པའི་སེམས་ཀྱིས་དབོག་པར་མི་བྱའོ། །ཁྱད་པར་བསྟན་པའི་དམ་ཚིག་དོན་མང་ཡང་། །མདོར་བསྡུས་པ་ནི་ཉི་ཤུའི་དོན་དང་བསྟུན། །ས་ལ་གནས་ཤིང་སྤྱོད་པའི་རྣལ་འབྱོར་པས། །བདག་གཞན་གཉིས་ཀྱི་དོན་དུ་བསྲུང་བར་བྱའོ། །ལྷག་པའི་དམ་ཚིག་གནས་པར་བྱ་བ་ནི། །མདོར་ན་རྩ་བ་བཞིར་བསྟན་ཏེ། །སྤྱོད་པ་རྒྱུན་དང་རང་བཞིན་ལྟ་བ་དང་། །ལྟ་བའི་ཉམས་དྲོད་གལ་མདོ་ངེས་པ་བཞི། །ཡན་ལག་དོན་ཉིད་བཤད་པ་ནི། །སྤྱོད་པ་


DNG022_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ལ་དམ་ཚིག་བཞིར་གནས་ཏེ། །གཉིད་ཀྱི་དགྲ་སྤང་མྱོས་འགྱུར་དགྲ་བགེགས་གཞོམ། །གསང་བའི་བརྡ་བསྲུང་ལེ་ལོའི་བདུད་གཞོམ་མོ། །རང་གཞན་བལྟ་བའི་དམ་ཚིག་བཞིར་བསྟན་ཏེ། །སྲིད་གསུམ་ཡོངས་སུ་བསྒྲལ་བ་དང་། །ཁམས་གསུམ་ཞིང་དུ་བསྒྲལ་བའི་ངང་། །དུས་གསུམ་མི་རུ་བསྒྱུར་བ་དང་། །འཁོར་བ་གནས་སུ་དག་པར་བལྟའོ། །ལྟ་བའི་ཉམས་དྲོད་དམ་ཚིག་གཞིར་གནས་ཏེ། །གདལ་བ་ཆོས་ཉིད་ལྟ་བ་ཡེ་འབྱམས་སུ། །རིག་པའི་ཡེ་ཤེས་ལྟ་བ་ཡེ་གསལ་དུ། །སྤྲུལ་པའི་ཕྱག་བརྙན་ལྟ་བ་ཡེ་གནས་སུ། །ཁྱབ་པའི་སྙིང་རྗེ་ལྟ་བ་ཀུན་ཁྱབ་པའོ། །གལ་མདོ་ངེས་པའི་མདོ་གསུམ་མོ། །མ་ཁྲེལ་བ་ཡི་ཚུལ་དང་ནི། །མ་ཉམས་པ་ཡི་མདོ་དག་དང་། །མཐར་ཕྱིན་པ་ཡི་རྟགས་ཉིད་དོ། །མ་ཁྲེལ་བ་ཡི་ཚུལ་ལ་གཉིས། །བདེ་གཤེགས་ཐུགས་ཀྱིས་མ་ཁྲེལ་དང་། །གང་ཟག་ཡིད་ཀྱིས་མ་དཔྱད་པའོ། །ཉམས་པའི་དོན་ལ་བཞིར་གནས་ཏེ། །ཟླ་བོས་ཉམས་དང་ཞོར་ལ་ཉམས། །དབང་མེད་ཉམས་དང་ཀུན་ཏུ་ཉམས་པའོ། །མཐར་ཕྱིན་རྟགས་ཀྱིས་དེ་བཞིན་བཞིར་སྣང་སྟེ། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། །བྱིན་རླབ་ཆེ་ཞིང་རིག་པ་ཆགས་པ་གཉིས། །ཡིད་འོང་འབྱུང་ཞིང་འདོད་པ་གྲུབ་པ་དང་། །མང་པོས་བཀུར་ཞིང་གྲགས་པ་ཐོབ་པ་བཞིའོ། །དམ་ལ་གནས་པའི་རྣལ་འབྱོར་པས། །ལྷག་པའི་དམ་ཚིག་དོན་ལ་གནས་པར་བྱའོ། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །རྟོགས་ཤིང་བསྲུངས་ཏེ་གནས་པར་བྱས་གྱུར་ན། །ས་གཞི་ཆེན་པོ་འདྲ་སྟེ་ཀུན་ཀྱང་བསྐྱེད། །ནམ་མཁའ་དྭངས་པ་འདྲ་སྟེ་གོ་ཡང་འབྱེད། །སྲེག་པ་མེ་དང་འདྲ་སྟེ་བག་ཆགས་སྲེག །རླན་པ་ཆུ་དང་འདྲ་སྟེ་དག་པར་བྱེད། །གཡོ་བ་རླུང་དང་འདྲ་སྟེ་འཐོར་བར་བྱེད། །ཡིད་བཞིན་ནོར་བུ་འདྲ་སྟེ་རེ་བ་སྐོང་། །གཅན་གཟན་སེང་གེ་བཞིན་ཏེ་ཟིལ་གྱིས་གནོན། །གཞུང་དུ་བསྲུངས་ན་རང་སྣང་འབྲས་བུར་འཆར། །རྒྱུན་ཏུ་བསྲིངས་ན་སངས་རྒྱས་ས་ལ་སྤྱོད། །དེ་ལ་སོགས་


DNG022_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཡོན་ཏན་བསམ་མི་ཁྱབ། །ཉམས་པར་འགྱུར་བས་མི་འགྲུབ་སྟེ། །དངོས་སུ་ཉམས་ན་ལྗོན་ཤིང་མེས་ཚིག་འདྲ། །ཟུར་གྱིས་ཉམས་ན་ས་བོན་མེས་ཉམས་འདྲ། །ཀུན་ཏུ་ཉམས་ན་བརྗོད་པའི་མཐའ་ལས་འདས། །དེ་ཡིས་བསྒྲུབས་ཀྱང་མི་འགྲུབ་སྟེ། །སླར་ལ་རང་སེམས་རླག་པ་དང་། །འབྲས་བུ་འབྱུང་བར་མི་འགྱུར་ཏེ། །ཚེ་དང་སྲོག་གི་བར་ཆད་འོང་བ་དང་། །འཇིག་རྟེན་སྒྲོ་དང་སྐུར་པའི་གཞི། །དམ་ལ་གནས་པའི་རྣལ་འབྱོར་དང་། །དམ་ཚིག་ཉམས་པའི་རྣལ་འབྱོར་གཉིས། །སྐད་ཅིག་ཙམ་ཡང་སྨྲ་མི་བྱ། །སྨྲས་ན་དམ་བཅའ་འབྲས་བུ་བརླག །དམ་ཚིག་ཉམས་པའི་རྣལ་འབྱོར་དེ། །དམ་ལ་གནས་པའི་རྣལ་འབྱོར་པས། །དང་དུ་བླངས་ཏེ་བསྒྲལ་བར་བྱ། །བསྒྲལ་བ་ཞི་བའི་མཆོག་ཡིན་ནོ། །ཞེས་རྡོ་རྗེ་གསང་བའི་བདག་པོས། དམ་ཚིག་གསང་བའི་བཀོད་པ་མདོར་གསུངས་ཤིང་བསྟན་ཏོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། དམ་ཚིག་རིམ་པར་ཕྱེ་བའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།དེ་ནས་ཡང་ཉིད་ལས་མི་གཞན་པའི་རྡོ་རྗེ་འདུས་པའི་སྲས་མཆོག་དམ་པ་དེས། ཧེ་རུ་ཀ་དཔལ་ལ་ཡང་གསོལ་པ་ནི། གདུག་བྱེད་རཱུ་ཏྲ་ལ་སོགས་པའི། །ཚེ་དང་གཟི་བྱིན་ཀུན་ཕྲོགས་ཏེ། །ཁྲོས་པའི་ལྷ་ཚོགས་ཚེ་དང་གཟི་བྱིན་རྒྱས་མཛད་པའི། །རོལ་པའི་མཛད་སྤྱོད་ཨེ་མ་ངོ་མཚར་ཆེའོ། །དེ་ཡི་རྗེས་སྤྱོད་རྣལ་འབྱོར་པས། །ཁྲོ་བོའི་ཚེ་ཉམས་ཚེ་ལྡོག་ཚེ་འཐོར་བ། །རྗེས་སུ་བསྒྲུབ་ན་ཇི་ལྟར་བགྱི། །ཞེས་གསོལ་བའི་དོན་ཐུགས་སུ་ཆུད་དེ། བཀའ་སྩལ་པ་ནི། ཚེ་དབང་ཆེན་པོའི་གནས་དག་ནི། །འཁོར་ལོ་གནམ་ལ་པདྨ་ས། །རི་བོ་ཆེན་པོ་རབ་དབེན་དང་། །ཡིད་འོང་མེ་ཏོག་རྒྱས་པ་སྟེ། །དབྱིབས་འདྲའི་ས་གཞི་རབ་ཏུ་བརྟག །ཡང་ན་སྡོང་གཅིག་མ་དང་མེས་རེག་དང་། །ལུང་གསུམ་མདོ་དང་དུར་ཁྲོད་གནས། །འབབ་ཆུ་ཆེན་པོའི་ངོས་སུ་བསྒྲུབ། །ལྷ་རྣམས་མཉེས་པར་བྱ་བ་དང་། །གདོན་རྣམས་ཞི་བར་བྱ་བ་དང་། །སྲིད་རྩེའི་ཉེས་དམིགས་བསལ་


DNG022_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །ཕྱི་ཡི་གཏོར་མ་བཏང་ནས་ནི། །རབ་ཏུ་གསང་སྟེ་རྒྱན་རྣམས་བསགས། །དུར་ཁྲོད་བདག་པོ་ཁྱོ་ཤུག་དག །བརྗིད་པའི་སྟོབས་ཀྱིས་གནན་པར་བྱ། །དང་པོ་ས་ཡི་ལྷ་མོ་མཆོད། །འཁོར་རྣམས་ཀུན་ལ་གཏོར་མ་སྦྱིན། །བདེན་ཚིག་བསྒོ་སྟེ་གནས་སུ་བཏང་། །ལྟོ་ཕྱེ་གཞུང་དུ་བརྟག་བྱས་ནས། །བརྐོས་ལ་ས་ཡི་རོ་ལྔ་བསལ། །ཤིན་ཏུ་འཇམས་ལ་སྣུམ་པའི་ས། །འཐས་པར་ལེགས་པ་ཉིད་དུ་བྱ། །ཁྲུ་གང་གྱེན་དུ་འཕགས་པ་ཡི། །ཆུར་ནི་གྲུ་བཞི་ཉིད་དུ་བྱ། །བཀྲ་ཤིས་རས་བལ་སྐུད་པ་ལ། །ཤིན་ཏུ་གསར་ཞིང་མཛེས་པ་ཡི། །མཁས་པས་རབ་ཏུ་ཐོགས་ནས་ནི། །ཐིག་གི་ཆ་ནི་རྣམ་པར་དབྱེ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་བྱ། །ལྷ་རྣམས་སྤྱན་དྲང་བསམ་མཆོད་བསྟོད། །ཕྱག་འཚལ་སྟ་གོན་གནས་གསོལ་གདབ། །བཀྲ་ཤིས་པ་ཡི་རྒྱུ་ཡིན་ནོ། །ཁྲུས་བྱས་ཕྱག་འཚལ་གསོལ་བ་གདབ། །སྲུང་སྐུད་ཚེམས་ཤིང་ཁ་དག་བྱ། །ཀུ་ཤའི་སྟན་འདུག་ལྟས་བརྟག་སྟེ། །རྟགས་ཀྱི་ཚད་རྣམས་གཅེས་པར་བཤད། །རིན་ཆེན་སྣ་ལྔའམ་དྲི་ཞིམ་ཤིང་། །ཡང་ན་ས་ལས་བྱས་པ་ཡི། །བུམ་པའི་མཆོག་ཉིད་མཛེས་པར་བྱ། །བདག་ཉིད་ཆེན་པོ་ཧེ་རུ་ཀའི། །ཚེ་ཡི་ཡེ་ཤེས་ཁྱད་པར་ལས། །པདྨ་འདུས་པ་སྤྱན་སྔར་ཏེ། །རྡོ་རྗེ་འདུས་པ་ནུབ་ཕྱོགས་སུ། །གཞན་རྣམས་གོ་རིམ་བཞིན་དུ་བསམ། །གཞན་ཡང་འབྱུང་ལྔའི་སྙིང་པོ་ལྔ། །རིན་ཆེན་ལྔ་དང་སྨན་ལྔ་དང་། །སྤོས་ལྔ་ལ་སོགས་མགུལ་ཆིངས་གཟུངས། །ཁ་མངར་སྐྱུར་རླན་སྣུམ་པོས་དགང་། །ཚེ་འཛིན་མཆོག་དང་ཟས་ཀྱིས་བརྒྱན། །རྒྱན་དང་མཆོད་པ་བྱེ་བྲག་སོགས། །བུ་མོ་གཞོན་ནུས་བཀལ་ཚོན་སྐུད། །གོས་རྒྱན་མཛེས་པ་ཡིད་འོང་གཟུངས། །ཕྱི་ནང་གསང་བའི་མཆོད་པར་ལྡན། །ཐིག་གི་ཆོ་ག་རིམ་པར་བྱ། །ཁ་དོག་ལྔ་ཡིས་མཚན་པར་བྱ། །ཆོ་ག་བཞིན་དུ་རྒྱས་བྱས་ལ། །ཡེ་ཤེས་ལྔ་ཡི་རང་བཞིན་དུ། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །བྷ་ག་ཧེ་ཡི་དཀྱིལ་འཁོར་ལ། །རྡོ་རྗེའི་བྲག་གིས་རྣམ་པར་


DNG022_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཏམས། །དབང་གི་ཟླ་གམ་ཉི་ཤུ་གཅིག །ཆུ་སྐྱེས་པདྨ་པ་ཏྲས་བརྒྱན། །ཟླ་གམ་ཡུམ་གྱི་ངོ་བོ་ལ། །ཡབ་རྣམས་ཐབས་ཀྱི་ཕྱག་རྒྱ་རུ། །སྐུ་གསུང་ཐུགས་ཉིད་གང་རུང་དགོས། །སྤྱན་སྔར་པདྨ་འདུས་པ་སྟེ། །ཕྱོགས་ཆ་བཞི་ལ་རིགས་བཞིའོ། །སྒོ་བཞི་དག་ཏུ་སྒོ་སྲུང་དགོད། །བྱིན་གྱིས་བརླབས་པའི་བུམ་པ་ནི། །སྣང་བའི་འོད་དང་བཅས་པ་བཀྲམ། །ལྟ་བ་སྤྱོད་པ་མཐར་ཕྱིན་པའི། །ལུང་དང་མན་ངག་ཚད་མས་བརྒྱན། །དད་པ་མི་ལྡོག་དམ་ཚིག་གནས། །བྱང་ཆུབ་སེམས་ལ་རབ་གཞོལ་ཅིང་། །བྱམས་དང་སྙིང་རྗེ་ལྡན་པས་བསྒྲུབ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །རྣམ་པར་མི་རྟོག་རྟོག་ལས་འདས། །འདི་ནི་མི་འགྱུར་བྱང་ཆུབ་སེམས། །མཁའ་ལ་དེ་བཞིན་རོལ་པའི་སྐུ། །དེ་ཡི་ཆེ་བའི་བྱིན་རླབ་ལས། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །བུ་མོ་ལོ་གྲངས་ཉི་ཤུ་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་དེ། །སྨེལ་པ་ཅན་གྱི་མཐུ་ཆེན་གྱིས། །རྣམ་གསུམ་དག་ཏུ་ནན་ཏན་བྱ། །རིན་ཆེན་ལ་སོགས་བུམ་པ་ལ། །ཛཿཧཱུཾ་བཾ་ཧོཿབཞིས་བཀུག་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོའི་མཆོག །ལུས་ངག་ཡིད་ལ་བསྡིམ་པར་བྱ། །ནྲྀ་ཉིད་དངོས་སམ་ཡིད་བཞིན་མཛོད། །བུམ་པ་མཆོག་ནི་བཟང་པོ་ཡིས། །ཚེ་བཞག་གནས་ནི་དེ་བཞིན་ནོ། །ཡང་ནས་ཡང་དུ་དགུག་བྱས་ནས། །མངོན་སུམ་སྨིན་པར་གྱུར་པ་དང་། །དབྱིངས་སུ་ཡང་ནི་སྤ་བར་བྱ། །རྡོ་རྗེ་ཆོ་གས་བསྲུང་བ་ནི། །བརྟན་ཅིང་འཁོར་ལོས་གདབ་པར་བྱ། །སྙིང་པོ་འབྱུང་ལྔའི་ནང་དུ་བསྡིམ། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །རྒྱལ་པོ་ཚེ་དཔག་མེད་པར་བསྒོམ། །སྐུ་མདོག་གངས་རི་འཚེར་བ་ལ། །རྒྱན་ཕྲེང་སྣ་ཚོགས་རྒྱན་གྱིས་བརྒྱན། །ཡིད་བཞིན་རིན་ཆེན་ཕྲེང་བ་དང་། །ཟ་མ་ཏོག་དང་རིན་ཆེན་དང་། །བུམ་པ་བཟང་ལ་སོགས་པ་ཡིས། །གཞན་ཡང་འགྲོ་བའི་དོན་བྱ་བའོ། །བསམ་གྱིས་མི་ཁྱབ་མཐའ་ཡས་


DNG022_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །བགེགས་ཀྱིས་ནྲྀ་རྣམས་མི་སྟེར་ན། །ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ། །ཕྱོགས་བཅུའི་ནམ་མཁའི་ཁམས་བཀང་ནས། །སྒྲ་སྐད་དྲག་པོ་བཏོན་ནས་ནི། །ཐམས་ཅད་མ་ལུས་ཐུལ་པར་བྱའོ། །ཚེ་དཔག་མེད་པའི་དབང་དུ་བསྒྲུབ། །ཚེ་བསྙེན་དང་ནི་ཉེ་བསྙེན་དང་། །ཚེ་སྒྲུབ་དང་ནི་སྒྲུབ་ཆེན་པོ། །ཐབས་དང་ཤེས་རབ་འབྱོར་པ་ཡིས། །ཅི་འདོད་ལས་རྣམས་འགྲུབ་པར་བྱེད། །ཚེ་དབང་མོ་ནི་རྒྱུད་འཕེལ་མོ། །དཀར་མོའི་མདོག་ལ་འོད་འཕྲོ་འགྱུར། །ཕྱག་ན་རིན་ཆེན་གང་བ་ཡི། །ཕྱག་རྒྱ་སྣ་ཚོགས་ཅི་ཡང་འགྱུར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །གསང་བའི་འགྲོ་དྲུག་ཐམས་ཅད་ལ། །ཕན་པའི་ཚེ་དབང་འདི་སྦྱིན་ན། །དེ་ལས་ཕན་པའི་ནུས་མཐུ་མེད། །ཡི་གེ་བཟླས་པ་འཕྲུལ་ཆེན་ནི། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་ཆོ་ག་བར་མི་གཅད། །འདྲིས་གསལ་བརྟན་པ་མཆོག་གིས་བྱ། །ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨཾ་ཨཾ་ཨཾ་ཨཾ་ཨཾ། སྭ་སྭ་སྭ་སྭ་སྭ། ཧཱ་ཧཱ་ཧཱ་ཧཱ་ཧཱ། བྷྲཱུྃ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་བྷྲཱུྃ། བཱ་བཱ་བཱ་བཱ་བཱ། ཛྲཱ་ཛྲཱ་ཛྲཱ་ཛྲཱ་ཛྲཱ། ཨཱ་ཨཱ་ཨཱ་ཨཱ་ཨཱ། ཡུ་ཡུ་ཡུ་ཡུ་ཡུ། ཤཱེ་ཤཱེ་ཤཱེ་ཤཱེ་ཤཱེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨཱ་ཨཱ་ཨཱ་ཨཱ་ཨཱ། ཚེ་རྣམས་དབང་དུ་མ་གྱུར་ན། །བདེ་གཤེགས་ལྔ་ཡང་ཚེ་དཔག་མེད། །སྐུ་གསུང་ཐུགས་ཀྱི་གཟུགས་ཀྱིས་ནི། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །ཕྱག་རྒྱ་མཚོན་ཆ་སྣ་ཚོགས་ཀྱིས། །འཇིག་རྟེན་ཕྱོགས་བཅུའི་བདུད་བཅོམ་ནས། །འགྲོ་དྲུག་ཚེ་རྣམས་དབང་དུ་སྡུད། །གཤོལ་དང་གཏུན་ཤིང་ཕྱག་རྒྱ་ཡིས། །འོག་གི་འཇིག་རྟེན་ཁམས་དཀྲུགས་ནས། །གཤིན་རྗེའི་གནས་ནས་ཚེ་བཀུག་ནས། །སྙིང་པོ་ལྔ་ལ་བསྡིམ་པར་བྱ། །ཕྱག་རྒྱ་འཁོར་ལོ་ཆེན་པོ་ཡིས། །སྟེང་གི་འཇིག་རྟེན་ཁམས་དཀྲུགས་ཏེ། །དབང་དྲག་ཆེན་པོ་ལ་སོགས་པའི། །བར་སྣང་བགེགས་རྣམས་རྒྱུ་བ་ལས། །ནྲྀ་ཚེ་དྲག་ཏུ་དགུག་པར་བྱའོ། །འཁོར་ལོའི་འབྲུ་ལ་བསྡིམ་པར་བྱ། །


DNG022_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡི་གེ་འབྲུ་ལྔ་སྟེ། །ནྲྀ་ཡི་གནས་ལྔར་བསྡིམ་པར་བྱ། །ཨཱོཾ་ཨཱཾཿཧཱུྃ། བཛྲ་ཀཱ་བཱ་ག་ཙ། བཛྲ་ར་ག་ཧཱུྃ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ནྲྀ། ཏ་ཡ་ཨ་དྷི་ཏིཥྛ་བཛྲ་སྭཱ་ཧཱ། ཕྱག་རྒྱ་བསྲུང་བའི་ཆོ་ག་སྟེ། །འབྲུ་གཅིག་མི་དམིགས་དབྱིངས་སུ་ཐིམ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །རྒྱན་དང་རིན་ཆེན་ཕྲེང་བས་བརྒྱན། །རིན་ཆེན་ལྔ་དང་སྨན་ལྔ་དང་། །འབྲུ་ལྔ་སྤོས་ལྔ་སྙིང་པོ་ལྔ། །གསང་མཁའ་རབ་ལྡན་བློ་ལྡན་པས། །ཡན་ལག་མ་ཉམས་གསང་སྔགས་བསྒོམ། །རྒྱན་ཆ་ལྔ་དང་ལྡན་བྱས་ནས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་རིགས་ཀྱི་བུ་མཆོག་དེས། །ཡོ་བྱད་མ་ལུས་ལྡན་བྱས་ནས། །མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱིས། །མཉེས་མཆོད་དངོས་གྲུབ་ཐོབ་པར་བྱ། །གདོད་ནས་བྱང་ཆུབ་སྙིང་པོ་ལ། །རྣམ་རྟོག་ལས་ཀྱིས་འཁོར་བ་རྣམས། །རྣལ་འབྱོར་དབང་ཕྱུག་ཐབས་མཁས་པས། །འཁོར་བའི་དྲ་བ་བཀྲལ་ནས་ནི། །ཡབ་ཡུམ་གཉིས་མེད་མཁའ་ལ་བསྒྲལ། །སྒྲུབ་པ་པོ་ཡི་ལས་སུ་ནི། །བརྟུལ་ཞུགས་བསྐྱེད་དེ་སྦྱོར་སྒྲོལ་བརྩམ། །དེ་དག་སྔགས་ཀྱི་དམ་ཚིག་སྟེ། །མིང་གིས་མི་བྱ་མི་རུང་ངོ་། །གལ་ཏེ་བྱས་ན་ལྟུང་བར་འགྱུར། །མ་བྱས་ན་ཡང་ལྟུང་བར་འགྱུར། །རབ་བརྟགས་བསྒོམ་སྟེ་བྱ་བར་གསུངས། །རབ་བསྐྱེད་སྤྱན་དྲངས་མཆོད་བྱས་ནས། །བསྙེན་པ་གཞུང་བཞིན་བརྩོན་པར་བྱའོ། །འབུམ་མམ་སུམ་འབུམ་བཟླས་ནས་ནི། །མ་བཏབ་བཞིན་དུ་ལས་རྣམས་འགྲུབ། །བསྒྲུབ་པའི་བར་ཆད་བྱེད་པ་དག །ཉིན་མཚན་གུང་ལ་རབ་བཀུག་སྟེ། །གཟུགས་ལ་ཕབ་སྟེ་བཅིངས་ལ་བཞག །ཏིང་འཛིན་བསར་ཏེ་རབ་ཏུ་གདབ། །མགོ་དང་ཙིཏྟ་ལྟེ་བ་ལ། །གསང་གནས་ཡན་ལག་བཞི་ལ་གདབ། །བདེན་པ་བདར་ཞིང་ཡང་ནས་ཡང་། །གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་དུ། །བཅུ་གཉིས་སམ་ནི་རྩ་གཅིག་གིས། །སྐེད་ནས་བསྐོར་ལ་གནད་དུ་བརྡེག །གནན་ཅིང་གཟིར་བའང་དེ་བཞིན་ཏེ། །དེ་


DNG022_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚེ་ཡི་དངོས་གྲུབ་དག །ངེས་པ་ཉིད་དུ་བླང་བར་བྱ། །བདེར་གཤེགས་མཚན་བརྗོད་བཀྲ་ཤིས་གསོལ། །རོལ་མོ་ཡིད་འོང་མཉེས་མཆོད་འབུལ། །གཏོར་མ་ཚོགས་གསུམ་གནས་སུ་དགྱེ། །བསྡུ་དང་བསྲུང་བ་དེ་བཞིན་ཏེ། །རིགས་མ་བསྣུབ་པར་བསྐྱེད་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། གཟི་བྱིན་ཚེ་གསང་བར་བསྒྲུབ་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་རྡོ་རྗེ་གསང་བའི་བདག །སེམས་ཅན་ཀུན་གྱི་སེམས་ཅན་པོ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་མཆོག །བྱང་ཆུབ་སེམས་ལ་ཕྱག་འཚལ་འདུད། །བདེར་གཤེགས་རོལ་པའི་མཛད་སྤྱོད་ཀྱིས། །དྲང་བའི་དོན་དུ་ཀུན་རྫོབ་དོན་བསྟན་ནས། །ངེས་པའི་དོན་དུ་བྱང་ཆུབ་སེམས་རྟོགས་བཞིན། །ཕྱི་རབས་དོན་དུ་བསྟན་དུ་གསོལ། །ཨ་ལ་ལ་ཧོ་ཞེས་བྱ་བས་ནི། གསོལ་བའི་དོན་བཅོམ་ལྡན་འདས་ཀྱི་ཐུགས་ཆུད་དོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ལ་ཅུང་ཞིག་མཉམ་པར་བཞག་སྟེ། ཉོན་ཅིག་རྡོ་རྗེ་འདུས་པའི་གཙོ། དོན་དམ་བྱང་ཆུབ་སེམས་ཀྱི་དོན་ཞུས་པ་ཡ་མཚན་ཆེའོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི། །ཐམས་ཅད་ཀུན་གྱི་རྒྱུ་འབྲས་ཏེ། །རྒྱུ་ལས་འབྲས་བུ་བཙལ་བའི་ཕྱིར། །ཀུན་རྫོབ་དོན་བསྟན་མིང་གྲིབ་ཅིང་། །འབྲས་བུ་དོན་དང་ལྡན་པ་སྟེ། །ཀུན་རྫོབ་ཀུན་ལ་མི་གནས་པས། །འབྲས་བུ་དོན་དམ་བྱང་ཆུབ་སེམས་ཉིད་སྦྱང་བར་བྱའོ། །ངེས་དོན་བཟོད་ནས་མ་སྐྱེས་རང་བཞིན་ནི། །རྣམ་པར་དག་པའི་ཡུམ་གྱི་ཚུལ། །མ་སྐྱེས་མི་འགག་ཐབས་ཀྱི་སྐུ། །རིག་པའི་རྒྱལ་པོ་རང་བྱུང་བས། །ཐམས་ཅད་མ་ལུས་དབང་དུ་སྡུད། །ཐབས་ཀྱི་རྒྱལ་པོ་བདག་གནས་པར། །འགྲོ་ཀུན་བླ་མེད་གནས་སུ་བསྒྲལ། །ཆོས་ཀུན་རྩ་བ་སེམས་ཡིན་པས། །བརྟགས་ཤིང་དོན་དུ་རང་སེམས་བཟང་། །སེམས་ཉིད་རྩ་བའི་དོན་རྟོགས་ཤིང་། །འགྱུར་མེད་ཀློང་དུ་དོན་མཉམ་ན། །


DNG022_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་དོན་གསལ་ཏིང་འཛིན་ཏེ། །ལུས་ཀྱི་བསྒུལ་བསྐྱོད་ཕྱག་རྒྱ་ལ། །སྤྱོད་ཡུལ་ཀུན་ཏུ་དཀྱིལ་འཁོར་རོ། །བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་འགྱུར། །ཕུར་པ་བྱང་ཆུབ་སེམས་ཀྱི་རྟགས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །སྲིད་གསུམ་འགྲོ་བ་གདར་ཤ་བཅད། །བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །མཉམ་པའི་རྒྱལ་པོ་རིག་པས་གདབ། །ཕུར་པ་ཆོས་ཉིད་དབྱིངས་ཀྱི་རྟགས། །བྱང་ཆུབ་སེམས་ཀྱི་ཕུར་པ་དེས། །གཞན་དུ་གདབ་པའི་གནས་མེད་དེ། །གཉིས་མེད་མ་བཅོས་ཆོས་དབྱིངས་ལ། །རང་རིག་བྱང་ཆུབ་སེམས་ཀྱིས་གདབ། །ཕུར་བུ་འཛིན་ཆགས་མྱ་ངན་འདས། །མ་རྟོགས་གཟུང་འཛིན་དངོས་དང་བྲལ། །དངོས་པོ་ཀུན་བྲལ་ཕུར་པ་ཡིས། །དངོས་པོ་ཕྱིན་ཅི་ལོག་ལ་གདབ། །དོན་ལ་གཉིས་མེད་མྱ་ངན་འདས། །གདབ་དང་མི་གདབ་གཉིས་ལས་འདས། །ཕུར་པ་སྐྱེ་བ་མེད་པའི་དོན། །མ་སྐྱེས་གདལ་བའི་ཕུར་པ་ཡིས། །དབྱིངས་ལ་བཏབ་པས་རིག་པར་ཤར། །སེམས་ལ་བཏབ་པས་དོན་དམ་རྟོགས། །ཁྱབ་གདལ་རང་བཞིན་ཕུར་པ་ཡིས། །སྣང་སྲིན་ཀུན་ལ་ཁྱབ་པར་གདབ། །དེ་ལྟར་རྟོགས་ན་ཐེབས་པ་ཡིན། །མངོན་སུམ་གྱུར་ན་ཕེབས་པ་ཡིན། །ཚིག་ལས་འདས་ན་སངས་རྒྱས་ཡིན། །གྲངས་ལས་འདས་ན་བརྗོད་དུ་མེད། །རང་བཞིན་ཕུར་པའི་དོན་ཉིད་ནི། །ཕུར་པ་བླ་མ་ཆེན་པོ་ཡིན། །ཕུར་པ་ཆོས་ཀྱི་དབྱིངས་ཞེས་བྱ། །ཕུར་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་འགག་པ་མེད་པའི་དོན། །གཉིས་སུ་མེད་པས་མྱ་ངན་འདས། །ཕུར་ནི་ཐབས་ཀྱི་རྒྱལ་པོ་ཡིན། །པ་ནི་ཤེས་རབ་དག་པའི་དོན། །གཉིས་མེད་མཉམ་པས་རྡོ་རྗེའི་སྐུ། །ཕུར་པ་ཀུན་ཁྱབ་ནམ་མཁའ་འདྲ། །ཕུར་པ་ཀུན་གསལ་ཉི་ཟླ་འདྲ། །ཀུན་ལ་སྙོམས་པའི་ངོ་བོར་སྣང་། །ཆོས་ཀྱི་ཆོས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་


DNG022_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །གཉིས་མེད་གསལ་བས་བསྐྱེད་པ་ཡིན། །ཁྲོ་བོ་ཕོ་ཉས་འཇིག་རྟེན་གང་། །འཕྲལ་ལ་གང་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གང་བར་གནས། །གསལ་བར་བྱས་པ་སྐྱེ་བ་ཡིན། །ཉམས་འོག་ཚུད་ན་བསྒྲལ་བ་ཡིན། །གཉིས་སུ་མེད་ན་སྦྱོར་བ་ཡིན། །ལྷངས་ཀྱིས་རྟོགས་ན་ཐེབས་པ་ཡིན། །ཐུགས་རྗེས་ཟིན་ན་དམ་ཚིག་ཡིན། །དེ་ལྟ་བུ་ཡི་དོན་ལྡན་ན། །འཁོར་བ་ངན་སོང་མྱ་ངན་ཟློས། །སྡུག་བསྔལ་བྱང་ཆུབ་མྱ་ངན་ཟློས། །སེམས་ཅན་སངས་རྒྱས་མྱ་ངན་ཟློས། །ཡུལ་ནི་དབྱིངས་སུ་མྱ་ངན་ཟློས། །མཁའ་ཡི་གཏུན་ཁུང་བདེར་གཤེགས་སུ། །རིགས་དྲུག་སེམས་ཅན་མྱ་ངན་ཟློས། །སེམས་ནི་ཆོས་ཉིད་མྱ་ངན་ཟློས། །ཐམས་ཅད་འབྱུང་རྒྱུ་སེམས་ཡིན་པས། །སེམས་ལས་མ་བྱུང་ཆོས་མེད་དོ། །སེམས་ཉིད་གྲོལ་བར་བྱ་བའི་ཕྱིར། །ཆོས་ཀྱི་བྱེ་བྲག་རྣམ་གྲངས་བསྟན་པར་ཟད། །གཉིས་མེད་སེམས་ཀྱི་རང་བཞིན་ནོ། །རྒྱུ་འབྲས་གཉིས་ལས་མྱ་ངན་འདས། །འཛིན་རྟོག་མེད་པའི་ཕུར་པ་ལ། །དབྱིབས་དང་ཁ་དོག་མི་གནས་ན། །གཟུགས་དང་ཁ་དོག་སོ་སོར་གྲགས། །ལོག་རྟོག་ཕྱིན་ཅི་ལོག་བཞིར་བཅིངས། །གཉིས་མེད་དོན་དུ་བྱང་ཆུབ་སེམས། །འཕོ་འགྱུར་མེད་པ་ཕུར་པའི་དོན། །མི་དམིགས་ནམ་མཁའི་ཀློང་དུ་བསྒྲུབ། །མ་ནོར་མ་བཅོས་དབྱིངས་ཉིད་ནི། །དེ་ནི་རང་བཞིན་ལྷུན་གྲུབ་གནས། །དེ་ལ་སེམས་ཀྱི་འབྲས་བུ་ནི། །རྒྱུ་མཆོག་འབྲས་བུ་ཡི་གེ་ཧཱུཾ། །གཉིས་མེད་མཚོན་པའི་ལམ་བཟང་པོ། །སྲིད་གསུམ་དབང་དུ་བསྡུས་ནས་ནི། །ཁམས་གསུམ་ཀུན་ལས་འདས་པར་བསམ། །དེ་ནི་བདག་གི་བྱང་ཆུབ་སེམས། །སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་། །བཅོམ་ལྡན་འདས་དང་སྐལ་བ་གཅིག །བྱང་ཆུབ་སེམས་ནི་མངོན་སུམ་བསྟན། །ཐོག་མར་གཞལ་ཡས་བྱང་ཆུབ་སེམས། །དེ་ནི་རྒྱུ་འབྲས་མ་བཀག་ཆོས། །བསྒྲུབ་པའི་ཡེ་ཤེས་ཚོན་གང་བའོ། །གསང་བའི་སྔགས་ཀྱིས་བསྐྱེད་ནས་ནི། །སྐུ་དང་ལྡན་པར་


DNG022_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བརྒྱན་ཅིང་། །ཁམས་གསུམ་ཁྲོ་བོས་གང་བར་མཛད། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །སྐུ་ཡི་ཚོགས་ནི་རབ་བརྒྱན་ཏེ། །ཐུགས་ལ་འབར་བའི་སྲོག་ཀྱང་བཞུགས། །དབུ་ལ་རྫོགས་པའི་སངས་རྒྱས་བསྲུང་། །ཁྲོ་བོ་མང་པོས་གཟིར་མནན་ནས། །ཡུལ་ནི་རྣམ་པར་སྒྲོལ་བའི་ཐུགས། །སྲིད་གསུམ་ཁྲོ་བོར་རྟོགས་པའི་ངང་། །སྲིད་པ་གསུམ་ཡང་ཁེངས་ཞེས་བྱ། །དེ་ནས་ཕུར་པའི་བྱང་ཆུབ་སེམས། །རང་བྱུང་གཟུགས་མེད་ཀུན་ཁྱབ་པས། །རྒྱུ་འབྲས་གཉིས་ལས་མྱ་ངན་འདས། །ཁམས་གསུམ་ཡེ་ཤེས་བསྐྱེད་ནས་ནི། །རང་བྱུང་ཡེ་ཤེས་གསལ་བའི་རྟགས། །ཕུར་པ་ཡེ་ཤེས་ཁྲོ་བོ་ལ། །ཉི་ཟླ་རི་རབ་ཕུར་བུའི་རྒྱན། །ཤིན་ཏུ་བརྗིད་པའི་ཡེ་ཤེས་ཀྱིས། །ཁ་གཏིང་མེད་པའི་ཕུར་པ་ལ། །ཁྲོ་བོའི་ཚོགས་ཀྱིས་རབ་བརྒྱན་ནས། །རང་བྱུང་ཡེ་ཤེས་ཤར་བའི་ཕྱིར། །ཁམས་གསུམ་དབང་དུ་ཡང་དག་བསྒྲུབ། །ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །དག་པའི་དབྱིངས་ལས་མ་གཡོས་ཀྱང་། །ཚམ་རྔམས་གཟི་བྱིན་གློག་ལྟར་འབར། །ཁམས་གསུམ་རྩ་དག་བཅད་པའི་ཕྱིར། །མེ་དཔུང་གསུམ་གྱིས་ཁམས་བསྲེགས་ཤིང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །སྤྱན་དྲང་བཞུགས་གསོལ་དབྱེར་མེད་བསྡིམ། །གཉིས་མེད་གསུམ་གྱིས་ཁམས་བསྲེགས་ནས། །ཡེ་ཤེས་འབར་བའི་ཕྲིན་ལས་བསྒྲུབ། །ཁམས་གསུམ་དུས་གཅིག་དབང་བསྐུར་ནས། །རང་བྱུང་སྐུ་རུ་རྣམ་དག་ཅིང་། །རབ་ཏུ་སྲོག་གི་གོར་ཤར་ནས། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །མྱ་ངན་འདས་པའི་དབྱིངས་སུ་གསལ། །དུས་གཅིག་ལེ་བརྒན་འབར་བར་ལྡན། །སྙིང་ག་ལྕེ་སྟེང་སྤྱི་བོ་ནས། །ཡི་གེ་འབྲུ་གསུམ་འཕྲོ་འདུ་ལས། །སྐུ་གསུང་ཐུགས་སུ་བྱིན་བརླབ་དབང་ཡང་བསྐུར། །ཧཱུྃ་ཨོཾ་ཨཱཿ། རྣམ་པར་ཤེས་པ་ཡེ་ཤེས་མཆོག །རང་བྱུང་ཕུར་བུ་མྱ་ངན་འདས། །སྲོག་དང་དབུགས་ཀྱི་བྱིན་བརླབས་ནི། །ནམ་


DNG022_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟ་བུའི་ངང་ཉིད་ལས། །གཉིས་མེད་དོན་གྱི་སྐུ་བྱུང་བས། །བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས། །སྣང་སྲིད་ཆོས་དབྱིངས་ངང་ཉིད་དུ། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །སྣང་སྲིད་ཕུར་བུར་ཤར་བའི་ཕྱིར། །བདག་དང་ལག་པའི་མཆོག་རྣམས་ལ། །གཉིས་མེད་དབྱིངས་སུ་སྦྱོར་བའི་ཕྱིར། །ཡུམ་བཞིའི་ཕྱག་རྒྱས་བྱིན་བརླབས་ཏེ། །ལག་ཏུ་བླངས་ཏེ་དྲིལ་བས་ཀྱང་། །ཁམས་གསུམ་སྣང་བའི་དུག་རྣམས་ཏེ། །དག་པའི་དབྱིངས་སུ་བསྒྲལ་བའི་ཕྱིར། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ཡིས། །ཕུར་བུའི་རི་རབ་ཕྱག་རྒྱ་སྟེ། །རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས། །རང་བྱུང་ཕུར་བུར་བྱིན་གྱིས་བརླབ། །རབ་ཏུ་སྡུག་བསྔལ་གསལ་བར་འགྱུར། །རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། །དངོས་པོ་དབྱིངས་སུ་བསྒྲལ་བའི་ཕྱིར། །དྲག་ཏུ་གསོར་དྲིལ་བྱས་ནས་ཀྱང་། །ཆོས་སྐུ་ཡེ་ཤེས་ཤར་བའི་ཕྱིར། །སེམས་ཀྱི་ཡུལ་ནི་རྣམ་བསྒྲལ་ཏེ། །ཡེ་ཤེས་སྐུ་ཡིས་ཁྱབ་པར་གནས། །དེ་ནི་དེ་བཞིན་གཤེགས་པའི་མཐུ། །སྣང་སྲིད་ཕུར་བུར་ཤར་བ་ན། །མཁའ་ལ་དེ་བཞིན་རོལ་པའི་སྐུ། །ཆོས་དབྱིངས་ཐིག་ལེར་ཤར་བའི་ཕྱིར། །མ་ལུས་ཕུར་པས་འདེབས་ཞེས་བྱ། །གཉིས་མེད་དོན་གྱི་ངོ་བོ་ལས། །རྫོགས་ནས་རང་གར་གསལ་ཕྱིར་དུ། །བྱང་ཆུབ་སེམས་ཀྱི་ཁྱད་པར་གྱིས། །ཉོན་མོངས་སྡུག་བསྔལ་སྦྱང་བའི་ཕྱིར། །ཁམས་གསུམ་གསོལ་བར་བསྒྲལ་བར་བྱ། །ཉོན་མོངས་ཡེ་ཤེས་གནས་གྱུར་ཅིང་། །སྲིད་གསུམ་དབྱིངས་སུ་བསྒྲལ་བར་བྱ། །དེ་ནས་ཨ་ལས་རྣམ་དག་པའི། །སྲིད་པ་གསུམ་དུ་གསལ་འཚེར་ནས། །བདག་དང་ཕུར་བུ་བྱང་ཆུབ་སེམས། །སེམས་ཅན་ལུས་ལ་བསྡིམ་བྱས་ཏེ། །སྤྲོས་ཤིང་བསྡུས་པས་ཁྲུས་བྱས་ཏེ། །འཁོར་བ་གསུམ་ནི་མྱ་ངན་འདས། །དེ་ནས་ཡུམ་ཆེན་གཉིས་སུ་མེད། །གཉིས་མེད་དོན་གྱི་ངེས་པ་ལས། །བསྐྱེད་པ་མེད་པའི་རི་རབ་ཀྱིས། །དམིགས་པ་མེད་པའི་ཆོས་དབྱིངས་ལས། །མཁའ་ཡི་གཏུན་ཁུང་བདེ་གཤེགས་གནས། །གཏིང་དཔག་མེད་པའི་དབྱིངས་ཉིད་དུ། །གཡོས་


DNG022_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཡེ་ཤེས་ཀྱི། །ལྷ་ཡང་རུང་སྟེ་བསྒྲལ་བྱས་ནས། །སྲིད་གསུམ་ཕུར་པས་ཐེབས་ཞེས་བྱ། །སྣང་སྲིད་སྐྱེ་འགྲོ་ཕུར་བུའི་གཟུགས། །མཐོ་ནས་གཅིག་ཏུ་གྱུར་པས་ན། །ཧོ་ཞེས་རབ་ཏུ་དགའ་བ་ཡིས། །ཤིན་ཏུ་སྙིང་པོ་འདི་བརྗོད་དོ། །ཧཱུྃ་རང་བྱུང་མཆོག་སེམས་གསལ་ཕྱིར་དུ། །མཉམ་ཉིད་རྩལ་གྱིས་བདག་ཉིད་བསྒྲལ། །དེ་བཞིན་ཧཱུྃ་གིས་དྲངས་ནས་ཀྱང་། །ཕུར་བུ་གཟི་ལྡན་ཐོབ་འགྱུར་ཅིང་། །གཉིས་མེད་ཆོས་སྐུར་གཅིག་པའི་ཕྱིར། །ཡུལ་དེའི་སེམས་ནི་ཧཱུྃ་དུ་སྣང་། །འོད་དང་འོད་ཟེར་ཕུར་བུ་ལས། །བདག་ལ་འདུས་པས་ཚེ་རུ་ཐིམ། །དེ་གཉིས་མེད་ཀྱིས་བསྒྲལ་ཕྱིར་རོ། །བདག་གི་རྣམ་ཤེས་ཚོགས་བརྒྱད་ནས། །གང་ཞིག་གནས་པའི་མཆོག་རྣམས་ལ། །རྡོ་རྗེ་ཕུར་བུ་མང་ཤར་ནས། །དེ་ཡི་ཚོགས་བརྒྱད་དག་པར་བྱའོ། །ཁམས་གསུམ་ཆོས་ཉིད་གདར་བཅད་ཕྱིར། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཁྲོ་ཚོགས་འབར་བའི་ཐོ་ཚོགས་ཀྱིས། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ཁམས་གསུམ་མ་ལུས་བསྒྲལ་བར་འགྱུར། །རྟོག་འཛིན་མེད་པའི་དབང་ཕྱུག་དེས། །མཉམ་པའི་རྒྱལ་པོས་སྤགས་པར་བསྒྲལ། །ཤིན་ཏུ་གསོལ་བས་དགྱེས་བསྟར་ནས། །ཟ་བྱེད་ཀུན་ལ་བསྟབ་པར་མཛོད། །ཧ་ཧ་བགྱིས་པས་དགྱེས་པར་རོལ། །ཧཱུྃ་ཧཱུྃ་བགྱིས་པས་དབང་དུ་སྡུད། །ཁ་ཁ་བགྱིས་པས་ལྷག་མ་བཞེས། །བདག་དང་གསུམ་དུ་ལྡན་ནས་ཀྱང་། །བྱང་ཆུབ་སེམས་ཀྱི་དབང་སྤྲོས་པས། །ཕུང་པོ་རྡུལ་དུ་རློགས་ནས་ཀྱང་། །ཤ་ཁྲག་ཁམས་གསུམ་དག་པར་དམིགས། །ཧཱུྃ་གིས་རབ་ཏུ་ནམ་མཁའ་གང་། །ཕཊ་ཀྱིས་ཀུན་ཏུ་གཏོར་བྱས་ནས། །རྡོ་རྗེ་ཡེ་ཤེས་ཚོན་གང་གིས། །ཁམས་གསུམ་བྱང་ཆུབ་སེམས་བསྐྱེད་དང་། །འགྲོ་བ་མ་ལུས་དོན་བྱའི་ཕྱིར། །སྲིད་པའི་གདར་ཤ་བཅད་ནས་ཀྱང་། །སྤྱོད་པ་རྣམ་པ་བཅུ་དང་ལྡན། །ལྗང་གུ་ལས་ཀྱི་ས་བོན་ཏེ། །དམར་པོ་སྲོག་གི་ས་བོན་ཡིན། །མཐིང་ག་ཧེ་རུ་ཀ་ཡི་ཐུགས། །སྤྲོས་པས་ཐིག་ལེས་ནམ་མཁའ་ཁྱབ། །


DNG022_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདུས་པས་ཤིན་ཏུ་བརྗིད། །གྲུབ་ན་སེམས་ཀྱི་ཕུང་པོ་ཚོལ། །ཁམས་གསུམ་དུར་ཁྲོད་ཁྲག་ཡིན་ཏེ། །ཐུགས་རྗེ་ཆགས་པས་བསྒྲལ་བའི་ཕྱིར། །སྲིད་པའི་གདར་ཤ་བཅད་ནས་ཀྱང་། །སྤྱོད་པ་རྣམ་པ་བཅུ་དང་ལྡན། །བྱང་ཆུབ་སེམས་ཀྱི་གོལ་ས་བཅད། །གྲུབ་མཐའ་འདི་ལ་འཇིག་མཐའ་མེད། །དེ་ནི་མི་འགྱུར་བྱང་ཆུབ་སེམས། །མྱ་ངན་འདས་ལ་རྟག་པའོ། །སྒྲིབ་པ་མེད་པས་མཐར་ཕྱིན་ཏེ། །བཙལ་དུ་མེད་པས་ཡེ་ནས་གྲུབ། །བསམ་པ་ལས་ཀྱང་མྱ་ངན་འདས། །འཇིག་རྟེན་ཀུན་ལས་འདས་པས་ན། །འཛིན་དང་རྟོག་པ་རྣམས་སངས་ནས། །བྱང་ཆུབ་སེམས་ནི་སྐད་ཅིག་མ། །ལྷན་ནེ་བར་ཡང་བདག་ཉིད་སྦྱོར། །འཇིག་རྟེན་ཀུན་ལས་གྲུབ་པའི་རྒྱལ། །མི་ནུབ་པ་ཡི་རྟགས་བཅས་ཤིང་། །རྡོ་རྗེ་སེམས་དཔའི་མཁའ་ལ་ནུབ། །ནུབ་མཐའ་མེད་པས་ཤིན་ཏུ་སྤངས། །ཡིད་ནི་ཆོས་ཉིད་མྱ་ངན་འདས། །རྣམ་ཤེས་ཧཱུྃ་དུ་མྱ་ངན་འདས། །ཧཱུྃ་ཉིད་བྱང་ཆུབ་སེམས་ཀྱི་གཞི། །བྱང་ཆུབ་སེམས་ནི་ཕུར་པ་རུ། །སྲིད་གསུམ་མ་ལུས་མྱ་ངན་འདས། །ཕྱི་ནང་གསང་བས་བསྡུས་པའི་ཆོས་ཐམས་ཅད། མཐར་ཐུག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཕུར་པས་ལྷུན་གྱིས་གྲུབ་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། ཕུར་བུ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །རྗེས་སུ་སྤྱོད་པའི་རྣལ་འབྱོར་པས། །ལས་དང་ལུས་ཀྱི་དབང་བཙན་ནས། །ཚེ་ཡི་དུས་བྱས་ལས་ཀྱིས་ལུས་སེམས་བྲལ་འགྱུར་ན། །ལུས་སེམས་གནས་སྦྱང་དགེ་བའི་སྟོངས་ནི་གང་། །ཞེས་གསོལ་བས། རྡོ་རྗེ་ཁྲོས་པས་བཀའ་སྩལ་པ་ནི། ལུས་སེམས་གནས་སྦྱང་དགེ་བའི་སྟོངས་བྱ་ན། །གང་ཞིག་ལུས་སེམས་བྲལ་འགྱུར་ན། །ཞག་གྲངས་བཞི་བཅུ་རྩ་དགུ་ཚུན་ཆད་དུ། །ལས་འདི་བྱས་ན་སྟོངས་སུ་འགྱུར། །རྣལ་འབྱོར་རྩལ་ཤུགས་ལྡན་པ་ཡིས། །སྣོད་ནི་


DNG022_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་བཅུད་ནི་ལྷ། །དངོས་སྣང་སྐུ་ལ་སྒྲ་གྲག་གསུང་། །རང་བཞིན་མེད་པ་ཐུགས་ཡིན་ཏེ། །སྐུ་གསུང་ཐུགས་སུ་གསལ་བ་དང་། །དེ་ཡི་བྱིན་རླབ་སྤྲུལ་པ་ཡིས། །འཇིག་རྟེན་དྲུག་གི་ཕྱོགས་བཀང་ནས། །ཨ་ནྲྀ་སུ་ཏྲི་པེ་དུ་ཛས། །རྒྱུད་དྲུག་གང་ན་གནས་ཀྱང་སེམས་དྲངས་ལ། །གསལ་བར་ཐུགས་རྗེས་ལུས་ལ་བསྡིམ། །དེ་བཞིན་ཡང་དུ་ཡང་དུ་བྱ། །རྣམ་རྟོག་ལུས་སུ་གསལ་བ་དེས། །བདེར་གཤེགས་རྒྱལ་བའི་དཀྱིལ་འཁོར་ལ། །ཕྱག་བཙལ་གསོལ་བཏབ་འཇུག་པར་བྱ། །དཀྱིལ་འཁོར་ལྷ་ཡི་ཚོགས་རྣམས་ཀུན། །གྷ་ན་སྦྱོར་བའི་གཟི་བྱིན་རྣམས། །དྲང་དོན་དེ་ལ་རབ་བསྡིམ་ནས། །རྣམ་རྟོག་ལུས་གནས་སྦྱངས་ཏེ། །གསེར་ཞུན་བཞིན་དུ་སེམས་གནས་པ། །ཉི་ཟླ་པདྨའི་དབུས་དམིགས་ཏེ། །སྤར་དང་འཕང་བའི་སྔགས་བརྗོད་དེ། །ཡབ་རྣམས་ཐུགས་བསྐུལ་རྡོ་རྗེའི་ལམ་བྱུང་སྟེ། །ཡུམ་རྣམས་གསང་བའི་དབྱིངས་སུ་འཁྱིལ། །དེ་ལས་ཕྱོགས་བཅུར་རབ་འཕྲོས་པས། །དུས་གསུམ་བདེར་གཤེགས་ཡབ་ཡུམ་རྣམས། །བསྐུལ་བའི་རང་བཞིན་ཐུགས་ཆུད་ནས། །གྷ་ན་ཆེན་པོའི་སྦྱོར་བ་མཛད། །སྦྱོར་བའི་འོད་ཟེར་ཚུར་འདུས་པས། །གསང་བའི་བྱང་ཆུབ་སེམས་དབང་བསྐུར། །དེ་ནས་ལྷ་རྣམས་ཚང་བའི་བསྟོད་བསྔགས་ཀྱི་དོན་བརྗོད་དེ། མ་སྤར་བཟློག་སྟེ་བརྗོད་པས་ནི། །ལྷ་རྣམས་ཀུན་གྱིས་གསང་དབང་བསྐུར། །དེ་ནས་བསྡུ་བའི་ས་བོན་གྱིས། །གཙོ་བོ་ཉིད་ཀྱི་ཐུགས་ཀར་བསྡུས། །རྡོ་རྗེ་ལམ་དྲངས་པདྨོའི་དཀྱིལ། །དབྱིངས་ནས་ཡི་གེ་ཕྱག་རྒྱའི་སྐུར་གསལ་ཏེ། །དེ་ལ་ཕན་པའི་དབང་རྣམས་ཀྱིས། །བཅུ་དྲུག་ཟླ་བ་རྫོགས་པ་ལྟར། །སྐུ་ཡི་ཆ་རྐྱེན་རྫོགས་པར་བསྐང་། །དེ་ནི་སེམས་སྦྱང་རིམ་པར་བཤད། །དེ་ཡི་ལུས་ལ་དཀྱིལ་འཁོར་རྫོགས་པར་གསལ། །བརྟུལ་ཞུགས་ཕྱག་ཚང་གིང་ཆེན་གྱིས། །རོ་ནི་རབ་ཏུ་བཤིག་གྱུར་ན། །གང་ནས་ཤ་རུས་ཁྲག་བཅས་ཀུན། །དུམ་བུ་དུམ་བུར་གཏུབ་ནས་ནི། །


DNG022_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྟོགས་ལྷ་ཡི་ཚོགས་ལ་འབུལ། །དང་པོ་གཞུང་ལྡན་གནས་སུ་ནི། །གཟུགས་བརྙན་དམ་པ་མངོན་བཞེངས་ལ། །ལས་ཀྱི་རིམ་པ་རྫོགས་པ་དང་། །ཁྲོ་བོ་རོལ་པའི་སྟངས་སྟབས་དང་། །ཁྲོ་མོ་གསང་བའི་གར་ཚོགས་དང་། །ཕྲ་མེན་མགོ་བརྙན་འཇོ་ཚུལ་གྱིས། །རོ་དེ་ཉིད་ནི་བླང་བར་བྱ། །ཆུ་མཆོག་དག་གིས་བཀྲུས་ནས་ནི། །དྲི་ཡིས་བྱུག་སྟེ་རས་ཀྱིས་གྲིལ། །དེ་ལ་ལྷ་ཡི་སྙིང་པོ་དགོད། །སྲེག་ཁང་རིམ་པ་བཞི་བརྩེགས་ཏེ། །དང་པོ་བཾ་དབྱིབས་གཉིས་པ་ཨེ། །གསུམ་པ་ཡཱ་གཟུགས་བཞི་པ་མཱ། །དང་པོ་ལས་ཀྱི་ཉོན་མོངས་ཞི་བར་བྱ། །གཉིས་པ་ལས་ཀྱི་གཤེད་ལྕགས་དྲག་པོས་བསྒྲལ། །གསུམ་པ་ལས་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ། །དབང་རྣམས་རྫོགས་པར་རོ་ལ་བསྐུར། །བཞི་པ་ཞི་ཁྲོའི་ལྷ་རྣམས་ཀུན། །དེ་ཡི་སྐུ་ལ་རྒྱས་པར་བསམ། །མེ་ཉིད་ཞལ་གྱི་ངོ་བོ་ཡི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །བསྟོད་དེ་འདོད་ཡོན་གསོལ་བ་གདབ། །ཡང་ན་འབྱུང་བ་མེ་ཉིད་ལ། །དམ་ཚིག་མེ་ལྷ་བསྐྱེད་ནས་ནི། །ཡེ་ཤེས་མེ་ལྷ་སྤྱན་དྲང་མཚོན། །དེ་ཉིད་གཞལ་ཡས་ནང་དུ་ལྷ། །དེས་བསམ་སྤྱན་དྲངས་བཞུགས་གསོལ་མཆོད། །དེ་ནས་རོ་དེ་རབ་བཤིག་ནས། །ལྷ་རྣམས་ཀུན་ལ་བསྟོད་མཆོད་འབུལ། །དེ་བཞིན་ལུས་ཀྱི་གནས་འབྱོངས་ནས། །སེམས་ཉིད་སྦྱོང་བ་གོང་མ་བཞིན། །ཡང་ན་དཀྱིལ་འཁོར་མངོན་བཞེངས་ནས། །ལྷ་རྣམས་ཀུན་གྱི་གང་གནས་སུ། །རོ་བཤིག་དུར་ཁྲོད་རྫས་སུ་དབུལ། །ལྷ་རྣམས་སྤྱན་དྲང་མཆོད་བསྟོད་བསྐུལ། །སྙིང་པོ་བྱིན་དུས་རྣལ་འབྱོར་རོལ། །དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར། །དེ་ནས་ལས་རྣམས་རྫོགས་པར་བྱ། །སེམས་གནས་དཀྱིལ་འཁོར་དྲུག་ཏུ་ལྡན། །ངན་སོང་སྦྱོང་དང་མཚམས་དང་ནི། །གསལ་བའམ་སྙིང་པོ་སྦྱོར་དང་སྒྲོལ། །དབང་ལ་སོགས་པ་དྲུག་ཏུ་བྱ། །དེ་ལྟར་ལས་རྣམས་ཅི་བྱེད་ཀྱང་། །ཙིཏྟ་རྩ་ལག་ཡབ་ཡུམ་དང་། །སྒོ་ལྔའི་རྣམ་ཤེས་ཡུལ་བཅས་


DNG022_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པས། །སྲས་མཆོག་ཁྲོ་བོ་ཡབ་ཡུམ་མོ། །སྤྱི་གཙུག་གནས་བཞི་ཧཱུྃ་མཛད་འཁོར། །དཔྲལ་བའི་མཚོ་བཞི་རྣམ་རྒྱལ་འཁོར། །ལག་གཡས་ལྷུ་བཞི་དབྱུག་སྔོན་འཁོར། །ཆགས་བྱེད་སྲིད་བཞི་གཤིན་རྗེ་འཁོར། །རྐང་གཡས་ལྷུ་བཞི་མི་གཡོ་འཁོར། །གསང་བའི་གནས་བཞི་རྟ་མགྲིན་འཁོར། །རྐང་གཡོན་ལྷུ་བཞི་གཞན་གྱིས་མི་ཐུབ་འཁོར། །ཐུགས་ཀར་གནས་བཞི་བདུད་རྩི་འཁོར། །ལག་གཡོན་ལྷུ་བཞི་ཁམས་གསུམ་བསྐོར། །སྣམ་ཁུང་གནས་བཞི་སྟོབས་ཆེན་འཁོར། །ཡན་ལག་སྡེ་བཞི་སྒོ་མ་བཞི། །དེ་ལས་སོགས་པའི་རྫས་རྣམས་ཀུན། །དམ་ལ་བཏགས་པའི་དམ་ཅན་སྐོང་། །ཡང་ན་རྩ་བའི་རིམ་པ་ལ། །ཡང་ན་ཉོན་མོངས་རིམ་པ་ལའོ། །དེ་ལྟར་ལས་ཀྱི་སྟོངས་བྱས་ན། །ལུས་སེམས་བྲལ་བའི་གང་ཟག་དེ། །ཕྱིར་མི་ལྡོག་པའི་ས་ལ་གནས། །མངོན་སངས་རྒྱས་ལ་ཐེ་ ཚོམ་མེད། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། རྣལ་འབྱོར་པ་སྒྲུབ་པ་པོ་དང་། གང་ཟག་གང་ཡང་ཚེའི་དུས་བྱས་ནས། དགེ་བའི་ལས་ཀྱི་སྟོངས་གདབ་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བདེ་གཤེགས་རྡོ་རྗེ་བདུད་རྩི་མཆོག་གི་བདག །བླང་དོར་མེད་པའི་མཛད་སྤྱོད་ཀྱིས། །དྲག་པོ་ཉོན་མོངས་ལ་ཞེན་པའི། །ཟག་བཅས་ལོངས་སྤྱོད་རྣམ་ལྔ་པོ། །ཟག་མེད་བདུད་རྩིར་རོལ་པ་དང་། །ཐུགས་རྗེ་གསལ་གྱི་མཛད་སྤྱོད་ཀྱིས། །འབྲུ་དང་སྨན་རྣམས་ཐམས་ཅད་ཀུན། །རྩ་བ་ཡན་ལག་བཅས་པ་ཀུན། །སངས་རྒྱས་སེམས་ཅན་ཀུན་གྱི་གསོས་སུ་མཛད་པའི་ཆེ། །རྗེས་སུ་འཇུག་པས་ཇི་ལྟར་བགྱི། །རྡོ་རྗེ་བདུད་རྩི་མཆོག་ལ་བདག་ཉན་འཚལ། །ཞེས་གསོལ་ཏེ། རྡོ་རྗེ་བདུད་རྩི་མཆོག་གིས་བཀའ་སྩལ་པ། །ཨེ་མ་ཧོ་རྡོ་རྗེ་འདུས་པའི་སྲས། །ཕྱི་རབས་རྣལ་འབྱོར་དོན་གྱི་ཕྱིར། །བདུད་རྩིའི་དོན་ཞུས་


DNG022_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡ་མཚན་ཆེའོ། །བདུད་རྩིའི་དོན་ཉིད་བཤད་བྱ་ན། །ཉོན་མོངས་པ་ཡི་བདུད་ཉིད་ལ། །ཐུགས་རྗེ་ཆེན་པོའི་རྩི་བཏང་ན། །ཁྱབ་པའི་ཐུགས་རྗེ་ཆེན་པོ་ཡིས། །དབྱིངས་སུ་འཁྱིལ་བའི་བདུད་རྩིའི་དོན་ཉིད་དེ་ལ་བྱའོ། །ཀུན་རྫོབ་རྟགས་སུ་བསྒྲུབ་བྱ་ན། །ཀུན་རྫོབ་ཀྱིས་ནི་སྒྲུབ་པ་སྟེ། །སྲིད་གསུམ་བྷནྡྷ་བཟང་འཁོར་ཡུག །ཡེ་ནས་མ་བཅོས་རང་བཞིན་སྣོད། །དེ་ཡི་ནང་དུ་བླུགས་པའི་སྨན། །བཅུད་ཀྱི་རྩ་བ་ལོ་མ་རྣམས། །དབྱེར་མེད་ངང་དུ་བསོག་པར་བྱ། །དེ་ལ་ངེས་པའི་བསམ་པ་ཡིས། །ངེས་པ་ཉིད་དུ་བསྒྲུབ་པར་བྱ། །མི་ཕྱེད་དགུ་དང་ལྡན་པ་ཡིས། །བླ་མ་རྡོ་རྗེ་སློབ་དཔོན་གྱིས། །ཐམས་ཅད་མ་ལུས་དོན་བྱ་ཕྱིར། །བདུད་རྩི་དམ་པ་བསྒྲུབ་པར་བྱ། །རིན་ཆེན་རི་དང་སྨན་ལྗོངས་དང་། །རྩི་སྨན་འཁྲུངས་པའི་ས་ཕྱོགས་སམ། །ནགས་ཚལ་དྲ་བས་གཏིབས་པ་འམ། །ཡིད་འོང་མེ་ཏོག་རྒྱས་པར་བསྒྲུབ། །འཁོར་དུ་བྱ་བའི་རིམ་པ་ཡང་། །སྐྱོན་དྲུག་རྣམ་པར་སྤངས་པ་ཡིས། །ཉི་ཤུའམ་བཅུ་འམ་ཡང་ན་ཉི་ཤུ་ལྔ། །ཁྲིམས་དང་སྡོམ་པས་བཅིང་བ་མིན། །དང་པོ་ར་བའི་ཚེས་བརྒྱད་ལ། །དེར་ནི་བརྩམ་པའི་དུས་ཡིན་ཏེ། །རྟགས་ཀྱི་དོན་ཉིད་མཐོང་བ་འམ། །དུས་ནི་བཅུ་དྲུག་ཉིད་ལ་དོན། །ཡོ་བྱད་མ་ལུས་ལྡན་འགྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མ་ཚོགས་པས་ནི་སྒྲུབ་ཐག་རིང་། །དེ་བས་ཡོ་བྱད་ལྡན་པར་བྱ། །བཀྲ་ཤིས་མཆོག་ལྡན་བྷནྡྷ་ལྔ། །ཕྱི་ནང་གསང་བའི་རྩ་བརྒྱད་སྟོང་། །དབང་པོ་ར་སཱ་ཡ་ན་ཀུན། །སོ་སོའི་རིགས་དང་སྡོམ་ཕྱེ་ལ། །སྨན་གྱི་བསྲུང་མ་སོ་སོར་བསྡིམ། །དམ་རྫས་རྣམས་ཀྱི་རྟོག་པ་གཞོམ། །རིགས་ཀྱི་ཁ་དོག་དར་གྱིས་དགབ། །མཚན་ལྡན་བཀྲ་ཤིས་གཟུངས་ཐག་གདགས། །བཀོད་པ་རྒྱན་གྱི་དཀྱིལ་འཁོར་རོ། །དཀོན་མཆོག་དག་ལ་མཆོད་བྱ་ཡིན། །བསྒྲུབ་པའི་ཞག་གྲངས་འདི་ཙམ་པར། །བར་ཆད་བགེགས་རྣམས་བསལ་ཕྱིར་དུ། །ཕྱི་ནང་གསང་བའི་རྒྱུ་འགྲུལ་བསྡམས། །འབར་བ་མཚམས་


DNG022_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་རོ། །ཉོན་མོངས་བག་ཆགས་གཞོམ་པའི་ཕྱིར། །འབུམ་ལྔའི་བཤགས་པ་བྱ་བ་སྟེ། །ངན་སོང་སྦྱོང་བའི་དཀྱིལ་འཁོར་རོ། །ཁྲོལ་བུ་ལ་ནི་འཁོར་ལོ་སྟེ། །གདུང་བཞིར་ཀ་བ་བརྒྱད་གཏོང་བའི། །བཞི་དང་བརྒྱད་དང་སྒོ་བཞིར་བཅས། །ཕྱེ་བའི་དུས་ན་བརྒྱད་ཆ་བཞི། །ཀ་བ་འཁོར་ལོ་པདྨ་རིན་ཆེན་སྒོ་བཞིར་བཅས། །གོང་བུའི་དུས་ན་ཟླ་གམ་ཁ་སྤྲོད་སྒོ་བཞིར་བཅས། །གཟུགས་བརྙན་འགྲོ་བ་འདུལ་བའི་དཀྱིལ་འཁོར་རོ། །རིགས་ལྔ་དང་ནི་དགུ་བཅུ་གསུམ། །གསང་ཆེན་རིགས་གཅིག་བསྙེན་པ་ཡིས། །དེས་ནི་ཁྲོལ་བུ་སྦྱངས་པ་སྟེ། །ཡེ་ཤེས་ལྔའི་འཕྲོ་འདུའི་བསྙེན་པས་ཕྱེ་མ་སྦྱོང་། །དགུ་པའི་སྔགས་ཀྱི་གོང་བུ་ལའོ། །འཕྲོ་འདུ་འཇུ་འདུལ་དཀྱིལ་འཁོར་རོ། །བསྟན་པ་ལྔ་ལ་མཁའ་ལྔའི་དབྱིངས། །དུང་བྱེད་ལྔ་ལ་གསང་བའི་མཚན་བྲིས་ལ། །བཙག་པའི་ཚགས་སྣོད་ཡབ་ཡུམ་སྟེ། །སྲང་ནི་ཐབས་དང་ཤེས་རབ་པོ། །བཙགས་བཏགས་བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་རོ། །ཟླ་གམ་སྒོ་ཤར་བསྟན་པ་ལ། །པདྨ་འདབ་མ་བརྒྱད་བྲིས་ལ། །རྟ་མགྲིན་དབང་གི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བླ་མེད་གདེང་ནི་དེ་ལྟར་བཤད། །བདག་ཉིད་ངང་དང་རང་བཞིན་གྱིས། །ལྟ་བའི་ཕུལ་དུ་བདུད་རྩི་ལྟ་སྟངས་ཡིན། །ལྟ་བའི་གདེང་ཆེན་ཉིད་ལ་ངེས་བཞག་ན། །ལྟ་བ་བླ་མེད་གདེང་ནི་དེ་ལྟར་བཤད། །དམ་རྫས་དག་ལ་བླང་དོར་མེད་པ་དང་། །གྷ་ན་དག་ལ་འཆིང་འགྲོལ་མེད་པ་དང་། །ཏ་ན་དག་ལ་སྐྱེ་ཤི་མེད་སྤྱད་པ། །སྤྱོད་པ་བླ་མེད་གདེང་ནི་དེ་ལྟར་བཤད། །སྤྱི་ཡི་དམ་ཚིག་བརྟག་པར་བྱ་བ་དང་། །ཁྱད་པར་དམ་ཚིག་བསྲུང་བ་དང་། །ལྷག་པའི་དམ་ཚིག་གནས་པར་བྱ་བ་དང་། །དམ་ཚིག་བླ་མེད་གདེང་ནི་དེ་ལྟར་བཤད། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །གནན་བཟློག་དྲུག་ཏུ་གཅིག་ཏུ་སྟེ། །ཕྲིན་ལས་བླ་མེད་གདེང་ནི་དེ་ལྟར་བཤད། །ཕྱེ་མ་ཁྲོལ་བུ་གོང་བུ་གང་ལ་ཡང་། །རྟགས་དྲུག་


DNG022_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱུང་བྱུང་དུ། །གཞུང་ལས་འབྱུང་བ་བཞིན་བསྒྲུབས་ན། །བསྒྲུབ་པ་བླ་མེད་གདེང་ནི་འདི་ལྟར་བཤད། །བདུད་རྩི་ཆེན་པོའི་བུམ་པ་ཡིས། །ཕྱི་དང་ནང་དང་གསང་བའི་མཐར་ཐུག་དབང་། །འདོད་པ་དེ་ལ་རབ་སྦྱིན་པ། །དབང་མཆོག་བླ་མེད་གདེང་ནི་འདི་ལྟར་བཤད། །ཐུན་མོང་དང་ནི་ཐུན་མོང་མ་ཡིན་པ། །དོན་དམ་དང་ནི་ཀུན་རྫོབ་ཀྱི། །དངོས་གྲུབ་ཁྱད་པར་ཅན་ཡང་ཐོབ། །དངོས་གྲུབ་བླ་མེད་གདེང་ནི་དེ་ལྟར་བཤད། །བླ་ན་མེད་པའི་གདེང་བརྒྱད་ཀྱིས། །བདུད་རྩི་དམ་པ་མཆོག་བསྒྲུབ་ནས། །སངས་རྒྱས་མཆོད་ཅིང་རང་ཟོས་ན། །དངོས་གྲུབ་ཁྱད་པར་ཅན་ཡང་ཐོབ། །དམ་རྫས་སྨན་སྣ་རེ་རེ་ལ་ཡང་། །ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་། །བྱིན་རླབ་མཐུ་བྱིན་དེ་བཞིན་ནོ། །དེ་ཡི་ནུས་མཐུ་དཔག་ལས་འདས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བདུད་རྩི་ཆེན་པོ་མཆོག་གི་བསྒྲུབ་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡས། རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བདེ་གཤེགས་ཁྲོས་པའི་རྒྱལ་པོ་ཆེ། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །སྦྱོར་དང་སྐོང་དང་བཟློག་པ་དང་། །གནན་དང་གཟིར་བའི་ཕྲིན་ལས་རྣམས། །ཕྱི་རབས་དོན་དུ་ཇི་ལྟར་བརྩམ། །ཀུན་མཁྱེན་ཁྱེད་ཀྱིས་བསྟན་དུ་གསོལ། །ཞེས་གསོལ་པས། ཁྲོས་པའི་རྒྱལ་པོས་བཀའ་སྩལ་པ་ནི། ཨ་ཧོ་རྡོ་རྗེ་འདུས་པའི་སྲས། །སེམས་ཅན་ཕྱི་རབས་གཞན་དོན་ཕྱིར། །ཕྲིན་ལས་དོན་ཞུས་ཡ་མཚན་ཆེ། །ཕྲིན་ལས་རིམ་པ་བསྟན་པ་ནི། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །རྨུགས་པར་གྱུར་པའི་སེམས་ཅན་ལ། །སྣ་ཚོགས་ལས་ཀྱིས་ཞི་བར་སྦྱར། །བཀྲ་ཤིས་བདེ་བའི་གནས་དག་ཏུ། །བཀྲ་ཤིས་མཚན་ལྡན་ཡུམ་མཆོག་གཟུང་། །རྡོ་རྗེ་འདུས་པར་བསམ་བྱ་ཞིང་། །དཀར་ལ་ཟླུམ་པའི་དཀྱིལ་འཁོར་ལ། །རྡོ་རྗེ་འོད་ཟེར་འཕྲོ་བས་རྒྱལ། །རིན་ཆེན་


DNG022_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་དཀར་པོ་འམ། །དཀར་པོའི་ཤིང་ལས་བྱས་པ་ཡི། །ཕུར་པ་ཟླུམ་པོ་དྲུག་བཏབ་སྟེ། །ཞི་བའི་ལྷ་ཚོགས་སྤྱན་དྲངས་ལ། །སྙིང་པོ་བྱམས་པས་མཆོད་སྦྱིན་བྱའོ། །ཡམ་ཤིང་དཀར་ལ་སྦར་བའི་མེ། །དཀར་ལ་མངར་བའི་རྫས་རྣམས་ཀྱིས། །ཞི་བའི་ཚུལ་དུ་སྦྱིན་བསྲེག་བྱ། །དངུལ་ཕྱེ་འབྲས་ཆེན་དཀར་པོ་ལ། །གཏོར་མ་བྱས་ཏེ་ཞི་བར་བྱ། །ས་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །གཏི་མུག་ལས་ཀྱིས་འཆེལ་བ་རྣམས། །ཞི་བར་གྱུར་པའི་དབྱིངས་སུ་རོལ། །འདི་ནི་ཞི་བའི་ལས་སུ་བཤད། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཕོངས་གྱུར་པ་ཡི་སེམས་ཅན་ལ། །སྣ་ཚོགས་ལས་ཀྱིས་རྒྱས་པར་བྱ། །ཙནྡན་མེ་ཏོག་ནགས་ཚལ་དང་། །ཉམས་དགའ་སྐྱེད་མོའི་ཚལ་དུ་ནི། །ལྕུག་ཕྲན་མ་ཡི་ཡུམ་མཆོག་གཟུང་། །རིན་ཆེན་འདུས་པའི་བསམ་སྦྱོར་གྱིས། །སེར་པོ་གྲུ་བཞིའི་དཀྱིལ་འཁོར་ལ། །རིན་ཆེན་ཆུ་སྐྱེས་དག་གིས་བརྒྱན། །རིན་ཆེན་ཁ་དོག་སེར་པོ་འམ། །སེར་པོའི་ཤིང་ལས་བྱས་པ་ཡི། །ཕུར་པ་ཐུར་བཞི་བཏབ་པ་སྟེ། །རྒྱས་པའི་ལྷ་ཚོགས་སྤྱན་དྲངས་ནས། །བྱམས་པའི་སེམས་ཀྱིས་མཆོད་སྦྱིན་བྱ། །སེར་པོའི་ཤིང་ལས་སྦར་བའི་མེ། །ཁ་བའི་རོ་ལྡན་སེར་པོའི་རྫས། །རྒྱས་པའི་ཚུལ་གྱིས་སྦྱིན་བསྲེག་བྱ། །གསེར་ཕྱེ་འབྲས་ཆན་སེར་པོ་ལ། །གཏོར་མ་བྱས་ཏེ་རྒྱས་པར་བྱ། །མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ང་རྒྱལ་ལས་ཀྱིས་འཆེལ་རྣམས་ལ། །རྒྱས་པར་གྱུར་པས་དབྱིངས་སུ་རོལ། །འདི་ནི་རྒྱས་པའི་ལས་སུ་བཤད། །འཇིག་རྟེན་ཁམས་ནི་རབ་འབྱམས་ལ། །ཆགས་པར་གྱུར་པའི་སེམས་ཅན་ལ། །དབང་དུ་བྱ་བར་རབ་ཏུ་གསུངས། །ཟླ་མཚན་ཅན་ནམ་ཆུ་གླིང་དུ། །སྡོང་གཅིག་མ་ཡི་གཟུངས་མ་གཟུང་། །པདྨ་འདུས་པའི་བསམ་སྦྱོར་གྱིས། །ཟླ་གམ་དམར་པོའི་དཀྱིལ་འཁོར་ལ། །པདྨ་མདའ་གཞུ་འོད་ཀྱིས་བརྒྱན། །ཟངས་ལ་སོགས་པའི་རིན་ཆེན་ནམ། །དམར་བའི་


DNG022_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལས་བྱས་པ་ཡིས། །ཕུར་པ་ཟླ་གམ་ལྔ་བཏབ་ལ། །དམར་སྨུག་འདྲ་བའི་ལྷ་ཚོགས་རྣམས། །རྡོ་རྗེ་དབྱིངས་ཕྱུག་སྤྱན་དྲངས་ཏེ། །དགའ་ཆགས་ཡིད་ཀྱིས་མཆོད་སྦྱིན་བྱ། །དམར་པོའི་ཤིང་ལས་སྦར་བའི་མེ། །སྐྱུར་ལ་མངར་བའི་རྫས་རྣམས་ཀྱིས། །དབང་གི་ཚུལ་དུ་སྦྱིན་བསྲེག་བྱ། །ཟངས་ཕྱེ་འབྲས་ཆན་དམར་པོ་ལ། །གཏོར་མ་བྱས་ཏེ་དབང་དུ་བསྡུས། །ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །འདོད་ཆགས་ལས་ཀྱིས་འཆེལ་བ་རྣམས། །དབང་དུ་གྱུར་པས་དབྱིངས་སུ་རོལ། །འདི་ནི་དབང་གི་ལས་སུ་བཤད། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་གདུག་པའི་སེམས་ཅན་ལ། །དྲག་ཤུལ་སྤྱོད་པས་ལས་བྱ་སྟེ། །རྐང་གཅིག་ཤིང་ངམ་དུར་ཁྲོད་དུ། །རིགས་ངན་སྨེ་ཤ་མེས་རེག་གཟུང་། །ལས་རབ་འདུས་པའི་བསམ་སྦྱོར་གྱིས། །ནག་པོ་གྲུ་གསུམ་དཀྱིལ་འཁོར་ལ། །གཙང་ཐོད་རྒྱན་གྱིས་བརྒྱན་པར་བྱ། །ལྕགས་ལ་སོགས་པའི་རིན་ཆེན་ནམ། །ཚེར་མའི་ཤིང་ལས་བྱས་པ་ཡིས། །ཕུར་པ་ཟུར་གསུམ་དྲུག་བཏབ་སྟེ། །མཐིང་ནག་འབར་བའི་ལྷ་ཚོགས་རྣམས། །དྲག་པོས་འདུལ་ཕྱིར་སྤྱན་དྲངས་ཏེ། །བཏང་སྙོམས་ཁྲོས་པའི་མཆོད་སྦྱིན་བྱའོ། །ཚེར་མའི་ཤིང་ལས་སྦར་བའི་མེ། །དྲག་པོའི་ཚུལ་དུ་སྦྱིན་བསྲེག་བྱ། །ལྕགས་ཕྱེ་འབྲུ་ནག་ཤ་ཁྲག་ལ། །སྦྱར་བའི་གཏོར་མ་དྲག་ཤུལ་སྦྱང་། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེ་སྡང་ལས་ཀྱིས་འཆེལ་བ་རྣམས། །བརླག་པར་གྱུར་པས་དབྱིངས་སུ་རོལ། །འདི་ནི་དྲག་པོའི་ལས་སུ་བཤད། །ཆགས་པའི་དོན་དུ་སྦྱོར་བ་སྟེ། །དབང་པོ་ཡུལ་ལ་སྦྱོར་བ་དང་། །ཆོས་ཅན་ཆོས་ཉིད་སྦྱོར་བ་དང་། །ཤེས་པས་ཤེས་པར་བྱ་བའི་ཡུལ་ལ་སྦྱོར་བ་སྟེ། །ཆོས་རྣམས་སྐྱེ་བ་མེད་པར་སྦྱོར་བ་དང་། །ཆོས་ཉིད་སྐྱེ་བ་མེད་པར་སྦྱོར་བ་ལས། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྐུར་བསྐྱེད་དེ། །ཡབ་ཡུམ་སྦྱོར་བས་ཁྲོ་བོ་ཁྲོ་མོར་བསྐྱེད། །ཁྲོ་བོ་ཁྲོ་མོ་སྦྱོར་བ་ལས། །ཕྲ་མེན་མངགས་ཐབས་བསྐྱེད་པར་བྱ། །ཡབ་ཡུམ་སྦྱོར་བ་


DNG022_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྲས་མཆོག་ཡབ་ཡུམ་བསྐྱེད། སྒོ་མ་བཞིས་སྦྱོར་བའི་བརྡས་བསྐུལ་ཏེ། ཡབ་ཡུམ་ཐམས་ཅད་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་དང་། མཚན་ལྡན་བཀྲ་ཤིས་ཡིད་འོང་གཟུངས་མ་ལ། །དྲི་རྩིས་སྐྱོན་སྦྱངས་གོས་དང་རྒྱན་ཕྲེང་གདགས། །རྣལ་འབྱོར་ཉིད་ལའང་དེ་བཞིན་ཏེ། །རྒྱན་གཟུངས་གསལ་གཡོན་སྤེལ་བྱས་ནས། །བདག་ཉིད་ལྷར་བསམ་གཟུངས་ཉིད་ཡུམ། །བདག་གི་ལུས་ཀྱི་གནས་རྣམས་སུ། །ཐབས་མཆོག་ཉི་ཤུ་རྩ་ལྔ་བསམ། །ཡུམ་ལ་ཤེས་རབ་མ་རྣམས་བསམ། །རང་བཞིན་གནས་ནས་དགུག་གཞུག་བསྡིམ། །མཆོད་དོན་གསོལ་བ་གདབ་བྱ་སྟེ། །ལྕགས་ཀྱུས་སྤྱན་དྲངས་ཞགས་པས་འཁྱུད། །ལྕགས་སྒྲོག་བསྡམས་ཏེ་དྲིལ་བུས་དགྱེས་པ་བསྐྱེད། །ཡབ་ཡུམ་དགྱེས་པའི་རོལ་མོ་དང་། །ལུས་ཀྱི་གནས་རྣམས་སྤྲད་པ་ནི། །ཡུམ་རྣམས་ཆོས་དབྱིངས་གཞལ་ཡས་སུ། །ཡབ་རྣམས་ཡེ་ཤེས་བྱང་ཆུབ་སེམས། །དམིགས་མེད་བདེ་བའི་སྦྱོར་བས་གཏིམ། །མ་ཆགས་མཉམ་པའི་དགྱེས་པ་མཆོག །བདག་དང་གཞན་གཉིས་མི་དབྱེ་བར། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །བདེ་ཆེན་བྱང་ཆུབ་སེམས་སུ་མཆོད་སྦྱིན་ཆེན་པོ་ཐིམ་བྱས་ནས། །ཆགས་པ་སྤྱད་ཀྱང་བླ་མེད་ཐོབ་པར་འགྱུར། །བཀའ་ལུང་གཏན་ཚིགས་ཚད་མར་མི་ལྡན་པར། །མཚན་མེད་གཟུངས་བཙལ་འདོད་ཆགས་དངོས་སྤྱོད་ན། །འབྲས་བུ་ཡུལ་མེད་ཡ་གའི་གཞི་དར་ནས། །ཚུལ་ཆོས་ཆགས་པ་སྤྱོད་པས་འཁོར་བའི་རྒྱུ། །འདི་ནི་སྦྱོར་བའི་ལས་སུ་བཤད། །སྲོག་གཅོད་ཕྱིར་ན་སྒྲོལ་བ་སྟེ། །སྣོད་དང་བཅུད་ཀྱིས་བསྡུས་པའི་ཆོས་རྣམས་དབྱིངས་ཉིད་ལ། །རིག་པ་བྱང་ཆུབ་སེམས་སུ་སྣང་བ་ཡེ་ཤེས་ཏེ། །གཉིས་སུ་མེད་པས་མཚོན་པ་མྱ་ངན་འདས། །དེ་ལྟར་རྟོགས་པས་ཁམས་གསུམ་ཐུན་མོང་དང་། །ཐུན་མོང་མ་ཡིན་ཐུགས་རྗེས་སྒྲོལ་བའོ། །སྣོད་ཀྱི་འཇིག་རྟེན་ཤེས་རབ་གཞལ་ཡས་ལ། །བཅུད་ཀྱིས་བསྡུས་པའི་ཁྲོ་བོར་


DNG022_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཤར། །ཁམས་གསུམ་ཐུགས་རྗེས་ཐུན་མོང་དུ་བསྒྲལ་བའོ། །བསྟན་པ་ལ་གནོད་ཞིང་བཅུ་གནས་ནས་བླང་ཕྱིར། གཞུང་དང་ལྡན་པའི་རྣལ་འབྱོར་པས། །གནས་འཁོར་ཕུར་པ་ཡོ་བྱད་དུས་ལྡན་ཏེ། །གཟུགས་བརྙན་དམ་བཞེངས་ཏེ་ཏིང་འཛིན་རིག་པ་བསར། རང་བཞིན་མཆོད་བསྒྲུབ་རྒྱལ་བའི་བཀའ་ལ་བསྟེན། དམིགས་པའི་རྟེན་ནི་བཅས། དབབ་དབྲལ་གཟིར་བཏབ་གཏུབ་བསྟབ་རོལ་ཏེ། ཤེས་པའི་གནས་སྦྱངས་ནས་ནི། སྡིག་པ་སྤྱད་ཀྱང་ཡེ་ཤེས་འབར་བ་ལ། །བསྒྲལ་བར་བྱས་ཀྱང་ལྟུང་བར་མི་འགྱུར་རོ། །རྒྱལ་བའི་བཀའ་ལ་ནི་ཁུངས་ཕྱུང་། མཐུ་རྩལ་འདོད་པས་འཇིག་རྟེན་པའི་དྲེགས་པ་མཆོད། དོན་དང་མི་ལྡན་པར་སྒྲོལ་བའི་ལས་བྱས་ན། སྤྱོད་རྩིང་ཁེ་རྔམས་འཁོར་བའི་གཡང་སར་ལྷུང་། །འདི་ནི་སྒྲོལ་བའི་རིམ་པར་བཤད། །ཉམས་པའི་ཕྱིར་ན་བསྐང་བ་སྟེ། །དམ་རྫས་བདུད་རྩི་ལྔ་ལ་རྟེན་བཅས་ནས། །ཡི་གེ་དཔའ་བོ་འབྲུ་ལྔས་དངོས་པོ་དང་། མཚན་མའི་བག་ཆགས་སྦྱངས་ཏེ། ཕྱག་མཚན་འབར་བ་ལྔས་ནི། གཟུགས་སུ་སྣང་བའི་བག་ཆགས་སྦྱངས་ཏེ། དུག་ལྔའི་རྟེན་ཡེ་ཤེས་ལྔར་བསྒྲལ་ནས། རིགས་ལྔའི་ཐུགས་ཀྱི་རྒྱུད་བདུད་རྩི་ལྔས་དབང་བསྐུར་བས། བདེ་བར་གཤེགས་པ་སྐུ་གསུམ་གྱི་ངོ་བོར་བཞུགས་པ་རྣམས་ཀྱི་ཐུགས་དམ་བསྐང་སྟེ། དོན་དམ་པའི་བསྐང་བ་དང་། དགོངས་རྒྱུད་རྣམ་པར་དག་པའི་རྣལ་འབྱོར་པས། རྒྱུ་མཆོག་གི་སྐོངས་གྱུར་ཡང་། མཚམས་བཅད་ཕྲིན་གདགས་མེ་ཏོག་དོར་ཏེ། མིག་དབྱེ་ལྷ་ངོ་བསྟན། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྣམ་ཤེས་འབྱུང་བ་དམིགས་པ་ཡིས། །ལྷ་རྣམས་ཀྱི་ཐུགས་དམ་དབྱིངས་སུ་བསྐངས་ནས། ཀ་ཏ་རི་ནི་བྱིན་བརླབས་རལ་གྲི་འདི་དབང་བསྐུར། །རྒྱུ་ལྔའི་སྒོ་དགག་དུག་ལྔ་ཞེ་བཅད་དེ། །རྣམ་ཤེས་གནས་སྤར་དབང་བསྐུར་མི་ལྡོག་ས་ལ་དགོད། །ཤ་ཁྲག་ལ་སོགས་ཚོགས་ཀྱི་མཆོད་པར་འབུལ། །དེ་ཡི་དོན་ལྡན་རྣལ་


DNG022_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པས། །སྲོག་བཅད་བསྒྲལ་བས་རྣམ་ཤེས་ཐུགས་དམ་བསྐངས། །དེ་ཡི་དོན་དང་མི་ལྡན་པའི། །མིང་ཙམ་འཛིན་པའི་རྣལ་འབྱོར་པས། །དགོངས་རྒྱུད་མི་གསལ་སྤྱོད་པའི་དོན་འཁྲུལ་ནས། །བསྐངས་ཀྱང་མི་སྐོངས་སླར་ཉིད་འཁོར་བའི་རྒྱུ། །འདི་ནི་བསྐང་བའི་རིམ་པར་བཤད། །ཡིད་གཉིས་ཟ་ཕྱིར་བཟློག་པ་ནི། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མི་བདེའི་གནས་སུ་གཏིང་འཁྱམས་པས། །ཐུགས་རྗེ་ཉི་ཟེར་འདྲ་བ་ཡིས། །ལུས་སེམས་སྐུ་གསུང་ཐུགས་སུ་བཟློག་པའོ། །འདི་ནི་འཁོར་བ་རུ་བཟློག་པའོ། །མུ་སྟེགས་བལྟ་སྤྱོད་ལོག་པ་དང། །ཉན་ཐོས་ལ་སོགས་ལྟ་ཚོགས་དམན་པ་རྣམས། །སྔགས་པ་ལྟ་སྤྱོད་འཁྲུལ་པ་རྣམས། །བལྟ་བ་སྤྱོད་པ་བསྟུན་ཏེ་ཡ་ཆ་བར་ཁྲིད་པ་ནི། ལོག་དམན་འཁྲུལ་པ་རུ་བཟློག་པའོ། །བྱང་སེམས་སངས་རྒྱས་རྒྱུ་ཉིད་ལ། །ཉོན་མོངས་བདུད་ཀྱི་རྒྱུ་བྱས་ཕུང་པོའི་བདུད་དུ་སྨིན། །ལྷ་ཡི་བདུད་ཀྱིས་བར་དུ་གླགས་བཙལ་ནས། །འཆི་བདག་བདུད་ཀྱིས་བར་ཆད་བྱེད་པའི་ཚེ། །དོན་རིག་རྩལ་ཤུགས་ལྡན་པའི་རྣལ་འབྱོར་པས། །བཀའ་ཡི་གཞུང་དང་མཐུན་པའི་རྫས་བསགས་ཏེ། །རྒྱུ་མཆོག་མཚན་ལྡན་དག་ལ་རྟེན་བཅས་ནས། །སྲོག་བརྗེས་སེམས་སྤར་ཤ་ཁྲག་རྫས་ཀྱི་བཟློག །སྐད་ཅིག་ཙམ་ཡང་ལུས་སེམས་མ་བྲལ་བདེ་ཐོབ་དགེ་སྤྱོད་དེ། །དགེ་སྤྱོད་ཐབས་མེད་ནམས་ཀྱང་འཁོར་བའི་རྒྱུས་བཟློག་ནས། །དགེ་བ་སྐད་ཅིག་ཙམ་ཡང་སངས་རྒྱས་རྒྱུ། །དགེ་བའི་དོན་སད་རྩ་བའི་བཟློག་པའོ། །དམ་མེད་རྩལ་ཤུགས་མི་འཆང་རྣལ་འབྱོར་ཚུལ་སྤྱོད་པས། །དགེ་དོན་སད་མེད་གཞན་གྱི་རིགས་ཀྱི་གཉེར་ཕབ་ནས། །ཚིག་ཙམ་བསྟོད་པས་རང་གི་ཆེ་སྐྱེས་ཏེ། །དོན་དུ་ཤ་ལྤགས་འདོད་ཕྱིར་བཟློག་པ་བྱེད། །དམན་མཆོག་མཐུ་བྱིན་ཀུན་ཀྱང་ངས་བཟློག་ན། །འཇིག་རྟེན་རྐྱེན་དབང་ཅན་དག་སྨོས་ཅི་དགོས། །དེ་སྐད་ཟེར་ཞིང་བཟློག་པའི་ལས་བྱེད་ན། །མི་


DNG022_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་རང་གིས་གཤེད་མར་འོང་སྟེ་འཁོར་བའི་རྒྱུ། །བཟློག་པའི་རིམ་པ་འདི་ལྟར་བཤད། །གནོད་བྱེད་ས་ལ་གནན་པ་ནི། །དོན་དམ་སེམས་ལ་གནོད་པ་ནི། །ཀུན་གཞི་རྣམ་པར་ཤེས་པ་ལ། །བག་ཆགས་གྲངས་རིམ་བཞི་གནས་པ། །ཕུང་པོ་ལ་གནས་ཚོགས་དྲུག་ཡུལ་ལ་མ་བཏང་བར། །བག་ཆགས་ཐམས་ཅད་མནན་ཏེ་ཀུན་གཞི་ངོ་བོར་གནས། །དེས་ནི་དོན་ཉིད་དོན་མཐོང་སྟེ། །དོན་དམ་བདེན་པའི་མནན་པའོ། །གནས་དང་དཀྱིལ་འཁོར་རྫས་དང་ཆོ་ག་ཐབས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །འགོག་བྱེད་བགེགས་རྣམས་གནན་བྱས་ན། །སྤོགས་པའི་ཐབས་མེད་དེ་ལ་ཐར་དུས་མེད། །ཀུན་རྫོབ་བདེན་པའི་གཞུང་དུ་མནན་པའོ། །དཀོན་མཆོག་བདེན་པའི་བཀའ་ལ་མི་བདེན་པར། །འཇིག་རྟེན་འདི་ཡི་དྲག་པོའི་དབང་བཟུང་ནས། །མཐུ་ཆེན་དྲེགས་པའི་ལྷ་ཀླུའི་གནས་རྣམས་སུ། །དེ་མཆོད་དེ་ལ་ལས་ཀྱི་མཐུ་ལྟོས་ཤིང་། །དེ་ལ་ལྷར་གསོལ་དགྲ་བགེགས་གནོད་བྱེད་པ། །དེ་ནི་འཇིག་རྟེན་ལོག་པའི་མནན་པ་སྟེ། །ཆོས་འགལ་ཡ་གའི་གཞི་སྟེ་དེ་མི་བྱ། །གནན་པའི་རིམ་པ་འདི་ལྟར་བཤད། །འགྲན་སེམས་ཅན་ལ་གཟིར་བ་ནི། །ཆོས་དབྱིངས་ཡེ་ཤེས་ཡེ་ནས་གནས་པ་ལ། །བག་ཆགས་ཉོན་མོངས་འགྲན་འཛུག་པ། །རིག་པའི་ཡེ་ཤེས་བསར་ཏེ་ཆོས་དབྱིངས་ངང་དུ་གཟིར། །མཐར་ཐུག་དོན་གྱི་གཟིར་བའོ། །དཔལ་ཆེན་འབར་བའི་ཆ་བྱད་ཀྱིས། །འགྲན་སེམས་རཱུ་ཏྲ་གཟིར་བ་ནི། །སྒྲིབ་གཉིས་བྱང་ནས་ཚོགས་གཉིས་རྫོགས། །འདི་ནི་རྟགས་ཀྱིས་གཟིར་བའོ། །རྣལ་འབྱོར་དབང་ཕྱུག་སྒྲུབ་པ་ལ། །འགྲན་སེམས་ཅན་གྱི་དགྲ་དང་བགེགས། །རས་སམ་གྲོ་གའམ་ཤིང་ཤུན་ལ། །མིང་ངམ་ཡང་ན་གཟུགས་བྲིས་ལ། །ཁྲག་འཐུང་ཐུགས་རྟགས་ཕུར་པས་གཟིར། །འདི་ནི་རྫས་ཀྱི་གཟིར་བའོ། །བདག་ཉིད་ཏིང་འཛིན་གདེང་ཞུགས་ལ། །འོག་ཏུ་གཞུག་ཅིང་ཀུན་ཏུ་གཟིར། །འདི་ནི་བསམ་སྦྱོར་ཀུན་


DNG022_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཟིར་བའོ། །གཟིར་བའི་རིམ་པ་འདི་ལྟར་བཤད། །ཅེས་གསུངས་པས། ཕྱི་རབས་ཀྱི་རྣལ་འབྱོར་པས་བདག་གཞན་གྱི་དོན་ལས་བྱེད་པ་ལ་མགོ་མི་རྨོངས་པར་འགྱུར་རོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བདག་གཞན་གྱི་དོན་གྱི་ཕྲིན་ལས་རིམ་པར་ཕྱེ་བའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པའི་རྒྱལ་པོས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བདེར་གཤེགས་ཏིང་འཛིན་མཆོག་གི་བདག །ས་ལ་སྤྱོད་པའི་རྣལ་འབྱོར་པས། །བཟའ་བཏུང་གོས་རྒྱན་བྱ་བྱེད་དང་། །སྤྱོད་པ་འགྲོ་ཉལ་འདུག་ལྡང་བའི། །རྒྱུན་ཏུ་ཏིང་འཛིན་ཇི་ལྟར་ལགས། །ཏིང་འཛིན་མཆོག་གིས་བཤད་དུ་གསོལ། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱུན་གྱི་ཏིང་འཛིན་ལ་མཉམ་པར་བཞག་སྟེ། འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ་རྡོ་རྗེ་འདུས་པའི་སྲས། །ཟ་བ་རྒྱུན་གྱི་ཏིང་འཛིན་ནི། །གཙང་སྨེ་མེད་པར་ཟས་རྣམས་ཀུན། །སྣོད་ཆེན་དག་གི་ནང་དུ་བསོག །མདུན་དུ་བཞག་སྟེ་སེམས་བསྐྱེད་ནས། །བདག་ཉིད་ལྷ་ཡི་རྣལ་འབྱོར་གྱིས། །བསྐུལ་བ་གསུམ་གྱིས་དངོས་པོ་སྤྱོད། །བྱིན་བརླབས་གསལ་བཏབ་མཆོད་ཕུལ་ཕྲིན་ལས་བཅོལ། །བྱིན་བསྡུའི་བདག་རོལ་དངོས་གྲུབ་ཡིན། །ལྷག་མ་བྱིན་ཏེ་གཤེགས་སུ་གསོལ། །འགྲོ་བའི་དོན་དུ་སྨོན་ལམ་གདབ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཧཱུྃ་ཕཊ། ཧཱུྃ་རཾ་ཧཱུྃ་ཡཾ་ཧཱུྃ་ཁཾ། བྷྲཱུཾ་བྷནྡྷ་མ་ཨ་པ་མཎྜ་ལ། ཨོཾ་ཨཱཿཧཱུྃ་བ་ལིཾ་ཏ་པུ་ཙ་ཧཱུྃ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོ་ཏ་ཀྲོ་ཏཱི་ཧ་ཧེ་ཕཊ་ས་མ་ཡ་ཛཿ། ཨཱོཾ་བཛྲ་ཛྙཱ་ན་མ་ཧཱ་པཱུ་ཙ་པཉྩ་བ་ལིཾ་ཏ་ཨ་མྲྀ་ཏ་རཀྟ་བོ་དྷི་ཙིཏྟ་མ་ཧཱ་ཨརྒྷཾ་པྲ་ཏཱི་ཛ་ཧོ། ཛཿཤྲི་བཱན་ཁ་རཾ་ཁཱ་ཧི། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ། ཨཱོཾ་བཛྲ་ཀཱི་ལཱི་ཀཱི་ལ་ཡ། ཨཱོཾ་ཨཱཿཧཱུྃ། ལོ་ཀ་པྲ་ཏི་པ་ན་དྷརྨ་ཏཱ་སིདྡྷི་ཧཱུཾ་ཨཱཿ། རཀྴ་ཡཀྴ་མ་མ་བྷྱོ་ཛ་པཱུཙྪ་ས་མ་ཡ་ཧཱུྃ་སྭཱ་ཧཱ། ཀཱ་ཡ་ཝཱ་ཀ་ཙིཏྟ་དྲྀ་ཤྱ་ཧོ་ཡ་ཧི་གཙྪ། ས་མ་ཡ་ཧོ།


DNG022_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ལྷ་ཡི་ཚོགས་ལ་ཕྱག་འཚལ་ལོ། །འབྱོར་ལྡན་ལོངས་སྤྱོད་སྤྱན་འཕེལ་རྒྱས། །སྦྱིན་པ་རྟག་ཏུ་ལོངས་སྤྱོད་ཅིང་། །སྒྲིབ་གཉིས་བྱང་ནས་ཚོགས་གཉིས་རྫོགས་པར་ཤོག །ཨ་ལ་ལ་ཧོ། བཏུང་བ་རྒྱུན་གྱི་ཏིང་འཛིན་ནི། །བརླན་དང་གཤེར་གྱིས་བསྡུས་པ་ཡི། །འབྲུ་བཅུད་ཛ་གད་ལ་སོགས་བཏུང་བ་ལ། །གདེང་ལྡན་དྲང་བའི་འཕྲོ་འདུ་ལས། །མ་མཱ་ཀི་ཡི་ཏིང་འཛིན་བསམ། །འབྱུང་བ་བཅུད་ལྡན་ཕྱག་རྒྱ་ཡིས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ།་མཱ་མ་ཀི་ཏྲཱཾ་ཏྲཱཾ། ཧཱུྃ་བཛྲ་བཛྲ། དག་པྲ་བ་བ་ཡ་ནན་ཧཱུྃ་སྭཱ་ཧཱ། བསིལ་མངར་བདུད་རྩིའི་ངོ་བོར་བརླབས། །སྦོམ་པོ་དབང་མོ་ཐབས་དང་ཤེས་རབ་ཀྱིས། །རྩིར་གྱུར་སྨན་གྱི་འཕྲོ་འདུར་གསལ། །ལྷ་ཡི་ཚོགས་ལ་ཐིམ་པར་མཆོད། །ཨཱོཾ་ཨཱཾཿཧཱུྃ་གིས་བྱིན་བསྡུས་ཏེ། །རང་ཉིད་འཐུང་བས་སྒྲིབ་བྱང་ནས། །སྐུ་གསུང་ཐུགས་ཀྱི་གཟི་བྱིན་ཕེབ། །བགོ་བ་རྒྱུན་གྱི་ཏིང་འཛིན་ནི། །རེག་བྱ་བགོ་བའི་བྱེ་བྲག་རྣམས། །འཇམ་དང་རྩུབ་པ་གཉིས་མེད་པར། །གསལ་ལྡན་ཧོ་ཡི་འཕྲོ་འདུ་ཡིས། །གནྡྷེ་རེག་བྱའི་ལྷབ་ལྷུབ་ཅན། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནྡྷེ་པཉྩཱ་ལི་ཀ་པཱུ་ཛ་ཧོ། ནད་མེད་ལང་ཚོ་བདེ་བ་དང་། །མཚན་གྱི་མེ་ཏོག་ཐོབ་པར་འགྱུར། །རྒྱན་ཕྲེང་རྒྱན་གྱི་ཏིང་འཛིན་ནི། །རྒྱན་དང་བྱེ་བྲག་ཐམས་ཅད་ལ། །ལེགས་དང་མི་ལེགས་དབྱེར་མེད་པར། །ངེས་ལྡན་ཏྲཾ་གི་འཕྲོ་འདུ་ལས། །མཱ་ལེ་རིན་ཆེན་ཕྲེང་ཐོགས་མ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཱ་ལེ་རཏྣ་པཱུ་ཛ་ས་མ་ཡ་ཧོ། བདེར་གཤེགས་སྲས་དང་བཅས་པ་མཆོད། །བྱིན་བསྡུས་ལྷག་མ་བདག་ཉིད་གདགས། །ཤ་བཀྲག་གསལ་ཞིང་མདངས་ཆགས་དང་། །དཔེ་བྱད་འབྲུ་རྣམས་ཐོབ་པར་འགྱུར། །བྱ་བྱེད་རྒྱུན་གྱི་ཏིང་འཛིན་ནི། །བྱ་དང་མི་བྱ་དབྱེར་མེད་པར། །མཁྱེན་ལྡན་ཧ་ཡི་འཕྲོ་འདུ་ལས། །བྱ་བ་མོ་ནི་ཆོས་ཀྱི་དབྱིངས། །བྱེད་པ་པོ་ནི་ཡེ་ཤེས་ཏེ། །བྱ་བྱེད་དབྱིངས་ལས་ཡེ་ཤེས་རོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀརྨ་དྷརྨ་ཛྙཱ་ན་མཎྜ་ལ། པཱུ་ཛ་


DNG022_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཧོ། བྱ་བ་བྱེད་པས་དོན་དང་ལྡན། །སྤྱོད་པ་རྒྱུན་གྱི་ཏིང་འཛིན་ནི། །སྤྱད་པར་བྱ་བའི་རྫས་རྣམས་ཀུན། །ངེས་པར་ཏིང་འཛིན་རབ་གསལ་བས། །སྒྲིབ་སྦྱོང་ཕྱིར་ན་བཀོལ་བ་སྟེ། །སྤྱད་པས་ཚོགས་ཆེན་ཤེས་རབ་ཐོབ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲཛྙཱ་གུ་ཧྱ་པཱུ་ཛ་ས་མ་ཡ་ཧོ། ཉལ་བ་རྒྱུན་གྱི་ཏིང་འཛིན་ནི། །བྱིང་རྨུགས་གཡེངས་དང་འཕྱོ་བ་སྤངས། །མྱོས་འཐིབ་གཉིད་ཀྱི་དགྲ་བཅོམ་སྟེ། །སེང་གེའི་ཉལ་ཐབས་རབ་ཏུ་བརྟག །གསལ་ལྡན་ཆེན་པོའི་ཏིང་འཛིན་དེ། །རྟག་ཆད་གོལ་སྒྲིབ་ཏིང་འཛིན་མཐའ་སྤངས་ཏེ། །བརྗོད་མེད་བསམ་མེད་བརྗོད་བསམ་ལས་འདས་པས། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་གསལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཤུ་ནྱ་ཏཱ། དེས་ནི་དོན་དམ་ཚོགས་ཆེན་རྫོགས། །བལྟ་བ་རྒྱུན་གྱི་ཏིང་འཛིན་ནི། །དངོས་པོ་མཚན་མར་ལྡན་པ་མེད། །ངེས་དོན་ཆེན་པོའི་ཏིང་འཛིན་གྱིས། །ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་པ་མེད་པའི་སྐུ་བཞེངས་པའོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཧཱུྃ། ལུས་ངག་ཡིད་གསུམ་གྱི་སྐུ་གསུང་ཐུགས། །འགྲོ་བ་རྒྱུན་གྱི་ཏིང་འཛིན་ནི། །གྲུབ་ལྡན་ཆེན་པོའི་ཏིང་འཛིན་གྱིས། །དྲང་དོན་ཚད་མེད་ཕྱིར་ཉིད་འགྲོ་བ་སྟེ། །ངེས་དོན་དམིགས་མེད་འགྲོ་བའི་དོན་དུ་བརྟག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱེ་བཾ་མཱ་ཡཱ་དྷརྨ་ཀརྨ་ཧཱུྃ། འགྲོ་བ་འདུལ་ཕྱིར་གཤེགས་པ་སྟེ། །གཞན་གྱི་དོན་དུ་འགྲོ་བ་བདག་གི་དོན། །འདུག་པ་རྒྱུན་གྱི་ཏིང་འཛིན་ནི། །དཀྱིལ་འཁོར་རྫོགས་པའི་ཏིང་འཛིན་གྱིས། །བདག་ཉིད་སྟོན་པའི་རང་བཞིན་དེ། །གང་ན་གནས་པ་གནས་ཀྱི་མཆོག །ཉེར་གནས་འཁོར་ནི་རང་བཞིན་ཁྱད་པར་འགྲོ་བ་འདུལ་བའི་འཁོར། །བརྗོད་པ་ཐམས་ཅད་བསྟན་པ་དང་། །དེ་ལྟར་འཛོམ་པ་དུས་ཤེས་བྱའོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཎྜ་ལ་ཧཱུྃ་ཧཱུྃ། དེས་ནི་ཕུན་སུམ་ཚོགས་པར་འདུག་པར་འགྱུར། །ཞེས་གསུངས་པས། ས་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས། རྒྱུན་གྱི་ཏིང་འཛིན་ལས་སུ་རུང་སྟེ། ས་ལ་སྨིན་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། རྒྱུན་གྱི་ཏིང་འཛིན་རིམ་པར་


DNG022_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་བའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་གསང་མཆོག་དེ་ཉིད་བདག །ས་ལ་སྤྱོད་པའི་རྣལ་འབྱོར་པས། །དེ་ཉིད་ཡོངས་སུ་རྟོགས་བྱའི་ཕྱིར། །དམིགས་པའི་མཚན་མ་ལ་བརྟེན་དེ་ཉིད་ཀྱིས། །སྒྲིབ་སྦྱང་ཚོགས་རྫོགས་འབྲས་བུ་རྫོགས་པར་བྱ་བའི་ཕྱིར། །དཀྱིལ་འཁོར་དང་ནི་མཎྜལ་དང་། །སྐུ་གཟུགས་དང་ནི་མཆོད་རྟེན་དང་། །གླེགས་བམ་དང་ནི་ཕྲེང་བ་དང་། །རྡོ་རྗེ་དང་ནི་དྲིལ་བུ་དང་། །མཆོད་རྫས་དང་ནི་རོལ་མོ་དང་། །འདི་རྣམས་དེ་ཉིད་ཇི་ལྟར་ལགས། །རྣལ་འབྱོར་དོན་དུ་བསྟན་དུ་གསོལ། །ཨ་ལ་ལ་ཧོ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བའི་དོན་ཐུགས་སུ་ཆུད་དེ། དེ་ཁོ་ན་ཉིད་བཅུའི་ཏིང་འཛིན་ལ་མཉམ་པར་བཞག་སྟེ། འདི་སྐད་ཅེས་གསུངས་སོ། །ས་ལ་སྤྱོད་པའི་རྣལ་འབྱོར་པས། །དེ་ཉིད་དོན་ཞུས་ཨེ་མ་ཡ་མཚན་ཆེའོ། །དེ་ཉིད་དམ་པ་བསྟན་པར་བྱ། །དེ་ཡི་དཀྱིལ་འཁོར་དེ་ཉིད་ནི། །གཟུགས་བརྙན་སྤྱིའི་དཀྱིལ་འཁོར་བཞེངས་དང་ཏིང་འཛིན་བསྒོམ། །རང་བཞིན་དཀྱིལ་འཁོར་སྒྲུབ་པ་སྟེ། །ཡིད་དུ་འོང་བའི་གནས་དག་ཏུ། །རྡུལ་ཚོན་ཁ་བ་བབ་པ་བཞིན། །རེ་ཁཱ་གྲི་སོ་བསྒྲེང་བ་ལྟར། །གཞལ་ཡས་ཁང་ནི་ཚུལ་ལམ་དབྱིབས། །ལེགས་ཤིང་མཛེས་པར་བྲིས་པ་ནི། །གཟུགས་བརྙན་སྤྱི་ཡི་དཀྱིལ་འཁོར་རོ། །ལྷ་ཡི་གོ་བགོ་གནས་རྣམས་སུ། །སྐུ་གསུང་ཐུགས་ཀྱི་མཚན་མ་གང་། །བཀོད་ནས་མི་ཤེས་དྲང་ཕྱིར་བསྟན། །ལྷག་པ་གཟུགས་བརྙན་མངོན་བཞེངས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཏིང་འཛིན་སྙིང་པོ་ཆོ་ག་ཡིས། །གཞལ་ཡས་དམ་པ་བསམ་བྱ་བ། །གནས་ཀྱི་ཏིང་འཛིན་དཀྱིལ་འཁོར་རོ། །དེ་ཡི་བཞུགས་པའི་ས་གནས་སུ། །ཆོ་ག་གསུམ་མམ་ལྔ་ཉིད་ཀྱིས། །ལྷ་ཡི་རྣལ་འབྱོར་གདེང་ལྡན་དེ། །ངེས་པ་ཉིད་དུ་བསམ་པ་ཉིད། །ཏིང་འཛིན་དཀྱིལ་འཁོར་བསྒོམ་པ་སྟེ། །ཏིང་འཛིན་ཁྱད་པར་དཀྱིལ་འཁོར་རོ། །ཆོས་ཉིད་བདལ་བ་ཆེན་པོ་ལ། །རང་བྱུང་ཡེ་ཤེས་འཁོར་གྱིས་བརྒྱན། །དམིགས་


DNG022_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་ཡང་དམིགས་མེད་པ། །རང་བཞིན་དོན་དམ་དཀྱིལ་འཁོར་རོ། །ཆོས་ཉིད་སྐྱེ་བ་མེད་པ་ལས། །ཁྲོ་བོའི་བསམ་པ་དྲང་དོན་དུ། །འགག་པ་མེད་པའི་ཕྱག་རྒྱར་བཞེངས། །བདེ་གཤེགས་བཞུགས་ཕྱག་མཆོད་སྒྲུབ་པ། །རང་བཞིན་དོན་དམ་དཀྱིལ་འཁོར་དེ། །རང་བཞིན་དོན་གྱིས་གནས་པ་ཡིན། །འདི་ནི་དཀྱིལ་འཁོར་འདི་ཉིད་དོ། །མཎྜལ་དེ་ཉིད་བརྟག་པ་ནི། །དགེ་དོན་མཎྜལ་རྩོམ་པ་བརྩོན་འགྲུས་ཏེ། །འབུ་སྲིན་སེམས་ཅན་བསལ་བ་བཟོད་པའི་མཆོག །ག་དར་བྱི་དོར་བྱང་ཆུབ་ཚུལ་ཁྲིམས་དེ། །སྨན་དང་དྲི་ཡི་སྐྱང་ནུལ་སྦྱིན་པ་ཡིན། །མེ་ཏོག་ཕུད་བུ་བཀོད་པ་ཤེས་རབ་བོ། །དེ་ཉིད་ལྷ་རུ་བསམ་པ་བསམ་གཏན་ཏེ། །སྤྱན་དྲང་བཞུགས་ཕྱག་མཆོད་བསྐོར་ཐབས་སུ་ཤེས། །སྒྲིབ་གཉིས་སྦྱངས་ནས་ཚོགས་གཉིས་རྫོགས་ཏེ་སྟོབས། །དེ་ཡི་འབྲས་བུ་ཐོབ་པ་ཡེ་ཤེས་སོ། །འགྲོ་བའི་དོན་དུ་ཤེས་པ་སྨོན་ལམ་ཉིད། །མཎྜལ་དོན་གྱིས་ཕ་རོལ་ཕྱིན་པ་རྫོགས་པར་འགྱུར། །དེ་ཕྱིར་མཎྜལ་དེ་ཉིད་དོན་ལ་བརྩོན་པར་འབད། །སྐུ་གཟུགས་ཀྱི་དེ་ཁོ་ན་ཉིད་ནི། ཟངས་ལྕགས་གསེར་དངུལ་ལ་སོགས་པ། །བཞུ་ནས་ལུགས་སུ་བླུགས་ཀྱང་རུང་། །དུར་ཁྲོད་ཚོན་རྩི་རྣམ་ལྔ་ཡིས། །ཁང་བུའི་ལོགས་སམ་ཐང་ཀ་ལ། །ཐབས་ལ་མཁས་པས་བྲིས་པ་འམ། །རྭ་དང་བ་སོ་ས་རྡོ་ཤིང་། །ཀུན་ལ་འབུར་དུ་བཏོད་པ་སྟེ། །མཁན་པོ་གང་ཡང་ཤེས་རབ་ལྡན་འགྱུར་བར། །ལེགས་ཤིང་དོད་ལ་ཚད་དང་ལྡན་པར་བྱ། །རང་འདོད་ལྷ་ཡི་གཟུགས་ཉིད་ལ། །ངེས་པའི་ཏིང་འཛིན་རྩེ་གཅིག་ཏུ། །ཡང་དག་པར་ནི་བསམ་བྱས་ནས། །སྐུ་ཕྱིས་སྐུ་ཁྲུས་གསོལ་བ་དང་། །དབུ་བཤད་སྙན་སྤབས་བསལ་ཏེ་སྤྱན་དབྱེ་ཤངས་སྤུ་བཏོག །ཚེམ་འདྲུ་ལྗགས་བཞར་ནས། །རང་བཞིན་གནས་ནས་སྤྱན་དྲང་བསྡིམ་ཕྱག་མཆོད་དེ་བསྒྲུབ་བྱས་ནས། །བཀུར་འོས་མཆོད་འོས་ཕྱག་བྱའི་གནས། །འཁོར་བ་མ་སྟོངས་བར་དུ་ནི། །ཞལ་བསྲོ་བཀྲ་ཤིས་དབང་བསྐུར་མངའ་གསོལ་ནས། །སྐུ་གཟུགས་མཆོད་པའི་རྟེན་དུ་དེ་ཉིད་བྱའོ། །མཆོད་རྟེན་གྱི་དེ་ཁོ་ན་ཉིད་ནི། དང་


DNG022_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པོར་དད་ལྡན་རྣལ་འབྱོར་དོན་སྤྱོད་པས། །གཟུགས་བརྙན་མཆོད་རྟེན་མངོན་བཞེངས་ན། །སྔགས་མཁན་རབ་ཀྱི་བློ་ལྡན་པས། །རྩེ་གཅིག་ཏིང་འཛིན་བྱ་བ་ནི། །འོག་གི་འགྲམ་བཏིང་དགེ་བ་བཅུ། །བང་རིམ་དང་པོ་དྲན་པ་ཉེར་གཞག་བཞི། །གཉིས་པ་ཡང་དག་སྤོང་པ་བཞི། །གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །བཞི་པ་སྣང་བའི་དབང་པོ་བཞི། །བུམ་རྟེན་སྣང་བའི་དབང་པོ་ལྔ། །བུམ་པ་བྱང་ཆུབ་ཡན་ལག་བདུན། །སྲོག་ཤིང་མཁྱེན་པ་བཅུ་ཡིན་ཏེ། །འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་གཞག་གསུམ། །ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ། །བྱ་རུ་ཐབས་དང་ཤེས་རབ་ལ། །ཏོག་ནི་མི་དམིགས་ཆོས་ཀྱི་སྐུ། །དྲིལ་བུ་ཆོས་ཉིད་སྟོང་པའི་སྒྲ། །དར་འཕྱངས་འཁོར་བའི་ཐབས་ལས་འདས། །རྒྱུ་འབྲས་ཆོས་ལས་གྲུབ་པའི་སྐུ་མཆོག་ལ། །སྐུ་ཕྱི་སྐུ་ཁྲུས་གསོལ་ཏེ་གཞལ་ཡས་བསམ། །དེ་ཉིད་མ་ནོར་བསམ་པའི་གཞལ་ཡས་སུ། །སྐུ་གསུམ་ངོ་བོ་གང་ཡང་རུང་བ་འམ། །འདི་ནི་སྤྲུལ་པའི་སྐུ་ཉིད་དེ། །སྤྱན་དྲང་བསྡིམ་མཆོད་དོན་གསོལ་གདབ། །ཕྱི་མཐའ་མུ་ཡི་བར་དུ་འམ། །འཁོར་བ་མཐའ་བརླགས་བར་དུ་ནི། །སྐུ་གདུང་མཆོད་པའི་རྟེན་དུ་བཞུགས། །གླེགས་བམ་དེ་ཉིད་བསྟན་པ་ནི། །གླེགས་བམ་ཐབས་དང་ཤེས་རབ་ལ། །ཤོག་བུ་ཐེག་པའི་ས་གཞི་སྟེ། །ཞི་གནས་ལྷག་མཐོང་ཞིང་ནི་རྒྱགས། །དབྱིངས་དང་ཡེ་ཤེས་ཁ་རྒྱགས་གཉིས། །ཐིག་ནི་མ་ནོར་བདེན་པའི་ལམ། །དམིགས་སྐོར་ཆོས་དབྱིངས་སྤྲོས་དང་བྲལ། །སྙུག་གུ་རིག་པའི་ཡེ་ཤེས་ཏེ། །བྱང་ཆུབ་སེམས་རྟགས་སྣག་ཚ་ཡིས། །ཡི་གེ་གསུང་གི་ཕྱག་རྒྱ་བྲི། །བྱེད་པ་པོ་ནི་དམ་ཚིག་ཅན། །ལེགས་ཤིང་ཚད་དང་ལྡན་བྱས་ནས། །སྔགས་མཁན་དམ་ཚིག་བློ་ཅན་གྱིས། །དུས་གསུམ་བཞུགས་པའི་སངས་རྒྱས་དེ། །གསུང་གི་དེ་ཉིད་བྱིན་བསྡུས་ནས། །གླེགས་བམ་ཉིད་ལ་བསྡིམ་པར་བྱ། །དེ་ཉིད་འཇིག་རྟེན་མ་སྟོངས་པར། །གནས་པར་བྱས་ཏེ་ཞལ་བསྲོས་ལ། །དེ་ཡི་དོན་བསྒྲགས་ཆོས་ཀྱི་ཆར་ཕབ་པས། །འགྲོ་བའི་ཤེས་བཀྲོལ་བདེ་གཤེགས་


DNG022_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བརྙེས་ཏེ། །གླེགས་བམ་དེ་ཉིད་དུས་གསུམ་མཆོད་པའི་རྟེན་དུ་བཞུགས། །བགྲང་འཕྲེང་དེ་ཉིད་བསྟན་པ་ནི། །རག་ཤ་འམ་ནི་རང་སུ་ཡིས། །ཡང་ན་གདུག་པའི་ཚེར་མའི་ཤིང་། །ཕྲེང་བ་ཆེན་པོ་བརྒྱད་ཉིད་ནི། །བ་སུ་ཏ་འམ་རྒྱུས་ཆེན་ལ། །དགུ་སྒྲིལ་དག་ཏུ་བྱས་ནས་ནི། །བརྒྱུས་པའི་མདོ་ལ་བསྙེན་ཕུར་གདགས། །མཐེ་བོང་མཐེ་ཆུང་གཉིས་ཀྱིས་བགྲང་། །བདག་ཉིད་མི་ཕྱེད་དཔལ་ཡིན་ཏེ། །ཕུར་པ་སྲས་མཆོག་ཀཱི་ལ་ཡ། །ཕྲེང་བ་ཡི་གེ་བཅུ་དགུ་སྟེ། །ཕྲེང་ཐག་དབུགས་ཀྱི་རྟ་ཉིད་དོ། །ཕར་འགྲོ་བ་དང་ཚུར་འདུས་པ། །མགལ་མེ་ཀླད་ལ་བསྐོར་བ་འམ། །ལྕགས་ཀྱི་ཚ་ཚ་བརྡབས་པ་འམ། །གསེར་གྱི་བ་ཐག་གཟིངས་པ་བཞིན། །ཕར་འགྲོ་ཚུར་འདུ་རྒྱུན་མི་གཅད། །བགྲང་ཕྲེང་དེ་ཉིད་དོན་ལ་གནས་པར་བྱ། །རྡོ་རྗེའི་དེ་ཉིད་བསྟན་པ་ནི། །གནམ་ལྕགས་ཐོག་གི་ལྕགས་དག་གམ། །ཕལ་པའི་ལྕགས་ནི་གང་རུང་ངམ་ཡང་ན། །ཤིར་ཤིང་ལ་སོགས་གདུག་པའི་ཤིང་ཉིད་ལ། །རྡོ་རྗེ་རྩེ་མོ་ལྔ་པ་ནི། །ལྟེ་བ་པདྨ་གཉིས་བསྐོར་བྱ། །དེ་ལ་ངེས་པའི་བློ་ཅན་གྱིས། །ཐབས་ཀྱི་ཕྱག་རྒྱར་གསལ་བར་བསམ། །ལྟེ་བར་དཔལ་ཆེན་འབར་བ་ཉིད། །ཡར་གྱི་རྩེ་ལ་སྲས་མཆོག་ལྔ། །མར་གྱི་རྩེ་ལྔ་གསང་བའི་མཚན་ཉིད་དོ། །ཡར་འབུར་མར་འབུར་སྟེང་འོག་ཁྲོ་བོ་སྟེ། །པདྨ་བརྒྱད་ལ་ཕྱོགས་མཚམས་ཁྲོ་བོའོ། །ཧཱུྃ། ཡེ་ཤེས་འབར་བའི་རྡོ་རྗེ་འདི། །ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་ཡུམ་སྐུ་བཞུགས་པ། །དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། །རྡོ་རྗེའི་དེ་ཉིད་རབ་ཏུ་གནས་པར་བརྟག །དྲིལ་བུའི་དེ་ཉིད་བསྟན་པ་ནི། །འཁར་བ་དང་ནི་ལྗོན་དམར་ལ། །དྲིལ་བུ་ཚད་དང་ལྡན་པར་བྱ། །རྣལ་འབྱོར་ངེས་པའི་བློ་ཅན་གྱིས། །དེ་ཉིད་ཤེས་རབ་རིག་པའི་གཞལ་ཡས་ཁང་། །རྣལ་འབྱོར་ཁྲོ་མོའི་དཀྱིལ་འཁོར་དགོད། །ལྟེ་བ་ཟླུམ་པོ་འཁོར་ལོ་རྒྱས་འདེབས་མ། །རྭ་ལྔ་རྒྱས་འདེབས་ཡུམ་ལྔ་སྟེ། །ལུང་ནི་བྷ་གའི་མཚན་ཉིད་ཡིན། །


DNG022_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ཡི་རྩེ་དང་ལྕེ་ལ་ནི། །སྟེང་འོག་ཁྲོ་མོ་རྣམ་པར་བསམ། །པདྨ་འདབ་མ་བརྒྱད་པོ་ལ། །ཕྱོགས་མཚམས་ཁྲོ་མོ་རྣམ་པར་བསམས། །རང་བཞིན་ཤེས་རབ་ཁྲོ་ཚོགས་རྣམས། །རྡོ་རྗེ་དབྱུག་སྦྱུགས་པས་སྤྱན་དྲངས་ནས། །ཤེས་རབ་མ་ལ་བསྡིམ་མཆོད་བསྒྲུབ། །དེ་ཡི་སྒྲ་བསྒྲགས་དུས་གསུམ་རྒྱལ་བ་མཉེས། །འཁོར་བའི་སྒྲིབ་པ་དག་པར་འགྱུར། །ཧཱུཾ། ཤེས་རབ་ཆེན་པོའི་རང་བཞིན་དེ། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས། །འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །དྲིལ་བུའི་དེ་ཉིད་མཆོག་ཏུ་བཤད། །མཆོད་རྫས་དེ་ཉིད་བསྟན་པ་ན། །ཕྱི་ནང་གསང་བའི་མཆོད་རྫས་གང་ལ་ཡང་། །དབུལ་གནས་འབུལ་བྱེད་དབུལ་བའི་རྫས། །ཕུལ་བས་སྒྲིབ་པ་གང་དག་འབྲས་བུ་གང་ཐོབ་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང་། །འདི་བརྒྱད་ལྡན་པ་མཆོད་པའི་དེ་ཉིད་དོན། །མཆོད་པ་དེ་ཉིད་དོན་ལ་བརྩོན་པས་འབད་པར་བྱའོ། །རོལ་མོའི་དེ་ཉིད་བསྟན་པ་ནི། །རྩེ་འཇོ་བྱེད་སྤྱོད་ལ་སོགས་དང་། །བླ་རེ་རྒྱལ་མཚན་འཕན་གདུགས་དང་། །བ་དན་དར་གྱི་ལྡ་ལྡི་དང་། །བྲོ་གར་གླུ་ཚོགས་ལ་སོགས་དང་། །འབུད་དང་བརྡུང་དང་གསིལ་དཀྲོལ་བརྡབ་པ་དང་། །སྡུག་མཛེས་མི་སྡུག་འཇིགས་པའི་བྱེ་བྲག་རྣམས། །ཐ་དད་སྣ་ཚོགས་དབུལ་བ་ཡང་། །ནམ་མཁའ་སྐྱེ་བ་མེད་པ་ལས། །མཚན་མའི་ཆོ་འཕྲུལ་འབྱུང་བ་ཡང་། །ཕུལ་བས་ཆོས་ཉིད་ངང་ལ་བཞེས། །རོལ་མོ་གཡེང་བའི་རྒྱུ་ཡིན་ཏེ། །མི་གཡེང་ཆོས་ཉིད་གླུར་གྱུར་ཡང་། །རོལ་མོའི་དེ་ཉིད་དོན་དམ་རྟོགས་པའོ། །དེ་ཉིད་བཅུ་ཡི་དོན་དམ་གང་རྟོགས་པ། །རྣལ་འབྱོར་དེ་ནི་ཤེས་རབ་ཅན། །མི་ཞེས་བྱ་བ་བདེར་གཤེགས་ཡིན། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། དེ་ཁོ་ན་ཉིད་བཅུའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་ཐམ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །


DNG022_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་གཞུང་སྤྱོད་རྣལ་འབྱོར་ལ། །བར་ཆད་སྐུ་དགྲ་བྱུང་གྱུར་ན། །གཞན་ཉིད་སྐྲག་པར་བྱ་བའི་ཕྱིར། །ཐོག་དང་སེར་བ་དབབ་པ་དང་། །མི་ནད་ཕྱུགས་ནད་རྒྱུན་མི་འཆད་པར་བཏང་བ་དང་། །སྨྱོ་བ་དང་ནི་འབོག་པ་དང་། །མྱོས་པ་དང་ནི་རྒྱུག་པ་དང་། །འཐབ་ཏུ་གཞུག་དང་བསྐྲད་འགྱུར་ན། །ཐབས་དང་རིམ་པ་ཇི་ལྟར་ལགས། །དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། གསོལ་པ་ཐུགས་སུ་ཆུད་ནས། གཞན་སྐྲག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་ཐོག་དབབ་པར་འདོད་པས། ལྕགས་སྣ་ལྔ་ལ་དྲག་པོའི་ཕུར་པ་བྱས་ཏེ། ཀླུ་ནག་པོའི་གནས་སུ་དཀྱིལ་འཁོར་ནག་པོ་གྲུ་གསུམ་བྱས་ལ། འབྲས་ཀྱི་ཟན་ལ་ཀླུ་ནག་པོའི་གཟུགས་བྱས་ལ། ཀླུ་ཡི་རྒྱལ་པོ་དགུག་གཞུག་བསྡིམས་ནས། ཕུར་པ་རྡོ་རྗེ་འདུས་པའི་བསྙེན་པ་འབུམ་བྱས་ཏེ། ཀླུའི་རྒྱལ་པོ་དེ་ལ་བཏབ་ནས་ཀླུ་གནད་ལ་བོར་ནས་ཐོག་དུས་སུ་ཕེབས་པར་འགྱུར་རོ། །སེར་བ་དབབ་པར་འདོད་པས། ཤིར་ཤིང་ནག་པོ་ལ་ཕུར་པ་བྱས་ཏེ། འབྲས་སེར་པོའི་ཟན་ལ་ཁྱབ་འཇུག་གཟའི་རྒྱལ་པོའི་གཟུགས་བྱས་ལ། བདག་ཉིད་ལྷ་ཡི་རྣལ་འབྱོར་གྱི་གདེང་དང་ལྡན་པར་བྱས་ལ། ལྕེ་པོག་ནག་པོའི་དུད་པས་བདུག་ཅིང་། ཁྱབ་འཇུག་རྒྱུ་བའི་དུས་སུ། ཁྱབ་འཇུག་ཉིད་གཟུགས་ལ་ཕབ་སྟེ། ཕུར་པས་བཏབ་ནས་གནད་ལ་ཕབ་ན། སེར་བ་དུས་བཞིན་དུ་ཕེབས་པར་འགྱུར་རོ། །མི་ནད་གཏོང་བར་འདོད་པས། མི་གང་རིམས་ཀྱིས་ཤི་བའི་མཆོག་ཕུར་གཡས་ཐོགས་ལ། དབང་གི་དཀྱིལ་འཁོར་ཟླ་གམ་དམར་པོར་བྱས་ཏེ། རིམས་ཀྱིས་ཤི་བའི་རོ་རས་ལ་བྲམ་ཟེ་ནག་མོའི་མངལ་ཁྲག་གིས་མིང་རུས་བྲིས་ཏེ། ཟི་ར་ནག་པོའི་དུད་པས་བདུག་སྟེ། དགྲ་བགེགས་བཀུག་ལ་བསྡིམས་ནས། པདྨ་འདུས་པའི་བསྙེན་པ་འབུམ་བྱས་ཏེ། ཕུར་པས་བཏབ་ནས་དགྲ་བོའི་མལ་སར་སྦས་ན་མི་ནད་འབར་བར་འགྱུར་རོ། །ཕྱུགས་ནད་གཏོང་བར་འདོད་པས། སེང་ལྡེང་གི་ཕུར་པ་ཐོགས་ཏེ་


DNG022_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ནད་ཀྱིས་ཤི་བའི་སྙིང་ཁྲག་གིས་མ་ཧེའམ། རྟ་མཆོག་གི་པགས་པ་ལ། ཕྱུགས་ནོར་ཀྱི་མིང་བྲིས་ནས་ཕུར་པ་བཏབ་སྟེ། ཕྱུགས་ལྷས་སམ་དྲེས་སུ་བཏབ་ན། ཕྱུགས་ནད་འབར་བར་འགྱུར་རོ། །སྨྱོ་བར་འདོད་པས་བྲམ་ཟེའི་མཆོག་ཕུར་གཡས་པ་ཐོགས་ལ། ནགས་ཚལ་ཆེན་པོའི་གནས་སུ་དཀྱིལ་འཁོར་ཆེན་པོ་སེར་པོ་གྲུ་བཞི་པ་གཅིག་ཏུ་བྱས་ཏེ། རྩྭ་ཀུན་མའི་ལོ་མ་ལ་གཟུགས་བྱས་ལ། དྷ་དུ་ར་ཡི་དུ་བས་བདུག་སྟེ། གཟུགས་ལ་ཕབ་ནས་ཕུར་པས་ལྕེ་ལ་བཏབ་སྟེ། ཡི་དྭགས་གནས་པའི་སར་མནན་ན། མི་དེ་སྨྱོ་བར་འགྱུར་རོ། །མྱོས་འབོག་པར་འདོད་ན། གསེར་ཤིང་ངམ་སྐྱེར་པའི་ཕུར་པ་ཐོགས་ཏེ། རས་སམ་གྲོ་ག་ལ་ཨ་གར་གྱི་ཁུ་བས་མིང་རུས་བྲིས་ལ། གོང་མ་བཞིན་ལས་བྱས་པས་འབྱུང་པོ་གནས་པའི་སར་སྦས་ན་མི་དེ་འབོག་པར་འགྱུར་རོ། །མྱོས་པར་བྱ་བ་འདོད་པས་རྒྱལ་རིགས་ཀྱི་མཆོག་ཕུར་གཡས་པ་ཐོགས་ཏེ། རི་བོ་འདུས་པའི་རྩེར་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བྱས་ཏེ། དུག་ཤིང་གི་ལོ་མ་ལ་གཟུགས་བྱས་ཏེ། ཙནྡན་དཀར་པོའི་ཐང་ཆུས་མིང་བྲིས་ཏེ། མི་ཚིལ་གྱི་དུ་བས་བདུག་སྟེ། བུཌྜྷ་འདུས་པའི་བསྙེན་པ་འབུམ་བྱས་ནས། གཟུགས་ལ་ཕབ་ན། སྤྱི་གཙུག་ཏུ་ཕུར་པས་བཏབ་ནས། མ་མོའི་གནས་སུ་སྦས་ན། མི་དེ་ཤིན་ཏུ་ཡང་མྱོས་པར་འགྱུར་རོ། །ལྐུགས་པར་འདོད་པས། ཤུག་པའམ་འཇག་གི་ཕུར་པ་ཐོགས་ཏེ། གྲོ་གའམ་ཤིང་ཤུན་ལ་སྔགས་ལྐུགས་ནས་ཤི་བའི་ཀླད་ཁྲག་གིས་མིང་བྲིས་ཏེ། གོང་བཞིན་དུ་ཕུར་པས་ལྕེ་ལ་བཏབ་ནས། ས་བདག་གནས་པའི་སར་སྦས་ན། མི་དེ་ཤིན་ཏུ་ཡང་ལྐུགས་པར་འགྱུར་རོ། །གང་ཞིག་འཐབ་པར་འདོད་པས་ནི། དམངས་རིགས་ཀྱི་ཕུར་པ་གཡོན་པ་ཐོགས་ལ། ཤིང་རྐང་གཅིག་གི་གནས་སུ། དཀྱིལ་འཁོར་ནག་པོ་གྲུ་གསུམ་བྱས་ཏེ།


DNG022_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འུག་པའི་པགས་པ་ལ། བྱ་རོག་གི་ཁྲག་གིས་ཁོ་དང་མཛའ་བའི་མིང་བྲིས་ཏེ། སྦྲུལ་དང་སྨིག་པ་ལྟོ་སྦྱར་བའི་བར་དུ་བཅུག་ལ། ཚོན་སྐུད་ཀྱིས་བཅིངས་ནས། རྡོ་སོལ་ནག་པོའི་མེས་བསྲོས་ཏེ། ལས་རབ་འདུས་པའི་བསྙེན་པ་འབུམ་བྱས་ལ། མིང་བྱང་གཉིས་ཀྱི་བར་དུ་ཕུར་པས་བཏབ་ལ། དུར་ཁྲོད་ཀྱི་ཤིང་རིངས་ལ་བཏགས་ལ། རླུང་ཆེན་པོ་ལ་ཕྱར་ན། མཛའ་བོ་དང་འཐབ་པར་འགྱུར་རོ། །བསྐྲད་པར་འདོད་པས། རྨ་ཤིང་གི་ཕུར་པ་ཐོགས་ཏེ། རླུང་གི་རྔ་མོའི་པགས་པ་ལ་རཀྟས་མིང་དང་། རུས་ཡུལ་ཁྱིམ་གྱི་མིང་བྲིས་ལ། གོང་བཞིན་དུ་ལས་བྱས་ཏེ། ཁྱིམ་གྱི་རྩིགས་རྨང་དུ་སྦས་ན། མི་དེ་ཡུལ་དབྱུང་བར་འགྱུར་རོ། །གཞན་སྐྲག་པ་ལས་ཀྱི་རིམ་པ་འདི་ནི། ལས་དང་པོ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །ཏིང་ངེ་འཛིན་ལས་སུ་རུང་ཞིང་རྟགས་མཐོང་དྲོད་ཚད་ཟིན་པ་རྣམས་ཀྱིས་ནི། གདོན་མི་ཟ་བར་འགྱུར་རོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། གཞན་སྐྲག་པར་བྱེད་པའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པ་ཡིས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ་རྡོ་རྗེ་ཁྲོས་པའི་རྒྱལ། །རྡོ་རྗེ་ཕུར་པའི་དོན་བསྒྲུབ་པའི་ཚེ། །བདུག་དང་ཐུགས་སྐུལ་ཆགས་པ་རབ་བསྐྱེད་ཕྱིར། །ཉུང་དཀར་རྒྱལ་དང་གུ་གུལ་སྦྱར་དང་རཀྟ་བསྒྲུབ། །རྫས་སུ་འཚལ་བའི་མཚན་ཉིད་དེ། །དེ་ཡི་ཐབས་ནི་ཇི་ལྟར་ལགས། །ཞེས་གསོལ་པས། གསོལ་པའི་དོན་ཐུགས་སུ་ཆུད་ནས། འདི་སྐད་ཅེས་གསུངས་སོ། །ཉུང་དཀར་རྒྱལ་པོ་སྒྲུབ་འདོད་པས། །ཡིད་འོང་གནས་སུ་འདུག་ནས་ནི། །ཡལ་ག་མེད་པའི་བྷནྡྷ་བཤམས། །མཎྜལ་གྲུ་གསུམ་སྐྱང་ནུལ་བྱའོ། །གུ་གུལ་ཆུ་ཡི་ཁྱད་པར་སྦྱར། །ཡབ་ཡུམ་དྲི་ཆེན་དུར་ཁྲོད་ས། །ཁྲག་ཆེན་བཅས་པ་ས་བོན་བསྲེས། །


DNG022_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་ཆུས་བྲན་ཏེ། །མཐིང་ནག་དར་གྱིས་ཁ་བཀབ་ནས། །མཎྜལ་དབུས་སུ་དེ་བཞག་ནས། །མཆོད་པའི་བྱེ་བྲག་ཅི་འབྱོར་འབད། །བྷནྡྷ་ཁང་པ་ས་བོན་ལྷ། །བསྐྱེད་དང་སྤྱན་དྲང་རིམ་པར་མཆོད། །མཐེབ་མཛུབ་ཉི་ཟླའི་དཀྱིལ་འཁོར་འབར། །ཁྲོ་བོ་སྔོ་ནག་མཚོན་ཆ་འཛིན། །ཐུགས་ལས་འཐོན་ཞིང་བསྐུར་བརླབས་ནས། །གསང་སྔགས་འདི་ཉིད་འབུམ་དུ་བཟླས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཻ་ཏཱ་ལི་ཀྲོ་ཏཱི་མཎྜལ་རཀྴ་རཀྴ་ཧཱུྃ་ཕཊ། ཅེས་བཟླས་ཏེ། བྱུག་བདུག་དུས་དྲུག་ཚང་བར་བྱ། །བར་ཆད་བགེགས་རྣམས་དྲག་ཏུ་བསྐྲད། །ས་བོན་ཁ་འབུས་མྱུ་གུ་འཁྲུངས་པ་དང་། །སྒྲུབ་པོའི་གཡས་སུ་ཉེ་བ་ཡི། །གནས་སུ་གྲུ་གསུམ་ཐུར་དུ་བརྐོ། །ས་ཡི་རོ་ལྔ་བསལ་བ་ཡི། །དབྱར་ཟླ་ར་བའི་ཉ་ལ་ནི། །བཟང་པོའི་མཚམས་སུ་བྷན་དྷ་སྦའོ། །ཟླ་བ་ངོ་དྲུག་བར་དུ་ནི། །གསལ་གདབ་བཟླས་བརྗོད་བར་མི་གཅད། །སྟོན་ཟླ་ཐ་ཆུང་ཉ་ལ་བརྔའོ། །རུལ་དང་བམ་སུམས་མ་ཤོར་བར། །ཉི་གྲིབ་མཚམས་སུ་ལེགས་བསྐམས་ན། །གྲུབ་པའི་འབྲས་བུ་སྲན་མ་མ་ཤ་ཙམ། །དགུན་ཟླ་ར་བའི་ཉ་ལ་ཞལ་བསྲོ་དངོས་གྲུབ་བླང་། །དེ་ཡིས་བདེར་གཤེགས་ཐུགས་བསྐུལ་ཞིང་། །སྡང་དགྲ་གདོན་བགེགས་རྡུལ་དུ་རློགས། །རྣལ་འབྱོར་ལུས་སམ་མགུལ་དུ་གདགས། །རྟག་ཏུ་ལུས་ལ་བཅངས་པ་ལས། །གཡེལ་བར་བྱས་ན་མི་རུང་ངོ་། །གུ་གུལ་སྦྱར་བར་འདོད་པ་ཡིས། །དུར་ཁྲོད་ཆེན་པོ་རབ་དབེན་པར། །དཔྱིད་ཟླ་ར་བའི་ཉ་ལ་འཇུག །མཎྜལ་གྲུ་བཞི་གཅིག་བྱས་ལ། །བ་གླང་ལྕགས་ཀྱི་བྷན་དྷ་བཤམས། །རྭ་མིག་ཉ་མགོ་སྐྲ་སྤུའི་གཞོབ། །ཁྱི་སྤྱང་ཕག་གི་དྲི་ཆེན་དཀར། །སྐྱེ་སྣེའུ་ཡི་འབྲས་བུར་དུག་ཀྱི་ལྕེ་བ། །ཟི་ར་དྷ་དུ་ར་ལྕེ་པོག་མུ་ཟི་ཁྲག་ཆེན་དང་། །འཁྲིལ་


DNG022_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དྲི་སྤོད་བུཥྤ་མེ་ཏོག་ཐང་ཆུ་དང་། །འུག་མིག་ཁྲག་ཀླད་སྦྲང་རྩི་སྐེ་ཙེ་གཅན་གཟན་སྡེར་མོ་རྣམས། །ངེས་པར་བསགས་ཏེ་ཆ་སྙོམས་ལ། །ར་ཕོད་ལུག་ཕོད་བོང་རེང་བྱང་ཆུབ་སེམས་ཀྱིས་བྲན། །ཚོན་གྱི་སྐུད་པས་དམ་བཅིངས་ལ། །ཁ་རལ་མ་ཡི་ཞབས་མས་གྲིལ། །ཙནྡན་མེ་ལ་དྲོས་ཚད་བསྲོ། །མཎྜལ་དབུས་སུ་དེ་བཞག་ལ། །བ་སུ་ཏ་ཡི་གཟུངས་ཐག་གདགས། །བདག་གཙོ་ལྷ་མོ་བེ་ཏ་ལི། །བསམ་གཏན་གསལ་བར་རབ་ཞུགས་ཏེ། །པེ་ཏ་དྲག་མོ་འཁོར་ལོ་ཅན། །ཉི་མ་ཧཱུྃ་དང་ལྡན་པ་ལ། །སྤྱན་དྲང་བསྡིམ་མཆོད་རིམ་པར་བྱ། །དེ་ནས་བསྙེན་པ་འདི་བཟླས་ཏེ། །མ་གྲུབ་བར་དུ་རྒྱུན་མི་གཅད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷུ་པེ་བེ་ཏཱ་ལི་མ་གུ་ལ་རྟ་ལ་རྟ་ལ་པྲ་རྟ་ལ་ཧཱུྃ་ཕཊ། དལ་མེད་རྒྱུན་དུ་བཟླས་པར་བྱ། །ཏིང་འཛིན་འདྲིས་ཤིང་འཕྲོ་འདུ་གསལ་བ་དང་། །འོད་དང་དྲི་དང་དུ་བ་འབྱུང་། །ཡང་ན་གྲོད་དྲོད་ཆ་བཟུང་སྟེ། །རྟགས་བྱུང་ནས་ནི་ངེས་བསམ་སྟེ། །ལྷ་ལ་མཆོད་དེ་ཐིག་ལེ་བྱ། །དེས་ནི་གཟི་བྱིན་ཐོབ་པར་བྱེད། །ལུས་ལ་བཅངས་ན་གདོན་བགེགས་འཇོམས། །དུད་བཏང་དགྲ་ལ་བདུག་གྱུར་ན། །ལྷ་དང་རྒྱབ་བརྟེན་འབྲལ་བར་འགྱུར། །རྟགས་རྣམས་མངོན་དུ་བྱུང་ནས་ནི། །རུལ་དང་སུམས་དང་མ་བམ་པར། །རི་ལུ་བྱས་ཏེ་རྣལ་འབྱོར་བཅང་། །གུ་གུལ་སྦྱར་བའི་རྫས་སུ་གསུངས། །རཀྟ་སྒྲུབ་པར་འདོད་པ་ཡིས། །ཆུ་གླིང་གནས་སུ་འདུག་ ནས་ནི། །མཎྜལ་དམར་པོ་ཟླ་གམ་བྱ། །དགུན་ཟླ་ར་བའི་ཉ་ལ་འཇུག །པདྨ་ཅན་གྱི་བྷན་དྷ་རུ། །གཞིའི་རཀྟ་དང་། རིགས་ཀྱི་རཀྟ་དང་། སྒྲོལ་བའི་རཀྟ་དང་། མེ་ཏོག་གི་རཀྟ་ལྔ་དང་། རྩིའི་རཀྟ་ལྔ་དང་། འབྲས་བུའི་རཀྟ་ལྔ་དང་། ཤིང་གི་རཀྟ་ལྔ་དང་། ཆུ་ཡི་རཀྟ་ལྔ་དང་། རཀྟ་


DNG022_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་སོ་གསུམ་བསོག །དེ་ལ་སྦྱོར་བའི་རཀྟས་བྲན། །ལེ་བརྒན་དར་གྱིས་ཁ་བཀབ་ནས། །སེང་ལྡེང་མེ་ལ་དྲོས་བསྲོས་ནས། །མཎྜལ་དབུས་སུ་དེ་བཞག་སྟེ། །བདག་གསལ་ཆགས་པའི་དབང་ཅན་བསམ། །དགུག་བསྡིམ་མཉེས་ནས་བསྙེན་པ་བྱ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་རཱ་ག་ས་མ་ཡ་པཱུ་ཛ་ཧཱུྃ་ཕཊ། ཅེས་ནི་འབུམ་མམ་བྱེ་བ་བཟླས། །མངོན་དུ་ཁོལ་ལམ་རླངས་པ་ཕྱུར། །ཡང་ན་ལུད་དམ་འཕགས་པ་ནས། །ལྷ་ལ་མཆོད་དེ་བདག་ཉིད་བཏུང་། །ཆགས་པ་སྐྱེས་ཀྱིན་མདངས་ཀྱང་དམར། །ཁམས་གསུམ་མོ་ཡིས་པདྨའི་མདངས། །ཆགས་སྐྱེས་ནས་ནི་འབུལ་དུ་འོང་། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བྱུག་བརྡེག་བདུག་པའི་རྫས་བསྒྲུབ་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ། བདེ་གཤེགས་བཅོམ་ལྡན་འདས། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་འདི་ཉིད་ལ་བདག་ཅག་ལ་སོགས་པ་ཇི་ལྟར་གནས་པར་བགྱི། དེ་ལ་རྣལ་འབྱོར་དུ་བགྱི་བའི་གང་ཟག་དམ་པ་དེ་ལ་ཇི་ལྟར་བལྟ་བར་བགྱི། མ་དད་ཅིང་སྐུར་པའི་ཉེས་པ་ནི་གང་། སྔར་འདས་པའི་སངས་རྒྱས་ནི་གང་། གང་གི་རིང་ལ་བཤད། དེ་ལྟར་གྱི་བསྟན་པ་འདི་ཉིད་ལ། སྲིད་པ་གསུམ་ལ་དད་པ་ཅན་གང་གི་རིང་ལ་དར་བར་འགྱུར། ཕྱིའི་དུས་ན་སངས་རྒྱས་གང་གི་རིང་ལ་སྟོན་པར་འགྱུར། བདེ་བར་གཤེགས་པས་ལུང་བསྟན་ཅིང་བཤད་དུ་གསོལ། བཀའ་སྩལ་པ་ནི། རྡོ་རྗེ་འདུས་པའི་རྒྱལ་པོ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་འདི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོའོ། །ལུང་ཐམས་ཅད་ཀྱི་སྤྱི་བོ། མན་ངག་ཐམས་ཅད་ཀྱི་འབྱུང་ཁུངས་སོ། །


DNG022_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཀུན་གྱི་ཡང་རྩེའོ། །སྤྱོད་པ་ཐམས་ཅད་ཀྱི་ལམ་མོ། །དམ་ཚིག་ཅན་གྱི་སྲུང་གནས་སོ། །ཕྲིན་ལས་ཐམས་ཅད་ཀྱི་རིམ་པའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཡིན་ཏེ། འོན་ཏང་ན་རྡོ་རྗེ་འདུས་པ་ཆེན་པོ། དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་མཚུངས་སོ། །འོན་ཏང་ན་གསང་བའི་ཡི་གེ་འདི། གང་ན་གནས་པའི་ཕྱོགས་དེ་ན་ནི། རྡོ་རྗེ་ཁྲོས་པའི་རྒྱལ་པོ་ང་ཉིད་གནས་པར་ཤེས་པར་བྱའོ། །གནས་འཁོར་དེ་ཉིད་ན་འཇིག་རྟེན་པའི་དགོས་པ་ཕུན་སུམ་ཚོགས་པར་འབྱུང་བ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡིན་པར་ཤེས་པར་བྱའོ། །འོན་ཏང་ན་གསང་བའི་རྒྱུད་ཆེན་པོ་འདི། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ལ། རིམ་གྲོ་དང་བཀུར་སྡི་དང་། མཆོད་པ་ཕུ་དུད་དུ་བྱས་ཏེ། རྗེས་སུ་འཇུག་པའི་རྣལ་འབྱོར་པ་རྣམས་ཀྱིས། བྲི་བར་བྱའོ། །བཀླག་པར་བྱའོ། །མཉན་པར་བྱའོ། །བཅང་བར་བྱའོ། །མཆོད་པར་བྱའོ། །སེམས་པར་བྱའོ། །བསྒོམ་པར་བྱ། བསྒྲུབ་པར་བྱ། བཤད་པར་བྱ། ཀུན་ཆུབ་པར་བྱ། རྡོ་རྗེ་འདུས་པ་ཡང་རྡོ་རྗེ་ཕུར་པ་གསང་བའི་རྒྱུད་འདི་ལའང་རྣལ་འབྱོར་དུ་བགྱི་བའི་གང་ཟག་དམ་པ་དེ་ནི། ཁྱེད་ལ་སོགས་པ་རྣམས་ཀྱིས། དེ་སེམས་ཅན་ལྟ་བུར་མི་བལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་བལྟའོ། །རྡོ་རྗེ་ཁྲོས་པ་ཉིད་དུ་བལྟའོ། །དེ་ཅི་ཡི་ཕྱིར་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ང་ཉིད་དང་། སོ་སོ་མ་ཡིན་ཐ་མི་དད་པའི་ཕྱིར་རོ། །གཞན་ཡང་རྡོ་རྗེ་འདུས་པ་ཁྱོད་ཉིད་དང་འདྲ་བ་སྟེ། དེ་བཞིན་དུ་འདས་པ་དང་ད་ལྟ་དང་མ་འོངས་པ་རྣམས་དང་ཚུལ་མཐུན་དབྱེ་བ་མེད་པའོ། །ཡང་རྡོ་རྗེ་འདུས་པ་མ་དད་ཅིང་སྐུར་པའི་གང་ཟག་དེ་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་མ་བྱས་པར། ལུང་མ་བསྟན་པར་མ་ངེས་པའི་


DNG022_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཅན། ཤིན་ཏུ་འཇོམས་པའི་སེམས་ཀྱི་བླ་མ་ལ་བཀུར་སྡི་མི་བྱེད་ཅིང་། ཟབ་མོའི་དོན་ལ་འགྲིབ་པས། དོན་དུ་གཉེར་བ་ཆུད་གསོན་ཅིང་ཕྱི་རོལ་གྱི་སྡེ་པའི་ཁར་གཏོང་བ། སྒྲིབ་པ་སྟུག་ཅིང་བསམ་པ་ལོག་པ་ཅན། ཡིད་གཉིས་ཟ་ཞིང་འཛུམས་པའི་བསམ་པ་ཅན། དེ་ལྟ་བུའི་རྣ་ལམ་དུ། འགྲོ་ཞིང་རྟོགས་པར་མི་འགྱུར་བས་སྐུར་ཅིང་སྨོད་དོ། །དེ་ཡི་ལས་ཀྱི་རྣམ་པར་སྨིན་པ་མི་བཟད་དེ། རྡོ་རྗེ་གསང་བའི་རྒྱུད་འདི་ལ་མ་དད་ཅིང་། སྐུར་པའི་དབང་གིས། དམྱལ་བའི་གནས་ན་ཡང་རྡོ་རྗེ་མི་བཟད་པར་བསྐལ་པ་གསུམ་དུ་སྐྱེས་སོ། །དེ་ཡང་ཚེ་འཕོས་ན་བྱོལ་སོང་གི་གནས་ནས་ཀྱང་། བཀོལ་སྤྱོད་ཅན་དུ་བསྐལ་པ་གསུམ་དུ་གནས་སོ། །དེ་ནས་ཚེ་འཕོས་ནས་ཡི་དྭགས་ཀྱི་ནང་ན་ཡང་། སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་དུ་བསྐལ་པ་གསུམ་དུ་གནས་སོ། །དེ་ནས་ཚེ་འཕོས་ནས་མིའི་ནང་ན་མཐའ་འཁོབ་སྡིག་པ་ཅན་སྤྱོད་པའི་གནས་སུ་བསྐལ་པ་གསུམ་དུ་གནས་སོ། །དེ་ནས་ཚེ་འཕོས་ནས་ལྷ་མ་ཡིན་གྱི་ནང་ན་ཡང་འཐབ་ཅིང་རྩོད་པ་ཅན་དུ་བསྐལ་པ་གསུམ་དུ་སྐྱེས་སོ། །དེ་ནས་ཚེ་འཕོས་ནས་ཀྱང་ལྷ་དབུལ་པོ་ཚེ་རིང་པོའི་གནས་སུ་བསྐལ་པ་གསུམ་དུ་སྐྱེས་ཏེ། བསྐལ་པ་ཆེན་པོ་བཅྭ་བརྒྱད་དུ་རྒྱུད་དྲུག་འཁོར་བའི་གནས་སུ་འཁྱམས་ནས། སངས་རྒྱས་ཀྱི་བསྟན་པ་ལ་མི་དད་པའི་ཚུལ་འཛིན་ཅིང་། དེ་ལྟ་བུ་དེ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས། ཐུགས་རྗེ་ཐབས་མཁས་པས་མཛད་སྤྱོད་ཀྱིས་བསྒྲལ་བར་བྱའོ། །རྡོ་རྗེ་འདུས་པའི་རྒྱལ་པོས། གསང་བའི་ཐེག་པ་འདི་འབྱུང་བ་ནི་ཤིན་ཏུ་ཡང་དཀོན་ནོ། །དཔེར་ན་ཨུ་དུམ་ཝ་རའི་མེ་ཏོག་འཇིག་རྟེན་དུ་བརྗོད་པ་དང་མཚུངས་ཏེ་གསང་བའི་ཐེག་པ་འདི་ནི་སྔོན་བྱུང་བའི་སངས་རྒྱས་འོད་སྲུང་ཆེན་པོས། འབྲས་བུ་རྡོ་རྗེ་ཐེག་པའི་ཆོས་ཉིད་ཀྱི་འཁོར་ལོ་བསྐོར་བ་དེའི་དུས་སུ། གསང་བའི་ཐེག་པ་འདི་ཡང་མ་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དུས་དེའི་འགྲོ་བ་རྣམས་གསང་བའི་ཐེག་


DNG022_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡི་སྣོད་དུ་གྱུར་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྔར་འདས་པའི་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་བཞིས་ཀྱང་གསང་བའི་ཐེག་པ་འདི་མ་བཤད་དོ། །སྔོན་ཐོག་མའི་བསྐལ་པ་ཀུན་བཀོད་ཅེས་བྱ་བ་བྱུང་བའི་ཚེ། སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་བྱ་བ་དེའི་བསྟན་པ་ལ་རྒྱ་ཆེར་བསྒྲགས་ཏེ། ངེས་པའི་དོན་རྒྱ་ཆེར་སྤྱོད་དོ། །དེའི་ཚེ་འགྲོ་བ་རྣམས་གསང་བའི་ཐེག་པ་འདི་ལ་ཤིན་ཏུ་དད་པར་གྱུར་ཏེ། རྣམ་པར་གྲོལ་བའི་ལམ་ཆེན་པོ་ལ་བཀོད་དོ། །རྡོ་རྗེ་འདུས་པ་ཆེན་པོ། ད་ལྟར་གྱི་བསྟན་པ་འདི་ཉིད་ཀྱང་། ལུང་བསྟན་པའི་དད་པ་ཅན་ནི། ལྷའི་གནས་སུ་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས་སྤྱོད་པ་ལ། ཀླུའི་གནས་སུ་ནི་ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་ལ། འཇམ་དཔལ་དང་སྤྱན་རས་གཟིགས་ཀྱིས་ལུང་བསྟན་ཅིང་རྒྱ་ཆེར་གྲགས་པར་འགྱུར་ལ། མིའི་གནས་སུ་ནི་ཛམ་བུའི་གླིང་གི་རྒྱལ་པོ་ཛ་ཞེས་བྱ་བ་ཚོགས་བསགས་པ་དེ་ལ། རི་མ་ལ་ཡ་ཞེས་བྱ་བར་ཕྱག་ན་རྡོ་རྗེས་ལུང་བསྟན་ཅིང་། དེས་ནི་མིའི་གནས་སུ་རྒྱ་ཆེར་སྤྱོད་པར་འགྱུར་རོ། །དེ་ཡང་སྐལ་བ་དང་ལྡན་པ་རྣམས་ཀྱིས་སྤྱོད་པར་འགྱུར་ཏེ། ཆེད་འགའ་ནི་དར། ཆེད་འགའ་ནི་ནུབ། ཆེད་འགའ་ནི་མངོན་དུ་བྱུང་། ཆེད་འགའ་ནི་གབ་ཅིང་སྦས། ལ་ལས་ནི་ཚུལ་བཞིན་དུ་སྦྱང་དེ་སྔགས་ཀྱི་མཐུ་སྟོབས་ཀྱང་རྙེད། ཕལ་ཆེར་འདྲ་ཚུལ་ལོག་པར་སྤྱོད་པས་ལྟུང་གནས་སུ་འགྱུར་བས། འགྲོ་བ་ལ་ལ་ནི་དད། ལ་ལ་ནི་མ་དད་སྟེ། དུས་ནམ་ཞིག་ན་སྙིགས་མ་ལྔའི་དུས་འོང་སྟེ། སྤྲུལ་པའི་སྐུས་བསྟན་པའི་ཚེ་ན་དར་ཞིང་རྒྱས་པར་འགྱུར་རོ། །རྡོ་རྗེ་འདུས་པའི་རྒྱལ་པོ་གསང་བའི་ཐེག་པ་འདི་ཉིད། ད་སྟེ་བསྐལ་པ་བྱེ་བ་འདས་པའི་འོག་ཏུ་བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་འབྱུང་བའི་ཚེ་ན། སངས་རྒྱས་འཇམ་པའི་དབྱངས་ཞེས་བྱ་བ། ད་ལྟར་ངང་ཚུལ་མཐུན་པ་ཞིག་འབྱུང་སྟེ། དེས་གསང་བའི་ཐེག་པ་འདི་རྒྱ་ཆེར་སྟོན་པར་འགྱུར་རོ། །སངས་རྒྱས་གཞན་གང་གིས་ཀྱང་གསང་བའི་ཐེག་པ་འདི་སྟོན་པར་མི་


DNG022_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འགྲོ་བ་རྣམས་གསང་བ་འདི་ཉིད་ཀྱི་སྣོད་དུ་མ་གྱུར་པའི་ཕྱིར་རོ། །རྡོ་རྗེ་འདུས་པ་གསང་བའི་རྒྱུད་ཆེན་པོ་ལས། བཅངས་ཤིང་བསྐུར་བའི་སྐྱོན་ཡོན་དང་། དུས་གསུམ་གྱི་སངས་རྒྱས་གང་གིས་དུས་གང་ལ་གསུངས་པ་ཞུས་ལན་དུ་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་ཚོགས་དང་། འཇིག་རྟེན་པའི་ཆོས་ཉན་པའི་འཁོར་རྣམས་ཀྱིས། མཆོད་པ་དུ་མས་ནི་མངོན་པར་མཆོད་ཅིང་ལན་སྟོང་དུ་བརྐྱང་ཕྱག་བཙལ་ནས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཞི་བཅོམ་དྲུག་ལྡན་འཁོར་བ་མྱ་ངན་འདས། །བདག་གཞན་གཉིས་ཀྱི་དཔལ་མངའ་ཞིང་། །ཕྱིན་ཅི་ལོག་བཞི་སྤངས་པས་ཁྱབ་པར་མཐུ་བྱིན་ཆེ། །གཟུང་འཛིན་རྣམ་སྤངས་མ་གཡོས་རྡོ་རྗེ་དེ། །དོན་རྟོགས་དྲང་དོན་ངེས་པའི་དོན་ཁྲོས་པའི་སྐུ་གསུང་ཐུགས། །སྟོན་པའི་བདག་ཉིད་དེ་ལ་ཕྱག་འཚལ་བསྟོད། །ཨེ་མ་ཧོ། དགྱེས་པ་ཆེན་པོ་ཡུམ་གྱི་མཁའ་ཀློང་ནས། །དུས་གསུམ་འདུ་འབྲལ་མེད་པར་སྦྱོར། །གཉིས་མེད་ཐིག་ལེ་བྱང་ཆུབ་དག་པའི་སྐུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །བཀའ་ཡི་འཁོར་ལོ་གསང་བའི་འཁོར་ལ་བསྟོད། །ཨེ་མ་ཧོ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཐུགས། །མི་ནུབ་ཆོས་སྲོག་དབང་པོ་འཛིན་བྱེད་པ། །སྨྲ་བའི་སེང་གེ་ཞུ་བའི་སྤོབས་པར་ལྡན། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཉིད་ལ་འདུས། །རྡོ་རྗེ་འདུས་པ་དེ་ལ་ཕྱག་འཚལ་བསྟོད། །ཨེ་མ་ཧོ། སྐུ་གསུང་ཐུགས་ཀློང་གསུང་གི་ཆོས་མཆོག་བདུད་རྩི་ཆེ་དང་མཚུངས། །རྒྱུད་དང་ལུང་དང་མན་ངག་ཀུན་གྱི་མཛོད་དུ་བཞུགས། །འདས་དང་མ་བྱོན་ད་ལྟ་རྣལ་འབྱོར་བགྲོད་པའི་ལམ། །ཐེག་པ་ཀུན་ལས་འཕགས་པས་འོག་མ་ཟིལ་གྱིས་གནོན། །དོན་རྣམ་བདེན་པའི་མཛོད་ནི་དམིགས་པའི་སྒྲོན་མར་སྣང་། །བསྟན་པ་རྒྱ་མཚོའི་ཆོས་


DNG022_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་བསྟོད། །སྟོན་པའི་བཞུགས་པའི་གནས་མཆོག་ཁྱད་པར་ཅན། །བཀའ་ཡི་དམ་ཆོས་མ་ལུས་འབྱུང་བའི་གནས། །ཤེས་རབ་བྷ་ག་དུས་གསུམ་བཞུགས་པའི་གནས། །ཕྱི་ནང་གསང་གནས་དེ་ལ་ཕྱག་འཚལ་བསྟོད། །སྟོན་པ་གནས་འཁོར་དམ་ཆོས་འབྱུང་བའི་དུས། །འདས་དང་མ་བྱོན་ད་ལྟ་དང་། །མ་ངེས་དུས་ན་གང་འཚམས་པའི། །ཕུན་སུམ་ཚོགས་པའི་དུས་ལ་ཕྱག་འཚལ་བསྟོད། །ཅེས་མངོན་པར་བསྟོད་དོ། །དེ་ནས་ཡང་སངས་རྒྱས་འདུས་པ་ལ་སོགས་འཁོར་རྣམས་ཀྱིས། རྡོ་རྗེ་འདུས་པ་ལ་བསྒོ་བ་མཛད་དེ། རྡོ་རྗེ་འདུས་པ་ཁྱོད་ནི། བདེ་བར་གཤེགས་པས་བཀའ་སྩལ་པ། ཞུ་བ་སྤོབས་པ་དང་ལྡན་པ་སྟེ། ཕྱི་རབས་ཀྱི་རྣལ་འབྱོར་པའི་ཕྱིར། རྒྱུད་ཀྱི་དོན་བསྡུ་བར་གསོལ་ལོ། །ཞེས་རྣམ་པར་བསྐུལ་ལོ། །དེ་ནས་རྡོ་རྗེ་འདུས་པས་བསྐུལ་བའི་དོན་ཐུགས་སུ་ཆུད་དེ། གསོལ་བ་ནི། ཨེ་མ་ཧོ། བདེ་བར་གཤེགས་པ་བཅོམ་ལྡན་འདས། །ཕྱི་རབས་རྣལ་འབྱོར་དོན་གྱི་ཕྱིར། །རྡོ་རྗེ་གསང་བ་ཆེན་པོའི་རྒྱུད་ཀྱི་དོན་ཉིད་རབ་བསྡུས་ནས། །གནས་ཤིང་རྟོགས་པར་ཇི་ལྟར་བགྱི། །ཞེས་གསོལ་པས། ཞེས་བཀའ་སྩལ་པ། རྡོ་རྗེ་འདུས་པས་བརྒྱད་ཁྲི་བཞི་སྟོང་སྒོ་མོ་དང་། ཡན་ལག་བཅུ་གཉིས་སྡེ་སྣོད་དང་། བསྡུས་པའི་སྡེ་སྣོད་རྣམ་པ་གསུམ་དང་། ཐེག་པའི་བྱེ་བྲག་བསྟན་པ་ཡང་། བཀྲི་བའི་དོན་དུ་བསྟན་པ་སྟེ། ངེས་དོན་བསྡུས་པ་རྡོ་རྗེ་གསང་བའི་རྒྱུད་འདི་ཉིད། ཁྱོད་ལ་སོགས་དང་ད་ལྟར་ཕྱིས་འབྱུང་ཡང་། ལྟ་སྤྱོད་སྒྲུབ་དང་ཕྲིན་ལས་དཀྱིལ་འཁོར་དབང་དང་དམ་ཚིག་ཏིང་འཛིན་རྣམས། །རྡོ་རྗེ་གསང་བའི་རྒྱུད་ལས་གསལ་བས་ན། །ལམ་གྱི་ནང་ན་ཉེ་ལམ་དང་པོ་སྟེ། །རྡོ་རྗེ་འདུས་པ་ཁྱོད་ལ་གཏད། །གསང་བའི་རྒྱུད་འདི་ནུབ་པར་གྱུར་ཏ་རེ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་འདུས་པ། ཤིན་ཏུ་ཡང་དགའ་བའི་ཡིད་གཡོས་ནས། རང་གི་གསང་བའི་རྡོ་རྗེ་


DNG022_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གསོར་ཞིང་། འདི་སྐད་ཅེས་དམ་བཅས་སོ། །ཨེ་མ་ཧོ། བདེ་གཤེགས་ཀུན་གྱི་གཙོ། ཀུན་གྱི་དོན་བསྡུས་ཏེ་རྡོ་རྗེ་གསང་བ་རྒྱུད་འདི་ལ། བདག་ལ་སོགས་པས་ད་ལྟ་ཕྱིས་སྤྱོད་པས། ལམ་གྱི་ནང་ན་ཉེ་ལམ་དམ་པ་བགྱིས་ཏེ། གང་དག་བལྟ་བ་ལ་དང་བས་རྒྱུད་འདིའི་བལྟ་བའི་ལམ་ལ་བལྟ་བར་བགྱིའོ། །གང་དག་སྤྱོད་པ་ལ་དགའ་བས། རྒྱུད་འདི་ཉིད་ཀྱི་སྤྱོད་པའི་ལམ་ལ་མངོན་པར་སྤྱོད་པར་བགྱིའོ། །གང་དག་སྒྲུབ་པ་ལ་མོས་པས། རྒྱུད་འདི་ཉིད་ཀྱི་སྒྲུབ་པའི་ལམ་ལ་མངོན་པར་བསྒྲུབ་པར་བགྱིའོ། །གང་དག་ཕྲིན་ལས་ལ་གུས་པས། རྒྱུད་འདི་ཉིད་ཀྱི་ཕྲིན་ལས་ཀྱི་ལམ་ལ་ཕྲིན་ལས་སུ་བྱའོ། །གང་དག་དཀྱིལ་འཁོར་བརྩམ་པས། རྒྱུད་འདི་ཉིད་ཀྱི་དཀྱིལ་འཁོར་གྱི་ལམ་ལ་མངོན་པར་རྟོགས་པར་བྱའོ། །གང་དག་དབང་ནོད་པར་སེམས་པས། རྒྱུད་འདི་ཉིད་དབང་གི་ལམ་ལ་མངོན་པར་ནོད་དོ། །གང་དག་དམ་ཚིག་བསྲུང་བའི་སེམས་ཡོད་པས་རྒྱུད་འདིའི་དམ་ཚིག་གི་ལམ་ལ་མངོན་པར་དཀའ་ཐུབ་ཏུ་གནས་པར་བྱའོ། །གང་དག་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་འདོད་པས། རྒྱུད་འདིའི་ཏིང་ངེ་འཛིན་གྱི་ལམ་ལ་མངོན་པར་བསྒོམ་པར་བྱའོ། །འོན་ཏང་ན་བདག་དང་ཕྱིས་འབྱུང་བའི་རྣལ་འབྱོར་རྣམས་ཀྱིས། རྡོ་རྗེ་གསང་བའི་རྒྱུད་འདིའི་ཆོས་ཀྱི་སྲོག་ཤིང་མངོན་པར་གཟུག་གོ། །ཆོས་ཀྱི་རྔ་མངོན་པར་རྡུང་ངོ་། །ཆོས་ཀྱི་དུང་མངོན་པར་འབུད་དོ། །ཆོས་ཀྱི་ཆར་མངོན་པར་དབབ་པོ། །ཆོས་ཀྱི་འཁོར་ལོ་རྒྱུན་འཆད་མེད་པར་བསྐོར་བ་སྟེ། མི་ནུབ་པའི་རྒྱལ་མཚན་ཆེན་པོར་གནས་པར་བགྱིའོ། །ཞེས་དམ་བཅས་སོ། །དེ་ནས་འདུས་པའི་འཁོར་རྣམས་ཀྱིས། ཆོས་ཉིད་ལ་ཆོས་ཉིད་ཀྱི་རྩལ་བསྡམས་ཏེ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ལ་ཞུགས་ཏེ། མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཉིད་ནི་དགོངས་པ་ཆོས་ཀྱི་དབྱིངས་ལ་མནལ་ལོ། །རྒྱུད་ཀྱི་དོན་བསྡུས་པ་དེ་དག་ནི་རིན་པོ་ཆེན་པོ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་བྲིས་ནས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་གྱིས། སྲིད་པ་གསུམ་དུ་ཆོས་ཀྱི་ཆར་མངོན་པར་བབ་པས། ལྷ་དང་ཀླུ་དང་མིའི་རྣལ་འབྱོར་རྣམས། ཚོམ་བུའི་ལས་ལ་མ་ཆགས་པར་རིག་འཛིན་བྱང་ཆུབ་ཀྱི་ས་བླངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། རྒྱུད་ཡོངས་སུ་བཟུང་ཞིང་གཏད་པའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་རྫོགས་སོ།། །། 


no previousརྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ།next