Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་བཞི་པ། ཡ༽


   
   
   
   
   
དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ།
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ།next

དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ།


DNG024_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཏནྟྲ་མ་ག་ལ་ཀཱ་ལ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ། དཔལ་ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དུར་ཁྲོད་བསིལ་བའི་ཚལ་ན། ནག་པོ་ཆེན་པོ་འཁོར་མ་མོའི་ཚོགས་དང་བཅས་པ་ལ་ཆོས་སྟོན་ཏེ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ལ་ནག་པོས་གསོལ་པ། བདག་གི་སྐྱེ་རྒྱུད་ཇི་ལྟར་ལགས། །ཁས་བླངས་དོན་ནི་ཇི་ལྟར་ལགས། །རྟགས་དང་མཚན་མ་ཇི་ལྟར་ལགས། །སྒྲུབ་པའི་རྫས་ནི་ཅི་ལ་བྱ། །སྒྲུབ་པའི་དཀྱིལ་འཁོར་ཇི་ལྟར་ལགས། །དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མ་ནི་དུར་ཁྲོད་བེ་ཏ་ལི། །ཕ་ནི་དགའ་རབ་དབང་ཕྱུག་ལ། །མས་བྱིན་ཕྱག་ན་ཐོད་ཁྲག་འཛིན། །ཕས་བྱིན་ཕྱག་གི་གྲི་གུག་ལས། །ཐམས་ཅད་ཀུན་ལ་འཚེ་བར་བྱེད། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །ཁྱི་དང་མི་ནག་ས་གཡོས་དང་། །གྲིབ་གནོན་ལྟ་བུར་འོང་བ་ནི། །ནག་པོ་ཆེན་པོ་གྲུབ་རྟགས་ཡིན། །མོན་སྲན་གྲེའུ་འཛམ་བུ་སྟེ། །ཤིང་ཐོག་རྣམ་པ་སྣ་ཚོགས་དང་། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །བདུག་སྤོས་དྲི་མཆོག་ལྡན་པ་དང་། །


DNG024_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བ་གླང་ཤ་དང་རྟ་ཤ་དང་། །ཁྱི་ཤ་དག་དང་ཤ་ཆེན་དང་། །གླང་ཆེན་ཤ་དང་རྣམ་པ་ལྔ། །གླ་རྩི་དྲི་ཆུ་ཙནྡན་གཉིས། །གོ་རོ་ཙ་ན་སྦྱར་བ་ནི། །དེ་དག་གྲུབ་པའི་དམ་རྫས་ལགས། །ཁྲུ་རེ་བ་ལ་རིམ་པ་གསུམ། །རིམ་བཞིན་ཕྱག་སོར་གསུམ་པའི་ཚད། །དབུས་མིན་པར་ནི་ནག་པོ་སྟེ། །དེ་ཡི་རྒྱར་ནི་ཟླུམ་པོ་སྟེ། །རྒྱར་ནི་ཟུར་གསུམ་དམར་པོར་བྱ། །རྩིབས་བརྒྱད་ཕྱེད་ཆ་ནག་པོར་བྱ། །མུ་ཁྱུད་སོར་གསུམ་དང་པོ་དམར། །གྲི་གུག་དམར་སྐྱའི་ཕྲེང་དང་རིམ། །སྒྲུབ་པའི་དཀྱིལ་འཁོར་དེ་ལྟར་ལགས། །ཕྱག་གི་ཐོད་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཤིན་ཏུ་ཟླུམ་ལ་ཚང་ཆག་གཅིག །སྤྱི་བོ་ཅུང་ཟད་འབུར་བ་དང་། །ཤིང་ལོ་གཉིས་དང་ཟིལ་འབྲུར་ལྡན། །གྲི་གུག་མཚན་ཉིད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སོར་བཅུ་རྡོ་རྗེའི་ཡུ་བ་ཅན། །ཡུ་བའི་རྩ་བར་ཧཱུཾ་གནས་པར། །སོ་ནི་ཟླ་ཕྱེད་ལྟ་བུར་བྱ། །ཐང་ཀ་བྲི་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རས་ཆེན་ཤིན་ཏུ་གཉན་པ་ལ། །རོ་ཡི་སྐྲ་ཡིས་ཐིག་བཏབ་ལ། །འོག་ཏུ་རྡོ་རྗེའི་བྲག་སྟེང་དུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། །དེ་སྟེང་ཞིང་གཉིས་བསྣོལ་མར་བྲི། །ཉི་མའི་དཀྱིལ་འཁོར་སེར་པོར་བྲི། །དེ་སྟེང་སྐུ་ཚད་ཁྲུ་གང་བ། །ཁ་དོག་ནག་པོ་སྤྱན་གསུམ་པ། །མཆེ་བ་ལྷང་ངེར་གཙིགས་པའོ། །རལ་པ་ནག་པོ་གྱེན་དུ་གཡེངས། །བརྒྱ་ཕྱེད་ལྔ་བཅུའི་དོ་ཤལ་བྱས། །ཐོད་པ་ལྔ་ཡི་དབུ་རྒྱན་བྱས། །སྟག་གི་པགས་པས་སྨད་དཀྲིས་ཤིང་། །ནག་པོ་སྦྲུལ་གྱིས་ཡན་ལག་བརྒྱན། །ཁ་ནས་ཁྲག་འཛག་སྤྱན་མིག་དམར། །གཡས་ཀྱིས་གྲི་གུག་ཕྱར་བ་དང་། །ཐོད་པ་སྙིང་གི་ཐད་དཀར་འཛིན། །སྐྲ་ནི་སྟེང་གི་ཕྱོགས་སུ་གཟེངས། །སྙིང་གར་འཁོར་ལོ་རྩིབས་བརྒྱད་ལ། །དབུས་ནི་གྲུ་གསུམ་ཉི་མར་བཅས། །དེ་དབུས་རྡོ་རྗེ་གྲི་གུག་བྲི། །ཕུར་བུའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུར་ཁྲོད་ཤིང་ངམ་སེང་ལྡིང་ལ། །མ་ཧཱ་ཀཱ་ལའི་སྐུ་བྱའོ། །རབ་ཏུ་གནས་པ་ཇི་


DNG024_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨ་ལས་བྱུང་བའི་ཐོད་པ་ལྔ། །ནག་པོའི་ཕྱག་གི་ཐོད་པ་བསྡིམ། །མདུན་དུ་ནག་པོ་ཆེན་པོ་བསྐྱེད། །སྔགས་སྟོང་བཟླས་ལ་རབ་གནས་བྱ། །ཧཱུཾ་ལས་བྱུང་བའི་གྲི་གུག་ལ། །ཡུ་བའི་ཧཱུཾ་ལས་འོད་ཟེར་འཕྲོས། །སླར་འདུས་ནག་པོ་ཆེན་པོར་བསྐྱེད། །རང་བཞིན་མགོན་པོ་སྤྱན་དྲང་གཞུག །དེ་ནས་སྔགས་བཟླས་རབ་གནས་བྱ། །ཐང་ཀ་རབ་ཏུ་གནས་པ་ལ། །དང་པོ་ཚད་ལྡན་དཀྱིལ་འཁོར་བརྩིགས། །དམ་རྫས་སྣ་ཚོགས་འབྱོར་པ་བསགས། །ནག་པོ་བསྐྱེད་ལ་སྔོན་བསྙེན་བྱ། །འབུམ་དྲུག་བཟླས་ནས་སྤྱན་དབྱེ་བ། །ཨོཾ་མ་ཧཱ་ཀཱ་ལ་ཙཀྵུ་པ་ལམ་ཧྲི། ཞེས་བརྗོད་དོ། །དེ་ནས་རང་ཉིད་དེར་བསྐྱེད་དོ། །རང་བཞིན་མགོན་པོ་བཞུགས་པར་བྱ། །དེ་ནས་ཟི་རའམ་ཉུང་དཀར་ལ། །འབུམ་བཟླས་ནས་ནི་རབ་གནས་བྱ། །ཕུར་བུ་རབ་ཏུ་གནས་པ་ལ། །ཡི་གེ་ཧཱུཾ་ལས་ནག་པོར་བསྐྱེད། །རང་བཞིན་མགོན་པོ་སྤྱན་དྲང་གཞུག །དེ་ནས་སྔགས་ཀྱིས་རབ་གནས་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཀཱི་ལ་ཡ་ཕཊ། སྟོང་རྩ་བརྒྱད་ཀྱིས་བཏགས་པ་བརྗོད། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། གླེང་གཞི་དང་རྟེན་རབ་ཏུ་གནས་པའི་ཆོ་ག་བསྟན་པའི་ལེའུ་སྟེ་དང་པོའོ།། །།ལྷ་བསྐྱེད་པ་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོ་བྷྲཱུཾ་ལས་གཞལ་ཡས་ཁང་། །ཟུར་གསུམ་ཟུར་དུ་སྒོ་ཡོད་པ། །ཞིང་གི་ཀ་གདུང་གྲབ་དྲལ་ལ། །ཐོད་པ་སྐམ་རློན་རྩིག་པར་ལྡན། །གྲི་གུག་ཡུ་ཅན་མེ་རིས་མཚན། །དེ་ཡི་འོག་ཏུ་རྡོ་རྗེ་བྲག །མཐིང་ནག་ཤིན་ཏུ་གཏམས་པའི་སྟེང་། །དེ་སྟེང་གྲུ་གསུམ་ཟླ་གམ་གསུམ། །འཁོར་ལོ་རྩིབས་བརྒྱད་མཐིང་ག་ལ། །གྲི་གུག་མཐིང་གའི་ར་བས་བསྐོར། །དེ་སྟེང་རོ་གཉིས་བསྣོལ་སྟེང་དུ། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །བདག་ཉིད་ཐུགས་ཀར་ཧཱུཾ་བྱུང་ནས། །ཉི་མའི་སྟེང་དུ་གནས་པར་བསམ། །དེ་ལས་གྲི་གུག་ཧཱུཾ་གིས་མཚན། །འོད་དུ་ཞུ་ནས་མགོན་པོར་གྱུར། །མདོག་ནག་གཟུགས་


DNG024_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་གཟི་བརྗིད་ཆེ། །ཁ་ནས་ཁྲག་ཆེན་ཁྲོས་ཙམ་ན། །རང་གི་ཡན་ལག་ཤ་གཅོད་བྱེད། །ཁྲག་གི་རྒྱུན་ཡང་འཇིབ་པར་བྱེད། །སློབ་དཔོན་ལ་སྨོད་བསྟན་ལ་སྡང་། །དམ་ཚིག་ལ་འཆོལ་མཚམས་མེད་བྱེད། །དེ་རྣམས་མགོར་གནས་རྣམ་ཤེས་བཟའ། །གཡས་ན་གྲི་གུག་གཡོན་ཐོད་ཁྲག །སྟག་ལྤགས་རློན་པས་སྨད་དཀྲིས་ཤིང་། །གཏུམ་པ་སྤྱན་གསུམ་གསུས་པ་འཕྱང་། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན། །མཆེ་བ་གཙིགས་ཤིང་སྤྱན་མིག་བཟློག །སྐུ་ལ་ནག་པོ་གྲངས་མེད་འཕྲོ། །དེ་ཡི་ཐུགས་ཀར་དཀྱིལ་འཁོར་བསམ། །དེ་སྟེང་ཉི་སྟེང་གྲི་གུག་ལས། །རྡོ་རྗེའི་རྩ་བར་ཧཱུཾ་གནས་ལ། །འོད་འཕྲོས་རང་བཞིན་མགོན་པོ་དགུག །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པ། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་བཞུགས། །ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར། །གཞན་གྱི་ཁྱད་པར་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནག་པོ་ཆེན་པོ་ཁྱོད་ཉོན་ཅིག །སྔར་བཤད་པ་ཡི་དཀྱིལ་འཁོར་དུ། །དབུས་སུ་ནག་པོ་ཆེན་པོ་ནི། །དྲག་བྱེད་ཚུལ་དུ་བསྐྱེད་བྱས་ནས། །རྩིབས་བརྒྱད་ལ་ནི་གོ་རིམ་ བཞིན། །གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མོ་དང་། གཤིན་རྗེ་བེ་ཅོན་མ་དང་། གཤིན་རྗེ་དུས་མཚན་མོ་དང་། གཤིན་རྗེ་ལྕགས་ཀྱུ་མོ་དང་། གཤིན་རྗེ་ཞགས་པ་མོ་དང་། གཤིན་རྗེ་ལུ་གུ་རྒྱུད་མ་དང་། གཤིན་རྗེ་འབེབས་པ་མ་དང་། དུར་ཁྲོད་མ་མོ་འདི་དག་ཀྱང་། །གཡས་ན་གྲི་གུག་མཚན་མ་དང་། །ཕྱག་གཡོན་ན་ནི་ཐོད་ཁྲག་འཛིན། །གཞན་མ་ཆ་ལུགས་གཙོ་དང་མཚུངས། །དེ་ཡི་ཕྱི་རིམ་བརྒྱད་པོ་ལ། །གདན་གྱི་སྟེང་དུ་བསམ་བྱ་བ། །ལས་ཀྱི་གཤིན་རྗེ་བརྒྱད་པོ་ནི། །ཤར་ཕྱོགས་སུ་ནི་ཡ་བ་ཏི། །ལྷོ་ཕྱོགས་སུ་ནི་རྒྱལ་པོའོ། །ནུབ་ཕྱོགས་སུ་ནི་ཏེལ་པ་སྟེ། །བྱང་གི་ཕྱོགས་སུ་གླང་མགོ་ཅན། །བྱང་ཤར་རལ་པ་ཚར་དགུ་སྟེ། །ནུབ་བྱང་གཤིན་རྗེ་རྨིག་པ་བསམ། །ལྷོ་ནུབ་གཤིན་རྗེ་


DNG024_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱ་སངས་བསྐྱེད། །ཤར་ལྷོ་མཚམས་སུ་མིག་དམར་དགོད། །དེ་དག་ཁ་དོག་སྔོ་སྐྱ་ལ། །གྲི་དང་ཐོད་པ་ཐོགས་པའོ། །སྤྱན་དྲང་ཆོ་ག་གོང་དང་མཚུངས། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལྷ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།དབང་བསྐུར་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔར་བཤད་པ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བཤམས་བྱས་ལ། །ནག་པོ་ཆེན་པོ་སྤྱན་དྲངས་ལ། །དེ་ཡི་མདུན་དུ་བསྙེན་པ་ནི། །འབུམ་དུ་བྱས་ནས་སྤྱན་ཕྱེ་ལ། །སྔར་བཤད་པ་ཡི་བྲིས་སྐུ་རྟེན། །དེ་ལ་གྲི་གུག་ཐོད་པ་དང་། །ཐང་ཀས་དབང་བསྐུར་ཚོགས་ལ་བཤད། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། །།ནག་པོའི་ལྷ་རྒྱུད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐུ་དང་གསུང་དང་ཐུགས་ཀྱི་ནི། །ལྷ་རྒྱུད་བསྟན་གྱིས་མཉན་པར་གྱིས། །ཧཱུཾ་སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་བདག །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །ཧཱུཾ་མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་ཐོད་པ་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཧཱུཾ་ཁྲོས་པའི་ཞབས་བརྡབས་ས་གཞི་གཡོས། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལྷ་རྒྱུད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།གཏོར་མའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷ་ནི་མཉེས་པར་བྱེད་པ་དང་། །བར་ཆད་ཞི་བར་བྱ་བའི་ཕྱིར། །གཏོར་མ་བཤད་ཀྱིས་མཉན་པར་གྱིས། །


DNG024_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལས་བྱུང་བའི་ཐོད་པ་ཡི། །ནང་དུ་སྔར་བཤད་རྫས་རྣམས་བསམ། །འོག་ཏུ་ཡཾ་ལས་རླུང་བསམ་ལ། །དེ་སྟེང་རཾ་ལས་མེ་འབར་བས། །གཏོར་མའི་སྟེང་དུ་ཉི་མ་བསམ། །དེ་སྟེང་ཧཱུཾ་ལས་གྲི་གུག་བསམ། །དེ་ལས་འོད་ཟེར་གཉིས་སུ་འཕྲོས། །འོག་མས་གཏོར་མ་བདུད་རྩིར་བསྒྱུར། །རླུང་གིས་མེ་སྦར་ཐོད་པ་བསྲོས། །སྔོ་དང་དམར་དང་དཀར་པོར་བསྒྱུར། །དེ་ནས་སྟེང་གི་འོད་ཟེར་གྱིས། །རང་བཞིན་གྲུབ་པའི་བདུད་རྩིར་གྱུར། །གྲི་གུག་ཉི་བཅས་འོད་དུ་ཞུ། །དེ་ནས་སྔགས་འདི་བརྗོད་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཡཱ་ཛྙཱ་ན་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུཾ་ཧཱུཾ་མ། དེ་ནས་སྔགས་ཀྱིས་དབུལ་བར་བྱ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། གཏོར་མའི་ཆོ་ག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།སྔགས་རྣམས་ཐམས་ཅད་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལས་རྣམས་ཐམས་ཅད་འགྲུབ་པར་བྱེད་པ། དྲག་བྱེད་ཐམས་ཅད་གནོན་པར་བྱེད་པ། བགེགས་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་སྒྲོལ་བར་བྱེད་པ། སེར་བ་ཐམས་ཅད་གཅོད་པར་བྱེད་པ་དང་། ཆར་པ་དབབ་པ་དང་། བཅད་པ་དང་། ཡི་དྭགས་སྐྲོད་པ་དང་། མ་མོ་དང་འབྱུང་པོ་ཐམས་ཅད་དབང་དུ་སྡུད་པ་དང་། རིག་སྔགས་རྦོད་གཏོང་གཅོད་པ་དང་། ནག་པོ་ཆེན་པོའི་སྙིང་པོ་དང་འབོད་རྦད་བསད་གསུམ་གྱི་སྙིང་པོ་དང་། འཁོར་ལོའི་སྔགས་བརྗོད་པར་བྱ་ཡིས་ཉོན་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཀཱ་རི་ནི། ཨེ་ཥཱ་པཤྩི་མ་མ་ཀཱ་ལོ་྅་ཡ་མི་དཾ་རཏྣ་ཏྲ་ཡཱ་ཡ་ཨུ་པ་ཧ་རི་ཎི་ཡ་ཏི་པྲཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲིཧྞ། བྷནྡྷ་བྷནྡྷ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་ས་དྭ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ་ཡཀྵེ་ཡཙྪ་ནི་ར་མ་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱིཿཝིཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧ་ན་ཧཱུཾ་ཕཊ། ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །།ཐུགས་དམ་བསྐུལ་བ་ཇི་ལྟར་ལགས། །


DNG024_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནག་པོ་ཆེན་པོ་ལས་ལ་བསྐུལ་བ་ནི། །ང་ཡིས་བཤད་ཀྱི་ཁྱོད་ཀྱིས་ཉོན། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་སྲུང་བར་སྐྱེད་བྱེད་པ། །ནག་པོ་ཆེན་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །རལ་པ་ནག་པོ་གྱེན་དུ་གཡེང་། །སྟེང་གི་ལྷ་ཚངས་འཇིགས་པར་བྱེད། །སྤྱན་བགྲད་ལྗགས་འདྲིལ་བར་གྱི་ལྷ་གདོན་བསྡིག །གཡས་པ་གྲི་གུག་གནོད་སེམས་ཅན་ལ་སྡང་། །གཡོན་པ་ཐོད་ཁྲག་གནོད་སེམས་ཁྲག་གང་གསོལ། །ཞབས་བརྡབ་གནོད་སེམས་ཅན་གྱི་ལས་ལ་ཉིད། །གང་གི་དཀོན་མཆོག་གསུམ་ཁྲོ་དང་། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིངྒ་འདི་ལ་མྱུར་དུ་ཆུག །འདི་ཡི་ཤ་ཟོ་ཁྲག་འཐུང་ལ། །རུས་པ་ཀླད་པ་ནང་རོལ་ཟོ། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བོ་ཀུན་དང་ཕྲོལ་ལ་ཐོང་། །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱེད་ནི་ཉམས་པར་འགྱུར། །ཞེས་བསྐུལ་ལོ། །དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། བསྐུལ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ལིངྒ་བཅའ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འབྲུ་ནག་སྣ་ཚོགས་ཕྱེ་མ་ལ། །ཚ་བ་གསུམ་གྱིས་གཟུགས་བརྙན་བྱ། །དུག་དང་སྐེ་ཚེ་ལན་ཚྭ་དང་། །རྒྱ་ཚྭ་ཁ་ཚྭ་རྩབས་རུ་ཚྭ། །སྔགས་དང་དགྲ་མིང་སྤེལ་ལ་བྲི། །ཤི་ཀའི་ཁྲག་དང་མྱོས་བྱེད་ཀྱིས། །ཁྱད་པར་དུ་ཡང་དགྲ་མིང་བྲི། ། འཁོར་ལོ་རྩིབས་བརྒྱད་བྲིས་ནས་ནི། །རྩིབས་དང་རྩིབས་བར་རྣམས་ལ་ནི། ། སྙིང་པོ་དགྲ་མིང་སྤེལ་ལ་བྲི། །མུ་ཁྱུད་འཁོར་བར་སྔགས་རིང་དང་། །བསད་བཅས་སྔགས་དང་དགྲ་མིང་སྤེལ། །དྲིལ་ནས་སྙིང་གར་གཞུག་པར་བྱ། །དེ་ནས་འབོད་རྦད་བསད་གསུམ་ནི། །སྟོང་རྩ་བརྒྱད་ཀྱི་བར་དུ་བརྗོད། །དེ་ནས་ནག་པོ་གྲངས་མེད་འཕྲོས། །གྲི་གུག་གིས་ནི་ལུས་བཀུག་ནས། །སྔགས་ཀྱི་ལིངྒ་དག་ལ་གཞུག །སྙིང་པོའི་སྔགས་ཀྱི་འོད་ཟེར་གྱིས། །སེམས་


DNG024_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་ནས་ནི་སྙིང་གར་གཞུག །དེ་ནས་སྔར་བསྟན་བསྐུལ་བ་བྱ། །ནག་པོ་ལས་ནི་ནག་པོ་འམ། །ཡང་ན་དངོས་པོ་སོང་བས་ནི། །ཕུང་པོ་ལྷག་མ་དེ་བཀུག་ནས། །སྔ་མ་འཁྲུལ་འཁོར་དེ་ལ་གཞུག །སྔགས་དང་དགྲ་མིང་སྤེལ་ལ་བྲི། །སྔར་བཤད་པ་ཡི་དཀྱིལ་འཁོར་དུ། །དུར་ཁྲོད་ཤིང་དང་ཕུབ་མ་ལ། །པདྨ་འཛག་པའི་རཀྟ་དང་། །ཚིལ་ཆེན་གུ་གུལ་ནག་པོ་དང་། །དྷ་དུ་ར་ཡི་འབྲས་བུ་བསྲེགས། །གདུང་ལ་ཚེར་མས་ཚིགས་རྣམས་དགང་། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལིངྒ་བཅའ་བ་དང་ཁ་སྦྱོར་གྱི་ཆོ་ག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།སྦྱིན་བསྲེག་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔར་བཤད་པ་ཡི་ཐབ་ཁུང་དུ། །གནག་ཅིང་རྩུབ་པའི་ཤིང་བརྫངས་ནས། །ལིངྒ་གཡས་སུ་བཅའ་བར་བྱ། །འབྲས་བུ་རྣམ་པ་སྣ་ཚོགས་དང་། །དུག་གི་རིམ་པ་ཅི་འབྱོར་དང་། །ལྕགས་སམ་ཐོད་པར་བླུགས་ནས་ནི། །མཆོད་པའི་རྫས་དང་གཡོན་དུ་དགྲམ། །མགོ་ལས་བྱས་པའི་དགང་བླུགས་དང་། །ཚིལ་ཆེན་ཞུན་མར་མདུན་དུ་དགྲམ། །དེ་ནས་སྔགས་པས་མཉམ་གཞག་པས། །སྔར་བཤད་པ་ཡི་ཆོ་ག་ཡིས། །དགྲ་བགེགས་བཀུག་ལ་གཟུགས་ལ་བཅུག །དེ་ནས་ཕྱག་གི་གྲི་གུག་གིས། །སྔགས་བརྗོད་ནས་ནི་གཏུབ་པར་བྱ། །དེ་ནས་ཐབ་ཁུང་དེ་ཉིད་དུ། །ཡཾ་ལས་རླུང་དང་ཉི་མ་དང་། །དེ་སྟེང་རཾ་གྱིས་བཞུ་ནས་ནི། །གྲི་གུག་ཧཱུཾ་གིས་མཚན་པར་གྱུར། །དེ་ལ་མེ་ལྷ་བསྒོམ་པ་ནི། །མདོག་ནག་གདོང་བཞི་ལག་པ་བཞི། །གཡས་ཀྱི་དང་པོ་གྲི་གུག་ལ། །གཡོན་པ་ན་ནི་ཐོད་པ་བསྣམས། །འོག་གཉིས་བེ་ཅོན་རིལ་པའོ། །སྙིང་གར་ཧཱུཾ་དང་ལྕེ་ལ་རཾ། །སྙིང་གར་ཧཱུཾ་ལས་འོད་ཟེར་འཕྲོས། །རང་བཞིན་གནས་ནས་སྤྱན་དྲང་བཞུགས། །དེ་ནས་མེ་སྦར་རིམ་བཞིན་མཆོད། །ཨོཾ་ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། དེ་ཡི་ཐུགས་ཀར་ནག་པོ་བསམ། །མཆོད་པ་ཕུལ་ཏེ་སྲེག་པའི་སྔགས། །སྔགས་དང་


DNG024_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་རེ་རེ་ལྡན། །ཨོཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་སརྦ་ཤ་ཏྲཱུ་ཏུ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། ཡང་ན་སྔར་བསྟན་སྔགས་ཀྱིས་དབུལ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། སྦྱིན་སྲེག་གི་ལེའུ་སྟེ་དགུ་པའོ།། །།ནག་པོ་ཆེན་པོས་གསོལ་པ། མནན་པའི་ཆོ་ག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མནན་པའི་ཆོ་ག་བཤད་པར་བྱ། །ཐིག་བཞི་པ་ལ་རེ་མིག་དགུ། །ཐིག་སྐོར་གཉིས་ཀྱིས་བསྐོར་བ་བྲི། །དེ་ནས་ཡི་གེ་བྲིས་ནས་ནི། །རྩ་བའི་སྔགས་ནི་དབུས་སུ་བྲི། །བར་མའི་ཆ་ལ་སྙིང་པོ་བྲི། །ཐ་མར་ཉེ་བའི་སྙིང་པོ་བྲི། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་ནི། །འབོད་རྦད་གཉིས་ནི་རྩིབས་བར་དགོད། །ཡི་གེ་བཞི་དང་སྙིང་པོ་ནི། །མིང་དང་སྤེལ་ནས་ནང་ཆ་ལ། །བསད་པ་བརྒྱད་ནི་ཐད་ཀ་སྟེ། །ཐིག་ལེས་དེ་དག་འཁོར་བར་བྱ། ། རབས་ཆད་ཐོད་པ་གཡས་གཡོན་ལ། །བྲིས་ནས་དེ་ནང་ལིངྒ་གཞུག །དེ་ནས་ཉི་མ་བདུན་གྱི་བར། །སྦྱོར་བ་བཞི་ཡི་ཆོ་ག་བརྩམ། །དེ་ནས་ཉི་མ་དང་པོ་ལ། །ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཆེ་གེ་མོ་པྲ་མོ་ཡཾ་ཀུ་རུ་ཧཱུཾ་ཕཊ། ཉི་མ་གསུམ་པ་ལ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་རཀྟ་ཙ་ར་ཡ་ས་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་ལ། ཡཀྵེ་ཡཙྪ་ནི་ར་མ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཡ་བ་ཏི་དང་ཕྱྭ་སངས་དང་། གཤིན་རྗེ་འབེབས་པ་མ་རྣམས་ནི་བསྒྲུབ་བྱའི་འཁོར་དུ་བཅུག་པའོ། །གླང་མགོ་ཅན་དང་། རྨིག་པ་གཤིན་རྗེ་ཕོ་ཉ་མོ། གཤིན་རྗེ་མཆེ་བ་མོ་རྣམས་ནི། བསྒྲུབ་བྱ་སྨྱོ་རུ་བཅུག་པའོ། །གཤིན་རྗེ་རལ་པ་དང་ཆོས་ཀྱི་རྒྱལ་པོ་དང་། གཤིན་རྗེ་ལྕགས་ཀྱུ་མ་དང་། གཤིན་རྗེ་ཞགས་པ་མོ་རྣམས་ནི། བསྒྲུབ་བྱ་ཁྲག་ཏུ་སྐྱུག་པའོ། །རལ་པ་ཚར་དགུ་དང་། མིག་དམར་དང་། གཤིན་རྗེ་མཚན་མོ་ནག་མོ་དང་། དུས་མཚན་ནག་མོ་རྣམས་ནི་གསོད་པའི་ལས་བྱེད། ཉི་མ་ལྔ་པ་ཡི་གེ་བཅུ་པའོ། །ཉི་མ་དྲུག་པ་ལ་ཡི་གེ་བདུན་པའོ། །དེ་དག་ནི་བསད་པའི་ལས་ལ་སྦྱར་བའོ། །


DNG024_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་བདུན་པ་ལ་ནག་པོ་ཆེན་པོའི་སྔགས་བརྗོད་ནས་དུར་དུ་སྦ་བའམ། ཡང་ན་ཉི་མ་བཞིར་བྱས་ནས་དུར་དུ་སྦས་ནས་རྒྱུད་མི་ལུས་པར་འགྱུར་རོ། །འཁོར་ལོ་རྩིབས་བརྒྱད་བྱས་ནས་ནི། །ཀླུ་བརྒྱད་བྲིས་ནས་བར་དུ་བཅུག །ཀླུ་ཡོད་གནས་སུ་སྦས་གྱུར་ན། །དེ་ནི་ལོ་ལས་མི་འདའ་བར། །གང་ལ་བྱ་བ་འཆི་བར་འགྱུར། །ཁྲི་འཕང་བརྒྱད་པའི་མཆོད་རྟེན་དུ། །ལིངྒ་ལོག་ནས་བཅུག་བྱས་ཏེ། །རྩ་བའི་སྔགས་ཀྱང་གཞུག་བྱས་ན། །དེ་ཡང་གོང་དང་འདྲ་བར་འགྱུར། །གང་འདོད་ཡུལ་གྱི་ལྷ་རྟེན་གནས། །ནག་པོ་བསྐྱེད་ལ་གཏོར་མ་སྦྱིན། །སྔོན་བཤད་བསྙེན་པ་ཚང་བར་བྱ། །ཡུལ་འདིར་སེར་བ་མྱུར་དུ་ཕོབ། །བསྒོས་ན་སེར་བ་འབེབས་པར་བྱེད། །དེར་ནི་གཏོར་མ་གཏེར་དུ་སྦས། །ཡུལ་ལྷའི་སྙིང་གར་ཕུར་བུས་གདབ། །དེས་ནི་ཐེ་ཙོམ་སོམ་ཉི་མེད། །སྔོན་བསྙེན་གོང་དུ་སོང་བ་ཡིས། །མང་པོ་སྤུ་ཅན་དཀྱིལ་འཁོར་སྔགས། །སྟོང་ངམ་ཁྲི་ཕྲག་བསྙེན་པ་བྱ། །དེ་ནས་ར་རུ་གཡས་པ་རུ། །འབུམ་ཕྲག་བཟླས་ནས་ཉུང་དཀར་བསགས། །ཁ་གཅོད་ནས་ནི་གནས་སུ་སྦ། །ཨོཾ་ཀྲི་ལི་ཤག་སེར་དྲིལ་བྷྱོ། ཨོཾ་ཛ་ཏི་ཥེ་ཤར་པོ་དྲིལ་བྷྱོ། ཨོཾ་པྲ་མ་ཡ་ཀར་ཀྲི་ཕེབ་བྷྱོ། དེ་ནས་མི་རྐང་སྒྱེད་པུའི་སྟེང་དུ་མནོལ་ཐོད་བཙུག །དེ་ཡི་ནང་དུ་འོ་མ་དང་། སྔོ་ཁུ་དང་། དུག་ཁྲག་སྣ་ཚོགས་བསྐོལ། རབས་ཆད་ཐོད་པས་ཁ་བཅད། འོག་ཏུ་དུག་མེ་འབུད། ཨོཾ་བོར་མའི་སྔགས་བྱ། ར་གསོབ་གདབ། སྐྱེར་ཕུར་ལྔ་ལ་འོག་དང་ལོགས་ལ་ཨོཾ་ལྔ་བྲིས་ལ་བསྲུངས་སུ་བཙུག །རྦད་བསྐུལ་བྱ། ཁྱི་ཡི་ཐོད་པ་ལ་སྔ་མའི་སྦྱོར་བ་བྱས་ལ་ཁང་སྨད་དུ་སྦས་ན་གང་བསྒོ་བ་འགྲུབ་པོ། །ཐལ་བའི་ཉུང་དཀར་ལ་བཟླས་ཏེ་གཏོར་ན་སེར་བ་ཆད་པར་འགྱུར་རོ། །དེ་ནས་དུར་ཁྲོད་ཤིང་རས་ལ། །དུག་དང་སྔ་མའི་རྫས་རྣམས་ཀྱིས། །འཁོར་ལོ་རྩིབས་བརྒྱད་གཉིས་བྲིས་ལ། །རྩིབས་ལ་མ་གཤིན་བཅུ་དྲུག་བྲི། །དབུས་སུ་དགྲ་ཡི་མིང་རུས་སྦྲུལ། །ནག་པོ་མགོ་བདུན་ཡོད་པས་དཀྲིས། །དེའི་ཁར་ནི་ཡི་གེ་


DNG024_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཁ། །དེ་རྒྱབ་སྔར་བཤད་སྔགས་ཀྱིས་བསྐོར། །དེ་ནས་ལིངྒའི་བར་བཅུག་ལ། །ཁ་སྦྱར་བྱས་ལ་ཐོད་པར་གཞུག །དུག་གིས་བྱུག་ལ་སྔགས་ཀྱིས་གདབ། །སྦྲུལ་དང་སྦལ་བ་ལྕོང་མོའི་ཤ །དུག་ལ་བསྲེག་ཅིང་བདུག་པར་བྱ། །ཕུར་བུས་བཏབ་ནས་ཀླུ་འམ་ནི། །ས་བདག་མགུལ་བསྐྱེད་གསུམ་པ་ཡི། །བར་དུ་སྦས་ནས་རིམས་ཀྱིས་འཛིན། །མཛེས་འཛིན་པ་ལ་ཐེ་ཚོམ་མེད། །སྤོག་པའི་ཆོ་ག་ནི། སྔ་མའི་རྫས་རྣམས་ལ་ལིངྒ་བྱས་ཏེ། སྙིང་གར་མིང་རུས་བཅུག་ནས། དུར་ཁྲོད་ཀྱི་མེ་ལ་བདུག་ཅིང་། སྔགས་ཟློག་ནས་བཟླས་ན་ངེས་པར་འགྱུར་རོ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། ལས་སྦྱོར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།སྔགས་རྣམས་བཏུ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་རྣམས་བཏུ་བ་མ་བྱས་ན། །དོན་རྣམས་ལོག་པར་འགྲོ་བར་འགྱུར། །སྔགས་རྣམས་སྤྲོ་བར་མ་བྱས་ན། །དངོས་གྲུབ་འགྲུབ་པར་ཡོངས་མི་འགྱུར། །སྔགས་རྣམས་བསྲེ་བར་མ་བྱས་ན། །རང་དགར་འཇུག་པ་ཉིད་དུ་འགྱུར། །དེས་ན་སྔགས་རྣམས་ངས་བཏུ་ཡིས། །ནག་པོ་ཆེན་པོ་ཉན་པར་གྱིས། །དྲུག་པའི་དང་པོ་དང་། ལྔ་པའི་ལྔ་པ་དང་། དྲུག་པའི་གཉིས་པ་དང་། དབྱངས་ཡིག་གཉིས་པ་དང་སྦྱར་བ་དང་། གཉིས་པའི་གསུམ་པ་ལ། དབྱངས་ཡིག་གཉིས་པ་སྦྱར་བ་དང་། བདུན་པའི་གསུམ་པ་དང་། བཞི་པའི་གསུམ་པ་ལ། དབྱངས་ཡིག་བཅུ་གསུམ་པ་སྦྱར་བ་དང་། ལྔ་པའི་ལྔ་པ་ལ། དབྱངས་ཡིག་བཅུ་གཅིག་པ་སྦྱར་བའོ། །དྲུག་པའི་དང་པོ་གཉིས་སུ་བགྲང་བ་དང་། ལྔ་པའི་ལྔ་པ་ལ། དབྱངས་ཡིག་བཅུ་གཅིག་པ་གནན་པའོ། །བཞི་པའི་གསུམ་པ་ལ། དབྱངས་ཡིག་བཅུ་གསུམ་པ་དང་ལྡན་པ་དང་། དྲུག་པའི་གཉིས་པ་ལ། དབྱངས་ཡིག་ལྔ་དང་ལྡན་པ་དང་། གསུམ་པའི་ལྔ་པ་དང་། དེ་ནས་རླུང་གི་ས་བོན་སྦྱིན། དབྱངས་ཡིག་བཅུ་གསུམ་པ་སྦྱོར་བ་དང་། བཞི་པའི་གསུམ་པ་ལ། དེ་ནས་རླུང་གི་ས་བོན་སྦྱིན། དྲུག་པའི་དང་པོ་དང་། བཞི་པའི་གསུམ་པ་དང་། དེ་ནས་རླུང་གི་ས་བོན་སྦྱིན། དབྱངས་ཡིག་བཅུ་གསུམ་སྦྱིན་པ་དང་།


DNG024_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་ལྔ་པ་ལ། དབྱངས་ཡིག་གསུམ་པ་སྦྱར་བ་དང་། །དེ་ནས་མེ་ཡི་ས་བོན་སྦྱིན། །རླུང་གི་ས་བོན་དེ་བཞིན་ནོ། །དེ་ནས་ཡི་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་སྦྱར། །དེ་ནས་རླུང་གི་ས་བོན་མཆོག །དྲུག་པའི་དང་པོ་མཆོག །དེ་ནས་ཡི་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་སྦྱིན། །དེ་ནས་རླུང་གི་ས་བོན་ལ། །གཉིས་པའི་དང་པོ་གཉིས་གཅིག་ཏུ་བགྲང་བ་དང་། བཞི་པའི་ལྔ་པ་ལ། དབྱངས་ཡིག་གསུམ་ལས་དབྱེ་བའོ། །དེ་ནས་མེ་ཡི་ས་བོན་ལ། དབྱངས་ཡིག་གཉིས་པ་དང་སྦྱར་བའོ། །ལྔ་པ་ལ་ཡང་ལྔ་པ་ལ། དེ་ནས་རླུང་གི་ས་བོན་སྦྱིན། དང་པོ་རྣམ་པར་སྣང་མཛད་བཞག །ལྔ་པའི་གཉིས་པ་ལ། གསུམ་པའི་དང་པོ་ལན་གཉིས་བརྗོད་པར་བྱའོ། །སེམས་ཀྱི་ས་བོན་བར་དུ་རྩ་བའི་སྔགས་བཏུ་བའོ། །བདུན་པའི་བཞི་པ་ལ། དབྱངས་ཡིག་བཞི་པ་སྦྱར་བ་དང་། །མེ་ཡི་ས་བོན་འོག་ཏུ་སྦྱིན། །དེ་ནས་བཅུ་དྲུག་ཐ་མའོ། ། བདུན་པའི་གཉིས་པ་ལ། བཞི་པའི་དབྱངས་ཡིག་གིས་སྦྱར་ཏེ། །གསུམ་པའི་དང་པོ་ལ། མེ་ཡི་ས་བོན་འོག་ཏུ་གདགས་པར་བྱའོ། །དེ་ནས་དྲུག་པའི་མཐར་གདགས་པར་བྱའོ། །དྲུག་པའི་བཞི་པ་ལ། དབྱངས་ཡིག་བཞི་པ་སྦྱར། དང་པོའི་དང་པོ་ལ། དབྱངས་ཡིག་བདུན་པ་སྦྱར། བཞི་པའི་དང་པོ་དང་། དབྱངས་ཡིག་གཉིས་པ་སྦྱར། བཞི་པའི་ལྔ་པ་ལ་ནི། བློ་དང་ལྡན་པས་ལན་གཉིས་བརྗོད། །ཡེ་ཤེས་ལྔ་ལྡན་དང་པོར་བཞག །ཡ་མ་བརྒྱད་ཀྱི་ས་བོན་ལ། །དབྱངས་ཡིག་དྲུག་པ་དང་ལྡན་པ། །སྤྱི་བོ་རུ་ནི་ཐིག་ལེས་བརྒྱན། །ལྔ་པའི་གཉིས་པ་དང་། གསུམ་པའི་དང་པོའོ། །སྙིང་པོའི་སྔགས་བཏུ་བའོ། །དྲུག་པའི་དང་པོ་དང་། ལྔ་པའི་ལྔ་པ་ལ། དབྱངས་ཡིག་གཉིས་པས་དབྱེ་བའོ། །བཞི་པའི་དང་པོ་དེ་ཉིད་ལས་ལྔ་པའི་དང་པོ་དགོད་དོ། །དང་པོའི་དང་པོ་དང་། ཐོག་མར་རྣམ་སྣང་ས་


DNG024_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བོན་སྦྱིན། དྲན་པ་དེ་བཞིན་མཐར་སྦྱིན་ན། །དྲག་པོའི་མཐར་གདགས། ཡེ་ཤེས་ལྔ་ལྡན་དང་པོར་དགོད། བདུན་པའི་དང་པོ་འོག་ཏུ་མེ་ཡི་ས་བོན་སྦྱིན། དབྱངས་ཡིག་གསུམ་པས་གནན་པར་བྱ། ལྔ་པའི་ལྔ་པ་དང་། མཐར་གནས་པ་ཡི་བཞི་པ་དང་། དང་པོའི་དང་པོ་དང་། ཨནྟསྠའི་གསུམ་པ་དང་། དྲན་པའི་མཐར་ནི་གསོད་བྱེད་གདགས། །སྙིང་པོའི་སྔགས་བཏུ་བའོ། །རྣམ་སྣང་ས་བོན་དང་པོར་སྦྱིན། ལྔ་པའི་ལྔ་པ་དང་། མཐར་གནས་པའི་བཞི་པ་དང་། དང་པོའི་དང་པོ་དང་། ཨཱནྟསྠའི་གསུམ་པ་དང་། ཨནྟསྠའི་དང་པོ་དང་། མཐར་གནས་པ་ཡི་དང་པོ་དང་། མཐར་གནས་པ་ཡི་གསུམ་པ་དང་། གསུམ་པའི་བཞི་པའི་མཐའ་མ་གཉིས། ལྔ་པའི་དང་པོ་དང་། མཐར་གནས་པ་ཡི་བཞི་པ་དང་། །མ་ནིང་བཞི་ཡི་དང་པོ་དང་། །བཞི་པའི་མཐའ་མ་ལ་དབྱངས་ཡིག་བཅུ་གཅིག་པ་སྦྱར་བ་དང་། དབྱངས་ཡིག་བཅུ་གཅིག་ཐ་མ་ལ། །མཐར་གནས་པ་ཡི་གཉིས་པ་ལ། །གསུམ་པའི་དང་པོ་འོག་ཏུ་གདགས། །དབྱངས་ཡིག་གསུམ་པས་མནན་པ་དང་། །ཡང་ན་ཡི་གེ་བཞི་པའི་སྒྲ། དྲུག་པ་དང་པོ་དང་། ལྔ་པའི་ཐ་མ་དང་། དབྱངས་ཡིག་གསུམ་པས་མནན་པ་དང་། བཞི་པའི་གཉིས་པ་ལ། བཞི་པའི་དང་པོ་གདགས་པ་དང་། བཞི་པའི་དང་པོ་ལ། འོག་ཏུ་མེའི་ས་བོན་སྦྱིན། དེ་ནས་བཞི་པའི་དང་པོ་ལ། བཞི་པའི་མཐའ་མ་གཞག་པར་བྱ། །ཡང་ན་བཞི་པའི་དང་པོ་ལ། །འོག་ཏུ་མེ་ཡི་ས་བོན་གདགས། །ཨནྟསྠའི་དང་པོ་དང་། ལྔ་པའི་དང་པོ་དང་། མཐར་གནས་པ་ཡི་བཞི་པ་དང་། མ་ནིང་བཞི་པའི་གཉིས་པ་དང་། གསུམ་པའི་མཐའ་མ་ལ། ལྔ་པའི་མཐའ་མ་བཞག །ཨནྟསྠའི་དང་པོ་དང་། བཞི་པའི་དང་པོ་ལ། དབྱངས་ཡིག་གསུམ་པ་བཞག་པའོ། །ལྔ་པའི་དང་པོ་ལ་འོག་ཏུ་མེའི་ས་བོན་གདགས། བཞི་པའི་དང་པོ་ལ། དབྱངས་ཡིག་གསུམ་པ་བཞག་པ་དང་། །དེ་ནས་གཉིས་པའི་གསུམ་པ་བརྗོད། །མཐར་གནས་པ་ཡི་གསུམ་པ་ལ། །ལྔ་པའི་ཐ་མ་འོག་ཏུ་གདགས་པ་དང་།


DNG024_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཨནྟསྠའི་གཉིས་པ་དང་། མཐའ་གནས་པ་ཡི་གསུམ་པ་ལ། དབྱངས་ཡིག་གསུམ་པ་སྦྱར་བ་དང་། གསུམ་པའི་དང་པོ་ལ། དེ་ཡི་མཐའ་མར་ལྡན་པ་དང་། དེ་ནས་དབྱངས་ཡིག་གསུམ་པ་དང་། གསུམ་པའི་གསུམ་པ་ལ། ལྔ་པའི་ལྔ་པས་མཚན་པ་དང་བཞི་པའི་གསུམ་པ་ལ། དབྱངས་ཡིག་ལྔ་པ་སྦྱར་བ་དང་། མཐར་གནས་པའི་དང་པོ་ལ། དང་པོའི་གཉིས་པ་ལན་གཉིས་བརྗོད་པ་དང་། དེ་ནས་དང་པོའི་གཉིས་པ་ལན་གཉིས་བརྗོད་པ་དང་། མཐར་གནས་པའི་བཞི་པ་ལ། དབྱངས་ཡིག་གསུམ་པས་མཚན་པ་གཉིས་དང་སྤེལ་བར་བྱའོ། །སྡེ་ཚན་ལྔ་པའི་ལྔ་པ་དང་། དྲུག་པའི་གཉིས་པ་དང་། དབྱངས་ཡིག་གཉིས་པའི་ཐ་མ་དང་། སྡེ་ཚན་དང་པོའི་གསུམ་པ་ལ། མེ་ཡི་ས་བོན་འོག་ཏུ་སྦྱིན། །དབྱངས་ཡིག་གསུམ་པས་བརྒྱན་པར་བྱ། །གསུམ་པའི་ཐ་མ་རིང་པོར་བྱ། དེ་ནས་ལྔ་པའི་བཞི་པ་དང་། གསུམ་པའི་གསུམ་པ་རིང་པོར་བྱ། བཞི་པའི་གསུམ་པ་དང་། མཐར་གནས་པ་ཡི་བཞི་པ་དང་། ལྔ་པའི་དང་པོ་དང་། གཉིས་པའི་དང་པོ་དང་། དེ་དག་གཉིས་གཉིས་སྤེལ་ཏེ་བརྗོད། བཞི་པའི་གསུམ་པ་ལ། དབྱངས་ཡིག་གསུམ་པ་སྦྱར་བ་དང་། གསུམ་པའི་ཐ་མ་དང་། ལྔ་པའི་ཐ་མ་དང་། དབྱངས་ཡིག་བཅུ་གཅིག་པ་སྦྱར་བ་དང་། དང་པོའི་དང་པོ་ལ། དབྱངས་ཡིག་བཅུ་གཅིག་པ་དང་བཅུ་གཉིས་པ་སྦྱར་བ་དང་། དེ་བཞིན་བཞི་པའི་ཐ་མ་བཞག །སེམས་ཀྱི་ས་བོན་སྐྲོད་པ་མཐར། །འབོད་རྦད་བསད་གསུམ་སྔགས་བཏུ་བའོ། །རང་ བྱུང་སྔགས་ལ་བཏུ་བ་མེད། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ནག་པོ་ཆེན་པོས་གསོལ་པ། ནག་པོ་ཆེན་པོའི་དམ་ཚིག་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །དམ་ཚིག་བཤད་ཀྱི་ཉན་པར་གྱིས། །ནག་པོ་ཆེན་པོའི་དཀྱིལ་འཁོར་དུ། །དབང་མ་བསྐུར་བས་མི་སྒྲུབ་ཅིང་། །གྲི་གུག་དང་ནི་ཐོད་པ་དང་། །ཕུར་བུ་དང་ནི་ཐང་ཀ་དང་། །སུ་ལ་བསྟན་པར་མི་བྱ་སྟེ། །རྡོ་རྗེ་སློབ་དཔོན་མི་སྨད་ཅིང་། །གསང་བ་ལས་ནི་བརྙས་མི་བྱ། །ནག་པོའི་
རྒྱུད་དང་དམ་རྫས་ནི། །སྣོད་མིན་པ་ལ་བསྟན་མི་བྱ། །ནག་པོའི་གྲུབ་རྟགས་བྱུང་གྱུར་ན། །ལས་ལ་སྦྱར་བ་མ་བྱས་ན། །ནག་པོའི་དམ་ཚིག་ཉམས་གྱུར་ཏེ། །སྔགས་པ་དེ་ནི་འཆི་བར་ འགྱུར། །བསྒྲལ་བའི་ཞིང་དུ་མ་གྱུར་པའི། །སྐྱེ་བོ་རྣམས་ལ་བྱས་གྱུར་ན། །ནག་པོའི་དམ་ཚིག་ཉམས་གྱུར་ཏེ། །སྒྲུབ་པ་པོ་རང་གནོད་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ལས། དམ་ཚིག་བསྲུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ནག་པོ་ཆེན་པོ་འཁོར་དང་རྗེ་དང་བཅས་པ་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ནག་པོ་ཆེན་པོའི་རྒྱུད་རྟོགས་པ་བཅུ་གཉིས་པ་ཞེས་བྱ་བ་རྫོགས་སོ།། །།བླ་མ་ནག་པོ་རོ་འཛིན་དང་། གྱི་ལྗང་བུ་དཀར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousདཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ།next