Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གསུམ་པ། འ༽


   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་གསང་བའི་རྒྱུད།
   
   
   
   
   
   


 
previousདཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་གསང་བའི་རྒྱུད།next

དཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་གསང་བའི་རྒྱུད།


DNG023_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

།རྒྱ་གར་སྐད་དུ། ཤྲཱི་དེ་བཱི་ཀཱ་ལཱི་ཙིཏྟ་སཱ་དྷ་ན་གུ་ཧྱ་ཏནྟྲ། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་གསང་བའི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྲས་དང་འཁོར་དུ་བཅས་པ་རྣམས་བཙུན་མོའི་བྷ་གའི་ཀློང་རྣམ་པར་དག་པ་ལ་བཞུགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་དང་གཞན་ཡང་བདུད་ཀྱི་མ་གཤིན་རྗེའི་སྲིང་མོ་དཔལ་ལྷ་མོ་ཞེས་བྱ་བས། རང་བཞིན་གྱི་དཀྱིལ་འཁོར་མཐོང་ཞིང་། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་དུ་དམ་བཅས་པ། ད་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་བསྲུང་བའི་སྨོན་ལམ་བཏབ་པ། དུས་ཕྱི་མ་ལ་སངས་རྒྱས་ཀྱི་ས་ལ་སྨིན་ཅིང་ལུང་བསྟན་པའི་སྨོན་ལམ་ཅན་དང་། ཐབས་ཅིག་ཏུ་བཞུགས་སོ། །གཞན་ཡང་རང་བཞིན་གྱི་དཀྱིལ་འཁོར་མ་མཐོང་བ་རྣམས་ནི་བརྒྱ་བྱིན་དང་། གཤིན་རྗེ་དང་། སྲིན་པོ་དང་། ཤ་ཟ་དང་། གནོད་སྦྱིན་དང་། མ་མོ་ནག་མོ་དང་། ལྟོ་འཕྱེ་དང་། གྲུལ་བུམ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྷ་མ་ཡིན་དང་། མཁའ་ལྡིང་དང་། མ་མོ་དང་། མཁའ་འགྲོ་མ་དང་། མཁའ་འགྲོ་མའི་བདག་པོ་དཔལ་ནག་པོ་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ནས། རང་བཞིན་གྱི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་འདི་སྐད་དུ། བརྒྱ་བྱིན་ལ་སོགས་པ་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་ལ་ཕྱག་འཚལ་བ་དང་། མཆོད་པ་དང་། སྐྱབས་སུ་འགྲོ་བ་དང་། རྣམ་པར་དཀར་བའི་ཕྱོགས་ལ་དད་པར་གྱིས་ཤིག་ཅེས་སྨྲས་པ་དང་། བརྒྱ་བྱིན་ལ་སོགས་པ་རྣམས་


DNG023_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་དང་། སྐྱབས་སུ་འགྲོ་བ་དང་། དཀར་པོའི་ཕྱོགས་ལ་དད་པ་དང་མོས་པ་བྱ་སྟེ། ཐལ་མོ་སྦྱར་ནས་ཐབས་ཅིག་ཏུ་འགྲིགས་པར་བྱས་ཏེ། འདི་སྐད་དུ་སངས་རྒྱས་ཀྱི་ཆོས་འཇིག་རྟེན་དུ་ཡུན་རིང་བར་གནས་ཤིང་། རྒྱས་པར་བྱ་བའི་སླད་དུ་བདག་ཅག་རྣམས་ཀྱིས། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་བ་དང་། མཆོད་པ་དང་སྐྱབས་སུ་འགྲོ་བ་དང་། དད་པ་དང་། མོས་པ་དང་། ཡིད་ལ་བྱ་བའི་བྱིན་རླབས་ཀྱིས་དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་བདག་གི་མངོན་དུ་སྣང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་དང་། དེའི་མོད་ལ་དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་མངོན་དུ་སྣང་བར་གྱུར་ཏོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་དགའ་བ་དང་སྤྲོ་བ་སྐྱེས་ནས་ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་རྒྱན་གྱི་ཆར་ཆེན་པོ་མངོན་པར་ཕབ་པོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་སྨྲས་སོ། །བརྒྱ་བྱིན་ལ་སོགས་པ་ཁྱེད་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར། དཔལ་ལྷ་མོ་ནག་མོ་ལ་ཞུས་ཤིག་ཅེས་སྨྲས་པ་དང་། བརྒྱ་བྱིན་ལ་སོགས་པའི་འཇིག་རྟེན་པའི་འཁོར་རྣམས་ཀྱིས་དཔལ་ལྷ་མོ་ནག་མོ་ལ་མཆོད་པ་དང་། བསྟོད་པ་བྱས་ཏེ་འདི་སྐད་དུ་ཁྱོད་ཀྱིས་བསྟན་པ་བསྲུང་དུ་གསོལ། ཞེས་སྨྲས་པ་དང་། དཔལ་ལྷ་མོ་ནག་མོས་སྨྲས་པ་བསྟན་པ་ཞེས་བྱ་བ་ནི་གང་། བསྲུང་བ་ཞེས་བྱ་བ་ནི་ཇི་ལྟ་བུ། མ་བསྲུངས་ན་ཅི་སྐྱོན་ཞེས་སྨྲས་པ་དང་། བསྟན་པ་ཞེས་བྱ་བ་ནི་མདོ་སྡེ་འདུལ་བ་མངོན་པ་སྟེ། རྒྱལ་བའི་བཀའ་སྡེ་སྣོད་དུ་གྱུར་པ་མཐའ་དག་གོ། །སྲུང་བ་ཞེས་བྱ་བ་ནི་འཇིག་རྟེན་དུ་ཡུན་རིང་དུ་གནས་པའོ། །འཆང་བ་དང་། ཉན་པ་དང་། སྒོམ་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་རྣམས་ལ། གནོད་པ་བསྒྲལ་ཞིང་ཚར་གཅོད་པའོ། །འཆང་བ་ལ་སོགས་པ་བསྲུང་ཞིང་བསྐྱབ་པ་དང་། འཁོར་དང་ལོངས་སྤྱོད་


DNG023_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ཞིང་རྒྱས་པར་བྱ་བ་དང་། མ་བསྲུངས་ན་དཀོན་མཆོག་གསུམ་པོ་བཀའ་མི་གཉན། མི་དང་མི་མ་ཡིན་པས་བར་དུ་གཅོད་ཅིང་དེའི་དབང་གིས། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་ཡུན་རིང་དུ་གནས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། དཔལ་ལྷ་མོ་ནག་མོ་རང་བཞིན་གྱི་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས་ཐལ་མོ་སྙིང་གར་སྦྱར་ནས་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་འདས་བདེ་བར་གཤེགས་པ་བདག་གིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། དམ་པའི་ཆོས་མཉན་པར་བྱ་བ་དང་། ཡང་དག་པའི་དགེ་འདུན་བསྲུང་ཞིང་བསྐྱབ་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྒྲོལ་བའི་ཡུམ་དུ་བྱིན་གྱིས་བརླབས་ཏེ། ཡང་དག་པའི་མཐུ་དང་ལྡན་པར་བྱ་བའི་ཕྱིར། ཞིང་ཆེན་པོའི་གཡང་གཞི་དང་། བདུད་དང་སྲིན་པོ་ལས་རྒྱལ་བར་བྱ་བའི་ཕྱིར། གཡུལ་དུ་མཚོན་གྱིས་བསད་པའི་མགོ་ཕྲེང་དང་ཐམས་ཅད་བསྒྲལ་ཞིང་བསད་ཀྱང་བག་ཆགས་ཀྱིས་མི་གོས་པར་བྱ་བའི་ཕྱིར། རེ་ལྡེ་ནག་པོའི་གོས་དང་། སྨན་མོ་ཐམས་ཅད་ཟིལ་གྱིས་གནན་པའི་ཕྱིར། སྙན་ཆ་གཡས་པ་སེང་གེ་དང་། ཀླུ་གནད་ལ་དབབ་པའི་ཕྱིར། སྙན་ཆ་གཡོན་སྦྲུལ་གྱི་གདེངས་ཀ་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་དབང་དུ་བསྡུ་བའི་ཕྱིར། ལག་གཡས་སུ་ཁ་ཊྭཱཾ་ག་རྩེ་གསུམ། འགལ་བ་རྩད་ནས་གཅད་པའི་ཕྱིར། འོག་མར་ལྕགས་ཀྱི་ཕུར་པ་དང་། སྲིད་གསུམ་ཉེས་ལེགས་དང་རྣལ་འབྱོར་བྱ་ར་མཛད་པའི་ཕྱིར། འཕྲུལ་གྱི་མེ་ལོང་དང་དམ་ཉམས་གནས་ནས་དགུག་པའི་ཕྱིར། སྦྲུལ་གྱི་ཞགས་པ་རྣམས་ཀྱིས་དབང་བསྐུར་རོ། །དེའི་ཚེ་འཁོར་བརྒྱ་བྱིན་ལ་སོགས་པ་རྣམས་འཇིགས་ཤིང་སྐྲག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་མིང་གིས་དབང་བསྐུར་བ་ནི། ཨཱརྱ་རེ་མ་ཏིའོ། །


DNG023_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག་པར་གཉེར་གཏད་དོ། །དཔལ་ཆེན་པོའི་སྤྱན་སྔར་ལྷ་མོ་རེ་མ་ཏིས་རང་གི་སྙིང་པོ་ཕུལ་བ། ཏྲག་རཀྴ་མ་ཧི་དུན་བྷྱོ། མ་ཧཱ་ཡཀྴ་མིཀྞ་ནག་མོ་དུན་བྷྱོ་ཞེས་བསྙེན་པའི་སྙིང་པོ་དང་། གཞན་ཡང་མ་མ་ཏྲག་རཀྴ་རེ་མ་ཏི་སྙིང་ཁ་རག་ཙིཏྟ་ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛཿཞེས་བྱ་བ་རྩ་བའི་སྙིང་པོའོ། །གཞན་ཡང་རག་མོ་རག་མོ་མ་མ་དུན་ཏིང་། ཧེར་མ་ཧེད་བྷྱོ་ཞེས་བསྒྲུབ་པའི་སྙིང་པོ་དང་། བཛྲ་ཀུ་རུན་རྦད། སྙིང་ཁྲག་ཚལ་པ་རྦད། གཏུབས་ཙིཏྟ་རྦད། མྱོགས་རྨུགས་རྦད། སྙིང་ཁྲག་ཁ་ལ་རྦད། ཚལ་བུ་སེ་ན་སྲིན་དུ་ཧུར་སྲོག་ལ་ཡ་རྦད། མ་མ་རག་མོ་ཆེ་གེ་མོའི་སྙིང་ལ་ཛ་ཛ། ནག་མོ་ཧར་ཧུར་མ་ཧ་ཆོ་ཆོ། ཨུར་ཀ་མེ་ཤ་མ་ར་ཁ་ཁ་ཧ་ཧ་ཏྲ་ཧ་ཧི་ཛ། ཆེ་གེ་མོའི་སྙིང་ལ་བྷྱོ། རེ་མ་ཏི་པ་ཤ་ཙ་པ་ལ་ཤ །ཙ་པ་ལ་ཛ་ཛ། དུན་དུན་རཀྴ་རཀྴ། མུ་རུ་ལུ་རུ་ལུ་རུ་ལུ་བྷྱོ། ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་ལས་ལ་སྦྱོར་བའི་གསད་པའི་སྔགས་རྣམས་ཕུལ་ལོ། །ལྷ་མོ་དེས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་ཏེ་འདི་སྐད་དུ། བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལྟ་བུ་མངོན་པ་ལ་སོགས་པའི་སྡེ་སྣོད་གསུམ་ལ་གང་ཞིག་མོས་ཤིང་དད་པས་ཡིད་དྭངས་པའི་གང་ཟག་དེ་ལ་བསྲུང་ཞིང་བསྐྱབ་པར་བགྱིའོ། །གང་ཞིག་འཆད་པ་དང་། ཉན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེའི་སྦྱོར་བ་ངན་པ་བསལ་བར་བགྱིའོ། །གང་སྒོམ་པ་དང་སྒྲུབ་པ་ཉམས་སུ་ལེན་པ་དེ་དག་གི་གིང་དང་ཕོ་ཉ་དུས་རྟག་ཏུ་བགྱིའོ། །དེ་ལྟར་བདག་གིས་དམ་བཅས་པ་ལྟར་མ་བགྱིས་ན་བདག་གིས་ད་ལྟ་ཉིད་དུ་བཅོམ་ལྡན་འདས་བསླུས་པ་ལགས་སོ། །དེའི་དབང་གིས་རང་གི་སྲོག་གི་སྙིང་པོར་མེ་འབར་ནས་ལུས་སྲོག་ཐལ་བ་བཞིན་དུ་ཚིག་པར་གྱུར་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་མནའ་བོར་རོ། །དེ་ནས་དཔལ་ལྷ་མོ་ནག་མོ་དེས་དབང་དང་བྱིན་རླབས་ཐོབ་ཅིང་དམ་ཚིག་ཅན་དུ་གྱུར་པའི་ཚེ་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཀྱིས་རང་རང་གི་རྒྱན་དང་ལག་ཆ་ཕུལ་ཏེ། དེ་ལྟར་བརྒྱ་བྱིན་གྱིས་རྡོ་རྗེ་


DNG023_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ལོ། །ཚངས་པས་རྨ་བྱའི་རྒྱལ་མཚན་ཕུལ་ལོ། །ཁྱབ་འཇུག་གིས་ཉི་ཟླའི་རྒྱལ་མཚན་ཕུལ་ལོ། །རྣམ་ཐོས་ཀྱི་བུས་སེང་གེའི་རྒྱལ་མཚན་དང་། ནམ་མཁའི་ལྷ་སྲིན་རྣམས་ཀྱིས་དྲིལ་བུ་དང་། ཀླུའི་རྒྱལ་པོ་རྣམས་ཀྱིས་སྦྲུལ་གྱི་གདེངས་ཀ་དང་། ས་བདག་པ་ཏ་ལིས་སྟག་གི་རྒྱལ་མཚན་དང་། སྲིན་པོ་དང་ཤ་ཟ་རྣམས་ཀྱིས་ཐོད་པའི་ཕྲེང་བ་དང་། ཁྲག་དང་ཞག་གི་ཡོ་བྱད་དང་། བདུད་ཡབ་རྗེས་ཁྲམ་བམ་དང་། བཙན་གྱེའུས་ཤོ་རྡེ་དང་། འཁོར་མ་མོས་ནད་ཀྱི་རྐྱལ་པ་དང་། དེ་ལྟར་འཁོར་རྣམས་ཀྱིས་རང་རང་གི་རྒྱན་དང་ཡོ་བྱད་ལག་ཆ་ལ་སོགས་པ་ཕུལ་ཏེ་བསྟོད་པ་རྣམས་ཀྱིས་ཀྱང་བསྟོད་དོ། །ལྷ་མོ་དེ་ཡང་སྲིད་པ་གསུམ་ན་འགྲན་གྱི་དོ་མེད་པར་གྱུར་ཏོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདེ་བར་གཤེགས་པ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཆེད་དུ། དཔལ་ལྷ་མོའི་ཏིང་འཛིན་དང་། སྤྱན་དྲང་ཞིང་མཆོད་པའི་སྔགས་དང་། དེའི་རྟེན་གཟུགས་བརྙན་བསྟན་པ་དང་། བོད་པ་དང་། རྦད་པ་དང་། གསད་པ་དང་། རྒྱུད་ཀྱི་སྔགས་བཏུ་བ་དང་། བསྒྲུབ་པའི་དཀྱིལ་འཁོར་དང་། བསྒྲུབ་པའི་རྫས་དང་། ཕུར་པ་གདབ་པའི་སྔགས་དང་། མཚོན་གྱིས་གཏུབ་ཅིང་སྦྱིན་བསྲེག་བྱ་བ་དང་། ཐུན་ཟོར་འཕང་བ་དང་། གནན་པ་བྱ་བ་དང་། སེར་བ་དབབ་པའི་ཐབས་བསྟན་དུ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། གསང་བའི་བདག་པོ་ལྷ་མོའི་ཏིང་ངེ་འཛིན་ནི། ཡཾ་སྥ་ར་ཎ་རཾ་ཨགྣེ་ཛྭ་ལ་རཾ་ཞེས་མེ་རླུང་གི་དབུས་སུ་ཐོད་པའི་གཞལ་ཡས་ཁང་བསྐྱེད་པ་ནི། བྷྲཱུཾ་བི་ཤྭ་བི་ཤུཌྜྷ་ཀ་པཱ་ལ་ཧཱུཾ། དེའི་ནང་དུ་གྷོ་ར་ཏི་གར་པ་ཏ་ཧཱུཾ་ཞེས་པས་ལྕགས་ཀྱི་དྲེའུ་རྟ་བསྐྱེད་དོ། །དེའི་གོང་དུ་ཡི་གེ་མའི་འཕྲོ་འདུ་ལ་ཨོཾ་ནག་མོ་དུནྟིང་ལཾ་དུནྟིང་བྷྱོ་ཞེས་པས་ལྷ་མོ་ནག་མོ་ནི། སྐུ་མདོག་མཐིང་ནག་རལ་པ་གཡས་ནས་


DNG023_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་འཁྱིལ་པ། ཞལ་གདངས་ཞིང་མཆེ་བ་གཙིགས་པ། སྤྱན་རྩ་དམར་ལ་སྡང་མིག་བགྲད་པ། ཞིང་ཆེན་གྱི་གཡང་གཞི་དང་། སྟག་གི་ཤམ་བུ་དང་། སྦྲུལ་གྱི་སྐེ་རགས་དང་། ཐོད་པའི་ཕྲེང་བ་དང་། ཕྱག་གཡས་གཉིས་ན་ཁ་ཊྭཱཾ་དང་ཕུར་པ། གཡོན་གཉིས་ན་མེ་ལོང་དང་སྦྲུལ་ཞགས་བསྣམས་པ། ནད་ཀྱི་རྐྱལ་པ་མཆན་ན་སྦེད་པ། ཁྲམ་བམ་རྒྱབ་ཏུ་ཁུར་ཤོ་རྡེ་མདུན་ན་འཐོར་བ། ཚོན་གྱི་གྲུ་གུ་རྐྱོང་ཞིང་འཐུལ་བ། འཁོར་ནག་མོ་འབུམ་སྡེ་དང་བཅས་པ་གསལ་བར་བསྒོམ་པར་བྱའོ། །ལྷ་མོ་ཙིཏྟ་སྲོག་གསང་བའི་རྐྱལ་བུ་ལས། སྐུ་བསྐྱེད་པའི་ཏིང་འཛིན་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྤྱན་དྲང་ཞིང་མཆོད་པའི་སྔགས་འདི་གསུངས་སོ། །བདག་ཉིད་གདེང་དང་ལྡན་པ་ཡིས། །ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ཏེ། །བཞུགས་གསོལ་གཏོར་མ་བསྟབ་པར་བྱའོ། །ཨོཾ་ནག་མོ་དུནྟིང་ལཾ་མ་མ་དུན་བྷྱོ། ཛཿཧཱུཾ་བཾ་ཧོཿ། ནག་མོ་དུན་བྷྱོ་བྷྱོ། ཨོཾ་ཨཱཿཧཱུཾ་ས་མ་ཡ་ཨེ་ཧྱེ་ཧི་ཛ། ཨ་ར་ལི་ཧྲིཾ་ཧྲིཾ། རཀྴ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། མ་མ་ནག་མོ་སེན་ཏ་སེན་ཏ་ཀུ་ལ་ཀུ་ལ། ཧ་ཧ་ཧ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུན་ཛ་ཧོ། པི་པ་ཏོ་ས་མ་ཡ་སྭཱ་ཧཱ། ཞེས་སྤྱན་དྲངས་ཤིང་གཉིས་སུ་མེད་པར་བསྡིམ་ལ་གཏོར་མ་དབུལ་བར་བྱའོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་རྒྱུད་ལས། སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་མཆོད་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྙེན་པའི་རྟེན་གྱི་གཟུགས་བརྙན་འདི་གསུངས་སོ། །དམིགས་པའི་རྟེན་གྱི་གཟུགས་བརྙན་ནི། །འདྲི་མཁན་གསང་ཐུབ་དམ་ཚིག་ཅན། །དབེན་པའི་གནས་སུ་སོང་ནས་ནི། །དུར་ཁྲོད་རས་ལ་མ་མོའི་སྐུ། །ཚོན་གྱིས་ལེགས་པར་བྲི་བར་བྱ། །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །ཞལ་བགྲད་མཆེ་གཙིགས་སྤྱན་རྩ་དམར། །ཞིང་གི་གོ་ཟུ་སྟག་ཤམ་ཅན། །


DNG023_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱི་སྐ་རགས་ཐོད་ཕྲེང་ཅན། །རྩ་བའི་ཕྱག་ནི་གཡས་གཡོན་ན། །ཁ་ཊྭཱཾ་མེ་ལོང་བསྣམས་པའོ། །གཡས་གཡོན་གཉིས་ཀྱི་འོག་མ་ན། །ལྕགས་ཕུར་འདྲིལ་ཞིང་སྦྲུལ་ཞགས་འཕེན། །དྲེའུའི་སྟན་ལ་ཁྲོས་པའི་གཟུགས། །དུར་ཁྲོད་ཆེན་པོའི་དབུས་གནས་པ། །བྲིས་ནས་དབང་བསྐུར་མཆོད་པ་འབུལ། །བསྙེན་པའི་སྔགས་ནི་སུམ་འབུམ་བཟླས། །ཞེས་གསུངས་སོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། གཟུགས་བརྙན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། གསང་སྔགས་འདི་དག་བྱིན་གྱིས་བརླབ་ཅིང་བཏུ་བ་མཛད་དོ། །ཐོག་མར་ཡི་གེ་ཐམས་ཅད་ནི། །དམིགས་མེད་བརྗོད་མེད་བསམ་དང་བྲལ། །སྒྲ་ཡི་རྣམ་པ་ག་ལ་ཡོད། །དམིགས་མེད་གདོད་ནས་རྣམ་པར་དག །དོན་དམ་ཡི་གེ་ཨ་ཞེས་བྱ། །སེམས་ཅན་ལས་དང་སྨོན་ལམ་གྱིས། །སྟོབས་ལས་ཀུན་རྫོབ་ཡི་གེ་བྱུང་། །ཨ་ཨཱ་ཨི་ཨཱིཾ་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། དེ་ལས་བྱུང་བའི་སྔགས་རྣམས་ནི། །མ་ནོར་གསལ་བ་འདི་ལྟ་སྟེ། །དང་པོར་བཞི་པའི་དང་པོར་གཞག །དེ་ལ་དྲུག་པའི་གཉིས་པས་འོག་ཏུ་བརྒྱན། །དང་པོའི་གསུམ་པས་མཛེས་པར་བྱའོ། །དེ་འོག་དྲུག་པའི་གཉིས་པ་གཞག །དང་པོའི་གསུམ་པ་དེ་ལ་སྦྱིན། །དེ་འོག་བདུན་པའི་དང་པོ་གཞག །དེ་འོག་ལྔ་པའི་ལྔ་པ་གཞག །དེ་འོག་བདུན་པའི་བཞི་པ་གཞག །དབྱངས་ཀྱི་གསུམ་པས་སྟེང་ནས་དབབ། །དེ་འོག་བཞི་པའི་གསུམ་པ་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །དེ་ལ་བཞི་པའི་ལྔ་པས་མཛེས། །དེ་འོག་ལྔ་པའི་བཞི་པ་གཞག །དེ་ལ་ཡ་སྟ་བརྒྱན་པར་བྱ། །དབྱངས་ཀྱི་བཅུ་གསུམ་གོང་ནས་དབབ། །དེ་འོག་ལྔ་པའི་ལྔ་པ་གཞག །དེ་འོག་བདུན་པའི་བཞི་པ་གཞག །དེ་ལ་དབྱངས་ཀྱི་གཉིས་པས་བརྒྱན། །དེ་འོག་དྲུག་པའི་དང་པོ་གཞག །དང་པོའི་གསུམ་པས་


DNG023_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པར་བྱ། །དེ་འོག་བདུན་པའི་དང་པོ་གཞག །དེ་འོག་བཞི་པའི་དང་པོ་གཞག །དབྱངས་ཀྱི་གསུམ་པས་སྟེང་ནས་དགབ། །དེ་ལ་དང་པོའི་གསུམ་པས་མཛེས། །དེ་འོག་བདུན་པའི་གསུམ་པ་གཞག །བཞི་པའི་ལྔ་པས་འོག་ཏུ་བརྒྱན། །དེ་འོག་བཞི་པའི་ལྔ་པ་གཞག །དང་པོའི་གསུམ་པ་དེ་ལ་སྦྱིན། །དེ་འོག་ལྔ་པའི་ལྔ་པ་གཞག །དབྱངས་ཀྱི་བཅུ་གསུམ་སྟེང་ནས་དགབ། །དེ་འོག་བཞི་པའི་གསུམ་པ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དེ་ལ་བཞི་པའི་ལྔ་པས་མཛེས། །དེ་ལ་ཡ་སྟས་བརྒྱན་པར་བྱ། །དབྱངས་ཀྱི་བཅུ་བཞིས་སྟེང་དུ་བརྒྱན། །མི་འགྱུར་བཅུ་བདུན་རྩེགས་དང་བཅས། །སྙིང་ནས་འདྲེན་པའི་སྲོག་སྔགས་ཡིན། །ལྔ་པའི་ལྔ་པ་ལན་གཉིས་གཞག །དེ་འོག་བཞི་པའི་དང་པོ་ལ། །དྲུག་པའི་གསུམ་པ་བརྒྱན་ལྡན་ཞིང་། །དང་པོའི་གསུམ་པ་དེ་རུ་སྦྱར། །དྲུག་པ་ཡི་ནི་གསུམ་པ་དང་། །དང་པོའི་གསུམ་པ་སྦྱར་ནས་སུ། །དེ་མཐར་བདུན་པའི་དང་པོ་གཞག །དྲུག་པའི་གསུམ་པ་བཅུ་གཅིག་བརྒྱན། །དེ་འོག་ལྔ་པའི་ལྔ་པ་གཞག །བཞི་པའི་དང་པོ་དབྱངས་གསུམ་བརྒྱན། །བདུན་པ་ཡི་ནི་གསུམ་པ་ལ། །གཉིས་པའི་ལྔ་པས་བརྒྱན་ལྡན་ཞིང་། །དབྱངས་ཀྱི་གསུམ་པའི་རྒྱན་གྱིས་མཛེས། །དེ་འོག་དང་པོའི་ལྔ་པ་སྦྱིན། །དེ་འོག་དང་པོའི་གཉིས་པ་གཞག །དྲུག་པ་ཡི་ནི་གསུམ་པ་དང་། །དང་པོ་ཡི་ནི་གསུམ་པ་སྦྱར། །གཉིས་པའི་དང་པོ་དབྱངས་གསུམ་བརྒྱན། །དེ་མཐར་བཞི་པའི་དང་པོ་གཞག །དེ་མཐར་གཉིས་པའི་དང་པོ་ལ། །ལྔ་པའི་དང་པོ་སོ་སོར་གཞག །དེ་འོག་དྲུག་པའི་བཞི་པ་གཞག །དེ་འོག་དབྱངས་ཀྱི་དང་པོ་ཉིད། །དེ་འོག་བདུན་པའི་དང་པོ་ལ། །དབྱངས་ཀྱི་ལྔ་པའི་རྒྱན་ལྡན་ཞིང་། །དང་པོའི་གསུམ་པ་དེ་ལ་སྦྱིན། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་བཅུ་གཅིག་རྒྱན་ལྡན་ཞིང་། །ལྔ་པ་ཡི་ནི་བཞི་པ་ལ། །འོག་ནས་དྲུག་པའི་དང་པོས་མཛེས། །དབྱངས་ཡིག་བཅུ་གསུམ་རྒྱན་ལྡན་ཞིང་། །གཉིས་


DNG023_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་ནི་གསུམ་པ་ལ། །དབྱངས་ཀྱི་གཉིས་པའི་རྒྱན་ལྡན་པ། །སྔགས་ཀྱི་མཐའ་རུ་གཞག་པར་བྱ། །འདི་ནི་རྩ་བའི་སྙིང་པོ་སྟེ། །རང་དབང་མེད་པར་སྲོག་ནས་འདྲེན། །དེ་ནས་རྒྱུད་འདི་སྦས་པའི་མཐུས། །ཙིཏྟ་གསང་བ་རྒྱལ་བུའི་རྒྱུད། །སྔགས་འདི་འབུམ་ཕྲག་གསུམ་གྱིས་ནི། །འདོད་པའི་ལས་འདི་འགྲུབ་པར་འགྱུར། །དང་པོ་དྲུག་པའི་གསུམ་པ་གཞག །དེ་ལ་དང་པོའི་གསུམ་པས་མཛེས། །དེ་འོག་ལྔ་པའི་ལྔ་པ་གཞག །དབྱངས་ཀྱི་བཅུ་གསུམ་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་གསུམ་པ་གཞག །དང་པོའི་གསུམ་པས་དེ་ལ་མཛེས། །དེ་འོག་ལྔ་པའི་ལྔ་པ་ནི། །ཚེག་དང་བཅས་ལ་གཉིས་སུ་གཞག །དེ་འོག་བཞི་པའི་གསུམ་པ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །བཞི་པའི་ལྔ་པས་དེ་ལ་མཛེས། །དེ་འོག་བཞི་པའི་དང་པོ་གཞག །དབྱངས་ཀྱི་བདུན་པས་སྟེང་ནས་བརྒྱན། །དང་པོའི་ལྔ་པའི་འགྲམ་དུ་མཛེས། །དེ་འོག་བདུན་པའི་བཞི་པ་གཞག །དབྱངས་ཀྱི་བཅུ་གཅིག་སྟེང་ནས་བརྒྱན། །དྲུག་པའི་གསུམ་པ་དེ་ལ་སྦྱིན། །དེ་འོག་ལྔ་པའི་ལྔ་པ་གཞག །དེ་འོག་བདུན་པའི་བཞི་པ་གཞག །དབྱངས་ཀྱི་བཅུ་གཉིས་སྟེང་ནས་དགབ། །བཞི་པ་གསུམ་པ་དེ་ལ་མཛེས། །དེ་འོག་ལྔ་པའི་བཞི་པ་གཞག །ཡ་ཏས་མཛེས་པར་བརྒྱན་བྱས་ལ། །དབྱངས་ཀྱི་བཅུ་པས་སྟེང་ནས་དབབ། །སྒྲུབ་སྔགས་ཚེག་བར་བཅུ་གཉིས་པ། །ཡང་གསང་ཐུགས་ཀྱི་རྒྱུད་ལས་བྱུང་། །ཤིན་ཏུ་ནུབ་ཀྱི་དུས་སུ་བཟླས། །དང་པོར་ལྔ་པའི་གསུམ་པ་གཞག །དེ་ལ་གཉིས་པའི་གསུམ་པས་མཛེས། །དྲུག་པའི་གསུམ་པ་ཤམ་དུ་མཛེས། །དེ་འོག་དང་པོའི་དང་པོ་གཞག །དབྱངས་ཀྱི་དྲུག་པས་འོག་ཏུ་བརྒྱན། །དེ་འོག་དྲུག་པའི་གསུམ་པ་ལ། །དབྱངས་ཀྱི་དྲུག་པས་འོག་ཏུ་མཛེས། །དེ་འོག་བཞི་པའི་ལྔ་པ་གཞག །དེ་འོག་དྲུག་པའི་གསུམ་པ་གཞག །འོག་ཏུ་ལྔ་པའི་གསུམ་པའོ། །དེ་ལ་བཞི་པའི་གསུམ་པས་


DNG023_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས། །རྟེན་ལྔ་སྤྱི་ནས་དེ་ཡིས་འཇོམས། །དེ་འོག་བདུན་པའི་གསུམ་པ་གཞག །དེ་ལ་གཉིས་པའི་ལྔ་པས་བརྒྱན། །དབྱངས་ཀྱི་གསུམ་པས་སྟེང་ནས་དགབ། །དེ་ལ་དང་པོའི་ལྔ་པ་སྦྱིན། །དེ་འོག་དང་པོའི་གཉིས་པ་གཞག །དྲུག་པའི་གསུམ་པས་འོག་ཏུ་བརྒྱན། །དང་པོའི་གསུམ་པ་དེ་ལ་མཛེས། །དེ་འོག་གཉིས་པའི་གཉིས་པ་གཞག །དེ་ལ་དྲུག་པའི་ལྔ་པ་མཛེས། །དེ་འོག་ལྔ་པའི་དང་པོ་གཞག །དེ་འོག་དྲུག་པའི་གསུམ་པ་གཞག །ལྔ་པའི་གསུམ་པས་འོག་ཏུ་བརྒྱན། །དེ་ལ་བཞི་པའི་གསུམ་པས་མཛེས། །སྙིང་ཁྲག་རྩ་ནས་དེ་ཡིས་འཁྲུག །དེ་འོག་དྲུག་པའི་གསུམ་པ་གཞག །བཞི་ཡི་དང་པོ་ལུས་ལ་མཛེས། །དབྱངས་ཀྱི་ལྔ་པས་གཤམ་དུ་བརྒྱན། །དེ་ལ་ལྔ་པའི་གསུམ་པ་དང་། །བདུན་པ་ཡི་ནི་གསུམ་པ་བསག །དེ་འོག་གཉིས་པའི་དང་པོ་གཞག །དབྱངས་ཀྱི་གསུམ་པའི་དང་པོ་གཞག །དབྱངས་ཀྱི་གསུམ་པས་སྟེང་ནས་དགབ། །དེ་འོག་བཞི་པའི་དང་པོ་གཞག །དེ་འོག་དྲུག་པའི་གསུམ་པ་གཞག །ལྔ་པའི་གསུམ་པས་འོག་ཏུ་བརྒྱན། །གསུམ་པའི་གསུམ་པ་དེ་ལ་མཛེས། །དེ་ཉིད་ཙིཏྟ་གཏུབ་པའོ། །དང་པོར་ལྔ་པའི་ལྔ་པ་གཞག །དེ་ལ་ཡ་ཧས་མཛེས་པར་བྱའོ། །དང་པོའི་གསུམ་དང་བདུན་པ་ཡིས། །གསུམ་པས་དེ་ལ་མཛེས་པར་བྱ། །དབྱངས་ཀྱི་བཅུ་གསུམ་སྟེང་ནས་དགབ། །དེ་འོག་དྲུག་པའི་གསུམ་པ་གཞག །འོག་ཏུ་ལྔ་པའི་ལྔ་པས་བརྒྱན། །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དང་པོའི་གསུམ་དང་བདུན་པས་མཛེས། །དེ་འོག་དྲུག་པའི་གསུམ་པ་གཞག །དེ་ལ་ལྔ་པའི་གསུམ་པ་སྦྱིན། །དེ་ལ་བཞི་པའི་གསུམ་པས་མཛེས། །མྱོས་སུ་གཞུག་པའི་དྲག་སྔགས་སོ། །དེ་འོག་བདུན་པའི་གསུམ་པ་གཞག །དེ་ལ་གཉིས་པའི་ལྔ་པས་བརྒྱན། །དེ་ལ་དང་པོའི་ལྔ་པས་མཛེས། །དབྱངས་ཀྱི་བཞི་པས་སྟེང་ནས་དགབ། །དེ་འོག་དང་པོའི་གཉིས་པ་གཞག །དྲུག་པའི་གསུམ་པས་འོག་ཏུ་བརྒྱན། །དེ་ལ་དང་པོའི་གསུམ་པས་མཛེས། །དེ་འོག་དང་པོའི་གཉིས་པ་གཞག །དེ་


DNG023_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འོག་དྲུག་པའི་བཞི་པ་གཞག །དེ་འོག་དྲུག་པའི་གསུམ་པ་གཞག །དེ་ལ་ལྔ་པའི་གསུམ་པས་བརྒྱན། །དེ་ལ་བཞི་པའི་གསུམ་པས་མཛེས། །སྲོག་དང་བྲལ་བའི་དྲག་སྔགས་སོ། །དེ་འོག་གཉིས་པའི་གཉིས་པ་གཞག །དེ་ལ་དྲུག་པའི་བཞི་པས་མཛེས། །དེ་འོག་ལྔ་པའི་གསུམ་པ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དེ་འོག་བདུན་པའི་གསུམ་པ་གཞག །དེ་ལ་དབྱངས་ཀྱི་བཅུ་གཉིས་བརྒྱན། །དེ་འོག་བཞི་པའི་ལྔ་པ་གཞག །དེ་འོག་བདུན་པའི་གསུམ་པ་གཞག །དབྱངས་ཀྱི་གསུམ་པས་སྟེང་ནས་དགབ། །བཞི་པ་ལྔ་པས་དེ་ལ་མཛེས། །དེ་འོག་གསུམ་པའི་གསུམ་པ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དེ་འོག་དྲུག་པའི་གསུམ་པ་གཞག །དེ་ལ་ལྔ་པའི་གསུམ་པའི་བརྒྱན། །དེ་ལ་གསུམ་པའི་གསུམ་པས་མཛེས། །ལུས་ཀུན་གཏུབ་པའི་དྲག་སྔགས་སོ། །དེ་འོག་དྲུག་པའི་དང་པོ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དེ་ལ་དྲུག་པའི་གསུམ་པ་སྦྱིན། །དེ་འོག་གསུམ་པའི་གཉིས་པ་གཞག །དབྱངས་ཀྱི་དྲུག་པས་འོག་ཏུ་བརྒྱན། །ལྔ་པ་ཡི་ནི་ལྔ་པ་དང་། །བདུན་པའི་གསུམ་པས་བརྩེགས་ལ་མཛེས། །དེ་འོག་བདུན་པའི་གསུམ་པ་གཞག །དྲུག་པའི་གསུམ་པ་འོག་ཏུ་བརྒྱན། །དབྱངས་ཀྱི་བཅུ་གསུམ་སྟེང་ནས་དགབ། །དང་པོའི་གསུམ་པ་དེ་ལ་མཛེས། །དེ་འོག་བཞི་པའི་བཞི་པ་གཞག །དེ་འོག་བཞི་པའི་དང་པོ་གཞག །དེ་འོག་གསུམ་པའི་གསུམ་པ་གཞག །ལྔ་པའི་གསུམ་པས་འོག་ཏུ་བརྒྱན། །དེ་ལ་གསུམ་པའི་གསུམ་པས་མཛེས། །མཚོན་གྱིས་གཏུབ་པའི་དྲག་སྔགས་སོ། །ལྔ་པའི་ལྔ་པ་ལན་གཉིས་བརྗོད། །དྲུག་པ་ཡི་ནི་གསུམ་པ་གཞག །དང་པོ་ཡི་ནི་གསུམ་པ་སྦྱར། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །ཆེ་གེ་མོ་ཡི་སྙིང་ལ་ནི། །གཉིས་པའི་གསུམ་པ་ལན་གཉིས་བརྗོད། །དེ་ལ་དབྱངས་ཡིག་རྒྱན་གྱིས་བརྒྱན། །དེ་འོག་


DNG023_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་ལྔ་པ་ལ། །དང་པོ་ཡི་ནི་གསུམ་པ་སྦྱར། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །བདུན་པ་ཡི་ནི་བཞི་པ་ལ། །དྲུག་པ་ཡི་ནི་གསུམ་སྦྱར་གཉིས། །བདུན་པའི་བཞི་པའི་འོག་མ་ལ། །དབྱངས་ཡིག་ལྔ་ཡི་རྒྱན་གྱིས་བརྒྱན། །ལྔ་པའི་ལྔ་དང་བདུན་པའི་བཞི། །དྲུག་པའི་བཞི་ལ་སོ་སོར་གཞག །ཆོ་ཆོ་ཞེས་ནི་རྦད་པར་བྱ། །དེ་འོག་དབྱངས་ཡིག་ལྔ་པ་དང་། །དྲུག་པ་ཡི་ནི་གསུམ་པར་སྦྱར། །དང་པོའི་དང་པོ་དེ་མཐའ་གཞག །དེ་འོག་ལྔ་པའི་ལྔ་པ་དང་། །དྲུག་པའི་གསུམ་པ་སོ་སོར་གཞག ། དང་པོའི་གཉིས་པ་ལན་གཉིས་དང་། །བདུན་པའི་བཞི་པ་ལན་གཉིས་བརྗོད། །བཞི་པའི་དང་པོ་ལན་གསུམ་གཞག །དྲུག་པའི་གཉིས་པས་དང་པོར་བརྒྱན། །ཐ་མ་དབྱངས་ཡིག་གསུམ་པས་བརྒྱན། །གཉིས་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་གཉིས་པའི་རྒྱན་གྱིས་མཛེས། །ལན་གཉིས་དག་ཏུ་བརྗོད་པར་བྱ། །དེ་རྗེས་མིང་སྨོས་སྙིང་ལ་བྷྱོ། །འདི་ནི་བརྗོད་པའི་སྙིང་པོ་ཡིས། །འབུམ་ཕྲག་གསུམ་གྱིས་འགྲུབ་པར་འགྱུར། །དྲུག་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་བཅུ་གཅིག་རྒྱན་དང་ལྡན། །དེ་འོག་ལྔ་པའི་ལྔ་པ་གཞག །བཞི་པའི་དང་པོ་དབྱངས་གསུམ་བརྒྱན། །ལྔ་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་དང་པོ་ལ། །གཉིས་པ་ཡི་ནི་དང་པོ་གསུམ། །རིམ་བཞིན་སོ་སོར་གཞག་པ་ནི། །ལན་གཉིས་དག་ཏུ་བརྗོད་པར་བྱ། །དེ་འོག་ལྔ་པའི་དང་པོ་དང་། །དྲུག་པ་བཞི་པ་སོ་སོར་གཞག །གཉིས་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་གཉིས་པའི་རྒྱན་གྱིས་མཛེས། །ལག་གཉིས་དག་ཏུ་བརྗོད་པར་བྱ། །བཞི་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་ལྔ་པའི་རྒྱན་ལྡན་ཞིང་། །བཞི་པའི་ལྔ་པ་དེ་རུ་སྦྱར། །དེ་ཉིད་ལན་གཉིས་བརྗོད་པར་བྱ། །དྲུག་པ་ཡི་ནི་གསུམ་པ་དང་། །དང་པོ་ཡི་ནི་གསུམ་པར་སྦྱར། །དེ་འོག་བདུན་པའི་དང་པོ་གཞག །དེ་དག་ལན་གཉིས་བརྗོད་པར་བྱ། །དེ་འོག་ལྔ་པའི་ལྔ་པ་ལ། །དབྱངས་


DNG023_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རྒྱན་གྱིས་འོག་ཏུ་ལེགས། །བཞི་པ་ཡི་ནི་དང་པོ་ལ། །དྲུག་པ་ཡི་ནི་རྒྱན་གྱིས་མཛེས། །དྲུག་པའི་གསུམ་དང་བཞི་པ་ལ། །དབྱངས་ལྔའི་རྒྱན་གྱིས་འོག་ཏུ་སྤྲས། །དེ་དག་ལན་གཉིས་བརྗོད་པར་བྱའོ། །ལྔ་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །འདི་ནི་སྙིང་པོ་གསང་སྔགས་ཏེ། །དེ་རྗེས་མིང་སྨོས་རལ་གྲི་མེ། །འཐོར་བྱེད་རླུང་གི་ས་བོན་རྗེ། །གསོད་བྱེད་ཡི་གེ་ཕཊ་གཉིས་བརྗོད། །འབུམ་ཕྲག་གཅིག་གིས་གསོད་པར་ངེས། །བཞི་པའི་དང་པོ་གྲུ་གསུམ་སྒྲ། །དེ་རུ་དང་པོའི་གསུམ་པ་གཞག །གྲུ་གསུམ་དང་པོ་གསུམ་སྦྱར་ཞེས། །བདུན་པའི་དང་པོ་གཞག་པར་བྱ། །དེ་རྗེས་ལྔ་པའི་ལྔ་པ་གཞག །དེ་རྗེས་དབྱངས་ཡིག་དབྱངས་གསུམ་བརྒྱན། །བཞི་གསུམ་དབྱངས་གསུམ་ལྔ་པའི་བརྒྱན། །དེ་ལ་བཞི་པའི་ལྔ་པ་སྦྱིན། །ལྔ་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །འོག་ནས་དྲུག་པའི་དང་པོས་བརྒྱན། །དེ་འོག་ལྔ་པའི་ལྔ་པ་གཞག །དེ་འོག་བདུན་པའི་བཞི་པའོ། །དེ་འོག་དྲུག་པའི་དང་པོ་ལ། །དང་པོའི་གསུམ་པ་སྦྱར་བས་མཛེས། །བདུན་པའི་དང་པོ་གཞག་པར་བྱ། །བཞི་པའི་དང་པོ་དབྱངས་གསུམ་བརྒྱན། །དེ་ལ་དང་པོའི་གསུམ་པ་སྦྱར། །བདུན་པ་ཡི་ནི་གཉིས་པ་ལ། །བཞི་པ་ཡི་ནི་ལྔ་པས་བརྒྱན། །བཞི་པའི་ལྔ་པ་དེ་ཉིད་ལ། །དང་པོ་ཡི་ནི་གསུམ་པ་སྦྱར། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །བཞི་གསུམ་དབྱངས་ཡིག་ལྔ་ཡིས་བརྒྱན། །དེ་ལ་བཞི་པའི་ལྔ་པ་སྦྱིན། །ལྔ་པ་ཡི་ནི་བཞི་པ་ལ། །འོག་ཏུ་དྲུག་པ་དང་པོ་སྦྱིན། །དབྱངས་ཡིག་བཅུ་གསུམ་རྒྱན་ལྡན་པའོ། །འདི་ནི་རྒྱུད་ཀྱི་སྙིང་པོ་སྟེ། །རྟག་པར་བཟླས་ཤིང་གཏོར་མ་སྦྱིན། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། སྙིང་པོ་སྔགས་ཀྱི་བཏུ་ཐབས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། སྒྲུབ་པའི་དཀྱིལ་འཁོར་འདི་གསུངས་སོ། །མནྜལ་གྲུ་བཞི་ལྡན་པ་ལ། །ཚོན་རྩི་སེར་པོས་བརྒྱན་


DNG023_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ། །དེ་ཡི་དཀྱིལ་འཁོར་གྲུ་གསུམ་ནི། །དུར་ཁྲོད་སོལ་བས་ནག་པོར་བྱུག །དྲག་པོའི་དཀྱིལ་འཁོར་ཞེས་སུ་འདོད། །དེ་ཡི་དཀྱིལ་དུ་ཟླུམ་པོ་ནི། །མུ་ཁྱུད་ཞི་བའི་ཚུལ་དུ་དཀར། །དེ་ཡི་དཀྱིལ་དུ་གྲུ་གསུམ་ནི། །ནག་པོ་ཆོས་ཀྱི་དབྱིངས་ཀྱི་རྟགས། །ཟླ་གམ་རྣམ་གསུམ་དབང་གི་རྟགས། །དེ་ཡི་བསྒྲུབ་རྫས་བཤད་བྱ་བ། །རྗེ་རིགས་བྷནྡྷ་མཚན་ལྡན་ཞིང་། །ལྕང་ལོ་ཅན་དུ་གསོག་པ་ནི། །བདུད་རྩི་རཀྟ་གི་ཧང་དང་། །ག་པུར་ཤ་ཆེན་ཚིལ་ཆེན་དང་། །ནལ་བུའི་སྙིང་དང་འབྲས་བུ་དང་། །ཛ་གད་ཕུད་ཀྱིས་བསྐང་ལ་གཞག །དེ་དང་འདྲ་བའི་བྷནྡྷ་ལ། །ལྷ་མོའི་སྙིང་པོས་བརྒྱན་བྱས་ཏེ། །དཀྱིལ་འཁོར་དབུས་སུ་ཁ་སྤྲད་དེ། །རྟགས་དང་མཚན་མ་བྱུང་བ་དང་། །དངོས་གྲུབ་བླང་ཞིང་དམ་ཚིག་བསྲེ། །ཤ་ཆེན་སྤོས་དང་ཚིལ་ཆེན་མེ། །དུག་ལས་བྱུང་བའི་མེ་ཏོག་དང་། །རཀྟའི་གསང་ནན་ཕུད་དང་བཅས། །ཐོད་པ་ལྟག་སྤྲོད་རྔ་ཆེན་སྒྲ། །བྷནྡྷའི་ཆ་ལང་རྐང་གི་དུང་། །ཤུན་ཆེན་རྒྱལ་མཚན་དར་ནག་གདུགས། །མི་རོའི་ལག་པའི་གཡབ་མོར་བཅས། །བསྒྲུབ་པའི་རྫས་སུ་བསག་པར་བྱ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། བསྒྲུབ་པའི་དཀྱིལ་འཁོར་བྲི་ཞིང་རྫས་དགོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་དཀྱིལ་འཁོར་བཅའ་གཞི་དང་། དུར་ཁྲོད་ཀྱི་རྫས་གསོག་པ་འདི་གསུངས་སོ། །གྲུ་གསུམ་སུམ་བརྩེགས་ནང་དུ་བྲུ། །ཆོས་བཟངས་ལྟ་བུའི་བང་རིམ་གྱི། །ནང་དུ་དུར་ཁྲོད་སོལ་བས་བྱུག །ཟླ་གམ་རྣམ་གསུམ་དམར་པོར་བྱ། །མུ་ཁྱུད་དཀར་པོ་གྲུ་བཞི་སེར། །མཐའ་མ་མེ་ཡི་ཕྲེང་བར་བཅས། །གྲུ་གསུམ་བང་རིམ་དང་པོ་ལ། །ཐོད་པ་ཡི་ནི་ཕྲེང་བ་བཏགས། །གཉིས་པར་རལ་གྲི་གསུམ་པར་མདའ། །བྱིན་གྱིས་བརླབ་ཅིང་དགོད་པར་བྱ། །ནང་དུ་ཡུགས་སའི་ཞབས་མ་གདིང་། །དྲི་མ་དྲུག་ལ་དམིགས་པའི་གཟུགས། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ཚ་བ་གསུམ་གྱི་ཁུ་བས་བྱུག །མིང་


DNG023_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དང་རུས་བཅས་ནང་དུ་གཞུག །ཐོད་པ་རབ་ཏུ་མཚན་ངན་པར། །ར་དང་རྟ་དང་ཁྱི་ཡི་ཁྲག །ཕག་གི་ཁྲག་དང་སྤྱང་དུག་བླུག །ལྕགས་ཕུར་དུག་གིས་བྱུགས་པ་བདུན། །རྩེ་མོ་གནམ་བསྟན་ནང་དུ་གཟུག །མེ་འབར་རྟགས་བྱུང་ཕུར་བུས་གདབ། །རྦད་པའི་སྔགས་ཀྱིས་བསྒྲུབ་པར་བྱའོ། །གཞན་ཡང་དམ་རྫས་ཚང་བ་ཡི། །གཏོར་མ་ཟླ་གམ་གཅིག་ལ་གཞག །དུག་དང་ལན་ཚྭ་སྐྱེ་ཚེ་གསུམ། །ཆང་དང་མར་ནག་དྷ་དུ་ར། །རིམས་ནད་དག་གིས་བཏབ་པའི་ཁྲག །ཐལ་ཆེན་ཁྲག་དང་ཐོད་པར་སྦྱར། །ཟླ་གམ་གཅིག་ལ་གཞག་པར་བྱ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། རྫས་བསག་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཕུར་པ་བཏབ་ལ་མཚོན་གྱིས་གཏུབ་ཅིང་སྦྱིན་བསྲེག་བྱ་བ་དང་། ཐུན་ཟོར་འཕང་བ་དང་། གནན་པའི་ལས་འདི་གསུངས་སོ། །ལས་ཀྱི་དཀྱིལ་འཁོར་རྫས་རྣམས་ལ། །རྦད་པའི་སྔགས་ཀྱིས་བསྣུན་ཅིང་བསྐུལ། །མེ་འབར་རྟགས་མཐོང་ཕུར་པས་གདབ། །བཛྲ་ཀུ་རུ་ན་རྦད། སྙིང་ཁྲག་ཚལ་པ་རྦད། གཏུབས་ཙིཏྟ་རྦད། མྱགས་རྨུགས་རྦད། སྙིང་ཁྲག་ཁ་ལ་རྦད། ཚལ་བུས་སིན་དུ་རྦད། ཧུར་ཐུམས་སྲོག་ལ་ཡ་རྦད། དེ་ནས་མཚོན་གྱིས་གཏུབ་པར་བྱ། །ལས་ཀྱི་དཀྱིལ་འཁོར་དབུས་ཉིད་དུ། །དུག་ཤིང་གདུག་པའི་ཤིང་བུ་ལ། །རིགས་ངན་ཁྱིམ་ནས་བླངས་པའི་མེས། །སྤར་ལ་ལིངྒ་སྲེག་པ་ནི། །དུར་ཁྲོད་ཤིང་ལ་ཡམ་ཤིང་ནི། །ཟུར་གསུམ་ལོགས་ལ་ཁྲག་ཆེན་པོས། །མིང་རུས་བྲིས་པ་རེ་རེ་དང་། །ལིངྒ་དུམ་བུ་རེ་རེ་དང་། །དུག་དང་སྐྱེ་ཚེ་ལ་སོགས་རྫས། །སྤགས་ཤིང་སྲེག་པའི་ལས་བྱས་ན། །མྱུར་དུ་རིམས་ཀྱིས་འདེབས་པར་འགྱུར། །མ་མ་སརྦ་ཤ་ཏྲུཾ་མཱ་ར་ཡ། ཨ་མུ་ཀཾ། ད་ཧ་ད་ཧ། པ་ཙ་པ་ཙ་བྷ་ཀུ་རུ། ཧཱུཾ་ཧཱུཾ། ཕཊ་ཕཊ། སྭཱ་ཧཱ། བརྒྱ་རྩ་


DNG023_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱིས་འགྲུབ་པར་འགྱུར། །དེ་ནས་བསྲེགས་པའི་ཐལ་བ་དང་། །མིང་བྱང་ལྷན་ཅིག་ཞབས་མས་གྲིལ། །དུར་ཁྲོད་དབུས་སུ་གནན་ཅིང་གཏད། །མཚན་ངན་བྷནྡྷའི་ཁྲག་དུག་དང་། །ཐུན་སྔགས་བཟླས་ཤིང་ཟོར་དུ་འཕང་། །རག་མོ་ཐང་མུ་ལེ་ཐང་། མུ་ལེ་རྦད། རྩ་ཐང་རྩ་ཐང་། མུ་ལེ་རྦད་རྦད། མུཾ་སྣི་མུཾ་སྣི་ནན་ན་ཎ། རག་མོ་ནི་རིག་མོ་ནི་ཁ་ལོ་རྦད་རྦད། དུག་སྣི་རྦད་རྦད་རྦད། ཁྱི་ཁ་ལོ་ཁྱི་ཁ་ལོ་རྦད་རྦད། ཙིཏྟ་ཙིཏྟ་རྦད་རྦད། ནི་རྟི་ནི་རྟི། མུགས་མུགས། ཐུམ་ཐུམ་སུམ་ཏྲི་ཧ་རྦད། ཐུམ་ཐུམ་རྦད། མོག་མོག་རྦད། ཆེ་གེ་མོ་ལིང་རྦད། ས་མ་ཡ་ཛ་ཛ་ཞེས་པས་ཐུན་འཕང་། གྲངས་ནི་སྟོང་རྩ་བརྒྱད་དོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། དྲག་པོ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེར་བ་དབབ་པའི་ལས་འདི་གསུངས་སོ། །ཤ་སྣ་ཁྲག་སྣ་སྙིང་སྣ་དང་། །ནལ་བུའི་སྙིང་དང་ལོ་ཟླའི་མིང་། །ནལ་བུའི་ཐོད་པར་སྔགས་ཀྱིས་གྲུབ། །མ་མ་རུ་ལུ་རུ་ལུ་ས་མ་ཡ་སྟྭཾ། ཛ་ལང་དུམ་དུ། ཨ་ཀ་ཤ་ཡ། ཏྲག་རཀྴ་ཕྲོམ། སུམ་འབུམ་རྫོགས་དང་ལས་ལ་སྦྱོར། །གཏོར་མ་གཏང་ཞིང་སྔགས་ཀྱིས་བསྐུལ། །ཐུན་རྫས་གསུམ་དུ་བགོས་ནས་སུ། །གཅིག་ནི་ཡུལ་སའི་རྟེན་ལ་གནན། །གཅིག་ནི་ཐབས་བྱ་ཟོར་དུ་འཕང་། །གཅིག་ནི་ཕྱིས་ཀྱི་གཏའ་དམར་གཞུག །དྲག་པོ་རྒྱུ་བའི་དུས་ཆེན་ལ། །ཤུན་ཆེན་བརྡབ་ཅིང་འོ་དོད་འབོད། །དེས་ནི་ལས་རྣམས་ཆུད་མི་ཟའོ། །ཞེས་གསུངས་པ་དང་། འཁོར་ཐམས་ཅད་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། སེར་བ་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྷ་མོའི་ཕྲིན་ལས་འདི་གསུངས་སོ། །སྣང་མེད་དབྱིངས་ཀྱི་རང་བཞིན་ནི། །དམིགས་མེད་དབྱིངས་ཀྱི་ངང་དུ་གསལ། །


DNG023_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་གདལ་འོད་ཆེན་རྫོགས་པར་ལྡན། །མ་ཧཱ་ཤཱུ་ནྱ་ཏཱ་མཎྜལ་ཧཱུཾ། རིག་པ་ཡེ་ཤེས་བདེ་ཆེན་མཁའ། །ཀུན་སྣང་སྣང་སྲིད་ཁྱབ་པར་གསལ། །གཉིས་མེད་ལྷུན་གྱིས་གྲུབ་པའི་མཆོག །དྷརྨ་དྷཱ་ཏུ་མཎྜལ་ཧཱུཾ། གཉིས་སུ་མེད་པའི་མཁའ་དབྱིངས་ལས། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་གཏིབས། །བདེ་མཆོག་ཡིད་བཞིན་ཆར་དུ་འབེབས། །ཐམས་ཅད་མ་ལུས་བསྐྱེད་པའི་རྒྱུ། །ཏྲཱཾཿ། རིན་ཆེན་འབར་བའི་འོད་ཟེར་ལས། །དབང་ཆེན་དཀྱིལ་འཁོར་འབྱུང་བའི་རྒྱུ། །ཨེ་ཡཾ་རཾ་སུཾ་ལཾ་བྷྲཱུཾ། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལ། །འཐོར་བྱེད་རླུང་ནག་ཚོགས་ནི་རྒྱ་གྲམ་གཏམས། །ཆགས་པ་རཀྟའི་ཚོགས་ནི་རྦ་ཀློང་འཁྱིལ། །ཞིང་ཆེན་གཏམས་པའི་ཚོགས་ནི་མཐའ་དབུས་བརྡལ། །ཀེང་རུས་འབར་བའི་རི་རབ་མི་བཟད་པ། །དེ་སྟེང་རྡོ་རྗེ་རྒྱ་གྲམ་གཅལ་བཀྲམ་སྟེ། །སྣ་ཚོགས་དག་པའི་སྣང་བ་འདི་བརྗོད་དོ། །བྷྲཱུཾ་བྷནྡྷ་ཙཀྲ་ཧ་ལ་ཧ་ལ་ཧཱུཾ། མི་བཟད་མཐིང་ནག་འབར་བའི་གཞལ་ཡས་ནི། །ཆུ་སྲིན་བྱེ་བ་ས་ཡའི་ཐོད་པ་ལ། །མི་བཟད་དུར་ཁྲོད་འབར་བའི་རྩིག་རྨང་བྱས། །ཐོད་སྐམ་དགུ་ཡི་རྩིག་པ་མཁར་དུ་བརྩིག །གནམ་ལྕགས་ཨུ་རྨོ་འབར་བའི་གཟེར་གྱིས་བཏབ། །རིན་ཆེན་མཆོག་གིས་ཟུར་བཞི་མཛེས་པར་བརྒྱན། །གཡུ་འོད་སྔོན་པོ་འབར་བའི་ཁ་བད་ཅན། །མུ་ཁྱུད་གནམ་ལྕགས་འབར་བའི་རི་ཡིས་བསྐོར། །སུམ་པ་སུམ་པ་བྷནྡྷ་རཀྴ་ཏི་ར་བཾ། །མཐིང་ནག་འབར་བའི་དཀྱིལ་འཁོར་ན། །ཞིང་ཆེན་ཞིང་ཆུང་གཅལ་དུ་བཀྲམ། །མཆོག་ཆེན་མཆོག་ཕྲན་གདན་ཏུ་བཏིང་། །ཐེ་བྲང་དགུ་བརྒྱའི་གབ་ཙེ་ལ། །ལྷ་སྲིན་ཀུན་ཀྱང་གདན་དུ་བཏིང་། །ནྲྀ་སྡི་ར་བཾ། ཡཀྵ་སྡི་ར་བཾ། རཀྴ་སྡི་ར་བཾ། དེ་བ་ཏི་ར་བཾ། རུ་དྲ་མཎྜ་ལ་ཧཱུཾ། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པའི་


DNG023_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྷ་མོ་སྐུ་བསྐྱེད་ཅིང་སྤྱན་དྲང་བ་འདི་གསུངས་སོ། །ཨོཾ་ནག་མོ་ཏི་ལིང་མ་མ་དུན་ཏིང་བྷྱོ། ཧཱུཾ་བྷྱོ། ཡི་གེ་མ་ལས་བསྐྱེད་པའི་ལྷ་མོ་ནི། །མཐིང་ནག་ཞལ་གཅིག་ཕྱག་བཞི་སྲིན་མོའི་ཚུལ། །རལ་པའི་ཐོར་ཚུགས་གསེར་དང་བྱེ་རུས་བརྒྱན། །དུས་བཞིའི་མ་མོ་བཞི་ལ་སྐུ་ལས་འཆར། །ཞིང་ཆེན་གཡང་གཞི་སྟག་ལྤགས་སྦྲུལ་གྱིས་བརྒྱན། །འཁོར་དུ་མི་བཟད་ནག་མོ་སྟོང་གིས་བསྐོར། །མཐིང་ནག་དྲེའུ་ཞོན་འཇིགས་པའི་སྐུ་མདོག་གསལ། །ཧཱུཾ་བྷྱོ། དུར་ཁྲོད་གསང་བ་དབྱིངས་ཀྱི་དཀྱིལ་འཁོར་ནས། །ལྷ་མོ་ཆེན་མོ་མཐུ་མོ་ཆེ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་སྤྱོན་འཁོར་དང་བཅས། །རྣལ་འབྱོར་དམ་ལ་གདུང་བའི་ཚེ། །མཆི་མ་ཐུལ་ཐུལ་ད་ཚུར་སྤྱོན། །ཉི་མ་བྱང་ཤར་ཕ་ཀི་ན། །བྲག་དང་ཆུ་འཐབས་མར་འདས་ན། །མཚོ་མུ་ལེ་གཏིང་གི་ནང་ཤེད་ནས། །མ་གཅིག་དཔལ་ལྡན་རེ་མ་ཏི། །ནག་མོ་སྟོང་གི་འཁོར་དང་བཅས། །ཐུགས་དམ་དབང་གིས་སྤྱན་འདྲེན་ན། །སྒྲུབ་མཆོག་བསྐྱབ་ཕྱིར་གཤེགས་སུ་གསོལ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཇི་ལྟར་དམ་བཅས་པ། །མ་རུ་ཙེ་ཡི་སྒོ་འགྲམ་དུ། །ཁས་བླངས་དམ་བཅས་བདག་བསྐུལ་གྱིས། །དམ་ཚིག་བཞིན་དུ་གཤེགས་སུ་གསོལ། །ཨོཾ་ནག་མོ་ཏིང་ལ་མ་མ་དུན་བྷྱོ་ཛཿཧཱུཾ་བཾ་ཧོཿ། ནག་མོ་དུན་བྷྱོ། དཔལ་ལྷ་མོ་ཙིཏྟ་སྲོག་རྐྱལ་བུའི་རྒྱུད་ལས། སྐུ་བསྐྱེད་པ་སྤྱན་དྲང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ལྷ་མོ་ནག་མོ་ལ་ཕྱག་འཚལ་ཞིང་བརྟན་པར་བཞུགས་པ་འདི་གསུངས་སོ། །མི་མངོན་མཁའ་དབྱིངས་དག་པ་ནས། །ཡང་དག་སྐུ་གཅིག་བྱུང་བ་ནི། །སྐུ་གཅིག་


DNG023_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས་སྤྲུལ་པ་དྲུག །སྤྲུལ་དྲུག་མ་ལ་བཀའ་ཉན་སྟོང་། །བཀའ་ཉན་རེ་ལ་ཕྱག་བརྙན་འབུམ། །སྣང་སྲིད་བདག་ལ་ཕྱག་འཚལ་ལོ། །དེ་ཕྱིར་ཞིང་ཀུན་དྲོད་འབེབས་ན། །འཚུབ་མ་ཀུན་གྱི་སྣ་འདྲེན་ཅིང་། །ཆུ་བོ་ཀུན་གྱི་གཞུང་བྱེད་མ། །ནག་མོ་གཙོ་ལ་ཕྱག་འཚལ་ལོ། །དབྱར་ཞིང་ནམ་མཁའི་ཁམས་ནས་རྒྱུ། །འབྲུག་དང་གློག་གི་བདག་མོ་མཛད། །ཐོག་དང་བུ་ཡུག་འབེབས་མཛད་མ། །གློག་མ་སྲིན་ལ་ཕྱག་འཚལ་ལོ། །སྟོན་ཞིང་འབྲས་བུ་སྨིན་མཛད་ཅིང་། །སྤང་པོ་དེ་ནི་ཁ་སེར་ལ། །འབྲས་བུ་ལོ་ཐོག་བཅུད་ལེན་མ། །མི་རྣམས་ཀུན་གྱི་དཔལ་འཕྲོག་མ། །ཀློང་དགུ་མ་ལ་ཕྱག་འཚལ་ལོ། །དགུན་ཞིང་རྒྱ་མཚོའི་གཏིང་ན་བཞུགས། །ཁམས་གསུམ་ཀུན་ལ་རྒྱས་འདེབས་མ། །ཀླུ་བྲན་ཀུན་གྱི་དགྱེས་སྡེ་མོ། །གློག་འགྱུ་མ་ལ་ཕྱག་འཚལ་ལོ། །རག་མོ་རག་མོ་མ་དུནྟིང་ན་མ་ཧཱ་ཡ་ཧི། དཔལ་ལྡན་ལྷ་མོ་རེ་མ་ཏི། །མི་བཟད་ནག་མོ་འཁོར་དང་བཅས། །བྱང་ཤར་མཚམས་ནས་སྤྱན་འདྲེན་གྱིས། །ཕྲིན་ལས་མཛད་ཅིང་བརྟན་པར་བཞུགས། །རཀྴ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་ལས་ཀྱི་རྐྱལ་བུའི་རྒྱུད་ལས། ཕྱག་འཚལ་བ་དང་། བརྟན་པར་བཞུགས་སུ་གསོལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ལ། གར་དང་ཐུགས་དམ་བསྐང་བའི་ལས་འདི་གསུངས་སོ། །གཡས་གཡོན་ཐབས་དང་ཤེས་རབ་སྟེ། །ལྷ་མོ་ཉིད་ཀྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །གཡས་གཉིས་ཁ་ཊྭཱཾ་ཕུར་བུས་འདེབས། །གཡོན་གཉིས་མེ་ལོང་སྦྲུལ་ཞགས་བསྣམས། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །དགྲ་བགེགས་དབང་


DNG023_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་དམ་སྐོང་ཕྲིན་ལས་མཛོད། །མ་མོ་སྟོང་གི་ཕྱག་རྒྱ་ནི། །ཀུན་ཀྱང་མི་བཟད་ནག་མོའི་ཚོགས། །གཡས་པ་ཁྲག་གི་ཟོར་འཕེན་ཅིང་། །གཡོན་པ་ཞིང་གི་གཡབ་མོ་ཐོགས། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །དགྲ་བགེགས་དབང་སྡུད་ཐུགས་དམ་དངོས་གྲུབ་སྩོལ། །རག་མོ་མ་ཧཱ་མུ་དྲ་ཧོ། རང་བྱུང་གདོད་ནས་དག་པའི་དམ་རྫས་ལྔ། །གདོད་ནས་དག་པའི་དམ་རྫས་བདུད་རྩི་མཆོག །རྩ་བ་བརྒྱད་ལ་ལོ་མ་སྟོང་། །སངས་རྒྱས་སྟོང་གི་དངོས་གྲུབ་ལེན། །དམར་ཆེན་མཚོ་དང་མཱཾ་ས་དྲི། །ག་པུར་ཤེལ་གྱི་སྤོས་ཕོར་དྲི། །སངས་རྒྱས་སྟོང་གི་ཐུགས་དམ་སྟེ། །རྣལ་འབྱོར་ཡོངས་ཀྱི་དམ་ཚིག་གོ། །དམ་ཚིག་སྦྱིན་པ་ཆེན་པོ་འདི། །སྦྱིན་ནོ་བསྟབ་པོ་གསོལ་ལོ་བསྐུལ། །གདུང་བའི་ལྷ་མོ་མཐུ་མོ་ཆེ། །དུས་ལ་རུབ་ཅིང་དམ་ལ་འཕྲེང་། །དབང་ཕྱུག་ཆེན་པོ་ཀུན་གྱི་སྲིང་། །རྣལ་འབྱོར་ཡོངས་ཀྱི་མ་གཅིག་མ། །མཚན་བཟང་ནག་མོ་རེ་མ་ཏི། །རྣམ་དག་བདུད་རྩི་དམ་རྫས་མཆོད་པ་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །མ་ཚོགས་ནག་མོ་སྟོང་གི་འཁོར་བཅས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །དམ་ཚིག་སྙིང་གི་ཁྲག་ཆེན་པོ། །བསྲེ་བའི་མཆོག་སྟེ་སྲོག་གི་སྙིང་། །སྙིང་དང་སྙིང་གི་གྲོགས་མོར་བྱའོ། །མ་ཧཱ་ཀུ་རུ་ས་མ་ཡ། མ་ཧཱ་པཉྩ་ས་མ་ཡ། མ་ཧཱ་ཨ་མྲྀ་ཏ་ས་མ་ཡ། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། གར་དང་ཐུགས་དམ་བསྐང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་


DNG023_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྷ་མོ་ལ་དུག་གསུམ་ཤ་ཁྲག་གི་མཆོད་པ་འདི་གསུངས་སོ། །མཐིང་ནག་འཇིགས་པའི་རྒྱལ་མོ་གཤེགས་སུ་གསོལ། །ནག་མོ་མི་བཟད་རྒྱལ་མོ་གཤེགས་སུ་གསོལ། །ཕྱག་བརྙན་གྲུབ་འཛིན་རྒྱལ་མོ་གཤེགས་སུ་གསོལ། །མདོག་བཟང་ནག་མོ་མཐུ་ཆེན་རྒྱལ་མོ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་ཚུར་གཤེགས་འཁོར་དང་བཅས། །ཛཿཧཱུཾ་བཾ་ཧོཿསྤྱན་འདྲེན་གཤེགས་སུ་གསོལ། །མ་གཅིག་ཆེན་མོ་འདིར་སྤྱོན་ཤ་ལ་སྤྱོན། །དགྲ་བགེགས་འབྱུང་པོའི་ཤ་འདི་ཟན་བས་ཞིམ། །མ་གཅིག་ཆེན་མོ་འདིར་སྤྱོན་ཁྲག་ལ་སྤྱོན། །དགྲ་བགེགས་འབྱུང་པོའི་ཁྲག་འདི་ཆང་བས་ཞིམ། །མ་གཅིག་ཆེན་མོ་འདིར་སྤྱོན་རུས་ལ་སྤྱོན། །དགྲ་བགེགས་འབྱུང་པོའི་རུས་པ་མར་བས་ཞིམ། །འབྱུང་པོའི་ཤ་ཁྲག་རུས་པ་འདི་གསོལ་ལ། །བདག་གིས་མངགས་པའི་ལས་འདི་མཐར་ཕྱུང་ཞིག །གསུར་ཆེན་ཤ་ལ་རོལ་ཏེ་གཤེགས་སུ་གསོལ། །དམར་ཆེན་ཁྲག་ལ་རོལ་ཏེ་མཆོད་པར་བཞེས། །རུས་ཆེན་རྐང་ལ་རོལ་ཏེ་མཆོད་པར་བཞེས། །ཤ་རུས་དམ་རྫས་བདུད་རྩི་འདི་གསོལ་ལ། །བདག་གིས་མངགས་པའི་ལས་འདི་གྲུབ་པར་མཛོད། །ད་ནི་བུ་གཅིག་སྤུ་གུ་མ་ཉམས་སེམས། །འབྲས་བུ་མི་དབང་སྨིན་པའི་མཚལ་ཐིག་འདི། །མ་ལ་འབུལ་ལོ་ཟོ་འོ་མ་གཅིག་མ། །མ་དག་བསྟན་པའི་དམ་རྫས་འདི་གསོལ་ལ། །ད་ལྟ་ཉིད་དུ་དགྲ་ལ་རྟགས་ཕྱུང་ཞིག །མ་མ་ནག་མོ་པེ་ཏ་ལི། ཀུ་ལུ་ཀུ་ལུ་ཧ་ཏ། ས་མ་ཡ་ཁཱ་ཏི་རཀྟ་ཁཱ་ཧི། པཉྩ་ཨ་མྲྀ་ཁཱ་ཧི། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། ཤ་ཁྲག་གི་མཆོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ལ་ཕྲིན་ལས་བཅོལ་བའི་ལས་འདི་


DNG023_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཧཱུཾ་ཧོ་སྔོན་ཡུང་པོ་མ་ལོན་པའི་དུས་ན། དུར་ཁྲོད་རོ་ཐང་ནག་པོའི་གྲོང་ཁྱེར་མ་རུ་ཙེ་ཡི་སྒོ་འགྲམ་དུ། གཤིན་རྗེའི་ཡུམ་གཅིག་བདུད་ཀྱི་ལྕམ་མོ་རེ་མ་ཏི་ཡུམ་ཆེན་ཨེ་ཀ་ཛ་ཊིའི་དངོས་གྲུབ་བསྒྲུབས་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལྷའི་ངག་སྙན་པ་དང་ཚིག་བདེན་པ་དང་། ཉིད་ཀྱི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་ཕྱི་རབས་སྔགས་འཆང་གི་སྲུང་མར་ཞལ་གྱིས་བཞེས་ཏེ། བདག་ལ་བསྟོད་པ་དང་། མཆོད་པ་དང་། ཡི་དམ་དུ་བྱེད་པ་རྣམས་ཀྱི་རྐྱེན་བཟློག་པ་དང་། སྐུ་དགྲ་གདུལ་བ་དང་། དེ་ཡིས་བཀའ་ཅི་སྩོལ་བའི་དངོས་གྲུབ་སྦྱིན་ནོ་ཞེས། ཁས་བླངས་དམ་བཅས་པའི་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཁྱོད་ཀྱི་སྐུ་ཡི་ཁྱད་པར་བསྟན་པ་དང་། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཁྱད་པར་དུ་ཡང་བདག་གི་དགྲ་བོ་ཆེ་གེ་མོ་འདི། སྔོན་ལས་ཀྱི་རྣམ་པར་སྨིན་པ་ལ་མ་གཞག་གཞན་གྱིས་གནོད་པའི་སྦྱོར་བ་ལ་མ་ལྟོས། དུས་ད་ལྟ་ཉིད་དུ་རྟགས་རྣམ་པ་སྣ་ཚོགས་བསྟན་དུ་གསོལ།ཧཱུཾ་ཧོ། དཔལ་ལྷ་མོ་ཁྱེད་ལ་བརྣག་པའི་ལས་བཅོལ་བ་ནི། དཀོན་མཆོག་གསུམ་གྱི་སྤྱི་དགྲ་རྣལ་འབྱོར་གྱི་སྒོས་དགྲ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕངས་སྨོད་པ། ཆོས་འཁོར་རྩེ་ནས་འཇོམས་པ་མི་ཐུབ་ཐུབ་ཟེར་བ། མི་ཆོད་ཆོད་ཟེར་བ། ཁ་དྲག་སྨྲ་བ། བསྟན་པ་གཤིག་པ། ཡ་ག་ཟེར་བ། དཀོར་ལ་རློམ་པ་བྱང་དམར་ལ་བཏབ་པའི་དགྲ་བོ་ཆེ་གེ་མོ་འདི་ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་ཕུལ་ཅིག །འཇིགས་པའི་མུན་པས་མདུན་ནས་བསུས་ཤིག །མི་བཟོད་པའི་འོ་དོད་འབོད་ཏུ་ཆུག་ཅིག །རྟགས་དང་མཚན་མ་མྱུར་དུ་སྟོན་ཅིག །ཁ་ནས་ཁྲག་སྐྱུག་ཏུ་ཆུག་ཅིག །སྣ་ནས་ཆུ་སེར་འཛག་ཏུ་ཆུག་ཅིག །ལུས་ལ་ཚ་བའི་མེ་འབར་ཏུ་ཆུག་ཅིག །


DNG023_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཐལ་བའི་རྡུལ་ཏུ་རློག་པར་མཛད་དུ་གསོལ། །ཧཱུཾ་ཧོ། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། ཕྲིན་ལས་བཅོལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བསྒྲུབ་པའི་བྱིན་རླབས་བསྐྱེད་པའི་ཕྱིར། དབང་གི་རིམ་པ་འདི་གསུངས་སོ། །ཧཱུཾ་ཞེས་ཡི་དམ་ལྷ་རུ་སྒྲུབ་པ་པོ་བསྐྱེད་ལ། སློབ་དཔོན་གྱིས་ལྷ་མོའི་སྐུ་ལག་ཏུ་བླངས་ལ། སྐད་ཅིག་མས་ལྷ་མོར་བསྐྱེད་ལ། ཧཱུཾ་གྲུ་གསུམ་འདེགས་པའི་དཀྱིལ་འཁོར་དུ། །འཛབ་རྫོགས་བསྙེན་ཚད་དུས་ཉིད་དུ། །ལྷ་མོའི་སྐུ་ཡི་དབང་བསྐུར་བས། །མི་ཉམས་པ་ཡིས་ལས་འདི་ལ། ། བརྩམས་ནས་ཐམས་ཅད་མཐར་ཕྱིན་ཤོག །བྱིན་རླབས་དབང་མཆོག་ཐོབ་པར་ཤོག །མ་མ་རག་མོ་ཨ་བྷི་ཥིཉྩ་ཧཱུཾ་ཨ། རིགས་ཀྱི་བུ་ཁྱོད་ལ་བསྙེན་བསྒྲུབ་ཀྱི་དབང་བསྐུར་བས། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་མཐུ་རྩལ་མཆོག་དང་ལྡན་ཞིང་། དགྲ་འདུལ་ཞིང་བགེགས་འཇོམས་པའི་དབང་ཐོབ་པར་ཤོག་ཅིག །ཡང་གུ་རུས་ཐོད་རྔ་ཐོགས་ལ། སྲིད་པ་གསུམ་དུ་སྒྲོགས་པ་ཡི། །མཛུབ་ངོ་གཉིས་པའི་ཐོད་རྔ་འདིས། །རིགས་ལྡན་ཁྱོད་ལ་དབང་བསྐུར་བས། །གསུང་དབྱངས་ཡན་ལག་དྲུག་ཅུ་ཡི། །ལྷ་མོའི་གསུང་དབྱངས་ཐོབ་པར་ཤོག །གི་རྟི་ཨ་བྷི་ཥིཉྩ་ཧཱུཾ་ཨ། རིགས་ཀྱི་བུ་ཁྱོད་ལ་རྔ་ཆུང་གི་དབང་ཐོབ་པར་གྱུར་ཅིག །གུ་རུས་ལྕགས་ཕུར་ཐོགས་ལ། ཏིང་འཛིན་ཧཱུཾ་དུ་བྱིན་གྱིས་བརླབས་པ་ཡིས། །སྒྲོལ་བྱེད་ལྕགས་ཕུར་དཔལ་ལྡན་འདི། །སྐུ་གསུང་ཐུགས་ལས་རབ་སྤྲུལ་པའི། །རིགས་ལྡན་ཁྱོད་ལ་དབང་བསྐུར་བས། །དམ་ཉམས་སྒྲོལ་གིང་བྱེད་པར་ཤོག །བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུཾ་ཨ། རིགས་ལྡན་ཁྱོད་ལ་ལྕགས་ཕུར་གྱི་དབང་བསྐུར་བས། དམ་ཉམས་མྱུར་དུ་བསྒྲལ་བའི་དབང་ཐོབ་པར་འགྱུར་ཅིག །གུ་རུས་ཐོད་ཕྲེང་ཐོགས་ལ། ཟུར་གསུམ་འདེགས་པའི་དཀྱིལ་འཁོར་དུ། །སྐུ་གསུམ་རྒྱན་ནི་མ་ཉམས་པའི། །ཐོད་པའི་ཕྲེང་བས་དབང་བསྐུར་བས། །མི་བརྗེད་


DNG023_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ནི་ཐོབ་པར་ཤོག །བཛྲ་མཱ་ལེ་ཨ་བྷི་ཥིཉྩ་ཨ། རིགས་ཀྱི་བུ་ཁྱོད་ལ་ཐོད་ཕྲེང་གི་དབང་བསྐུར་བས། ནུས་པའི་དབང་ཐོབ་པར་གྱུར་ཅིག །གུ་རུས་ཡུངས་ཀར་ཐོགས་ལ། སྒྲུབ་པའི་རྫས་སུ་བྱིན་བརླབས་པའི། །སྒྲོལ་བ་ཁྲོ་བོའི་བསྒྲུབ་པ་སྟེ། །ཡུངས་ཀར་རྒྱལ་པོས་དབང་བསྐུར་བས། །དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག །བཛྲ་ཀྲོ་དྷ་ཨ་བྷི་ཥིཉྩ་ཧཱུཾ། རིགས་ཀྱི་བུ་ཁྱོད་ལ་ཡུངས་ཀར་རྒྱལ་པོའི་དབང་བསྐུར་བས། དགྲ་བགེགས་སྒྲོལ་བར་བྱེད་པའི་དབང་ཐོབ་པར་གྱུར་ཅིག །འདོད་ཡོན་ལྔ་ལྡན་ཁྱད་པར་གཏོར་མ་འདི། །རིགས་ལྡན་ཁྱོད་ལ་དབང་བསྐུར་བས། །རང་བྱུང་དཔལ་གྱི་ལྷ་མོ་ཡིས། །ནུས་པ་རྫོགས་པའི་དབང་ཐོབ་ཤོག །བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུཾ་ཨ། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། ནུས་པ་དབང་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཟོར་དྲུག་ཐུན་དང་བདུན་པོ་འདི་གསུངས་སོ། །སྙིང་ཟོར་ལུག་ནག་སྙིང་ལ་ནི། །ཡུངས་ཀར་བྲབ་ཅིང་དེ་ཕྱོགས་འཕང་། །ཐོད་ཟོར་རབས་ཆད་ཐོད་པ་རུ། །ཁྲག་སྣ་བླུགས་ལ་དེ་ཕྱོགས་འཕང་། །བྱ་ཟོར་བྱ་ནག་ལུག་ལ་མངགས། །བྲབ་ཅིང་དེ་ཕྱོགས་ཕུང་བར་བྱ། །མདའ་ཟོར་འུག་པ་ཕོ་རོག་སྒྲོས་བསྒྲོན་ལ། །དུག་ཤིང་མདེའུ་བཅུག་ལ་འཕང་། །སྒོང་ཟོར་བྱ་ནག་སྒོ་ང་བུ། །ཐུན་བྲབ་དེ་ཕྱོགས་འཕང་བར་བྱ། །ཐུན་ནི་ཡུངས་ཀར་སྣ་ཚོགས་ཐུན་སྣས་བྲབ་པར་བྱའོ། །ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། ཐུན་ཟོར་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་འཁོར་ན་གནས་པའི་ལྷ་མོ་དང་། ཀླུ་མོ་དང་། བདུད་མོ་དང་། སྲིན་མོ་དང་། བདུད་དང་། མགོན་པོ་དང་། གནོད་སྦྱིན་དང་། གཟའ་དང་། སྒྲོལ་གིང་རྣམས་ཀྱིས་བསྟན་པ་བསྲུང་བར་དམ་བཅས་ནས། བཅོམ་ལྡན་འདས་ཀྱིས་གཞག་པའི་གནས་སུ་འདུག་ནས་སྒྲོལ་བའི་གིང་དུ་ཁས་བླངས་སོ། །ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། དམ་བཅས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཙིཏྟ་གསང་བའི་རྒྱུད་རྫོགས་སོ།། །།


previousདཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་གསང་བའི་རྒྱུད།next