Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གསུམ་པ། འ༽


   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཕྱི་མ།
   
   
   
   
   
   
   
   


 
previousརྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཕྱི་མ།next

རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཕྱི་མ།


DNG023_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཕྱི་མ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་མཆོག །ཧེ་རུ་ཀ་སྟེ་དགྱེས་ཕྱག་མཛད། །དམ་ཚིག་ཆེན་པོ་སེམས་ཅན་དོན། །རྫོགས་པར་མཛད་ལ་མགོས་ཕྱག་འཚལ། །སྟོང་ཉིད་ངང་ལ་མ་བཞུགས་པར། །བདེ་ཆེན་མནལ་ནས་ཅི་སྟེ་བཞུགས། །ཕྱི་རབས་རྣལ་འབྱོར་དོན་ཆེད་དུ། །ཐེ་ཚོམ་ཆེན་པོ་ཞུ་བར་འཚལ། །དེ་ནས་ཧེ་རུ་ཀའི་ཆོས་ཉིད་ལ་མནལ་བ་དེ་ལས་བཞེངས་ཏེ། ཕྱག་ན་རྡོ་རྗེ་ཞེས་བོས་ནས། ཐེ་ཚོམ་ཐམས་ཅད་ཁྱོད་ཀྱིས་དྲིས་ཤིག །ངས་བཤད་པར་བྱའོ་ཞེས་གསུངས་པ་དང་། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་ཐུགས་ཀྱི་བདག་པོ་མཆོག །དབང་ཕྱུག་ཆེན་མོའི་རྒྱུད་ཀྱི་དོན། །མདོར་ན་ཚུལ་ནི་ཇི་ལྟར་བསྒྲུབ། །བསྡུས་པའི་དཀྱིལ་འཁོར་གང་ཞིག་ལགས། །དམ་རྫས་གང་དང་གང་གིས་བགྱི། །མཆོད་པའི་ཚུལ་ནི་ཇི་ལྟར་མཆོད། །སྲོག་སྙིང་ཡང་དག་གང་ཞིག་ལགས། །གྲུབ་པའི་མཚན་མ་ཇི་ལྟར་དབྱུང་། །ཐུན་རྣམས་བསྡུ་ན་ཇི་ལྟར་བསྡུ། །གསང་བའི་ལས་ནི་གང་གིས་བྱ། །གསད་པའི་དུས་སུ་མཚན་མ་གང་། །ཆུ་འཁྱགས་ལས་ལ་ཇི་ལྟར་བསྒྲུབ། །མིང་པོ་གཤིན་རྗེ་ནག་པོ་ཡི། །སྒྲུབ་ཐབས་ཀྱང་ནི་བཤད་པར་མཛོད། །བུ་གཅིག་བདུད་ཀྱི་སྒྲུབ་ཐབས་ཀྱང་། །ཐུགས་རྗེ་ཆེན་པོས་བཤད་པར་འཚལ། །ཁྱོད་ནི་གནོད་སྦྱིན་ཞེས་བྱ་བ། །དེ་ཡང་དཔའ་བོས་བཤད་དུ་གསོལ། །དེ་ལ་དཔའ་བོས་བཀའ་སྩལ་པ། །དབང་ཕྱུག་ནག་མོའི་དཀྱིལ་འཁོར་ནི། །སྒྲུབ་པའི་དཀྱིལ་འཁོར་བསྡུས་པ་ནི། །ཕྱི་དང་ནང་དང་གསང་བ་གསུམ། །ཕྱི་ནི་རྒྱ་རུ་མདའ་ཚད་ལ། །དཔངས་སུ་ཁྲུ་ཕྱེད་ལྡན་བྱས་ཏེ། །བ་ཡི་སྣ་ལྔས་བྱི་དོར་བྱས། །གྲུ་གསུམ་ཟླ་གམ་སྒོ་བཞིར་ལྡན། །ཚོན་རྩི་བཟང་པོས་བྱུག་པ་ནི། །གྲུ་གསུམ་མཐིང་ནག་ཟླ་གམ་དམར། །གྲུ་ཆད་ལྗང་གུ་སྒོ་བཞི་རིགས། །ཤིན་ཏུ་མཛེས་ཤིང་སྤྲས་པ་བྲི། །ནང་གི་འཁོར་ལོ་བྲི་བ་ནི། །དུར་ཁྲོད་ལྟ་བུའི་གནས་དག་ཏུ། །མནྡལ་


DNG023_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་གང་ཉམས་དགའ་བ། །དེ་ཕྱིར་གཞལ་ཡས་བརྩིག་པར་བྱ། །དབུས་སུ་གྲུ་གསུམ་མཐོ་རྡོ་ལ། །རས་རུས་ཕྲ་མོས་བརྩིག་པར་བྱ། །དཔངས་ནི་ཆག་གང་ཚད་དུའོ། །དཔལ་ཐར་གཉིས་ཀྱིས་གདུང་གི་ཚུལ། །རྩིབ་མས་གདུང་གི་སྤྲ་ལག་དགོད། །ཤ་ཆེན་ཁྲག་གིས་ཐོག་ཕུབ་བྱ། །སྟེང་དུ་ཐིང་རིལ་རྐང་གཅིག་ལ། །ནལ་བུའི་ཙིཏྟ་རྒྱལ་མཚན་ཚུལ། །ཐོད་མཁར་དེ་ཡི་ཕྱི་རིམ་དུ། །ལྕགས་ཕྱེ་ས་ནག་བསྲེས་པ་ཡིས། །རི་ཡི་ཚུལ་དུ་ལན་བདུན་བསྐོར། །དེ་ནི་མ་བདུན་གནས་པ་ཡིན། །ནང་དུ་ཁམ་ས་ཤ་ཆེན་ལ། །དྲེའུ་རྟ་རྐང་རྒྱུས་སྲབ་མཐུར་ཅན། །རྣ་བ་ལ་ནི་དྲིལ་བུ་འཕྱང་། །དེ་ལྟ་བུ་ཡི་གཟུགས་གཅིག་ལ། །སྟེང་དུ་ཞོན་པའི་མ་མོ་ནི། །ལྕགས་ཕྱེ་ས་ལས་བྱ་བ་སྟེ། །མགོ་གཅིག་ལག་གཉིས་ཁྲོ་ཚུལ་ཅན། །རལ་གྲི་མདུང་ཐུང་གཡས་དང་གཡོན། །ཀོ་རློན་སྟོད་ལ་རེ་ལྡེ་སྨད། །སྦྲུལ་གྱི་སྐེ་རགས་བཅིངས་པ་སྟེ། །ཁ་ནས་ཁྲག་གི་ཟར་བུ་འཛག །རྐང་པ་སྒྲོག་ཏུ་བཅུག་པར་བྱ། །དེ་ཡི་མདུན་དུ་གཟུགས་བྱ་བ། །མཚན་མོ་ནག་མོ་རིང་བའི་གཟུགས། །མགོ་གཅིག་ལག་གཉིས་གྲི་གུག་གཡས། །བྷནྡྷ་གཡོན་ཁྱེར་གཅེར་བུའི་གཟུགས། །སྐྲ་ནི་གྲོལ་བའི་གཟུགས་སུ་བྱ། །དེ་ནས་ཐུགས་ཀྱི་སྤྲུལ་པ་སྟེ། །གཟས་པའི་སྙིང་ལ་གཟུང་བར་བྱེད། །དེ་ནས་ཚོན་རྩི་བཟང་པོ་ཡིས། །བོང་བུ་ལྷོ་ལ་མ་མོ་སྔོ། །མཚན་མོ་ནག་མོ་སྔོ་བཀྲར་བྲི། །གཡོག་མོ་གཉིས་ཀྱི་རང་བཞིན་ལྡན། །ཐོད་པའི་མཁར་གྱི་སྒོ་དག་ནི། །ལྷོ་རུ་བཏོད་ལ་མ་མོ་གཉིས། །ཐོད་པའི་མཁར་དུ་གཞུག་པར་བྱ། །ལྷོ་རུ་ཁ་བལྟས་བདག་ཀྱང་རུང་། །ལྕགས་རི་བདུན་ལ་མ་མོ་བདུན། །བྱ་ནག་བདུན་གྱི་གཟུགས་སུ་བྱ། །དེ་ནི་གང་གི་དཀྱིལ་འཁོར་རོ། །ད་ནི་གང་གི་དཀྱིལ་འཁོར་ནི། །མི་ཁོག་སྐྱ་མོའི་ནང་དུ་ཡང་། །གོང་གི་མ་མོའི་གཟུགས་བརྙན་ནི། །ཤིན་ཏུ་གསང་སྟེ་གཞུག་པར་བྱ། །མི་ཁོག་དེ་ཡི་མགོ་བོ་ནི། །བྱང་ཤར་རྐང་པ་ལྷོ་ནུབ་ཏུའོ། །ཡན་ལག་ལྔ་དང་ལིངྒ་དང་། །སྙིང་ག་བདུན་པོ་དག་ཏུའོ། །བྱ་ནག་བདུན་གྱི་གཟུགས་ཀྱང་བཞག །དཀྱིལ་འཁོར་མདོར་བསྡུས་བསྟན་པ་སྟེ། །འདི་ལས་ལྷག་པའི་དཀྱིལ་འཁོར་ནི། །སྔར་


DNG023_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཤད་ཅིང་ད་མི་གསུང་། །དཔའ་བོ་ཆེན་པོས་བཀའ་སྩལ་ཏོ། །རྡོ་རྗེ་ནག་མོ་དབང་ཕྱུག་མའི་ཕྱི་མའི་རྒྱུད་ལས། གསང་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་དམ་རྫས་བསྟན་པ་ནི། །ཕྱི་ནང་གསང་བ་གསུམ་དུ་བསྟན། །ཕྱི་ཡི་དཀྱིལ་འཁོར་དམ་རྫས་ནི། །དབུས་སུ་སེང་གེ་དཀར་མོའི་སྙིང་། །འབྲས་བུ་སྣ་ཚོགས་གཏོར་མ་ལ། །སྤྱན་གཟིགས་དག་གིས་བརྒྱན་པ་གཞག །ལྷ་མཆོག་ཡབ་ཡུམ་དག་ལ་མཆོད། །ཤ་དང་ཁྲག་དང་ནལ་བུ་དང་། །ཤིང་ལོ་ཐལ་ཆེན་སྙིང་ཆེན་དང་། །བྱང་ཆུབ་སེམས་ཀྱི་དམ་རྫས་ནི། །ཐོད་པར་བསྩལ་ལ་ཟླ་གམ་གཞག །ལྷ་རྫས་ལ་སོགས་གཞུང་དག་དང་། །མཆིན་མཁྲིས་ལ་སོགས་རྣམ་པ་ཀུན། །ཐོད་པ་རེ་རེར་བསྩལ་ལ་བཞག །མ་མོ་རེ་ལ་གཏོར་མ་རེ། །རྒྱུན་དུ་རྒྱུ་བའི་དུས་སུ་བཏང་། །ཞིང་ཆེན་གདུང་དང་རྒྱུ་ཕྲེང་དང་། །ཤ་ཆེན་ལང་ལིང་ལ་སོགས་པ། །ཕྱི་ཡི་མཆོད་པའི་རྫས་སུ་གཞག །ནང་གི་དམ་རྫས་བསྟན་པ་ནི། །ཐོད་མཁར་ཕྱོགས་བཞིར་ནལ་རོ་བཞི། །རྩང་ལ་གདགས་ཏེ་འཕྱང་དུ་གཞུག །ནལ་བུའི་ལུས་པོ་མགོ་མཇུག་ཏུ། །ཏིལ་མར་དག་གིས་བྱུག་པར་བྱ། །སྤྱི་བོར་མི་མགོ་རེ་རེ་གཞག །དཔྲལ་བར་མཐེ་བོང་རེ་རེ་གཞག །སྙིང་གར་རྨ་བྱའི་མདོངས་རེ་གཟུག །སྐེད་པར་དར་གྱི་སྐེ་རགས་བཅིངས། །ལག་ཏུ་གཡབ་དར་རེ་རེ་སྟེ། །དེ་ལ་མ་མོ་འབར་བར་ངེས། །གཏོར་མ་ཤ་དང་ཁྲག་ལ་བྱ། །མ་མོ་གཉིས་ཀྱི་མདུན་དུ་དྲངས། །སྔགས་ཀྱིས་བཏབ་ལ་ལེན་དུ་གཞུག །སུ་ཞིག་དངོས་གྲུབ་འདོད་པ་ཡིས། །ནལ་རོ་བཞི་ལ་ནན་ཏན་བསྐྱེད། །བྱ་ནག་བདུན་གྱི་མདུན་དག་ཏུ། །ཤ་ཁྲག་གཏོར་མ་བྷནྡྷ་རེ། །སྔགས་ཀྱིས་བཏབ་ལ་ལན་དུ་གཞུག །མཚན་མོ་ནག་མོའི་གཏོར་མ་ལ། །གཟས་པའི་མིང་རུས་བཅུག་ལ་བྱིན། །ཐེ་ཚོམ་མེད་པར་ལས་བྱེད་དོ། །གསང་བའི་དམ་རྫས་བསྟན་པ་ནི། །མི་ཁོག་སྐྱ་མའི་མདུན་དག་ཏུ། །སྐྱེས་པ་ཤིན་ཏུ་ལེགས་པ་ཡི། །རོ་ནི་རྨ་མེད་བཙལ་བྱས་ལ། །གསལ་ཤིང་བཟང་པོར་བཙུགས་པ་ལ། །དར་ནག་བཏགས་ལ་


DNG023_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱང་དུ་གཞུག །དེ་ཡི་ལུས་ཀྱང་མགོ་མཇུག་ཏུ། །ཏིལ་མར་སྨུག་ཙི་བྱུག་པར་བྱ། །མགོ་ནི་ཐོར་ཅོག་ཟུར་ཕུད་ཅན། །དེ་ལ་རྒྱན་གྱིས་མཛེས་པར་བྱ། །རྗེ་ངར་ལྟེ་བའི་བར་དག་ཏུ། །དར་གྱི་ཤམ་ཐབས་ལེགས་པར་བརྒྱན། །རྐང་གཅིག་བརྐྱང་སྟེ་ཡིད་བསྐུལ་ཚུལ། །མ་ལ་ལྡེམ་ཞིང་བསྒྱིངས་པའི་ཚུལ་དུ་བཞག །ལག་ཏུ་མཛེས་པའི་མེ་ལོང་བསྐུར། །མ་ལ་སྟེགས་པའི་ཚུལ་དུ་བསམ། །དེ་ལྟ་བུ་ཡི་དམ་རྫས་ཏེ། །མ་མོ་བོས་ལ་སྦྱིན་པར་བྱ། །དེ་ནས་ཐེ་ཚོམ་མེད་པ་རུ། །རྣལ་འབྱོར་མ་ལ་གང་འདོད་སྟེར། །རྫས་མཆོད་དམ་པ་ཡིན་པར་བཤད། །གཞན་ཡང་དམར་གྱི་གཏོར་མ་དང་། །ཞལ་ཟས་སྣ་ཚོགས་མདུན་དུ་དྲངས། །རྒྱུད་ཕྱི་མ་ལས། རྫས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མཆོད་ཚུལ་བཤད་བྱ་བ། །དང་པོ་སྐྱེ་བ་མེད་པ་དང་། །གཉིས་པ་སྙིང་རྗེའི་བདག་ཉིད་དང་། །གསུམ་པ་རང་སེམས་ཧཱུཾ་དུ་སྣང་། །འབྱུང་བ་རླུང་སྟེ་ནམ་མཁའི་སྟེང་། །གྲུ་གསུམ་ཨེ་དང་གཞུ་འདྲ་ཡི། །ཆུ་ནི་བཾ་ལས་ཟླུམ་པོར་བསྐྱེད། །སུ་ལས་གསེར་གྱི་ས་གཞིར་སྣང་། །ཀེཾ་ལས་རུས་པའི་རི་རབ་སྟེང་། །བྷྲཱུཾ་ལས་གཞལ་ཡས་ཁང་དུ་སྣང་། །གྲུ་བཞི་སྒོ་བཞི་ཡང་དག་ལྡན། །གྲུ་གསུམ་ཟླ་གམ་གྲུ་ཆད་དང་། །སྣ་ཚོགས་རྒྱན་གྱིས་བརྒྱན་པར་བསྒོམ། །དབུས་སུ་གདན་ཁྲི་ཉི་ཟླ་དང་། །མ་ཧཱི་ཆེན་པོ་གསལ་བར་བྱ། །ཟླ་གམ་གསུམ་ལ་མ་མོ་རེ། །དེ་ལ་ཆོ་གའི་ཡན་ལག་གིས། །རང་ཉིད་སངས་རྒྱས་ལུས་སུ་སྣང་། །དབུ་གསུམ་ཕྱག་དྲུག་ཞབས་བཞི་འམ། །ཡང་ན་མཆོག་གི་ཧེ་རུ་ཀ །དབུ་དགུ་ཕྱག་ནི་བཅོ་བརྒྱད་ཚུལ། །ཆོ་ག་མཁས་པས་ཡབ་ཡུམ་གསལ། །རོ་གསུམ་སྟེང་དུ་མ་མོ་གསུམ། །གར་ཐབས་བྱེད་ཅིང་གནས་པ་སྟེ། །ནག་མོ་ཆེན་མོ་བོང་ཞོན་མ། །རལ་གྲི་འདེབས་ཤིང་མདུང་ཐུང་འཕེན། །རྒྱུ་མའི་དྲིལ་བུ་འགྲམ་པར་འཕྱང་། །ཀོ་རློན་སྟོད་ལ་རེ་ལྡེ་སྨད། །རྨ་བྱའི་སྒྲོ་ཆུན་སྤྱི་བོར་བཙུགས། །ལྟེ་བའི་ཕྱོགས་ནས་ཉི་ཤར་མ། །དཔྲལ་བའི་ངོས་ནས་ཟླ་བ་འཆར། །རྣ་བ་གཡས་པའི་ཁུང་བུ་ན། །སེང་གེ་


DNG023_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཐོགས་མེད་མཆོངས། །གཡས་ན་སྦྲུལ་ནག་ལྕེ་གཉིས་འཛིན། །ཁ་ནས་ཁྲག་གི་ཟར་བུ་འཛག །རོ་གཅིག་སྟེང་ན་འདུག་པ་ནི། །ཕུང་བར་ཕྱེད་པའི་མ་མོ་སྟེ། །གཅེར་བུ་གར་ཐབས་ཁྲག་འཐུང་མ། །ལག་ན་རྡེའུ་ནག་གཡས་གཡོན་འགྲེམས། །མཚན་མོ་དག་ལ་རྒྱུ་བར་བྱེད། །རོ་གཅིག་སྟེང་ན་འདུག་པ་ནི། །གསོད་པར་བྱེད་པའི་མ་མོ་སྟེ། །དུར་ཁྲོད་རོ་རས་ཧྲུལ་པོ་ལས། །དབུལ་མོ་ཚུལ་གྱི་ཆ་ལུགས་འཛིན། །མཐིང་ནག་མིག་དམར་མདུང་ཐུང་ཅན། །ཐོད་ཁྲག་ཁ་རུ་འཐུང་བར་བྱེད། །ཉིན་མོ་རྒྱུ་ཤིང་མཚན་མོ་ཉལ། །མཚན་མོ་ནག་མོ་བསྒོམ་པ་ནི། །བོང་ཞོན་མ་ཡི་མདུན་དག་ན། །བཀའ་ཉན་གསུང་སྡོད་མ་མོ་གཅིག །ལུས་ནི་རིད་ཅིང་ཐལ་བའི་མདོག །མིག་ནི་གཏིང་ནས་ཁྲག་མིག་བལྟ། །ལག་ན་གྲི་གུག་ཐོད་པ་ཐོགས། །གང་ཞིག་གཟས་པའི་སྙིང་རྩ་ལ། །གྲི་གུག་གཅོད་ཅིང་ཐོད་པར་བླུགས། །ཐོད་ཁྲག་ཁེངས་པ་ཁ་ལ་འཐུང་། །ཉིན་མོ་ཉལ་ནས་མཚན་མོ་རྒྱུག །ལུས་ལ་གོས་མེད་སྐྲ་གཡེངས་མ། །དེ་ལྟ་བུ་གཅིག་བདག་ཉིད་བསྒོམ། །ཐོད་པའི་མཁར་གྱི་ཕྱི་རོལ་ན། །ལྕགས་རི་བདུན་ལ་མ་མོ་བདུན། །བྱ་ནག་བདུན་དུ་སྤྲུལ་ནས་ནི། །འཕུར་ཞིང་ལྡིང་ཞིང་ཆགས་ཚུལ་སྟོན། །རྣལ་འབྱོར་ཆེན་མོ་དེ་ལྟར་བསམ། །དེ་ནས་གྲུབ་པའི་མ་མོ་དེ། །རང་ཉིད་ཧཱུཾ་གི་ལྕགས་ཀྱུ་ཡིས། །དྲངས་ནས་མཆོད་པའི་ཚོགས་དབུལ་ཏེ། །བ་ལིཾ་སྣ་ལ་དབུལ་བར་བྱ། །མ་ཧཱ་བ་ལིཾ་ཁཱ་ཧི་ཞེས་པ། སྔགས་དང་བཅས་ལ་སྦྱིན་པར་བྱ། །ཆེ་གེ་མོ་ཞིག་མཱ་ར་ཡ། །གསང་སྔགས་དེ་ཡི་སྒྲ་ཡང་བརྗོད། །དེ་ནས་ཁྲག་གི་ཨརྒྷཾ་དབུལ། །མ་ཧཱ་རཀྟ་པཱུ་ཙ་ཧོ། །དེ་ནས་དབང་པོའི་མེ་ཏོག་དབུལ། །མ་ཧཱ་པུཥ྇་པཱུ་ཙ་ཧོ། དེ་ནས་ཚིལ་ཆེན་སྤོས་མི་དབུལ། །མ་ཧཱ་དྷཱུ་པེ་པཱུ་ཙ་ཧོ། བདག་ཉིད་དྲི་ཆེན་དེ་ལ་དབུལ། །མ་ཧཱ་གནྡྷེ་པཱུ་ཙ་ཧོ། དེ་ནས་ཚིལ་ཆེན་མར་མེ་དབུལ། །མ་ཧཱ་དཱི་པ་པཱུ་ཙ་ཧོ། དེ་ནས་དྲི་ཆུའི་མཆོད་པས་མཆོད། །མ་ཧཱ་གནྡྷེ་པཱུ་ཙ་ཧོ། དེ་ནས་མཐུན་པའི་རྫས་ཆེན་བསྟབ། །དེ་ནས་གཏོར་མ་གཏོང་བ་ནི། །ཉི་མའི་ཟེར་ལ་མི་མོ་རྒྱུ། །བཅོ་ལྔ་


DNG023_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་ཟེར་དག་ལ། །མཚན་མོ་ནག་མོ་རྒྱུ་བར་བྱེད། །གསོད་པར་བྱེད་པའི་མ་མོ་ནི། །ནམ་གྱི་གུང་ལ་རྒྱུ་བར་བྱེད། །ཕུང་བར་བྱེད་པའི་མ་མོ་ནི། །ཉི་མའི་གུང་ལ་རྒྱུ་བར་བྱེད། །དུས་བཞི་དག་ཏུ་གཏོར་མ་སྦྱིན། །རྒྱུད་ཕྱི་མ་ལས། ལས་ཀྱི་ཁོག་དབུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྔགས་ཀྱི་ཚུལ་བཤད་པ། །མ་མོ་ཆེན་མོའི་སྲོག་སྙིང་ནི། །ཐུཾ་ལིང་སྙིང་རྩ་འདུ་འདུ་བ། །མཚན་མོའི་སྲོག་སྙིང་ནི། ཤིན་ཏུ་ཟབ་པས་སྔར་མ་བསྟན། །བཤད་ཀྱི་གསང་བའི་བདག་པོ་ཉོན། །ཨཱོཾ་ནྲི་ཀ་པ་ལི་ཧཱུཾ་ཕཊ། གསང་བའི་བདག་པོས་གསང་བར་གྱིས། །ཙ་པ་ལི་ནི་བཅོ་ལྔ་པ། །ཕུང་བྱེད་མ་མོ་བོད་པ་ཡིན། །ཁ་མུན་ཏྲ་པ་ཞེས་པ་ནི། །གསོད་པའི་མ་མོའི་སྙིང་པོ་ཡིན། །དང་པོ་རྣལ་འབྱོར་དེ་ཡིས་ནི། །དམོད་མོ་བྱེད་ན་བཅུ་བདུན་ཏེ། །ཁམ་བུ་བྱེད་ན་ཉིན་མཚན་མ་ད་ར། །སྒོ་ང་བྱེད་ན་ཙ་པ་ལ། །ཕག་ཐོད་བྱེད་ན་ཁ་མུན་ཏྲ། །ཁྲག་ཟོར་བྱེད་ན་སྙིང་ཁྲག་ཤ །མདའ་ཟོར་བྱེད་ན་སྐུ་གསུང་ཐུགས། །སྔགས་སྒྲུབ་ཙ་པ་ལ་ཡིན་ཏེ། །ཐོད་པ་དགུ་ནི་ཁ་མུན་ཏྲ། །དེ་རྣམས་ལས་ལ་སྦྱར་བ་ཤིས། །ཐུན་ལིང་ཀ་པཱ་ལ་གཉིས་ཏེ། །ཤིན་ཏུ་གསང་སྟེ་བཟླས་པ་རྒྱུན། །ཐུན་ལིང་ཉིན་ལ་ཀ་ལིང་མཚན། །རྟག་ཏུ་བཟླ་ཞིང་གཏོར་མ་གཏོང་། །རྒྱུད་ཕྱི་མ་ལས། རྒྱུད་དུ་དྲང་བའི་སྙིང་པོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གྲུབ་པའི་མཚན་མ་བསྟན། །མ་མོ་ནག་མོའི་མཚན་མ་ནི། །ཐུམ་ཐུམ་སྐབས་སུ་བྱ་ནག་མོ། །ཐོད་པའི་མཁར་ལ་འབབ་པ་མཐོང་། །མཚན་མོ་ནག་མོ་གྲུབ་པ་ནི། །བསམ་གཏན་བྱེད་པའི་ཡིད་ལམ་དུ། །ཡི་དྭགས་འདྲེ་གཟུགས་མཐོང་བར་འགྱུར། །ཕུང་བྱེད་མ་མོའི་མཚན་མ་ནི། །ཚུལ་བུ་ཤུག་རྒྱངས་སྟོན་པར་བྱེད། །གསོད་བྱེད་མ་མོའི་མཚན་མ་ནི། །སེར་བ་ཁུ་འཕང་ཆེན་པོར་བྱེད། །རྒྱུད་ཕྱི་མ་ལས། མཚན་མའི་ལེའུ་སྟེ་ལྔ་པའོ།། །།ཐུན་རྣམས་ཐམས་ཅད་བསྡུ་བ་བསྟན། །ཐུན་གྱི་ཕྱི་ནང་གསང་བ་གསུམ། །ཕྱི་ཡི་ཐུན་རྣམས་སྔར་བསྟན་པ། །སྒོ་ང་ཁམ་བུ་ལ་སོགས་ཡིན། །ནང་གི་ཐུན་ཞེས་བྱ་བ་ནི། །ཐོད་མཁར་ཆེན་པོའི་མདུན་དག་ཏུ། །མུ་སུ་རི་ཡི་ཐོད་པའི་ནང་། །ཁྲག་གསུམ་དག་དང་དུག་གིས་


DNG023_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཀངྐ་། །གྲུ་གསུམ་བྲུས་ལ་གཏིང་དུ་གཞུག །གཡམ་པ་སྔོ་ནག་དག་ལ་ནི། །མཚན་མོ་ནག་མོའི་གཟུགས་བྲིས་ལ། །ཐོད་པའི་ཁ་ནི་གཅད་པར་བྱ། །དེ་ལ་རྣལ་འབྱོར་ཞེ་སྡང་ཅན། །དྲོད་མ་ཕེབས་ཀྱི་བར་དུ་བཟླས། །ནག་མོ་དགུ་བསྐོར་སྔགས་ཀྱིས་གདགས། །མཚན་མོ་ནག་མོའི་སྙིང་པོ་དང་། །ཤིན་ཏུ་གསང་བའི་དམོད་མོ་དང་། །སྡེབས་ནས་ནག་མོ་དགུ་བསྐོར་ཏེ། །འགྲོ་བ་རིགས་དྲུག་བདུད་དུ་འབབ། །འཛམ་གླིང་མི་ལ་གཉེན་དུ་ཆེ། །ཆུ་ཚོད་བརྒྱད་ཅུ་རྫོགས་པ་དང་། །ཐུན་ནི་ཁ་གསུམ་བགོས་བྱས་ལ། །གཅིག་ནི་གཟས་པའི་གཟུགས་ལ་བརྡེག །གཅིག་ནི་ཐུན་གྱི་གཏའ་རུ་གཞུག །དེ་ནས་ཐུན་གཅིག་ཡུལ་ཕྱོགས་འཕང་། །ནག་མོ་བདུན་བསྐོར་ཐུན་གྱིས་ནི། །བདུན་གསུམ་ལོན་པ་འཆི་བར་བྱེད། །གསང་བའི་ཐུན་ཞེས་བྱ་བ་ནི། །མི་ཁོག་སྐྱ་མོའི་མདུན་དག་ཏུ། །སྐྱེར་མ་མི་རིང་ལག་པ་རུ། །གཡས་སུ་མེ་ལོང་གཡོན་དུ་ཐུན། །ཁར་ནག་ཐུན་ལ་བཏགས་ནས་ནི། །མཚན་མོ་ནག་མོའི་ལག་ཏུ་གཏང་། །འབུར་ཁུང་ནག་མོའི་སྔགས་ཀྱིས་བཏབ། །འབུར་ཁུང་ནག་པོ་ཞེས་བྱ་བ། །ཁམ་བུ་དགུ་ཡི་སྔགས་དང་ནི། །ཐང་སྔགས་དམོད་པ་སྦྲགས་པ་ཡིན། །བཅུ་དྲུག་དག་ནས་དབུ་བཙུགས་པས། །ཉི་ཤུ་དགུ་ལ་མི་རོ་ཡི། །ལག་གི་བྷནྡྷ་ཁོལ་བར་བྱེད། །འབུར་ཁུང་ནག་མོ་དྲག་ཏུ་འཕང་། །ཐེ་ཚོམ་མེད་པར་དཔའ་བོས་བཤད། །རྒྱུད་ཕྱི་མ་ལས་དྲག་པོའི་ཐུན་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གསད་པའི་ལས་བཤད་པ། །འཆི་བར་འགྱུར་བའི་སྦྱོར་བ་ནི། །རྣམ་པ་གསུམ་དུ་བཤད་པར་བྱ། །ཐུན་གྱི་ལས་རྣམས་རྫོགས་པ་དང་། །བསམ་གཏན་དག་གིས་བསད་པ་ནི། །མཚན་མོ་ནག་མོའི་ཏིང་འཛིན་ནི། །རྣལ་འབྱོར་གྱིས་བསམ་ཞེ་སྡང་བསྐྱེད། །རྫུ་འཕྲུལ་སྟོབས་ཀྱིས་འཕྲུལ་ནས་ནི། ། གཟས་པ་པོ་ཡི་དྲུང་ཕྱིན་ནས། །གྲི་གུག་དག་གིས་ཁོག་པ་དྲེག །སྲོག་རྩ་བཅད་ནས་བྷནྡྷ་བཀངྐ་། །རང་ཉིད་ཀྱིས་ནི་འཐུངས་པས་གང་། །བཀྲག་དང་གཟི་མདངས་


DNG023_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བསམ། །རི་བདུན་དག་ལ་གནས་པ་ཡི། །བྱ་ནག་བདུན་གྱིས་ཤ་རྣམས་ཟོས། །སྙིང་རྗེ་མེད་པའི་ལྷ་ཚོགས་ཀྱིས། །ལྷག་མ་མེད་པར་ཟད་པར་བྱས། །ལན་གྲངས་བརྒྱ་རུ་དེ་ལྟར་བསྒོམ། །རྒྱུན་སྔགས་གསད་པའི་སྔགས་དང་བཅས། །གཏོར་མ་ནར་མར་གཏང་བར་བྱ། །རྒྱུད་ཕྱི་མ་ལས། གསད་པའི་མན་ངག་བསྡུས་པའི་ལེའུ་སྟེ་བདུན་པའོ།། །།འཆི་བའི་མཚན་མ་བཤད་བྱ་བ། །རྣལ་འབྱོར་མཐུ་ཆེན་འཕན་པའི་ཚེ། །ཐོད་པ་སྦུབ་ན་འཆི་བ་ཡིན། །མཆི་མ་བྱུང་ན་འཆི་བ་ཡིན། །སྲོག་ཆགས་གསད་ན་འཆི་བ་ཡིན། །ཁྲག་ཆེན་ཁོལ་ན་འཆི་བ་ཡིན། །ཤིང་ཆེན་གཅོད་ན་འཆི་བ་ཡིན། །རྡོ་ཆེན་འབྱིན་ན་འཆི་བ་ཡིན། །རྒྱུད་ཕྱི་མ་ལས། ལྟས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་མིང་པོའི་སྒྲུབ་པ་ཐམས་ཅད་ནི། །གཤིན་རྗེ་ནག་པོ་ཞེས་བྱ་བ། ། ལམ་རྒྱུད་ལྔ་ལ་དབང་ཡང་བྱེད། །གིའུ་ཏི་ཤན་བྱ་བ་ཡིན། །གཤིན་རྗེ་སྔོན་པོ་ཞེས་བྱ་བ། །ལྕགས་མཁར་བཅུ་དྲུག་ལ་དབང་བྱེད། །ཆོས་ཀྱི་རྒྱལ་པོ་བྱ་བ་ཡིན། །གཤིན་རྗེ་འཇིགས་པ་ཞེས་བྱ་བ། །ཤ་ཁྲག་དབུགས་ལ་དབང་བྱེད་པ། །ནར་ཧི་སང་ཞེས་བྱ་བ་ཡིན། །གཤིན་རྗེ་ཆེན་པོ་གླང་མགོ་ཅན། །བྱོལ་སོང་རྒྱལ་པོ་ཞེས་བྱ་བ། །གཤིན་རྗེ་རྒྱལ་པོ་ཞེས་བྱ་བ། །མ་མོའི་མིང་པོ་ཡིན་པ་སྟེ། །དྲག་པོའི་དཀྱིལ་འཁོར་བྲི་བར་བྱ། །གྲུ་གསུམ་གཅིག་ལ་གྲུ་ཆད་བཞི། །མཐིང་ནག་ཚོན་གྱིས་དགང་བར་བྱ། །ཐ་མར་མེ་རི་དམར་པོ་སྟེ། །དེ་ལ་འཆི་བདག་བཞི་བཀོད་པས། །མི་ཐོད་སྐྱགས་ཙེ་བཞི་དག་ལ། །འཆི་བདག་ཞལ་བཞི་ཚོན་གྱིས་བྲི། །རང་རང་སྙིང་པོས་མཚན་ཏེ་དགོད། །བམ་ཆེན་དག་གི་ཤ་ཁྲག་གིས། །གཏོར་མ་ཆེན་པོ་དབུལ་བྱ་ཞིང་། །སྙིང་པོ་འདི་དག་བཟླས་པར་བྱ། །ཡ་མ་རཱ་ཙ་འགེའུ་ཏེ་ཤན། །དྷརྨ་རཱ་ཙ་ཡ་མ་ནར་སེང་ཏ་ཡ། པྲེ་ཏེ་མུ་ཁའི་ཏི་ཡ་ས་མ་ཡ་ཛཿཛཿ། དེ་ནས་རྟགས་ཆེན་འབྱུང་འགྱུར་ཏེ། །མ་རིང་གཅེར་བུ་རྒྱུག་པར་བྱེད། །མོན་པ་བླ་རྐུན་ནག་པོར་སྟོན། །བཙུན་པ་རླུང་ནག་འཚུབས་མ་འབྱུང་། །རྒྱལ་པོ་ཆེན་པོའི་ཚུལ་དུ་སྟོན། །དེ་ནས་གསོད་


DNG023_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་འདོད་ན། །ཁམས་ལ་ནི་གཤིན་རྗེའི་གཟུགས། །གནག་ཅིང་མཐོ་བའི་མི་གཟུགས་བཞི། །ལག་ན་དབྱུག་པ་ཞགས་པ་དང་། །ལྕགས་ཀྱུ་ཁ་བྲག་ཐོགས་པར་བྱ། །དེ་ནས་བྱིན་བརླབ་གཤིན་རྗེར་དམིགས། །གཏོར་མ་མངའ་དབུལ་བྱ། དེ་ནས་འཁོར་ལོ་བྲི་བ་ནི། །གྲུ་གསུམ་གཅིག་ལ་གྲུ་གསུམ་བཞི། །དབུས་སུ་གཟས་པའི་མིང་དང་གཟུགས། །གསུམ་ལ་སྔགས་དགོད་དང་པོ་ལ། །ཉི་མ་བཞི་རུ་ལྷ་བཞི་བསྒོམ། །འཁོར་ལོ་སྒོ་ཞིང་རྐང་པའི་འོག །གསང་སྔགས་འདི་དག་བཟླས་པར་བྱ། །ཡ་མ་རཱ་ཙ་འགེའུ་ཏེའུ་ཤན། ཆེ་གེ་མོ་མཱ་ར་ཡ་རྦད། དྷརྨ་རཱ་ཙ་ཡ་མ་རཱ་ཙ་ཆེ་གེ་མོ་མ་ར་ཡ་རྦད། མ་ར་ཧིང་ཧ་ཡ་མ་ར་ཙ་ཆེ་གེ་མོ་མཱ་ར་ཡ་རྦད། པྲེ་ཏེ་མུ་ཁི་ཏྲི་ཡ་མ་རཱ་ཙ་ཆེ་གེ་མོ་མཱ་ར་ཡ་རྦད། ཐལ་ཆེན་ཉུང་དཀར་སྐྱེ་ཚེས་བྲབ། །ཐོན་ནས་གཟུགས་དང་འཁོར་ལོ་མནན། །ཟླ་དྲུག་རྫོགས་ནས་འཆི་བར་འགྱུར། །རྒྱུད་ཕྱི་མ་ལས། གཤིན་རྗེ་མིང་པོའི་ལེའུ་སྟེ་དགུ་པའོ།། །།བདུད་ཆེན་པོ་ཡི་སྒྲུབ་ཐབས་ནི། །དཀྱིལ་འཁོར་མདའ་ཚད་གྲུ་བཞི་ལ། །དབུས་སུ་ཟླུམ་པོ་ཕྱི་རོལ་དུ། །གྲུ་གསུམ་ཆེན་པོ་བཅུ་དག་བྱ། །རྡོ་རྗེ་ར་བ་སྒོ་བཞི་ཡང་། །ཀུན་ནས་ལེགས་པར་བྲི་བར་བྱ། །དབུས་སུ་བདེ་གཤེགས་ཆེན་པོ་སྟེ། །གྲུ་གསུམ་ཆེན་པོ་བཅུ་པོ་ལ། །བདུད་ནི་ལྕམ་དྲལ་བཅུ་པོ་དགོད། །མིང་པོ་བདུད་ཆེན་བཅུ་པོ་ནི། །ཡང་རྗེ་ནག་པོ་ཞེས་པ་དང་། །འབར་བ་ཡམ་ཆུང་ཞེས་པ་དང་། །ནག་པོ་བདུད་རྗེ་ཞེས་པ་དང་། །སྲོག་བདུད་ནག་པོ་ཞེས་པ་དང་། །བླ་བདུད་ཡོར་པོ་ཞེས་པ་དང་། །སྲོག་བདུད་དམར་གྱི་སྟག་རེ་དང་། །སྲིན་མོ་སྨིན་མོ་འབར་བ་དང་། །སེར་པོ་འབར་མ་ཞེས་པ་དང་། །དཀར་མོ་འབར་བ་ཞེས་པ་དང་། །དམར་མོ་འབར་བ་ཞེས་པ་དང་། །བློན་པོ་ཤ་འདྲེན་སྐྱ་བོ་གཉིས། །ཁོལ་པོ་འཛིན་པོ་སྔོན་པོ་གཉིས། །སྒོ་བཞི་དག་ལ་དགོད་པར་བྱ། །དེ་ནས་མཐུན་པའི་དམ་རྫས་ནི། །མིང་པོ་དྲུག་པོ་དག་ལ་ནི། །མི་སྙིང་རྟ་སྙིང་སྤྲེའུ་སྙིང་དང་། །ཁྱི་ནག་ལུག་ནག་བྱ་ནག་སྙིང་། །གཏོར་མ་བྱས་ཏེ་དབུལ་བར་བྱ། །དེ་རྣམས་སྙིང་རྗེ་བྱས་ནས་ནི། །གསེར་སྐྱེམས་བཤོས་བུ་ནག་པོའི་གཟུགས། །ཟླ་


DNG023_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉ་ཆེན་ཤར་བ་ལ། །མིང་ནས་འབོད་ཅིང་སྦྱིན་པར་བྱ། །སྲིང་མོ་འབར་མ་བཞི་པོ་ལ། །སྤྱན་གཟིགས་སྣ་ཚོགས་ཚོགས་པ་ཡིས། །གོང་མ་བཞིན་དུ་མཆོད་པར་བྱ། །ཁོལ་མོ་བློན་པོ་བཞི་པོ་ལ། །སྙུག་མ་དག་ལ་རྟེན་བཅས་ལ། །གཏོར་མ་གསེར་སྐྱེམས་དག་གིས་མཆོད། །དེ་ནས་བཟླས་པ་བྱ་བ་ནི། །ཨ་བདུད་པྲ་མ་ཡ་ཁ་རུ་ཧཱུཾ། ད་རུ་ཧཱུཾ། རུ་ཏྲག་ཧཱུཾ། ཧཱུཾ་དུར་ན་ཧཱུཾ། ཤར་ཀ་ཧཱུཾ། དྷྲིག་ཤོ་ཧཱུཾ། དེ་ནི་བཟླས་པ་ཙམ་གྱིས་ནི། །གློག་དམར་རལ་གྲི་ཙམ་ནི་འོང་། །གྲུབ་པའི་མཚན་མ་བྱུང་བ་དང་། །དགྲ་རྣམས་གསོད་པར་འདོད་པ་ན། །གཟས་པ་པོ་ཡི་མིང་བྲིས་ལ། །སོད་ཅིག་ཆོད་ཅིག་སྒྲ་ཡིས་ནི། །དྲག་ཏུ་བརྡུང་ཞིང་ཕྱེ་མར་གཏང་། །གསེར་སྐྱེམས་ནང་དུ་ཕྱེ་མ་བླུགས། །ཟླ་བ་ཉ་ཆེན་ཤར་བ་ལ། །མིང་སྲིང་བཅུ་པོ་མཆོད་ཆས་བོད། །གསེར་སྐྱེམས་གཏོར་ཞིང་བསྟབ་པར་བྱ། །ཐོགས་པ་མེད་པར་འཆི་བར་འགྱུར། །རྒྱུད་ཕྱི་མ་ལས་བུ་བདུད་སྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གནོད་སྦྱིན་བསྒྲུབ་བྱ་བ། །གནོད་སྦྱིན་ལྕགས་ཀྱི་འཁར་བ་ཅན། །བདུད་དང་མ་མོའི་ཕ་ཡིན་ཏེ། །དུར་ཁྲོད་རས་ལ་གནོད་སྦྱིན་གཟུགས། །ནག་མོ་ཆེན་མོ་ཞལ་གཅིག་པ། །སྐྲ་ནི་གྱེན་དུ་འབར་བ་ལ། །ལུས་ལ་དྲེའུ་ནག་པགས་པ་གསོལ། །ལག་ན་ལྕགས་ཀྱི་འཁར་བ་ཐོགས། །དེ་ནས་གནོད་སྦྱིན་བཀུགས་ནས་ནི། །གནོད་སྦྱིན་རྟེན་ལ་བསྡིམ་པར་བྱ། །ལྷ་ཆེན་ཚལ་བུའི་ཤ་ཁྲག་གིས། །རྟག་ཏུ་གཏོར་མ་མདུན་དུ་དྲང་། །བཤོས་བུ་རྩེ་ནག་གསེར་སྐྱེམས་ཀྱིས། །ཚེས་བརྒྱད་ནམ་ཕྱེད་དག་ལ་མཆོད། །དེ་ནས་སྲོག་སྙིང་བཟླས་པ་ནི། །ཨོཾ་བཛྲ་ཡཀྴ་པྲེ་ཏེ་ན་བྷ་ར་དུང་། ཏིཥྞ་ཧཱུཾ་ཕཊ་ཛ། བཟླས་པས་ཁྲག་ཆེན་རལ་པའི་སྒྲ། །འབྱུང་སྟེ་དེ་ནས་གསད་འདོད་པས། །གཟས་པ་པོ་ཡི་གཟུགས་བྲིས་ལ། །ཏིང་ངེ་འཛིན་གྱིས་འོད་ཟེར་གྱིས། །བཀུག་སྟེ་རྟེན་ལ་བསྡིམ་པར་བྱ། །གསང་སྔགས་རྟིང་ལ་ཏ་ཐ་ཡ། །བཏགས་པས་ཐལ་བ་བཞིན་དུ་བཏགས། །གནོད་སྦྱིན་བོས་ལ་གཏོར་མ་གཏང་། །གསེར་སྐྱེམས་གཟུགས་བསྲེས་བརྒྱད་ལ་གཏོར། །འོ་དོད་བོས་ལ་སོད་ཅིག་བརྗོད། །ཟླ་བ་ཕྱེད་ན་འཆི་བར་འགྱུར། །རྒྱུད་ཕྱི་མ་


DNG023_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གནོད་སྦྱིན་ལྕགས་ཀྱི་འཁར་བ་ཅན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ང་ཡིས་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། འདི་ལྟ་བུ་ཞེ་སྡང་ཐམས་ཅད་ཀྱི་གཉེན་པོར་བཤད་པ་ནི། ཀུན་ལ་བཤད་པར་མི་བྱ་སྟེ། ཁྱོད་ཀྱིས་སྦོས་ཤིག །སངས་རྒྱས་ཀྱི་དམ་པའི་ཆོས་གཞུང་བཞིན་དུ་བྱེད་པ་རྣམས་ནི། ཆོས་བྱེད་དུ་མི་སྟེར་ཞིང་། བསྟན་པ་འཇིག་ན་ཆ་རྐྱེན་དུ་བཤད་པ་ལས་མ་རྟོགས་པར་ཐམས་ཅད་དུ་བྱས་ན་ལྗོན་ཤིང་རྩ་བ་བཅད་པ་དང་འདྲ་སྟེ། བྱང་ཆུབ་ཀྱི་འབྲས་བུ་ནམ་ཡང་མི་ཐོབ་ཅིང་ལས་ཀྱང་འགྲུབ་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱག་ན་རྡོ་རྗེ་དང་བཅས་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ནས་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཕྱི་མ་ལས། མངོན་པར་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྩ་བའི་རྒྱུད་དང་བཅས་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ། ཐིག་ལེའི་ངང་ལས་སྙོམས་པར་ཞུགས་ནས་ཅང་མི་གསུང་བར་གྱུར་ཏོ། །ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཁོར་འདུས་པའི་ཚོགས་རྣམས་ཀྱིས། ཐིག་ལེའི་ངང་ལས་བསྐུལ་བའི་གླུ་འདི་བླངས་སོ། །ཨ་ཀྱེ་ཆོས་ཉིད་ཐིག་ལེ་ངང་ལ་ཅི་བདེར་སྙོམས་པར་ཞུགས་སོ། །དོན་ཉིད་དྲན་པར་མཛོད་ཅིག་ཆོས་ཉིད་སྟོང་ལས་བཞེངས། །འཁོར་བར་བཅིངས་པ་མ་ལུས་སོལ་ཅིག་འགྲོ་དོན་མཛོད། །ཐེ་ཚོམ་རྣམ་པར་མཆིས་ཀྱིས་དོན་རྣམས་བཤད་དུ་གསོལ། །ཞེས་གསོལ་པ་དང་། མངོན་རྫོགས་རྒྱལ་པོ་ཐིག་ལེའི་ངང་ལ་སྙོམས་པར་ཞུགས་པ་ལས་བཞེངས་ཏེ་འདི་སྐད་གསུངས་སོ། །ཨེ་མ་དོན་རྣམས་ཐམས་ཅད་བདག་གིས་དགྲོལ་བར་བྱ། །མཐུ་རྩལ་འདུས་པ་ཁྱོད་ཀྱིས་དོན་མ་འདུས་པ་ཀུན། །ཐེ་ཚོམ་ཡོད་པ་ཐམས་ཅད་དྲིས་ཤིག་ངས་བཤད་ཀྱིས། །འགྲོ་དོན་བསམ་པ་ཐམས་ཅད་བསྐང་བར་བྱ་ཡི་ཉོན། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ལས་ཐམས་ཅད་ཁ་སྐོང་བའི་ཕྱིར། འདི་སྐད་གསུངས་སོ། །ཨེ་མ་བསྙེན་པ་ཉེ་བསྙེན་སྒྲུབ་པ་


DNG023_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕྲིན་ལས་རྣམ་པ་ཇི་ལྟར་ལགས། །སྔགས་རྣམས་བཟླས་པ་གང་ལ་ཅི། །གྲུབ་པའི་མཚན་མ་ཇི་ལྟ་བུ། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །དང་པོ་བསྙེན་པ་བྱ་བ་ནི། །ལྷ་རྣམས་ཉེ་བར་བསྙེན་པ་དང་། །དམན་པའི་ཉེ་བར་བསྙེན་པ་གཉིས། །ལྷ་རྣམས་དངོས་གྲུབ་སྩོལ་འདོད་ན། །བསམ་པ་ཐམས་ཅད་ཀུན་སྤངས་ལ། །ཐེ་ཚོམ་ཕྲ་མོ་མེད་པ་ཡིས། །རྡོ་རྗེ་ལྟ་བུར་མཁྲེགས་པ་དང་། །བྲག་ཆེན་ལྟ་བུར་བརྟན་པ་ཡིས། །བླ་མ་དམ་པ་སྙིང་རྗེ་ཅན། །གདམས་ངག་ཀུན་འདུས་དབང་རྣམས་རྫོགས། །ཆོས་ཉིད་བློ་ལ་གསལ་བ་ལ། །མཉེས་པ་གཉིས་ཀྱིས་མཉེས་བྱས་ཏེ། །དང་པས་དང་པོ་ཐོག་མ་ཉིད་དུ་མཉེས་བྱས་ལ། །གཉིས་པ་རྒྱུད་ཀྱིས་མཉེས་བྱས་ལ། །བླ་མས་གནང་བ་གཉིས་རྣམས་ནི། །དབང་རྣམས་གནང་བ་དང་པོར་གཅེས། །མན་ངག་གནང་བ་གཉིས་པའོ། །དེ་ནས་རྣལ་འབྱོར་ཆེན་པོ་དེས། །ཐོག་མར་རང་གནས་བཙལ་བ་ནི། །ཤིན་ཏུ་བར་ཆད་མེད་པའི་གནས། །འདུ་འཛིའི་རྣམ་པ་མེད་པ་དང་། །དངོས་གྲུབ་ཉེ་བའི་ཆུ་མིག་སྟེ། །ནད་དགྲ་མེད་པའི་གནས་ཆེན་དེར། །བསམ་པ་ཐམས་ཅད་སྤང་བའི་ཕྱིར། །བྱ་བའི་ལས་རྣམས་ཐམས་ཅད་ཀུན། །མ་ལུས་པ་རྣམས་རྫོགས་པར་བྱ། །ས་རྣམས་བདག་པོ་ལས་བསླང་སྟེ། །དཀྱིལ་འཁོར་མཎྜལ་མདའ་གང་ལ། །བ་ཡི་རྣམ་ལྔས་ལེགས་བྱས་ཏེ། །དང་པོར་བསོད་ནམས་ཚོགས་བསག་ཕྱིར། །ཡན་ལག་བདུན་པའི་སྨོན་ལམ་དང་། །ཕྱི་བཤགས་ནང་བཤགས་རྒྱ་ཆེར་བྱ། །མངོན་པར་རྫོགས་ཀྱི་འཁོར་ཚོགས་ལ། །རྣལ་འབྱོར་བྱ་ཞིང་མཆོད་དང་བསྟོད། །དེ་ནས་མ་མོའི་དཀྱིལ་འཁོར་ནི། །ཟླ་གམ་གསུམ་པ་ཚུལ་བཞིན་བྲི། །རྩ་བའི་རྒྱུད་ལས་གྲགས་པ་ཡི། །དམ་རྫས་མ་ལུས་ཚང་བར་བྱ། །ཤིན་ཏུ་དམ་པའི་མཚམས་བཅད་དེ། །རྒྱུ་འགྲུལ་ཤོར་ན་དངོས་གྲུབ་མེད། །བྱ་རྣམས་གནང་བའི་ཚུལ་དུ་བྱ། །མ་འགྲུབ་བར་དུ་དམ་དུ་བཅའ། །དུས་ཀུན་དུ་ནི་བསྒྲུབ་བྱ་སྟེ། །ཏིང་ངེ་འཛིན་ནི་རྣམ་པ་གསུམ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཞེས་བྱ་བ་བསྒོམ་པར་བྱ། །དེ་ནས་དབང་ཆེན་གཞལ་ཡས་ཁང་། །དེ་ནས་དཔལ་ཆེན་ཧེ་རུ་ཀ །


DNG023_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་ལྷ་ནི་བསྒོམ་པར་བྱ། །ཐུགས་ཀར་ཁྲག་གི་ཉི་མ་ལས། །མ་གསུམ་ཟླ་གམ་སྟེང་དུ་གསལ། །དེ་ནས་དཔལ་ལྡན་དཔོན་གཡོག་གསུམ། །ཚུལ་བཞིན་བསྒོམ་སྟེ་སྤྱན་ཡང་དྲང་། །མཆོད་པ་བྱ་སྟེ་བསྟོད་པ་བྱ། །དེ་ནས་བསྙེན་པའི་སྔགས་བཟླས་པ། །རྣལ་འབྱོར་མན་ངག་ཅན་གྱིས་ནི། །དང་པོར་དམ་བཅའ་གང་ཡིན་པ། །དམོད་པའི་རྒྱུན་སྔགས་བཅུ་བདུན་ཏེ། །ཁམ་བུའི་རྒྱུན་སྔགས་ཉིན་མཚན་གསུམ། །སྔགས་ཀྱི་སྒྲུབ་པ་ཙ་པ་ལ། །ཐོད་དགུ་ཨ་ཤུག་མེ་ཡིན་ནོ། །ཟླ་གམ་ཕག་ཐོད་རུ་རུ་ཡི། །སྔགས་དག་ཡིན་ཏེ་དེ་ནས་ཡང་། །བཛྲ་ཁ་རག་གདོན་པར་བྱ། །ཁྲག་ཐུན་ཁ་མུན་དྲང་བ་སྟེ། །དམོད་མོ་ཉེ་བར་བསྙེན་བྱེད་ལ། །མ་མོར་བསྒོམ་སྟེ་ཤ་ཁྲག་བཟའ། །དམོད་མོ་ཇི་ལྟར་གསུངས་པ་ལ། །ཟླ་དྲུག་བརྩོན་པར་བཏོན་ན་ནི། །མ་མོ་ཉིད་དང་འདྲ་བར་འགྱུར། །སྐུ་གསུང་ཐུགས་དང་ཕྲིན་ལས་ནི། །དེ་དང་དེ་ལ་གདོན་པར་བྱ། །སྲོག་སྒྲུབ་སྲོག་གི་སྔགས་ཡིན་ནོ། །ལས་རྣམས་ཕྲ་མོ་ཐམས་ཅད་ནི། །རུ་རུ་རོ་རུའི་སྔགས་ཡིན་ནོ། །རག་མོ་ནི་ཤ་རུ་ཀུ་རུ་ནི། །ཐང་སྔགས་ཀུན་གྱི་རྦད་པ་སྟེ། །ཐུཾ་ལིས་སྙིང་རྩ་འདུ་འདུ་བ། །ཁམ་བུ་རྣམས་ཀྱི་རྦད་སྔགས་སོ། །དེ་དང་ཀུན་འདྲ་ཤེས་པར་བྱ། །ཐང་སྔགས་མཐའ་ནི་གནན་པ་སྟེ། །ལམ་བུའི་མཐའ་ནི་འཕང་བའོ། །སྒོ་ངའི་མཐའ་ནི་སྲེག་པ་སྟེ། །ཁྲག་ཐུན་མཐའ་ནི་བརྡེག་པའོ། །སྲོག་བསྒྲུབ་མཐའ་ནི་གདབ་པའོ། །སྔགས་བསྒྲུབ་ཐོད་པ་དགུ་བརྩེགས་དང་། །སྐུ་གསུང་ཐུགས་དང་ཕྲིན་ལས་ནི། །གནན་ཅིང་འཕང་བར་བཤད་པའོ། །བསྙེན་པ་ཉེ་བསྙེན་གཉིས་དག་ལ། །བར་མ་ཆད་པའི་འཛབ་གྲངས་དང་། །བྱེ་བ་དག་ནི་མ་སྐྱོལ་བར། །ཕྲིན་ལས་བྱས་ན་རང་རེ་བརླག །དེ་དག་བར་དུ་གདོན་པ་ནི། །ཤ་ཁྲག་དམར་ལ་གཞི་བླངས་ལ། །ཞག་རེ་དག་ལ་གསུམ་གསུམ་གཏོར། །གཏོར་མ་བཟང་ན་དངོས་གྲུབ་ཆེ། །གཏོར་མ་ཆུང་ན་དངོས་གྲུབ་ཆུང་། །བཟླས་བརྗོད་ཀྱང་ནི་དེ་དང་འདྲ། །གཏོར་མ་བཟླས་བརྗོད་རྫོགས་པ་ན། །ལྷ་མོ་དེ་ཉིད་སྐུ་སྟོན་འགྱུར། །


DNG023_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དང་སྒྲ་དང་རླུང་འཚུབ་འབྱུང་། །བུད་མེད་མཛེས་པ་སྟེག་པ་དང་། །དངོས་གྲུབ་ཚུལ་བཞིན་སྟེར་བར་འགྱུར། །དེ་ཚེ་དངོས་གྲུབ་བླང་བར་བཤད། །གྲུབ་པ་དག་ཀྱང་ཡིན་པར་བཤད། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལས། བསྙེན་བསྒྲུབ་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཕྲིན་ལས་སྒྲུབ་པའི་སྔགས་པ་ཡིས། །ཤིན་ཏུ་བཟླས་པ་རྫོགས་པ་དང་། །ལས་འཕྲོ་ཡོད་པའི་རྣལ་འབྱོར་པས། །བཟླས་པ་མ་རྫོགས་གོང་དུ་ཡང་། །ལྷ་མོ་དེ་ཉིད་སྐུ་སྟོན་འགྱུར། །གདེང་དང་ལྡན་པས་སྒྲུབ་པ་ལས། །ཀུན་གྱིས་བྱས་ན་བརླག་པར་འགྱུར། །དང་པོར་བསྒྲུབ་པའི་གནས་བཙལ་བ། །ཤིན་ཏུ་ཡི་དྭགས་ཆེ་བའི་གནས། །རྣལ་འབྱོར་ལྡན་ན་དེ་རུ་བསྒྲུབ། །དང་པོའི་གནས་པའི་གནས་ཆེན་དུ། །དངོས་གྲུབ་ཐོབ་པ་དེ་རུ་བྱ། །ཆུ་བོ་ཆེན་པོའི་འགྲམ་དག་ཏུ། །མ་མོ་ཉེ་བས་དེར་འདུག་སྟེ། །རྫས་རྣམས་གོང་དུ་ཚོགས་པར་བྱ། །དེ་ནས་མཆོད་སྦྱིན་ཅིག་སྦྱིན་ཏེ། །ནམ་གྱི་གུང་ངམ་ཉི་མའི་གུང་། །དྲག་པོའི་དཀྱིལ་འཁོར་གང་བྱེད་བྲི། །ཐུན་དང་གཟུགས་དང་དཀྱིལ་འཁོར་དང་། །ལས་ཀྱི་བྱ་བ་ཐམས་ཅད་ཀུན། །མཁས་པས་བྱང་ཤར་མཚམས་སུ་བྱ། །རྫས་རྣམས་ཐམས་ཅད་ཚོགས་པ་དང་། །མངོན་རྫོགས་ལྷ་ལ་མཆོད་པ་བྱ། །ལྷ་སྲིན་ཀུན་ལ་དཔང་བཙུགས་ཏེ། །མཆོད་ཅིང་ངག་གིས་མཉེས་པར་བྱ། །ཤྭ་རྡེའུ་དཀར་ནག་བརྩི་བྱས་ཏེ། །དེའི་ཚེ་ཁྲམ་ལ་གདབ་པར་བྱ། །དེ་ལ་བསྙེན་བསྒྲུབ་གང་ཡིན་པ། །ཚུལ་དུ་བྱས་པའི་ཕྲིན་ལས་ཀྱིས། །བཟླས་པ་རྫོགས་པར་བྱ་བར་བཤད། །དེ་ནས་གསད་པར་ལས་བྱེད་ན། །དྲི་ཡི་མཆོད་པ་ལྷ་ལ་དབུལ། །ཁ་ཡི་རོ་དང་ཁྲོ་བོའི་བཞིན། །ང་རོ་དྲག་པོས་གཟེར་སྔགས་བཟླས། །བྱང་ཤར་མཚམས་སུ་ཆས་བྱས་ལ། །མེ་ལྷའི་ཕྱོགས་ནས་དགུག་བྱས་ཏེ། །ཏིང་ངེ་འཛིན་དང་ཕོ་ཉ་དང་། །ཉུང་དཀར་མདའ་དང་ཞབས་མས་གྲིལ། །གཟས་པ་བཀུག་ལ་སྒོ་བཞིར་བསྡིམ། །དྲག་པོའི་སྔགས་འདིས་དགུག་པར་བྱ། །ཀངྐ་པ་རཱུ་པ་ནྲྀ་ཤ་ཀུ་རུ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་རྦད་རྨ་


DNG023_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་མ་ཏིཥྚ་མུ་ཀ་ཡེ་སྭཱ་ཧཱ། ཨུ་ནི་ཨུ་ནི་ལ་མཱ་ར་ཡ་ཛ་ཛ། དུ་བའི་སྒྲ་དང་སྤུག་ཅིང་གདབ། །ཐོད་པ་ཅང་ཏེའུ་དྲག་ཏུ་བརྡུང་། །ཁ་ཏི་རི་མཱིའི་མེ་འདག་ལ། །དེ་གཟུགས་དྲོ་བར་བསྲོ་བར་བྱ། །ལྷ་སྲིན་སྡེ་བརྒྱད་དཔང་དུ་གཟུག །སྲུང་མ་དག་ལ་དམ་ཡང་བདར། །གཤིན་རྗེའི་ཕྱོགས་སུ་བྱ་བར་བཤད། །རླུང་ལྷའི་ཕྱོགས་སུ་དབྱེ་བར་བཤད། །ཏིང་ངེ་འཛིན་དང་བདུག་པའི་རྫས། །མི་མཐུན་སྒྲོ་དང་སྔགས་འདི་ཡིས། །དེ་ཡི་ལུས་བསྲུང་དག་དང་དབྱེ། །ནྲྀ་དེ་བ་ཀ་བ་ཨེ་ཛ་ལ་ར་ཙ་ར་ཕྱེ་ཙ་ཕྱེ། ཨ་ཤག་ཨ་ཤག །ས་མ་ཡཱ་ཕྱེ་ཡ། པུ་ཏ་པུ་ཏ། ཕུས་ཕུས་ལ། སེན་མ་ཕུས་ཕུས། སྲིན་པོའི་ཕྱོགས་སུ་གསད་བྱ་སྟེ། །ཐུན་དང་ཏིང་འཛིན་ཕུར་པ་དང་། །ཉུང་དཀར་ཐུན་སྔགས་ཀུན་གྱིས་བྲབ། །གྲི་ཡིས་གཏུབས་ལ་གཏོར་མར་བསྟབ། །ཟོར་རྣམས་ཕོག་པ་དག་ཏུ་འཕང་། །མ་ཧཱ་དེ་ཝའང་འཇིག་པར་འགྱུར། །རྒྱུད་ཕྱི་མའི་ཕྱི་མ་ལས། ལས་ཀྱི་རིམ་པར་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཐུན་གྱི་བསྐུལ་པ་ཇི་ལྟར་ལགས། །གྲུབ་པའི་རྟགས་ནི་གང་ལ་བགྱི། །སོ་སོའི་ནད་རིམས་ཇི་ལྟ་བུ། །འཆི་བར་འགྱུར་བའི་མཚན་མ་ཅི། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ལྷ་མོའི་ཐུགས་དམ་བསྐུལ་པ་ནི། །རྫས་ཀྱི་གཏོར་མ་ཕུན་སུམ་ཚོགས། །དེ་ལ་དམ་ནི་བཅའ་བར་བྱ། །མཆོད་པ་དམར་གྱི་ཨརྒྷཾ་སྦྲེང་། །བསྐོང་བ་མཁའ་ལྡིང་ཟངས་མཆུ་ཅན། །གཡབ་པ་མཆོག་གི་ལག་པས་བྱ། །བརྡུང་བ་ཅང་ཏེའུ་རྟག་ཏུ་བརྡུང་། །འབུད་པ་མི་རྐང་གླིང་བུ་འབུད། །བརྡབ་པ་བྷནྡྷའི་ཆ་ལང་བརྡབ། །རྟེན་ནི་བྲིས་སྐུ་དག་ལ་བྱ། །སྣང་བ་ཚིལ་ཆེན་མར་མེ་བཏང་། །དྲི་མཆོག་ཚིལ་གྱི་དུད་པ་བཏང་། །ཕྲེང་བ་སོར་ཚིགས་མགོ་ལ་བཅིངས། །མཆི་མ་ཕྱུང་ལ་འདི་སྐད་བོད། །དཔལ་ལྡན་ལྷ་མོ་འགྲོ་ཀུན་བྱམས་མ་ཁྱོད། །སེམས་ཅན་ཀུན་ལ་བྱམས་ཀུན་མ་དང་འདྲ། །མི་བསླུ་དམ་ཚིག་དབང་གིས་འདི་རུ་བག་ཙམ་སྤྱོན། །ལྔ་བརྒྱ་དུས་ཀྱིས་མནར་བའི་མཐའ་མ་ལ། །བཀའ་དང་གཞུང་བཞིན་བསྒྲུབ་པའི་དམ་ཚིག་བག་ཙམ་དཀོན། །སྐུ་


DNG023_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་རྒྱན་དང་མ་ཡི་ཆ་ལུགས་ནི། །ཏིལ་མར་སྔོན་པོས་ལུས་བསྐུས་ཐིག་ལེས་བརྒྱན། །རལ་པའི་ལན་བུ་གཅིག་ཏུ་བྱས་པ་ནི། །སྤྱི་བོའི་གཙུག་ཏུ་ལེའུ་བརྒན་ཐོར་ཚུགས་ཅན། །རོ་ཉ་རྣ་ཆས་ལུས་ལ་བརྒྱན་བྱས་ཤིང་། །ཚིགས་མདོ་དྲུག་ཏུ་ཁྲག་གི་ཐིག་ལེས་བརྒྱན། །སེང་གེ་མཚུངས་མེད་གསོན་མས་ཕྲག་གོང་བརྒྱན། །སྦྲུལ་གྱི་སྐེ་རགས་འཆིང་ཞིང་ལག་ན་དར་མདུང་ཐོགས། །མེ་རི་འབར་བའི་ནང་ན་སྐུ་བཞུགས་པས། །རྐང་སྒྲོག་ལྕགས་ལ་བྱས་པ་གཅིག་གིས་ཞབས་ཀྱི་མཁྲིག་མ་གཉིས་ལ་བརྒྱན། །སྤྱན་གསུམ་ཁྲག་འབབ་སྦྲུལ་མགོ་བཅུ་བདུན་དབུ། །ཆིབས་སུ་དྲེའུ་ཕ་ལ་བཅིབས་ནས་དུར་ཁྲོད་གསུམ་ཚིགས་རྒྱུ། །དགྲ་སྙིང་ཚལ་པར་འགེམས་ཤིང་མ་གཅིག་བྱམས་མ་ཁྱེད། །ཙིཏྟ་མ་ཉམས་སྙིང་གི་རྩེ་མོ་ཡང་། །མ་གཅིག་སྒྲིབ་ལ་དྲང་ཕྱིར་རྣལ་འབྱོར་བདག་ལ་མཆིས། །ཤིང་ལོ་རླུང་ཁྱེར་ས་ལ་མ་རེག་ཀྱང་། །མ་གཅིག་གདན་དུ་གདིང་ཕྱིར་རྣལ་འབྱོར་བདག་ལ་མཆིས། །ཤི་ཀ་མཚལ་ཐིག་སྣ་ཚོགས་སྐམས་པའི་རཀྟ་ཡང་། །མ་གཅིག་ཞལ་དུ་རུང་ཕྱིར་རྣལ་འབྱོར་བདག་ལ་མཆིས། །ཏིལ་གྱི་ཞུན་མར་ཀོང་དུ་མ་ཉམས་ཀྱང་། །མ་གཅིག་སྐུ་ཕྱིར་བུ་གཅིག་བདག་ལ་མཆིས། །མི་དབང་འབྲས་བུ་སྨིན་པ་སྐམས་པོ་ཡང་། །མ་གཅིག་སྒྲིབ་ལ་དྲང་ཕྱིར་བུ་གཅིག་བདག་ལ་མཆིས། །མ་གཅིག་མ་གཅིག་ཅེས་སུ་བོད་པ་ཡང་། །དགྲ་དང་གདུག་པ་བསྒྲལ་ཕྱིར་མ་གཅིག་མྱུར་དུ་བྱོན། །ཛ་ཛ་རེ་མ་ཏི་ཛ། ཤ་རྒྱུད་སྙིང་ལ་ཛ། སྙིང་རྒྱུད་ཙ་ལ་ཛ་ཤ་རྒྱུད་དབུགས་ལ་ཛ། ཀེཾ་ཀེཾ་ཤ་ལ་ཀེཾ། འཇིབ་འཇིབ་ཁྲག་ལ་འཇིབ། ཆེམ་ཆེམ་རུས་ལ་ཆེམ། ཐིག་ལེ་མ་མ་ལ་བྷྱོ་བྷྱོ། ཐུན་གྱི་མ་མོ་བསྐུལ་པ་ནི། །ཕྱར་བ་ཞིང་ཤུན་ལུས་ལ་གོན། །ཤ་ཆེན་མུར་ཞིང་ཁྲག་ཆེན་བཏུང་། །ཞིང་སྐྲའི་ཐག་པས་འཐེན་ནས་ནི། །ཐུགས་དམ་དྲག་ཏུ་འདི་སྐད་བསྐུལ། །བྷྱོ་ཐུན་གྱི་མ་མོ་འབྲིང་མ་ནི། །ནམ་གྱི་སྲོད་ལ་འཕོས་པའི་ཚེ། །ཆིབས་སུ་བོང་བུ་གྭ་པ་ཆིབས། །དེ་ལ་གསང་བའི་མཚན་གསོལ་བ། །མ་ཆེན་བ་ལམ་དྲེའུ་སྣ་མ། །ཉིད་ཀྱི་སྐུ་ནི་གཅེར་བུ་ལ། །གཡས་


DNG023_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ན་མདུང་རྩེ་གསུམ་པ་བསྣམས། །གཡོན་གྱིས་ཐུན་གྱི་ཁྲག་སྤྱོ་མ། །སྔགས་འཆང་ཀུན་གྱི་མཆོད་ལེན་ཅིང་། །རྣལ་འབྱོར་ཀུན་གྱི་སྐུ་སྲུང་མ། །བདག་གི་གདུང་ནས་བོས་པའི་ཚེ། །དེ་ཚེ་ཁྱེད་ཀྱིས་ཐུན་ཕོབ་ལ། །ཁྲག་ཐུན་རིམས་སུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །བྷྱོ་ཐུན་གྱི་མ་མོ་ཆེན་མོ་ནི། །ནམ་གྱི་གུང་ལ་བསྐུལ་པའི་ཚེ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །སྐུ་ནི་མཐིང་ནག་ཆེན་མོ་ལ། །གཡས་ན་ནད་ཀྱི་རྐྱལ་པ་བསྣམས། །གཡོན་ན་ཐུན་གྱི་ཁྲག་སྤྱོ་མ། །མ་ཆེན་གསང་བའི་མཚན་བཏགས་པ། །མ་གཅིག་དཔལ་ལྡན་རེ་མ་ཏི། །བདག་གིས་གདུང་སྟེ་བོས་པའི་ཚེ། །དེ་ཚེ་རིམས་ཀྱི་ཆར་ཕོབ་ལ། །ཁྲག་ཐུན་རིམས་སུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །བྷྱོ་ཐུན་གྱི་མ་མོ་ཐ་ཆུང་ནི། །ནམ་གྱི་ཆ་སྨད་བོས་པའི་ཚེ། །ཆིབས་སུ་བྱ་ཆེན་ནག་མོ་ཆིབས། །དེ་ལ་གསང་བའི་མཚན་གསོལ་བ། །ཁྲི་སྨན་དེ་ནི་ལྡེམ་དྲུག་མ། །སྐུ་མདོག་མཐིང་ནག་ཆེན་མོ་ལ། །གོས་སུ་རེ་ལྡེ་ནག་པོ་གསོལ། །ཁྲག་ཞག་འདྲེས་པའི་ཐིག་ལེ་ཅན། །གཡས་ན་དབུགས་ནད་རྐྱལ་པ་བསྣམས། །གཡོན་ན་ཐུན་གྱི་ཁྲག་སྤྱོ་མ། །ཁྱོད་ལ་བདག་གིས་བོས་ཙམ་ན། །དེ་ཚེ་རིམས་ཀྱི་ཆར་ཕོབ་ལ། །ཐུན་ཁྲག་རིམས་སུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །ཏྲཀྴ་རཀྴ་མུ་ཏྲ་མ་ཐུན་བྷྱོ། མ་མོའི་སྤྱན་དགྲ་ལ་བྷྱོ། སྙན་དགྲ་ལ་བྷྱོ། དབུགས་དགྲ་ལ་བྷྱོ། ཐུགས་དགྲ་ལ་བྷྱོ། འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱུད་ཕྱི་མ་ལས། ཐུན་གྱི་མ་མོ་བསྐུལ་བའི་ལེའུ་སྟེ་གསུམ་པའོ།། །།གྲུབ་པའི་རྟགས་ནི་བཤད་བྱ་བ། །ཁྲག་ཐུན་གྲུབ་པའི་མན་ངག་ནི། །བཟང་རྟགས་ངན་རྟགས་གཉིས་སུ་བཤད། །གནག་ན་དྲག་པོའི་མཚན་མའོ། །དམར་ལ་དྭངས་ན་བཟང་བ་སྟེ། །ཁོལ་ན་མྱུར་དུ་འཕང་བར་བྱ། །རླངས་པ་བྱུང་ན་གྲུབ་པ་ཡིན། །འགྲིབ་ན་སྒྲིབ་པ་ཡོད་པ་ཡིན། །ཆད་ན་ལས་མི་འགྲུབ་པར་བཤད། །སྦོས་ན་ཁྲག་ཐུན་རུལ་པའོ། །དེ་


DNG023_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཐོད་པ་འཕེན་པའི་ཚེ། །རླུང་ཕྱོགས་ལོག་ན་ལས་མི་འགྲུབ། །བ་མོ་བྱུང་ན་ལས་མི་འགྲུབ། །དེ་ཚེ་ཐོད་པ་ཁ་གདངས་ན། །དེ་ཡང་ལས་མི་འགྲུབ་པ་ཡིན། །རང་ལ་བལྟས་ན་འཁོར་དུ་ལྡོག །ཐུན་ཁྲག་ཁོལ་ན་སྔགས་པ་འཆི། །ཐོད་པ་སྦུབ་ན་ངན་པ་ཡིན། །དགྲ་ལ་ཁ་བལྟས་དེ་ཡང་བཟང་། །གཟའ་རྒོད་རྒྱུ་ན་དེ་ཡང་བཟང་། །གཅན་གཟན་འགྲོལ་ན་དེ་ཡང་བཟང་། །མི་རྒོད་རྒྱུ་ན་དེ་ཡང་བཟང་། །སྒྲ་ཆེན་བྱུང་ན་དེ་ཡང་བཟང་། །གཞལ་ཡས་ཁམ་བུ་གྲུབ་པ་ནི། །ཁམ་བུ་ལྡེག་གམ་འཕར་བ་དང་། །སྣུམ་གྱིས་བྱུགས་པར་འདྲ་ན་བཟང་། །སྐམ་ལ་སེར་ག་ཆེ་ན་ངན། །དམོད་མོ་གྲུབ་ན་ཁྲག་ཐུན་ཁོལ། །ཞེ་སྡང་མེ་ཆེན་བཞིན་དུ་འབར། །ཁ་ལ་འབྲུམ་བུ་མང་དུ་འབྱུང་། །སྒོང་ཐུན་འགྲུབ་ན་སྒོ་ང་འཚེགས། །སྲོག་སྒྲུབ་གྲུབ་ན་ཕུར་བུ་འཕར། །སྐུ་གསུང་ཐུགས་ལ་སོགས་པ་ཀུན། །རྫས་ལ་འོད་ཀྱང་འབྱུང་བར་འགྱུར། །དེ་ལ་སོགས་པའི་རྟགས་རྣམས་ནི། །གཞན་ཡང་མང་དུ་འབྱུང་བར་འགྱུར། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་ཕྱི་མ་ལས། གྲུབ་པའི་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།གཞན་ཡང་ནད་རྣམས་བཤད་བྱ་བ། །དམོད་པ་གྲུབ་ན་སྨྱོ་ནས་འཆི། །ཁྲག་ཐུན་གྲུབ་ན་བལ་ནད་འོང་། །ཁམ་བུ་གྲུབ་ན་ཁྲག་ཏུ་སྐྱུག །སྒོ་ང་གྲུབ་ན་རྒྱུ་གཟེར་འོང་། །ཕག་ཐོད་གྲུབ་ན་གཉན་ནད་འོང་། །ཤི་ས་གྲུབ་ན་མཁྲིས་ནད་འོང་། །སྐུ་གསུང་ཐུགས་ལ་སོགས་པ་ནི། །ཁྲག་ཐུན་ཁོ་ནར་བཤད་པ་ཡིན། །ཐོད་པ་དགུ་དང་སྔགས་གྲུབ་ཀྱང་། །ཁྲག་ཐུན་ཁོ་ནར་བཤད་པ་ཡིན། །གནན་པ་གྲུབ་ན་མཛེ་ནད་འོང་། །དེ་ལ་སོགས་པའི་ནད་རྣམས་ནི། །རྣམ་པ་མང་དུ་འབྱུང་བར་འགྱུར། །འཆི་བར་འགྱུར་བའི་མཚན་མ་ནི། །རྨི་ལམ་དང་ནི་མངོན་རྟགས་གཉིས། །རི་དྭགས་གསད་ན་ཐེ་ཚོམ་མེད། །ཤོར་བ་རྨིས་ན་ལན་ཅིག་གཉིས། །བསྐྱར་ནས་ཀྱང་ནི་བྱ་བར་བཤད། །ར་དང་བ་ལང་གཡག་གསད་ན། །ཐེ་ཚོམ་མེད་པར་འཆི་བར་འགྱུར། །ལུག་གསད་གཉེན་ནི་དགྲར་གྱུར་པ། །མདོར་ན་སྲོག་ཆགས་གསད་པ་ནི། །འཆི་སྟེ་ཐུན་ནི་གྲུབ་པ་ཡིན། །བྱ་ནག་བབ་ན་རིམས་ནད་ཕེབས། །


DNG023_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཚུབ་ནག་བྱུང་ན་མཚན་མ་བཟང་། །བ་མོ་སྐྱ་ན་འཆི་རྟགས་ཡིན། །ཁྲོ་ཞིང་འཚིག་ན་གྲུབ་རྟགས་ཡིན། །སྒོ་ཁྱི་ངུ་ན་བཟང་བ་སྟེ། །ལྟས་ངན་འཕེབས་ན་རབ་ཏུ་བཤད། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་ཕྱི་མ་ལས། ལས་གྲུབ་རྟགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གནན་པ་བཤད་བྱ་བ། །ཀླུ་གདུག་གནས་པའི་ས་དག་ནི། །སྐྱོན་ཡོན་རྣམ་པ་གཉིས་དང་ལྡན། །གནོད་སྦྱིན་དྲག་པོའི་གནས་དག་ནི། །རབ་མཆོག་དམ་པ་ཡིན་པར་བཤད། །མ་མོ་ཚོགས་པའི་གནས་དག་ཀྱང་། །དེ་ཡང་གནན་པའི་ས་རུ་བཤད། །སྟག་གི་ཁ་དང་སྐུ་གདུང་འོག །རྒྱ་གྲམ་ལམ་དང་ས་དོག་པ། །དུར་ཁྲོད་དག་དང་ཕུག་རྡུགས་གནས། །གནན་པའི་ས་རུ་བཤད་པའོ། །དེ་ལ་གནན་པའི་ལས་དག་ནི། །ཟུར་གསུམ་པ་ཡི་རས་དག་ལ། །མཐོ་གང་དབུས་སུ་བྲི་བ་ན། །དུག་དང་ར་ཁྲག་དག་གིས་ཀྱང་། །མ་མོ་ནག་མོ་རལ་པ་ཅན། །མདུང་དང་རལ་གྲི་ཐོགས་པ་སྟེ། །བོང་བུ་གྭ་ཞོན་བྲི་བར་བྱ། ། མཐའ་རུ་སྙིང་པོ་དག་གིས་བསྐོར། །རྒྱབ་ན་ཨེ་ཀ་ཙ་ཏི་དང་། །མ་བདུན་དག་ཀྱང་ཤ་ཟ་སྟེ། །ཡན་ལག་ཉི་ཤུ་རྩ་གཅིག་ལ། །དབང་ཕྱུག་མ་མི་ཚོགས་དང་ནི། །མ་མོ་ནག་མོའི་ཚོགས་ཀྱིས་བསྐོར། །བར་དུ་གཟས་པའི་མིང་དང་རུས། །རྒྱབ་ཏུ་རི་རབ་རང་སྙིང་ཅན། །དེ་དག་ལ་ཆའི་སྦལ་པར་གཞུག །དེ་ནས་ཞིང་ཤུན་དཀྲི་བ་སྟེ། །མཁར་ནག་ལྔ་ཡིས་རྒྱ་གྲམ་བགྱིད། །ནག་མོའི་ཐོད་པ་མཆོད་རྟེན་ནམ། །གླང་རུ་དག་གི་ནང་དུ་གཞུག །ཐུན་སྔགས་ལ་སོགས་ཀུན་གྱིས་བསྣུན། །དེ་ནས་རེ་བ་དག་ཏུ་གྲིལ། །མ་མོའི་ཚོགས་དང་ས་བདག་ལ། །མཆོད་པ་ཚུལ་བཞིན་བྱས་ནས་ནི། །ཕོ་ཉ་གཏང་ལ་གཟས་པ་དགུག །ཕྱག་རྒྱ་བཞི་ཡིས་མ་ནོར་བསྡིམ། །ཀླུ་གདུག་གནས་པའི་གཡོན་ནས་འཛུག །ཆུ་མིག་ཀླུ་ཡི་ཁ་ཡང་རུང་། །གཡས་གཡོན་རྐང་འདོམ་བཅུ་བཅུ་པ། །ཀླུ་ཡི་རྭ་སྟེ་དེ་ཡང་རུང་། །ཆུ་མིག་དེ་ནས་འདོམ་གང་གཞལ། །ཀླུ་ཡི་སྙིང་སྟེ་བཟང་བར་བཤད། །ཐེབས་པར་མྱུར་དུ་གཞུག་པར་བྱ། །གཡས་སུ་


DNG023_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཏེ་ཞབས་མས་བརྡབ། །རྨ་བྱའི་སྒྲོ་ཡིས་དེ་མཚམས་བཅད། །འཕགས་པ་རྡོ་རྗེ་ནག་མོའི་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་ཕྱི་མ་ལས། གནན་པའི་ལེའུ་སྟེ་དྲུག་པའོ།། །།དངོས་གྲུབ་རྒྱུ་བའི་མཚན་ཉིད་ནི། །དང་ལ་དང་པོར་སྔགས་པ་ཡིས། །ཚུལ་དང་ལྡན་པའི་ལས་འདི་བརྩམ། །ཚུལ་ནི་འདི་དག་ཡིན་པར་བཤད། །སངས་རྒྱས་དངོས་གྲུབ་སྒྲུབ་པ་ཡི། །བར་དུ་གཅོད་ལ་ལས་འདི་བརྩམ། །དགེ་འདུན་དག་དང་ཆོས་བྱེད་ལ། །ངན་སེམས་པ་ལ་ལས་འདི་བརྩམ། །ཐེག་པ་སྤྱི་ལ་སྨོད་པ་ལ། །ལས་འདི་བརྩམ་པར་བྱ་བ་ཡིན། །རྣལ་འབྱོར་སྲོག་དང་འབྲལ་བྱེད་ན། །ལས་འདི་དེ་ལ་བརྩམ་པར་བྱ། །ཆོས་འཁོར་གཉན་པོ་འཇིག་བྱེད་ན། །དེ་ལ་ལས་འདི་བརྩམ་པ་གཅེས། །དེ་ལ་དང་པོ་ཞི་བ་སྟེ། །ཐམས་ཅད་དྲག་པོས་མི་འདུལ་བས། །དང་ལ་དྲག་པོས་འདུལ་མི་བྱ། །ཅི་སྲིད་དྲག་པོ་བརྩམ་སྲིད་ན། །རང་སེམས་རྒྱུད་ཀྱང་བརླག་པར་འགྱུར། །ཕྱི་མའི་འབྲས་བུ་ག་ལ་སྲིད། །དེ་ལ་སངས་རྒྱས་ཐུགས་ཀྱང་ཆད། །དཀོན་མཆོག་གསུམ་གྱི་བཀའ་ཡང་བཅགས། །མཁའ་འགྲོ་ཀུན་གྱི་ཡིད་ཀྱིས་ཁྲེལ། །འཇིག་རྟེན་དྲེགས་པས་ཞལ་ལྕེ་གཅོད། །རང་ལ་བར་ཆད་འབྱུང་བར་འགྱུར། །སྒྲུབ་ཐབས་འབྲས་བུ་མི་འབྱུང་སྟེ། །སྙིང་རྗེ་བྲལ་བས་དམྱལ་བར་ལྟུང་། །གལ་ཏེ་རྣལ་འབྱོར་ཆེན་པོ་དེས། །ཅིས་ཀྱང་ཐུལ་བར་མ་གྱུར་ན། །དྲག་པོའི་ལས་འདི་བྱ་བར་བཤད། །ཞེ་སྡང་ཆེན་པོ་བསྐྱེད་བྱས་ཀྱང་། །འབྲས་བུ་བརླག་པར་མི་འགྱུར་ཏེ། །ཐབས་ཀྱི་ཕ་རོལ་ཕྱིན་པར་འགྱུར། །དེ་ལ་དྲག་པོ་མ་བརྩམས་ན། །དཀོན་མཆོག་སྤྱི་ཡི་ཆད་པ་འོང་། །ཞེ་སྡང་འདི་ནི་བསྒྲུབས་བྱས་ན། །འབྲས་བུ་ཐོབ་པར་ཐེ་ཚོམ་མེད། །དེ་ལ་སངས་རྒྱས་ཐུགས་ཀྱིས་དགོངས། །དཀོན་མཆོག་གསུམ་པོའི་བཀའ་བྱུང་བས། །མཁའ་འགྲོ་ཐམས་ཅད་གྲོགས་བྱེད་དོ། །ལྷ་སྲིན་སྡེ་བརྒྱད་སྟོངས་བྱེད་དེ། །རང་ལ་བར་ཆད་མི་འབྱུང་འགྱུར། །ཐོག་མའི་སྙིང་རྗེས་འབྲས་བུ་ཐོབ། །དཔའ་བོ་ཆེན་པོ་ངས་བཤད་ཀྱིས། །ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་
ཀྱང་། །འགྲོ་བའི་དོན་དུ་བཤད་པར་གྱིས། །མངོན་རྫོགས་རྒྱལ་པོས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་ཐམས་ཅད་ཀྱིས་ཞལ་ནས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་ཕྱི་མ་ལས། དངོས་གྲུབ་ཀྱི་ལེའུ་སྟེ་བདུན་པའོ།། །།རྒྱུད་ཀྱི་ཕྱི་མ་རྫོགས་སོ།། །།རྡོ་རྗེ་གདན་དུ་སྦས་པའི་ཕྱི་མ་འདི། །རྡོ་རྗེ་གདན་གྱི་འོག་ནས་བརྐོས། །སྙིང་པོར་ཕྱུང་བའི་མན་ངག་ཕྱི་མ་འདི། །བསྟན་པ་བསྲུང་བའི་རྒྱུད་རྣམས་མང་པོ་ཞིག །སྟོན་པའི་ཞལ་ནས་མང་པོ་ཀུན་གསུངས་ཀྱང་། །བཅུད་ཕྱུང་བ་ཡི་གསང་བ་ཕྱི་མ་འདི། །འགལ་བ་ཆོམས་ལ་འབེབས་པའི་མན་ངག་དམ་པ་ཡིན། །རྩ་བའི་རྒྱུད་ཉིད་གསལ་བར་བྱེད་པ་སྟེ། །ལྡེ་མིག་ལྟ་བུའི་ཁ་བསྐང་རྒྱུད་མཆོག་གོ། །རྩ་བའི་རྒྱུད་ནི་མུན་པ་ལྟ་བུར་གནས། །ཕྱི་མ་འདི་ནི་མར་མེ་ལྟ་བུར་སྣང་། །མར་མེ་བསྒྱུར་བའི་བསོད་ནམས་དམ་པ་འདིས། །མུན་པ་སེལ་བའི་རྒྱུད་མཆོག་རྟོགས་པར་ཤོག །བདུད་འདུལ་ལྷ་ཡི་ཕྱི་རྒྱུད་འདི། །གཞན་ལ་ཡོད་པར་འགྱུར་རེ་སྐན། ། 


previousརྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཕྱི་མ།next