Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གསུམ་པ། འ༽


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབྱིངས་གསང་བའི་འཁོར་ལོའི་རྒྱུད།
   
   


 
previousདབྱིངས་གསང་བའི་འཁོར་ལོའི་རྒྱུད།next

དབྱིངས་གསང་བའི་འཁོར་ལོའི་རྒྱུད།


DNG023_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨེ་གུ་ཧྱ་ཙཀྲ་ཏན་ཏྲ། བོད་སྐད་དུ། དབྱིངས་གསང་བའི་འཁོར་ལོའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོ་ཤིན་ཏུ་འཇིགས་པ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པ། གསང་བའི་བྷ་ག་ལས་བཞེངས་ཏེ། དྲག་པོ་ཨེའི་གདན་ལ་བཞུགས་པ། གསང་བ་རིགས་ཀྱི་འཁོར་རྣམས་ཀྱིས་བསྐོར་ཏེ་བཞུགས་སོ། །དེའི་ནང་ནས་བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་པོ་གདན་ལས་བཞེངས་ཏེ་སྟོན་པ་ཀུན་ཏུ་བཟང་པོ་ལ་གར་གྱི་མཆོད་པ་ལན་བརྒྱ་ཕྲག་ཕུལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །


DNG023_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །གོང་དུ་གསུངས་པའི་རྒྱུད་རྒྱལ་དེར། །རྟེན་གྱི་དཀྱིལ་འཁོར་གསུངས་པ་ལས། །གསད་པའི་ལས་དེ་མི་འགྲུབ་བམ། །འགྲུབ་ན་གསང་སྔགས་ཇི་ལྟར་ལགས། །མཱ་ར་ཡ་ཡི་ཕྲེང་བ་ལས། །དེ་ལ་བསྙེན་པ་མི་འཚལ་ལམ། །གསད་པའི་དུས་ཚོད་ཇི་ལྟར་ལགས། །ཉ་ཤི་དུས་སུ་བསད་པ་ཡི། །དེ་ཡི་གཏན་ཚིགས་ཇི་ལྟར་ལགས། །རཀྟའི་ངེས་པ་ཇི་ལྟ་བུ། །ཐོད་པའི་ངེས་པ་ཇི་ལྟར་ལགས། །ཡི་གེ་གྲངས་ཀྱི་ངེས་པ་ཅི། །འདི་ལ་ཚད་མ་མི་འཚལ་ལམ། །འཁོར་ལོ་ཞེས་བགྱི་ཇི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་དེ་བཤད་འཚལ། །དེ་ནས་བཅོམ་ལྡན་འདས་དཔལ་མངོན་རྫོགས་རྒྱལ་པོ་གདན་ལས་བཞེངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སེམས་ཅན་ཉོན་མོངས་སེལ་བའི་སྨན། །དུག་ལྔ་སེལ་བའི་རྩི་མཆོག་ཡིན། །མ་རིག་སེལ་བའི་སྒྲོན་མེ་མཆོག །དེ་ནི་བདེ་བ་ཆེན་པོ་སྟེ། །མ་འོངས་རྣམས་ཀྱི་དོན་དུ་བཤད། །ལུས་ངག་ཡིད་གསུམ་གུས་པས་ཉོན། །རྟེན་གྱི་དཀྱིལ་འཁོར་གྱིས་བསད་པ། །འདི་ལ་རྣམ་པ་བདུན་དུ་གསུངས། །དང་པོར་ཨེ་ཡི་གནས་པ་ཡང་། །སྐྱེ་མེད་ཆོས་དབྱིངས་ཡི་གེ་ཨེ། །མཱ་ར་ཡ་ཉིད་མཐར་བཞག་པ། །ཛས་འགུགས་བསྙེན་པའི་མཆོག་ཏུ་གསུངས། །གཉིས་པ་ཡི་གེ་ཡཾ་ཡིན་ཏེ། །སྐྱོད་བྱེད་ཡི་གེ་བྷྱོ་ཡིས་བསྐུལ། །གསུམ་པ་ཡི་གེ་རཾ་ཡིན་ཏེ། །རཾ་གཉིས་བར་དུ་མཱ་ར་ཡ། །སྲེག་བྱེད་མེ་ཡི་འཁོར་ལོ་བསྒོམ། །བཞི་པ་ཡི་གེ་པཾ་ཡིན་ཏེ། །པཾ་གཉིས་བར་དུ་མཱ་ར་ཡ། །འདོད་ཆགས་ཁྲག་གི་དཀྱིལ་འཁོར་བསྒོམ། །ལྔ་པ་ཡི་གེ་སུ་ཡིན་ཏེ། །སུ་གཉིས་བར་དུ་མཱ་ར་ཡ། །གཏི་མུག་ས་ཡི་དཀྱིལ་འཁོར་བསྒོམ། །དྲུག་པ་ཡི་གེ་ཧཾ་ཡིན་ཏེ། །ཧཾ་གཉིས་བར་དུ་མཱ་ར་ཡ། །འོད་ཀྱི་གོང་བུ་ལྟ་བུར་བསྒོམ། །བདུན་པ་ཡི་གེ་ཕཊ་ཡིན་ཏེ། །ཕཊ་གཉིས་བར་དུ་མཱ་ར་ཡ། །ཁྲོ་ཚོགས་ནམ་མཁའི་སྐར་ལྟར་འཁྲུགས། །ཡི་གེ་ནྲྀ་ནི་ས་བོན་ཡིན། །གསོད་བྱེད་ཡི་གེ་རྦད་ཀྱང་ཡིན། །ཨེ་བཞག་ཡི་གེ་མཱ་ར་ཡ། །ཐ་མ་ཛ་ཡིས་བསྟེན་པ་ནི། །


DNG023_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ར་ཡ་ཡི་བསྙེན་པ་ཡིན། །རེ་རེས་ལས་རེ་འགྲུབ་པའི་ཕྱིར། །སྒྲུབ་པ་ཆེན་པོ་བདུན་དུ་གསུངས། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། རྟེན་དྲག་སྔགས་ཀྱི་སྒྲུབ་ལུགས་བདུན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇམ་དཔལ་གྱིས་གསོལ་པ། །ཉ་ཞེས་བྱ་བ་ཇི་ལྟ་བུ། །ཉ་ཡི་གཏན་ཚིགས་ད་བཤད་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉ་གཉེན་པོ་དོན་གྱི་མདོ་བཞིན་དུ། རྣལ་འབྱོར་པ་བཀྲ་ཤིས་པར་སྟོན་པ་དང་། ལོག་པར་བལྟ་བ་རྣམས་ལ་མཛེ་ནད་དང་། རིམས་ནད་སྣ་ཚོགས་བཏང་བ་དང་། དེས་ཉ་བསྟན། སྟོང་ནི་རྣལ་འབྱོར་པའི་སེམས་ཀྱི་སྐྱེ་ལུགས་དང་། གཟས་པ་པོ་གསོད་པའི་ཐབས་སྟོན་པའི་ཕྱིར་ན། སྟོང་ཞེས་བྱ། རཀྟ་ནི་མཁའ་འགྲོ་ཀུན་གྱི་དམ་རྫས་ཀྱི་མཆོག་ཡིན་པ་དང་། གཟས་པ་པོ་གང་ཡིན་པ་བསྒྲལ་བའི་ཐབས་དེ་ལས་བྱུང་བའི་ཕྱིར་རཀྟ་བསྟན་ཏོ། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། ཉ་སྟོང་དང་རཀྟ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །ཐོད་པ་རྣམ་པ་དུ་རུ་གསུང་། །ཐོད་པའི་ངེས་པ་ད་བཤད་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐོད་པའི་དེ་ཉིད་བཤད་བྱ་ཡིས། །ལུས་ངག་ཡིད་གསུམ་གུས་པས་ཉོན། །མནན་ཐོད་དང་ནི་མཆོད་ཐོད་དང་། །འཕང་ཐོད་དེ་བཞིན་ལྡིང་ཐོད་དང་། །སྤར་ཐོད་ནམ་མཁའ་མཆོད་ཐོད་དང་། །ཟློག་ཐོད་འབུབ་ཐོད་མ་ཉམས་ཐོད། །སྨྲ་ཐོད་ཟ་ཐོད་ལ་སོགས་པ། །ཐོད་པ་བཅུ་གསུམ་དག་ཏུ་ངེས། །ཡི་གེ་ལཾ་བྲིས་རི་རབ་ལྡན། །དབུས་སུ་ནྲྀ་དང་མིང་རུས་བཅུག །བྲིས་པ་མནན་པའི་ཐོད་པར་ངེས། །རྫས་དང་མནན་པར་ངེས་པའི་རྫས། །སྦལ་པ་དག་གི་ཤུན་རྣམས་ནི། །སྦྲུལ་གྱི་ཤུན་དུ་ངེས་པ་ཡིན། །ཚིག་དང་མནན་པར་ངེས་པའི་ཚིག །ནཱ་ག་ཞེས་བྱའི་པོའང་གཞུག །ཏིང་འཛིན་དང་ལྡན་གཤིན་རྗེའི་སྔགས། །ཨ་ཀྲོ་འབྲུ་བདུན་གཉའ་ནོན་ཡིན། །རྡོ་རྗེའི་བཟླས་པ་མི་ནུས་པས། །


DNG023_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ན་ངེས་པར་ནོན་པ་ཡིན། །དབུས་སུ་བསྒྲུབ་བྱའི་མིང་རུས་དང་། །གཉན་དགུ་དག་ལ་གཏད་པར་བྱ། །མནན་ཐོད་མཆོད་ན་གསོ་བར་འགྱུར། །འཕང་ན་བསྒྲུབས་པ་འཆོར་བར་ངེས། །ཀླུ་ལ་བ་དམར་རྭ་རུ་མནན། །གཞན་ཡང་རྟ་ལ་སོགས་པ་ཡིན། །གཟུགས་ལ་མནན་ན་ངེས་པར་ཕུང་། །གཞན་ཡང་མནན་པ་ཐོད་པའི་གྲངས། །ཁམ་པའི་ཕུར་པ་བཅུ་འམ་དགུ་ལས་ཉུང་མི་བྱ། །དེ་དག་མནན་པ་གྲུབ་པའི་རྟགས། །ཀླུ་ལས་མཛེ་ནད་བཅོ་བརྒྱད་འབྱུང་། །བཙན་ལས་གཟེར་ནད་དྲུག་ཏུ་འབྱུང་། །ས་བདག་ལས་ནི་ཞ་གྲུམ་སྟེ། །ཡུལ་ལྷས་ཡུལ་ལས་དབྱུང་ལ་སོགས། །དམུ་ལྷས་དམུ་ནད་དགུ་རྣམས་གཏོང་། །ལྷ་ལ་སོགས་པ་གཞན་རྣམས་ལ། །བདུན་དང་ལྔ་དང་དྲུག་དང་ཡང་། །བརྒྱད་དང་དགུ་རུ་ཤེས་པར་བྱ། །ཕུང་བྱེད་མནན་ཐོད་བཤད་པའོ། །མཆོད་ཐོད་ནལ་བུ་དྲེད་དང་ཕག །ཞག་གསུམ་ལ་སོགས་གོང་དང་འདྲ། །ཡོངས་སུ་མ་ཉམས་ཐོད་པ་ལ། །དབུས་སུ་གཙོ་བོའི་སྔགས་བྲིས་ལ། །མ་ར་ཡ་ཡི་སྔགས་ཀྱིས་བསྐོར། །རཀྟའི་རྒྱ་མཚོ་མཆོད་པའི་རྫས། །བོད་པའི་རྫས་ནི་སྤོས་ཆེན་ལ། །བསྙེན་པའི་རྫས་ནི་ཨ་མྲྀ་ཏ། །དམ་ཚིག་རྫས་ནི་དམ་ཚིག་བསྲེ། །བསྒོམ་དང་ཏིང་འཛིན་མ་འཁྲུལ་བས། །མཁའ་འགྲོ་ཐོད་པ་དེ་ལ་མཆོད། །ཡེ་ཤེས་གཤེགས་དང་འདྲེལ་བ་བཞིན། །མཆོད་ཐོད་དྲན་ཏེ་རྟག་ཏུ་མཆོད། །ཟས་ཀྱི་ཕུད་མཆོད་རྟག་ཏུ་དྲན། །བྲན་དང་ཡུལ་འཁོར་སྐྱོབ་པར་བྱེད། །ཅི་འདོད་བསམ་པ་འགྲུབ་པར་བྱེད། །མཆོད་ཐོད་མནན་ན་མཁའ་འགྲོ་མནན། །སྟོང་གསུམ་སྲིད་པའི་མཁའ་འགྲོ་འཁྲུག །བདག་ཉིད་འཁོར་དུ་སྨྱོ་འབོག་གཏོང་། །རིམས་ནད་སྣ་ཚོགས་འབྱུང་བར་འགྱུར། །གཞན་ཡང་མཛེ་ཆད་སྣ་ཚོགས་གཏོང་། །འཕང་ན་ལས་མཁན་འཕང་བ་སྟེ། །བོད་པའི་སྔགས་དང་ཚིག་གིས་ཀྱང་། །ཏིང་འཛིན་སྤོས་ཀྱང་མི་འཁོར་ཏེ། །བརྟེན་དང་མཆོད་པ་དེ་དང་འདྲ། །འཁོར་གྱི་མ་མོ་གཞན་དུ་འཕྲོས། །ལྷ་ལ་རྒྱབ་ཀྱིས་ཕྱོགས་པའོ། །ཡུན་དུ་བཟུང་


DNG023_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆོད་ཐོད་དང་། །རྟག་པར་བཞུགས་དང་རྗེས་སུ་དྲན། །མཐུན་པར་ཞུགས་ཀྱང་གཤེགས་བཞུགས་མེད། །ཐོད་པ་བཞི་ལ་མཆོད་པར་གསུངས། །འཕང་ཐོད་རབས་ཆད་ཐོད་པ་རུ། །དྲག་སྔགས་བྲིས་ཏེ་དེ་བཞག་ནས། །ཏིང་འཛིན་དུག་གི་ན་བུན་འཐིབས། །འཕང་ཐོད་མཆོད་ན་དྲག་སྔགས་དང་། །ན་བུན་བདག་ལ་ལྡོག་པར་བྱེད། །མནན་ན་ན་བུན་ལྷ་འདྲེ་ཡི། །གཉན་དགུ་དག་ལ་མནན་པ་སྟེ། །གཉན་དགུའི་རིམས་ནད་བདག་ལ་ལྡོག ། མཆལ་ཡང་འཆང་ཆེན་ཁ་འམ་བྱང་རི་ཁར། །འཕང་ན་དགྲ་ཡི་ཡུལ་ཁམས་སུ། །ནད་ཀྱི་ན་བུན་འཐིབས་པ་དང་། །མཚོན་གྱི་བསྐལ་པ་འཁྲུགས་པ་དང་། །དུག་གི་ན་བུན་ངེས་པར་འཐིབས། །བྱང་རི་ཁ་ནས་འཕང་པར་ངེས། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། ཐོད་པ་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཇམ་དཔལ་གཤེད་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །ཡི་གེ་རྩིས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་ད་བཤད་འཚལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་འཇམ་དཔལ་གཤིན་རྗེ་གཤེད། །སྔགས་ཀྱི་དེ་ཉིད་རྣམ་པ་ལྔ། །ཡང་དག་ཉིད་དུ་བཤད་བྱ་ཡི། །བསྙེན་སྔགས་བསྒྲུབ་སྔགས་བསད་པའི་སྔགས། །སྔགས་ཀྱི་ཕྲེང་བ་དུམ་དུམ་འདྲེལ། །ཨཱོཾ་ནི་རིགས་ལྔ་སངས་རྒྱས་ཏེ། །མཱ་ར་ཡ་ཡི་རིགས་པ་དྲང་། །ཐ་མར་ཡི་གེ་ཛ་བཞག་པ། །རྟེན་ཅན་གྱི་ནི་བསྙེན་པའོ། །ཨེ་ནི་ཆོས་ཀྱི་དབྱིངས་ཉིད་དེ། །ཡི་གེ་ཛ་ཡིས་དགུག་བྱས་ནས། །ཡི་གེ་བཞི་ཡིས་རིགས་པ་དྲང་། །རྟེན་འདྲེལ་བསྒྲུབ་པའི་བསྙེན་པ་ཡིན། །མཐར་བྱེད་ལྔ་ནི་ཡི་གེ་ཨོཾ། །ཨ་ནི་ཡུམ་ལྔའི་སྙིང་པོ་སྟེ། །ཀྲོ་ནི་ཕྱོགས་བཅུའི་ཁྲོ་བོ་ཡིན། །ཧེ་ནི་སྲས་བཅས་སྙིང་པོ་སྟེ། །ཀ་ནི་གཟུགས་སྐུའི་སྙིང་པོ་ཡིན། །ཧཱུཾ་གིས་ཐམས་ཅད་དབང་དུ་སྡུད། །ཕཊཿཀྱིས་ལྷ་ཚོགས་སྤྲོ་བ་སྟེ། །འཇམ་དཔལ་རྩ་བའི་བསྙེན་པ་ཡིན། །


DNG023_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཤེས་པ་དངོས་པོ་སྟེ། །རང་ལ་ཡོད་པས་གྲུབ་པ་ཡིན། །ཡི་གེ་བྷྱོ་ནི་སྒྲུབ་སྔགས་ཏེ། །རྦད་ནི་བསད་པའི་སྔགས་ཡིན་ཏེ། །ལཾ་ནི་མནན་པའི་སྔགས་ཡིན་ནོ། །མཱ་ནི་གཤེད་མའི་རྒྱུ་ཡིན་ཏེ། །ར་ནི་གཤེད་མར་བྱེད་པ་ཡིན། །ཡ་ནི་གཤེད་མའི་རྐྱེན་ཡིན་ཏེ། །གཤེད་མའི་ཚོགས་སྤྲོ་ཡི་གེ་ཕཊ། །སྔགས་ཀྱི་ཕྲེང་བ་དུམ་དུམ་འདྲེལ། །ཡེ་ཤེས་ལྔ་དང་ལྷུན་གྱིས་གྲུབ། །ཡེ་ཤེས་ཕྲེང་བ་དུམ་དུམ་འདྲེལ། །ལས་དང་འཇིག་རྟེན་འཇིག་རྟེན་འདས། །ལས་མཁན་ཕྲེང་བ་དུམ་དུམ་འདྲེལ། །འབྲས་བུ་དང་ནི་ཚོགས་དང་གསུམ། །ལམ་གྱི་ཕྲེང་བ་དུམ་དུམ་འདྲེལ། །ཕྲེང་བ་ཡང་དག་རྣམ་པ་གསུམ། །དེ་ཉིད་མ་འཁྲུལ་སྤྱད་གྱུར་ན། །ལས་མཁན་མ་ལུས་དབང་དུ་འདུ། །རྒྱུད་ནི་རྣམ་པ་གསུམ་ཡིན་ཏེ། །ལས་ཀྱི་རྒྱུད་ནི་དྲེགས་པ་ཅན། ། འབྲས་བུའི་རྒྱུད་ནི་བདེ་གཤེགས་སྐུ། །ལམ་གྱི་རྒྱུད་ནི་གསང་སྔགས་ཀྱི། །ཡི་གེ་འབྲུ་ལྔ་དེ་ཉིད་ཡིན། །རྟེན་དང་རྟེན་ཅན་རྣམ་གཉིས་ཀྱི། །སྲོག་གི་སྙིང་པོ་མ་ནོར་བར། །དྲང་བས་རྟེན་དང་བཅས་པར་འགུགས། །བསྙེན་སྔགས་མ་ནོར་བདེ་བ་སྐྱེད། །སྒྲུབ་སྔགས་མ་ནོར་ལས་ལ་འཛུད། །བསད་སྔགས་མ་ནོར་མཚོན་དུ་དབབ། །ཨེ་ཡིས་བསྙེན་པ་བགྲངས་པ་ཡིས། །སྐུ་གསུམ་ཐོབ་ཀྱང་འཆི་བར་ངེས། །ཡཾ་གྱིས་བསྙེན་པ་བགྲངས་པ་ཡིས། །རིག་པ་རྙེད་ཀྱང་གནས་ནས་འགུགས། །རཾ་གྱི་བསྙེན་པ་བགྲངས་ནས་ནི། །དྲོད་ལྔ་ཐོབ་ཀྱང་ལུས་སེམས་འབྲལ། །བཾ་གྱི་བསྙེན་པ་བགྲངས་པས་ནི། །སྐུ་ལྔ་ཐོབ་ཀྱང་སྡུག་བསྔལ་མྱོང་། །སུ་ཡི་བསྙེན་པ་བགྲངས་ནས་ནི། །ས་རྣམས་ཐོབ་ཀྱང་གསོད་པར་བྱེད། །ཧཾ་གི་བསྙེན་པ་བགྲངས་པས་ནི། །སྐུ་ལྔ་རྟོགས་ཀྱང་འཇིགས་པར་འགྱུར། །ཕཊ་ཀྱི་བསྙེན་པ་བགྲངས་པས་ནི། །ཆེ་བས་ཆེ་བའི་མཐུ་དཔུང་འཇོམས། །འདི་རྣམས་གཅིག་ལས་གང་བྱས་ཀྱང་། །ལས་རྣམས་འགྲུབ་པ་གདོན་མི་ཟ། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། སྔགས་ཀྱི་རྩིས་དང་


DNG023_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་བཤད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད་གདན་ལས་བཞེངས་ཏེ། ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །གོང་དུ་གསུངས་པའི་མནན་གཏད་ལ། །ལས་ཀྱི་བྱེ་བྲག་ཇི་ལྟར་བགྱི། །བཅོམ་ལྡན་འདས་ལ་བཀའ་འདྲི་ཞུ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་འགྲོ་ལ་ཐུགས་བརྩེའི་ཕྱིར། །ལས་ཀྱི་བྱེ་བྲག་ཐམས་ཅད་ཀུན། །འགྲོ་ལ་བརྩེ་ཕྱིར་ངས་བཤད་ཀྱི། །ལུས་ངག་ཡིད་གསུམ་གུས་པས་ཉོན། །ཨེ་ནི་ཆོས་ཀྱི་དབྱིངས་ཉིད་ཡིན་པ་སྟེ། །གྲུ་གསུམ་ནམ་མཁའི་སྙིང་པོ་ཡིན། །ནཱ་ག་ཀླུ་ཡི་སྙིང་ནས་འདྲེན། །ཚལ་གྱིས་ཀླུ་རྣམས་སོ་སོར་འབྱེད། །ཐུམ་གྱིས་རིགས་བཞི་ལས་ལ་འཛུད། །རིལ་གྱིས་སོ་སོར་འཛིན་པར་བྱེད། །ནམ་གྱིས་མགོ་ལུས་དབང་དུ་བསྡུས། །ཕུག་གིས་ལས་རྣམས་གདོན་མི་ཟ། །ཨེ་ནག་ཚལ་ཐུམ་རིལ་ནཾ་ཕུག །ལྕགས་ཀྱི་ཕུར་བུ་སོར་བརྒྱད་པ་གཅིག་གིས་བརྡེག་ཅིང་ཡི་གེ་ཧཾ་བསམ་ལ། མཛེ་ནད་སྣ་ཚོགས་པའི་རིམས་ཀྱིས་བཏབ་ནས་དང་། མཚོན་གྲིར་འཆི་བར་འགྱུར། རྨུགས་ཀྱིས་གཟས་པ་སྲོག་ནས་འདྲེན། །ཚལ་གྱིས་ལས་མཁན་གཤེད་མར་འགྱེད། །ཚལ་པ་ངེས་པར་གསོད་པ་ཡིན། །དུམ་དཀྲུག་གཉིས་བརྗོད་མནན་པའི་དོན། །མགོ་ཆག་པ་དང་རྐང་ལག་ཆག་པ་དང་། །ར་རུས་ཆག་པས་འཆི་བར་འགྱུར་རོ། །རྨུགས་ཚལ་ཚལ་པ་དུཾ་དཀྲུག །དུཾ་དཀྲུག །ཟངས་ཀྱི་ཕུར་པ་སོར་བརྒྱད་གཅིག་བརྡེག་ཅིང་། གྱོ་མོ་ལ་འཁོར་ལོ་བྲིས་ལ་གཏུམས་ན། གོང་མིའི་ནད་རྣམས་ཀྱིས་བཏབ་ནས་འཆི་བར་འགྱུར་རོ། །ནཱ་ག་ཞེས་བྱས་ཀླུ་རྣམས་འགུགས། །ཧེ་ཧེ་བཏབ་པའི་སྔགས་ཡིན་ཏེ། །དི་དི་རི་རིས་གཤེད་མར་ལྡང་། །རྨུགས་གཤར་གཤེད་མ་བསྐུལ་བའི་སྔགས། །ནཱ་ག་ཧེ་ཧེ་དི་དི་རི་རི་རྨུགས་གཤར། བརྒྱ་རྩ་བརྒྱད་བརྒྱབ་ན། དགྲ་བོ་


DNG023_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་འཛིན་པར་འགྱུར་རོ། །དེ་དག་ནི་དྲག་སྔགས་ཁྱད་པར་ཅན་བསྟན་པ་སྟེ། དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། མནན་པ་ལས་ཀྱི་བྱེ་བྲག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འཇམ་དཔལ་སྟན་ལས་བཞེངས་ཏེ། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། །ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །མ་འོངས་པ་ཡི་རྣལ་འབྱོར་ལ། །ཐུན་མོང་སྔགས་རྣམས་མི་འཚལ་ལམ། །དེ་ལ་ནན་ཏུར་མི་འཚལ་ལམ། །བཅོམ་ལྡན་འདས་ཀྱིས་ད་བཤད་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་རྣམས་སྤུ་གྲི་འདྲ་བ་ལ། །ཤིན་ཏུ་བཤད་པར་མི་སྤོབས་ཀྱང་། །མ་འོངས་རྣམས་ཀྱི་དོན་ཕྱིར་བཤད། །ད་ར་རྣམ་ཤེས་སྔགས་ཡིན་ཏེ། །ཐུམ་བྱེར་གྱིས་ནི་གསོད་པར་བྱེད། །ད་ར་ཐུམ་བྱེར་མནན་པ་ཡིན། །ད་ར་ཐུམ་བྱེར་དར་ཐུམ་བྱེར། །ཁྱི་ཁྲག་ར་ཁྲག་མོན་པའི་ཁྲག །གནག་གི་ཁ་སྤུ་གློ་བ་སློ་རྣམས་ལ། །སྔགས་བཏབ་བཀོལ་ན་གནག་རྣམས་ཕུང་། །བསྙེན་བསྒྲུབ་སྔགས་ནི་འབུམ་དུ་བཟླས། །ཟླ་སྐར་བེའུ་རྫི་ཡིན་ཏེ་ཉི་མ་དྲོས་ལ་བྱ། །རྦད་ཐུམ་འཁྲུགས་པའི་སྙིང་པོ་སྟེ། །དེ་ནི་རྣམ་ཤེས་སྙིང་པོར་གསུངས། །ཅི་རི་གཉིས་འགྱུར་བརྗོད་པར་བྱ། །རི་རི་སྲེག་པའི་སྦྱོར་བ་ཡིན། །སྤར་ན་གྲ་མ་བསད་སྔགས་ཏེ། །ཐུག་ལུམ་གཉིས་བརྗོད་བསད་སྔགས་ཡིན། །བར་དུ་མུག་བྱེར་གཉིས་བཞག་ལ། །རབ་ཏུ་བསད་པའི་གསང་སྔགས་སོ། །རྦད་ཐུཾ་རྩི་རི་རྩི་རི་སྤ་རན་གྲི་ཐུག་ལུཾ་ཐུག་ལུཾ་མུགས་བྱེར། གཞན་ཡང་ཨོཾ་ནི་ཀུན་གྱི་མགོ་ཡིན་ཏེ། །དྲེས་འདི་བུས་ཞེས་རྦད་པ་དང་། །ཐུམ་བུ་ཀྲི་ཏ་བསད་པའི་སྔགས། །དུར་གྲི་ཏ་དུང་བསྟབ་པའོ། །འཇིབས་ནི་བསད་པའི་སྔགས་ཡིན་ཏེ། །རྟ་ལ་སོགས་པའི་རྨིག་ཟླུམ་རྣམས། །ཡོངས་ལ་བརྡེག་པར་བསྟན་པ་ཡིན། །ཨོཾ་དྲེ་འདི་བུས་ཐུཾ་སྤུ་གྲི་ཏ་དུང་འཇིབས། དགྲ་བོ་ཡུལ་ཚན་དང་འགྲས་ན། གླ་བའི་ཆུ་ལ་ཆུ་བླུགས་ལ། ངན་སྔགས་འདི་བཏབ་ན་ཕུ་


DNG023_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྐམ་མོ། །ཧེ་ཧེ་དུམ་བུ་ཧཱུཾ་ཡ་ནཱ་ག་དུང་ཞེས་བརྗོད་ནས། ཆུ་ལ་རྒྱབ་ན་ཆུ་མིག་ཐལ་བར་ཐོར་གྱིས་འགྲོའོ། །ནཱ་གས་ཀླུ་ཡི་སྲོག་ནས་འདྲེན། །ཐུམ་བུ་དམོད་པའི་སྔགས་ཡིན་ཏེ། །ཧཱུཾ་ཡ་བསྟབ་པའི་སྔགས་སུ་གསུངས། །ནཱ་ག་ཐུཾ་བུ་ཧུ་ཡ། སྦལ་པའི་གསོ་བ་ཁྲག་སྣ་ཚོགས་ཀྱིས་བསྐང་བ་ལ། བག་ཟན་གྱི་སྦལ་ལྕོང་བརྒྱད་ཀྱིས་མཐའ་བསྐོར་ལ། །སྐར་སྒྱེད་ཡང་མ་གཡེང་གསུམ་ལ་བསྙེན་པ་བཟླས། སྐར་མ་ཁྲུམས་སྨད་ལ་གཏད། ཕག་པའི་ཐོད་པས་ཕག་པའི་སོག་པ་མནན། དགྲ་བོ་ཕོ་རྒྱུད་མཐའ་ཕུང་བར་ངེས་སོ། །ཨོཾ་ནི་རྣམ་པར་སྣང་མཛད་དེ། །རྗེ་ཁྲམ་བཙན་གྱི་སྲོག་སྙིང་སྟེ། །ཝ་ཁྲམ་བཙན་སྲིད་སྲོག་སྙིང་ཡིན། །རྟ་ཁྲམ་བུམ་སྲིའི་སྲོག་སྙིང་ཡིན། །ཨོཾ་རྗེ་ཁྲམ་ཝ་ཁྲམ་རྟ་ཁྲམ། །རབས་ཆད་ཀྱི་ནི་ཐོད་པ་དང་། །རྟ་ཐོད་དུ་བཅུག་ལ་སྐར་མ་བི་རྫི་ལ་གཏད་ནས། གོང་གསུམ་དུ་བཅུག་ན། དགྲ་བོ་མོ་རྒྱུད་མཐའ་ཕུང་བར་འགྱུར་རོ། །དབྱིངས་གསང་བ་འཁོར་ལོའི་རྒྱུད་ལས། ལས་ཐུན་མོང་གི་སྔགས་བསྟན་པ་སྟེ་ལེའུ་དྲུག་པའོ།། །།དེ་ནས་དེ་དག་ཐམས་ཅད་ཀྱི། །སྤྱི་ཉིད་བཤད་པ་ལ་ཞུགས་ཏེ། །མཉམ་པ་ཉིད་ལ་གནས་པ་ལས། །བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་ཞུས་པ། སྤྱི་དང་རང་གི་མཚན་ཉིད་ལས། །སྔགས་ལ་ངེས་པ་དུ་ཞིག་མཆིས། །བཅོམ་ལྡན་འདས་ལ་བཀའ་འདྲི་ཞུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མ་འོངས་རྣམས་ལ་ཕན་གདགས་ཕྱིར། །སྔགས་ཀྱི་དེ་ཉིད་བཤད་པར་བྱ། །སྔགས་ཀྱི་མགོ་བོ་ཨོཾ་ཡིན་ཏེ། །བསྙེན་པ་བསྒྲུབ་ན་འབྱུང་བར་ངེས། །རྣམ་པར་སྣང་མཛད་ཡིན་པའི་ཕྱིར། །དྲག་པོའི་ལས་ལ་འདུལ་མི་འགྱུར། །མགོ་མེད་ཡི་གེ་ཧཱུཾ་གཞུག་བྱ། །ཡེ་ཤེས་ལྔ་དང་ལྡན་མོད་ཀྱང་། །ཐུགས་ཉིད་རྡོ་རྗེ་ཡིན་པའི་ཕྱིར། །ཁྲོས་པ་དྲག་པོས་འདུལ་བར་བསྟན། །འདུག་ས་གོང་འོག་སྤོ་བ་ཡིན། །ཡེ་


DNG023_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རང་སྔགས་གོང་དུའོ། །ལས་མཁན་སྲོག་སྙིང་འོག་ཏུ་སྟེ། །བསྙེན་པའི་དུས་ཉིད་འགུགས་པར་བྱེད། །ཡི་གེ་ཛ་ཡིས་ཀུན་ཏུ་འགུགས། །ཉིན་སྲིབས་གཉིས་སུ་དབྱེ་བ་ཡང་། །ཞི་རྒྱས་གཉིས་ནི་ཉིན་ཡིན་ཏེ། །གསོ་བའི་ལས་ལ་ཤིས་པས་སོ། །དབང་དྲག་གཉིས་ནི་སྲིབས་ཡིན་ཏེ། །དྲག་པོའི་ལས་ལ་ཤིས་པས་སྲིབས། །ལས་མཁན་སྣ་ཚོགས་ལས་བྱུང་བ། །ཕྲ་མེན་དགེ་བ་ཞེས་སུ་གསུངས། །ཛྭ་ལ་རཾ་ཞེས་འབྱུང་བ་དང་། །འདུས་ཏེ་ཧྲཱྀས་ཞེས་བྱ་བས་ནི། །ཐོག་དང་ཚ་བའི་ལས་རྣམས་འགྲུབ་པར་བྱེད། །འདི་ལ་མ་འདྲེས་རྦད་འབྱུང་ལ། །བསད་པའི་ལས་ལ་ཤིས་པ་ཡིན། །གཉིས་གོང་པྲོཾ་དང་ཧྲིལ་བཞག་པ། །དབབ་པའི་ལས་ལ་ཤིས་པ་ཡིན། །རང་རང་ལས་རྣམས་སྣ་ཚོགས་ལས། །སྔགས་མཐར་འབྲུ་རེ་གང་འབྱུང་བ། །མཐའ་རྟེན་གཞུག་ཅེས་དེ་ལ་བརྗོད། །ཇི་སྙེད་ལྷ་ཡི་གྲངས་བྱུང་ཡང་། །རྣམ་ཤེས་སྙིང་པོ་རེ་རེས་མཚོན། །མང་པོ་གཅིག་ཏུ་སྦོམ་ཞེས་བྱ། །དམ་ཚིག་རྗེས་དྲན་ཇི་སྙེད་ལས། །སྙིང་པོ་རེ་རེས་གཅིག་ཏུ་དྲིལ། །ཆོལ་བུ་ཀུན་ནས་བཏུས་ཞེས་བརྗོད། །ལས་གསུམ་གཅིག་ཏུ་གང་བཟློག་པ། །འུར་བ་གཅིག་ཏུ་དྲིལ་ཞེས་བརྗོད། །འབྱུང་བ་ཚ་གྲང་གང་འཁྲུགས་པ། །མེ་ཆུ་འགལ་བ་བསོགས་ཞེས་བཤད། །དབྱིངས་གསང་བའི་རྒྱུད་ལས། རྩིས་ཚད་བཤད་པའི་ལེའུ་སྟེ་བདུན་པའོ།། །།ཨེ་མའོ་བཅོམ་ལྡན་གསང་ཆེན་བདག །ཐམས་ཅད་མཁྱེན་རྫོགས་ཕྱག་འཚལ་ལོ། །ཀུན་ཁྱབ་བདེ་ཆེན་གསང་སྔགས་དོན། །ཇི་ལྟར་གསུངས་པའི་བཀའ་ལུང་དེ། །ལུང་གི་ཡི་གེ་མ་འདྲེས་གསལ། །རང་བཞིན་རྒྱུད་ལས་ཚིག་གི་རྒྱུད། །རྟེན་འདྲེལ་ཡི་གེ་སྒྲ་རྟགས་


DNG023_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བདག་གི་བསྡུས་ལ་གནས་པར་བགྱི། །འདི་དོན་མ་ལུས་གསུང་པ་རྣམས། །འཆད་པའི་རྣལ་འབྱོར་དམ་པ་སྟེ། །གསང་བདག་ཉིད་དུ་གནས་པར་བགྱི། །ཇི་ལྟར་ཇི་ལྟའི་སེམས་ཅན་རྣམས། །དེ་ལྟ་དེ་ལྟའི་དོན་རྣམས་ལ། །གནས་ཤིང་དད་པར་བགྱི་ལགས་སོ། །འདི་སྤྱོད་རྣལ་འབྱོར་གང་དག་ཀྱང་། །རྒྱ་རྟགས་ཞེས་ནི་གཟུང་བར་བགྱི། །དེ་ལ་རྒོལ་དང་བར་གཅོད་དང་། །གཞན་གྱི་སྡེ་པས་མི་ཚུགས་བགྱིའོ། །བཅོམ་ལྡན་འདས་དགོངས་པ་མཐར་ཕྱིན་ནས། བདེ་བ་ཆེན་པོའི་ངང་ལ་བཞུགས་སོ། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། ཇི་སྙེད་པ་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད་གདན་ལས་བཞེངས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །འཁོར་ལོའི་ངེས་པ་ཇི་ལྟ་བུ། །དེ་ཡི་དགོས་པ་ཇི་ལྟ་བུ། །ཡང་དགོས་ཇི་ལྟ་བུ་རུ་བཞེད། །བཅོམ་ལྡན་བདག་ལ་བཀའ་དྲིན་གསུང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ད་ནི་དུས་གསུམ་ཆ་སྙོམས་འབྱུང་། །དུས་གསུམ་ཆ་ཡང་དེ་བཞིན་དེ། །ང་ལས་ཧཱུཾ་གི་སྒྲ་འབྱུང་བས། །ཧ་ཧེ་མཚོན་ཆའི་ཚུལ་དུ་འབྱུང་། །ཧཱུཾ་གི་ཁོང་ནས་ཨེ་འབྱུང་བས། །དཀར་པོ་གྲུ་གསུམ་ཆོས་དབྱིངས་སུ། །གྲུ་གསུམ་མཱ་ར་ཡ་རེ་དགོད། །དཀྱིལ་དུ་རྣམ་ཤེས་སྙིང་པོ་དགོད། །དེ་སྟེང་ཡི་གེ་ཛ་བཞག་པ། །ཆ་མཉམ་པ་ཡི་འཁོར་ལོ་ཡི། །ས་དེར་ཡི་གེ་རྦད་བཞག་པ། །གསོད་བྱེད་དྲག་པོའི་འཁོར་ལོ་ཡིན། །ས་དེར་ཡི་གེ་བྷྱོ་བཞག་པ། །བསྒྲུབ་པའི་འཁོར་ལོ་ཆེན་པོ་ཡིན། །ཀུན་


DNG023_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་བཞིན་ཤེས་པར་བྱ། །ཧཱུཾ་གི་ཁོང་ནས་ཧཾ་བྱུང་བས། །དྭངས་མའི་འཁོར་ལོ་ཆེན་པོ་སྟེ། །དྭངས་མ་ལྔ་ལ་ཡིག་འབྲུ་ལྔ། །སྐྱེ་བ་མེད་པའི་བྱང་ཆུབ་སེམས། །འགག་པ་མེད་པས་འཆི་བ་མེད། །མདོར་ན་རྒྱུ་མེད་རང་བཞིན་བསྐོར། །ལྷག་པ་བྱང་སེམས་འཁོར་ལོ་སྟེ། །སྐྱེ་འགག་གཉིས་མེད་གཟུང་འཛིན་བྲལ། །ཐབས་དང་ཤེས་རབ་གཉིས་ལྡན་པ། །ལྔ་དང་བཅུ་ཡི་རང་བཞིན་བསྐོར། །ཞེས་བརྗོད་དོ། །འདི་ནི་རྫོགས་པའི་འཁོར་ལོ་ཆེན་པོ་ཡིན། །ཧཾ་གི་ཁོང་ནས་ཡཾ་བྱུང་བས། །མཆོག་མ་གཉིས་དང་ཆང་རྩ་གཉིས། །འཆང་བའི་དཀྱིལ་དུ་འབྲུ་ལ་དགོད། །འདི་ནི་འབྱུང་བ་རླུང་གི་འཁོར་ལོ་ཡིན། །མེ་ཡི་འཁོར་ལོ་གྲུ་གསུམ་ལ། །ཡི་གེ་ལྔ་དང་རབ་ཏུ་ལྡན། །ཆུ་ཡི་འཁོར་ལོ་ཟླུམ་པོ་སྟེ། །ཡི་གེ་ལྔ་དང་རབ་ཏུ་ལྡན། །ས་ཡི་འཁོར་ལོ་གྲུ་བཞི་ལ། །ཡི་གེ་ལྔ་དང་ལྡན་པ་སྟེ། །ཐམས་ཅད་གོང་བཞིན་ཤེས་པར་བྱ། །ཡི་གེ་འོད་དུ་ལྡན་པར་བསྒོམ། །ཕཊ་ཀྱིས་སེམས་ཀྱི་རོ་བསད་དེ། །ཏ་ནི་སྲེག་པར་བྱེད་པ་ཡིན། །རྦད་ནི་བདེ་བའི་རོ་བསད་དེ། །ཆོས་ཀྱི་དབྱིངས་སུ་རྟག་པར་བྱའོ། །འཁོར་དང་མྱང་འདས་ཆོས་ཐམས་ཅད། །བྱང་ཆུབ་སེམས་ཀྱི་འཁྲུལ་འཁོར་བསྐོར། །ཡོངས་སུ་བྱང་ནས་སྣང་བར་འགྱུར། །འདུས་བྱས་རྫས་ཀྱི་འཁོར་ལོ་བསྐོར་བ་མུ་སྟེགས་འཁྲུལ་པའི་ལམ། །དཔེར་ན་མཚོན་རྩེ་གཅིག་པས་བཏབ་ན་འཆོར་མེད་བཞིན། །སྣང་ལ་རང་བཞིན་མེད་པ་རྩེ་གཅིག་བསྒོམ། །དབྱིངས་གསང་བ་འཁོར་ལོའི་རྒྱུད་ལས། འཁོར་ལོ་རྣམ་པ་གསུམ་བཤད་པའི་ལེའུ་སྟེ་དགུ་པའོ།། །།གསང་སྔགས་ཐམས་ཅད་ཀྱི་སྤྱི་རྒྱ་ཆེན་པོ་རྒྱུད་ཕྱི་མའི་རིམ་པར་གསུངས་པ་རྫོགས་སོ།། །།


previousདབྱིངས་གསང་བའི་འཁོར་ལོའི་རྒྱུད།next