Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་ལྔ་་པ། ར༽


   
   
   
   
   
   
རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ་ཞེས་བྱ་བའི་རྒྱུད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ་ཞེས་བྱ་བའི་རྒྱུད།next

རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ་ཞེས་བྱ་བའི་རྒྱུད།


DNG025_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་དྷརྨ་པུ་ཏྲ་ཨཱེ་ཀ་ཏནྟྲ་ནཱ་མ། ཏ་ཐཱ་ག་ཏ་བཛྲ་སཏྭ་ས་མ་ཏི། བོད་སྐད་དུ། རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ་ཞེས་བྱ་བའི་རྒྱུད། ཐོག་མའི་སྟོན་པ་འོད་མི་འགྱུར་བ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པ་ན། རིག་པ་དངོས་མེད་ཆོས་ཀྱི་སྐུ་ལ་ཉོན་མོངས་པའི་དྲི་མ་མེད་པ། སྐུ་ལ་མདུན་རྒྱབ་མེད་པ། ཐུགས་རྗེ་ལ་དབྲི་བཀོལ་མི་མངའ་བ། རིན་པོ་ཆེ་གསང་བའི་སྦུབས་ན་རང་བཞིན་རྣམ་པར་དག་པའི་སྣང་བ་ལ། རང་སྣང་ངོ་རྟག་པའི་འཁོར་དང་འདུ་འབྲལ་མེད་པར་བཞུགས་སོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡུལ་ཆོས་ཉིད་ལ་ཡེ་ཤེས་འོད་དུ་གསལ་བ། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོའི་སྦུབས་ན། ལོངས་སྐུའི་ཞིང་ཁམས་ཡེ་ཤེས་ཀྱི་སྣང་བ་འོད་དང་བཅས་པ་ནི། ཡུལ་ཆོས་ཉིད་ལ་ཡེ་ཤེས་འོད་དུ་གསལ་བ། ཡེ་ཤེས་ཀྱི་སྣང་བ་འོད་དང་བཅས་པ་ནི། རིན་པོ་ཆེ་འོད་འབར་བ་སྐུ་སངས་རྒྱས་བཞི་བཅུ་རྩ་གཉིས་རང་བཞིན་གྱིས་འོད་གསལ་བ། གཟིགས་སྣང་གསུམ་མ་འགགས་པར། ཐུགས་རྗེ་ཉི་མ་དང་འོད་ཟེར་བཞིན་དུ་འབྱུང་ཞིང་། ཡེ་ཤེས་ཀྱི་སྣང་བ་འོད་ལྔར་གསལ་བ་དང་འདུ་འབྲལ་མེད་པར་བཞུགས་སོ། །སྣང་བ་འོད་དུ་གསལ་བ་དེའི་ཚེ། རྡོ་རྗེ་སེམས་དཔའ་རང་གི་རིག་པའི་རང་གདངས་སུ་ཤེས་ནས། ཡེ་ཤེས་རང་ས་ཟིན་ནས་སངས་རྒྱས་སོ། །དེའི་ཚེ་པདྨ་བདེ་ལྡན་གྱི་གྲོང་ཁྱེར་དུ་སངས་རྒྱས་རྡོ་རྗེ་སེམས་དཔའ་ལ། ཐུགས་རྗེ་རང་བྱུང་གི་སྐུ་དྲུག་ཐུན་མོང་མ་ཡིན་པའི་འཁོར་དང་བདུན། ཡེ་ཤེས་མཁའ་འགྲོ་མ་ལྔ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གསུམ་གྱིས་བསྐོར་ནས། སྐུ་དང་ཡེ་ཤེས་ཀྱི་སྣང་བ་མ་


DNG025_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ། གསལ་བའི་དགོངས་པ་ལ་ཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། སངས་རྒྱས་ཀྱི་ཡུལ་ལྔ་གསུང་དུ་གསོལ། ཞེས་ཞུས་སོ། །ཛྙཱ་ན་པཉྩ་ཀ་ལ་ཧ་ཙཀྵུ། རི་རབ་ཀྱི་རྩེ་མོ་ལ་གྲོང་ཁྱེར་གཉིས་ན། མི་རྒོད་ལྔ་བཞུགས་པའི་མན་ངག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ། རྡོ་རྗེ་འཛིན་པ་ལེགས་པར་ཉོན་ཅིག །རང་ལ་ཚུར་བསྟན་ནས་ཆོས་ཀྱི་སྐུའི་ཡུལ། རང་གི་བྱང་ཁོག་གི་སྟོད་ཡིན་ནོ། །ཨེ་མ་ཧོ། ཡེ་ཤེས་ཀྱི་ཡུལ་རང་གི་བྱད་ཡིན་ནོ། །ལོངས་སྐུའི་ཡུལ་རང་གི་མགོ་ཡིན་ནོ། །སྤྲུལ་སྐུའི་ཡུལ་རང་གི་རྒལ་ཚིག་ཡིན་ནོ། །ཡང་སྤྲུལ་ཐིག་ལེའི་ཡུལ་རང་གི་ལུས་ཐམས་ཅད་ཡིན་ནོ། །གསང་བའི་བདག་པོ་ཕར་ལ་བསྟན་ནས། རིག་པའི་ཡུལ་དབྱིངས་ཡིན་ནོ། །སྒྲོན་མའི་ཡུལ་ནམ་མཁའ་ཡིན་ནོ། །ཡེ་ཤེས་ཀྱི་ཡུལ་མེ་ལོང་ཡིན་ནོ། །འོད་ཀྱི་ཡུལ་རང་གི་རིག་པ་ཡིན་ནོ། །ལོངས་སྐུའི་ཡུལ་ཚོམ་བུའི་དཀྱིལ་འཁོར་བཅས་པ་ཡིན་ནོ། །ཐིག་ལེའི་ཡུལ་བེ་ཏཱ་ལི་ཡིན་ནོ། །ཞེས་གསུངས་པས། གསང་བའི་བདག་པོས་ཡུལ་ཆོས་ཀྱི་དབྱིངས་སུ་རྟོགས་སོ། །མཚན་མར་སྣང་བ་ཐམས་ཅད་འོད་ཀྱི་དཀྱིལ་འཁོར་དུ་རྟོགས་སོ། །འོད་ལྔ་སངས་རྒྱས་ཀྱི་རང་ལུས་ཡིན་པར་རྟོགས་སོ། །རང་གི་རིག་པ་ཡེ་ཤེས་སུ་རྟོགས་སོ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ་སངས་རྒྱས་ཐུགས་རྗེ་ཅན། སངས་རྒྱས་ཀྱི་གནས་ལྔ་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་སངས་རྒྱས་ཆོས་ཀྱི་སྐུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །ཡེ་ཤེས་ཟང་ཐལ་གྱི་སྐུ་བྱད་ཀྱི་དཀྱིལ་ན་བཞུགས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་རང་གི་ཀླད་པའི་དཀྱིལ་ན་བཞུགས་སོ། །ཐུགས་རྗེ་སྤྲུལ་པའི་སྐུ་རང་གི་གཞུངས་པའི་ནང་ན་བཞུགས་སོ། །ཐིག་ལེ་རང་བྱུང་


DNG025_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐུ་རང་གི་རྩ་ཐམས་ཅད་ཀྱི་ནང་ན་བཞུགས་སོ། །ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །སངས་རྒྱས་སྐུ་ལྔ་ཡེ་ཤེས་ལྔ་རང་གི་སྙིང་གི་དཀྱིལ་ན་ཡེ་ནས་གནས་སོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྐུ་ཡེ་ནས་གནས་སོ། །རིག་པ་འོད་ལྔའི་ལུས་སུ་ཡེ་ནས་གནས་སོ། །གསང་བའི་བདག་པོ་ལེགས་པར་ཟུང་ཞིག །སེམས་ཅན་ཐམས་ཅད་ཀྱི་སྙིང་གི་དཀྱིལ་ན།ཡེ་ཤེས་ཀྱི་སྐུ་འོད་ཁྱིམ་གྱི་ཚུལ་དུ་སྣང་ངོ་། །རང་གི་སྙིང་གི་དཀྱིལ་ན་ཆོས་ཀྱི་སྐུ་མི་འགྱུར་བ། ཡེ་ཤེས་ཀྱི་སྙིང་པོར་ཤར་བར་ཡེ་ཤེས་ལྷང་ངེ་བ་བཞུགས་སོ། །འབྱུང་བ་འོད་དུ་འབྱུང་ཞིང་གསལ་བ་ཟེར་དུ་གསལ་ལོ། །དག་པའི་སྣང་བ་ལ་ཡེ་ཤེས་ཕྱོགས་བཅུར་ཤར་ནས། ནུབ་པ་མེད་པར་བཞུགས་སོ། །རང་གི་སྙིང་གི་དཀྱིལ་ན་ཆོས་སྐུ་ལ་མཚན་མའི་ཡུལ་མེད་པས། མཐའ་ལ་ཐུག་པ་མེད་པར་བཞུགས་སོ། །ཆོས་སྐུ་ལ་དྲི་མ་མེད་པས་རང་གི་རིག་པ་ལ་འགག་པ་མེད་དོ། །མ་འགགས་པར་སྣང་བ་ལ་ཐོགས་ཐུག་མེད་དོ། །རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཀྱི་སྐུ་དེ་རང་གི་སྙིང་གི་དཀྱིལ་ན་ངོ་བོ་སྟོང་པར་བཞུགས་སོ། །ཡེ་ཤེས་གསལ་བར་བཞུགས་སོ། །ཁ་དོག་ཕྱེད་པར་བཞུགས་སོ། །གསལ་ལ་འཚེར་བར་བཞུགས་སོ། །འོད་དུ་འཕྲོ་བར་བཞུགས་སོ། །སྐུ་མི་གཡོ་བར་བཞུགས་སོ། །ཡེ་ནས་ཕྱོགས་དང་རིས་མེད་པར་སྐུ་དག་པ་ཆེན་པོར་བཞུགས་སོ། །རིགས་ཀྱི་བུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །སངས་རྒྱས་ཀྱི་སྐུ་བརྟེན་པ་རང་གི་བྱང་ཁོག་གི་སྟོད་ལ་བརྟེན་ནོ། །བཞུགས་པ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །གསལ་བ་ནམ་མཁའི་ངང་ལ་གསལ་ལོ། །དེ་ལྟར་རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་མངོན་སུམ་དུ་བཞུགས་སོ། །དེ་ངོ་ཤེས་པས་སངས་རྒྱའོ། །རང་གི་ཀླད་པའི་ནང་ན་སངས་རྒྱས་ཁྲོ་བོའི་སྐུ་ཐམས་ཅད་མངོན་སུམ་དུ་བཞུགས་སོ། །རང་གི་ཀླད་པའི་ནང་ན་ཐམས་ཅད་འོད་ཀྱི་


DNG025_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་ལྔས་ཁེངས་ནས་ཡོད་དོ། །ཞེས་གསུངས་སོ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་། སངས་རྒྱས་ཀྱིས་གསལ་བ་ལྔ་གསུང་དུ་གསོལ། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ། གསང་བའི་བདག་པོ་ངེས་ཟུང་ཞིག །སངས་རྒྱས་ཀྱི་ཞིང་ཁམས་འོད་ལྔར་གསལ་ལོ། །སངས་རྒྱས་ཀྱི་ལུས་འོད་ལྔར་གསལ་ལོ། །འོད་ཁ་དོག་ལྔ་ནུབ་པ་མེད་པར་གསལ་ལོ། །འོད་ལྔ་རང་གི་སྙིང་གི་ནང་ན་གསལ་ལོ། །ཡེ་ཤེས་ལྔ་འོད་ལྔར་གསལ་ལོ། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།བུཌྜྷ་བཛྲ། མ་ཧཱ་ཙིཏྟ། རིན་པོ་ཆེ་ཟ་མ་ཏོག་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞུགས་པའི་མན་ངག་ལ། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། སངས་རྒྱས་ངོ་སྤྲོད་ལྔ་ལྔ་གསུང་དུ་གསོལ། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གསང་བའི་བདག་པོ། རང་གི་མིག་ལྷའི་བུའི་ཕྲག་སོར་གིས་བཀབ་ལ། ཕྱག་སོར་ལ་མ་ཡེངས་པར་བལྟས་པས། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མངོན་སུམ་དུ་འཆར་རོ། །རང་གི་མིག་མེ་ལོང་གི་ནང་དུ་བཅུག་ནས་བལྟས་ན།སངས་རྒྱས་ཀྱི་ཞིང་ཁམས་མངོན་སུམ་དུ་འཆར་རོ། །འཁར་ཕོར་ལེགས་པར་ཆུས་བཀང་ནས། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ན། སངས་རྒྱས་ཀྱི་ཞིང་ཁམས་མཚོན་ཆའི་རྩེ་མོ་བཞིན་དུ་འཕྲོ་བ་འཆར་རོ། །ནམ་མཁའི་སྙིང་པོ་ལ་རང་གི་མིག་བཅུག་ནས་བལྟས་པས་སངས་རྒྱས་ཀྱི་ཞིང་ཁམས་ཕྲ་ལ་དྭངས་པ་འཆར་རོ། །གྲོང་ཁྱེར་གྲངས་མེད་སྣ་རྩེ་ཉི་མ་ལ་བསྟན་ནས། དེ་རང་གི་མིག་ལ་བལྟས་ནས།སངས་རྒྱས་ཀྱི་ཞིང་ཁམས་འཆར་རོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཉོན་ལ་དགོངས་ཤིག །ཡིད་གཏོད་ཅིག །ང་རྡོ་རྗེ་སེམས་དཔའི་གདམས་པ་རིན་པོ་ཆེ་འདི་ནི་འཇིག་རྟེན་


DNG025_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱུང་བར་དཀའ་འོ། །འདི་ནི་ལས་ཟད་པའི་གང་ཟག་ལས་ཅན་ལ་བསྟན་ནོ། །ཞེས་གསུངས་སོ། །གསང་བའི་བདག་པོ་རང་གི་སྙིང་གི་ནང་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཉུང་འབྲུ་ཙམ་ལ། སྤྱན་ཕུལ་ཐག་ཙམ་དུ་གནས་སོ། །གདམས་སོ། །སངས་རྒྱས་ཀྱི་སྐུ་འོད་ལྔའི་ཁང་པ་ཅན་གྱི་ནང་ན་གནས་པ་དེ་ལ། རྡོ་རྗེ་སེམས་དཔའི་མེ་ལོང་ལ་བལྟས་པས་རང་ལ་མངོན་སུམ་དུ་འཆར་རོ། །དེ་ངོ་ཤེས་པས་ཆོག་གོ། །མ་འོངས་པའི་སེམས་ཅན་ལ་དེ་བཞིན་དུ་སྟོན་ཅིག །ཅེས་བཀའ་སྩལ་ཏོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོའི་རྒྱུད་ལས། མངོན་སུམ་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཛྙཱ་ན་ཡེ་ཤེས ། ཙཀྵཱ་མིག །དྷརྨཱ་ཆོས ། ཀཱ་ཡ་སྐུ ། ཙིཏྟ་སྙིང་། རཏྣ་རིན་ཆེན ། གསེར་ནི་ཆོས་ཉིད་ལ་ཟེར་བ་ཡིན་གཡུའི་ནི་ཡེ་ཤེས་ཡིན་ནོ། །ལྷ་ཁང་ལ་སྙིང་ནང་གི་སངས་རྒྱས་ཡིན་ནོ། །རིན་པོ་ཆེ་ནི་ཆོས་སྐུ་ཡིན་ནོ། །ལྔའི་མཆོད་རྟེན་རང་བྱུང་དུ་རྒྱུ་རྐྱེན་བྱེད་པ་པོ་སྤངས་པ་བྱོན་ནས་མུ་ཏིག་གི་རང་གི་རེག་པ་གསལ་བ་འདི་ཡིན་ནོ། །འཁོར་ལོ་ལ་བཞུགས་པའི་མན་ངག་གོ་ སངས་རྒྱས་འོད་ལྔས་བསྐོར་ནས་ཡོད་པ་ཡིན་ནོ ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཨེ་མ་སངས་རྒྱས་ཐུགས་རྗེ་ཅན། སྐུ་གསུམ་གྱི་ངོ་བོ་གསུང་དུ་གསོལ། ཞེས་ཞུས་སོ། །ཨཱ་ཡྲསཱ། ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །མ་ཡེངས་པར་ཉོན་ཅིག །རིགས་ཀྱི་བུ་ཉོན་ཅིག །ཕུང་པོ་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པས་འདོད་པའི་མིས་འདི་ལྟར་ཤེས་པར་བྱའོ། །རང་གི་སྙིང་གི་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་སངས་རྒྱས་རིགས་ལྔའི་སྐུ་ཚོམ་བུའི་དཀྱིལ་འཁོར་དང་བཅས་པ་སྐུ་ཉུང་འབྲུ་ཙམ་ལ་སྤྱན་སྤྱན་རང་གི་སྙིང་ནང་ན་ཡོད་ཕུལ་ཐག་ཙམ་སྣ་ཚོགས་གཅེར་གྲོལ་དུ་བཞུགས་སོ། །སྐུ་དེ་ཡང་ངོ་བོ་གསལ་ལ་ཟང་ཐལ་བ། འཛིན་རྟོག་དང་བྲལ་


DNG025_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡེ་ཤེས་སུ་བཞུགས་སོ། །དེ་ལྟར་རང་གི་སྙིང་གི་ནང་ན་སངས་རྒྱས་སྐུ་ཉུང་འབྲུ་ཙམ་དུ་བཞུགས་ཀྱང་འཁྲུལ་སྣང་འགགས་པའི་དུས་སུ། སྐུ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པའམ། འབྲིང་པོ་རི་རབ་ཙམ་གྱིས་ཁེངས་ནས་རང་ལ་འཆར་རོ། །དེ་ལ་མ་འཇིགས་ཤིག །དེ་ངོ་ཤེས་པས་ཆོག་གོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཟུང་ཞིག །རང་འཆི་ཁར་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། སངས་རྒྱས་ཀྱི་སྐུ་མངོན་སུམ་དུ་འཆར་རོ། །དེ་ངོ་ཤེས་པས་ཆོག་གོ། །རང་གི་རིག་པ་འོད་ལྔ་དང་འདུ་འབྲལ་མེད་པར་འགྲོགས་པ་ཡིན་ནོ། །རང་གི་རང་འོད་ངོ་ཤེས་པས་སངས་རྒྱས་ཀྱི་སྐུ་ཐོབ་པ་ཡིན་ནོ། །རང་ལ་སངས་རྒྱས་རང་ཆས་སུ་ཡོད་པ་དེ། སྲིད་པའི་མེ་ལོང་ལ་བལྟས་པས། སངས་རྒྱས་རང་ལ་མངོན་སུམ་དུ་འཆར་བ་ཡིན་ནོ། །མ་ནུ་སེམས་ཅན་སརྦ་ཐམས་ཅད་བུཌྜྷ་སངས་རྒྱས་ཛྙཱ་ན་ཡེ་ཤེས་ཀཱ་ཡ་སྐུ་པཉྩ་ལྔའོ། །རིགས་ཀྱི་བུ་སངས་རྒྱས་རང་ལ་ཡོད་པས་གཞན་དུ་མ་ཚོལ་ཞིག །སངས་རྒྱས་འོད་ལྔའི་ལུས་བཞུགས་པས་གསལ་འགྲིབ་དང་བྲལ་ལོ། །སངས་རྒྱས་སྐུ་ལ་འགྱུར་བ་མེད་པས་སྐྱེ་འཆི་དང་བྲལ་ལོ། །སངས་རྒྱས་ལ་འཆི་འཕོ་མེད་པར་སངས་རྒྱས་སངས་རྒྱས་སྡུག་བསྔལ་མེད་པར་ཡེ་ཤེས་ལྔར་ཡོད་པས་ཏེ་ཐམས་ཅད་རང་ངོ་ཤེས་པས་སངས་རྒྱས་པས་དཀའ་ཐུབ་དང་བྲལ་བའོ། །སངས་རྒྱས་འོད་ཀྱི་སྐུ་ལ་གསལ་ལ་རྟོག་པ་མེད་པས་སྣང་ལ་རང་བཞིན་མེད་པ། བདེ་བ་རྒྱུན་ཆད་མེད་པ་རང་གི་ སྙིང་གི་དཀྱིལ་ན་བཞུགས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སངས་རྒྱས་གསུམ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཨཱཌ་དཔངས་མཐོ་བ་ཐྱང་སྤངས་པ་ཆེན་པོ། སྭ་མཐའ་རྣམ་པར་གྲོལ་བ། རྦཱ་ལས་ཀྱིས་མི་སྒྲིབ་པ་ས྅་བདེ་བ་ཆེན་པོ་ནྱ་ཎ་འུབ་ཆུབ་པ་དྱ་ཉ་ཡེ་ཤེས་ཉི་མ་རང་ལ་སྣང་བ་སྱང་ས་ལེ་བ་དྱརྨ་ལྷང་ངེ་བ་ཀཱ་བ་ལྷན་ནེ་བ། ྈྐྼཱྀ་སངས་རྒྱས་དཔངས་མཐོ། སྒོམ་པ་མི་གཡོ་བ་རྒྱུན་གྱི་ཏིང་ངེ་འཛིན་ནོ། །ཧྱ་གདན་ཞེན་མེད།


DNG025_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བྱཱ། ཅ། ཀྱཱ་ལྟ་བ་མི་གཡོ་བ་ཤེས་རབ་འགྱུར་བ་མེད་པ་ཡིན། འོད་ལྔ་གསལ་བ་ཡིན། ཏྱཧྱ། དེ་ནས་སངས་རྒྱས་རྡོ་རྗེ་ནྷྲཱ་སེམས་དཔའི་ཞལ་ནས། བུདྡྷཱ། ས་མ་ཏི་རོ་མ་ཧཱ་ཛྙཱ་ན་ཙིཏྟ། ཀཱ་ཡ། བྷྱི་ཏྱ། ཛྙཱ་ན། ཙིཏྟ། བུཌྜྷ། བཛྲ། མ་ཧཱ། ཙཀྵུ། བྷྱི་ཏྱ། ཨ་མ་ལ། མ་ཧཱ། པཉྩ། ཀཱ་ཡ། དྷརྨ། ཡལ། ཨ། གསུངས་ནས་ཅང་མེད་དོ། །ཧྼཱྀ། དེ་ནས་དགའ་རབ་རྡོ་རྗེས་འདི་སྐད་སྨྲས་སོ། །ཀྱེ་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན། སེམས་ཅན་ཀུན་གྱི་སྡུག་བསྔལ་བསལ་དུ་གསོལ། ཅེས་ཞུས་སོ། །ཨོཾ་ཨཱ་ཨྸ། མྨ། སྐ། ཐྠ། ཧླྀ ། ཧཱུཾ་ཧཱུཾ། སྶ། ཀྐ། ཏྟ། ནྠཱ ཧཱུཾ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་སངས་རྒྱས་རང་ལ་ཡོད་དོ། །དེ་ངོ་ཤེས་ན་སྡུག་བསྔལ་ཐམས་ཅད་དང་བྲལ་ལོ། །ཅེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་རྒྱུད་ལས། སངས་རྒྱས་ཀྱིས་གདམས་ངག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།བྷྱིད་ཏྱ། ཨཱ། ཏ་ཐཱ་ག་ཏ། ཀུ་ལ། པཉྩ། པ་ནི། བུཌྜྷ། ཀུ་ལ། པཉྩ། ཙིཏྟ། པཱ་ནི། བུཌྜྷ། ཀཱ་ཡ། ཧཱ་མཱ་ལཱ། ཨཱ་སྭ། གསུངས་ནས་དགོངས་པ་ལ་གཤེགས་སོ། །ནམ་མཁའི་དཀྱིལ་ནས་ཉི་ཟླའི་ཁང་པ་རིན་པོ་ཆེ་འོད་འབར་བ་ལྔ། བཞུགས་པའི་མན་ངག་དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་སངས་རྒྱས་རྡོ་རྗེ་འཆང་། སངས་རྒྱས་ཀྱི་བཞུགས་ཚུལ་གསུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་མ་ཡེངས་པར་ཉོན་ཅིག །རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་བཞུགས་སོ། །རང་གི་སྙིང་གི་ནང་ན་སངས་རྒྱས་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་།


DNG025_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་བྱ་དང་། ཤང་ཤང་གི་གདན་ལ་སྐུ་མདོག་ལྔ་དང་ལྡན་པ། ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ནོར་བུ་རིན་པོ་ཆེ་དང་། པདྨ་འདབ་མ་བརྒྱད་པ་དང་། རྡོ་རྗེ་རྒྱ་གྲམ་དང་། འཁོར་ལོ་རྩིབས་བརྒྱད་བསྣམས་པ། རིན་པོ་ཆེ་འོད་འབར་བའི་སྐུ་རང་གི་སྙིང་གི་ནང་ན་ད་ལྟ་བཞུགས་སོ། །རང་གི་ཀླད་པའི་ནང་ན་སངས་རྒྱས་ཁྲོ་བོའི་སྐུ། བཛྲ་ཧེ་རུ་ཀ་དང་། བུཌྜྷ་ཧེ་རུ་ཀ་དང་། རཏྣ་ཧེ་རུ་ཀ་དང་། པདྨ་ཧེ་རུ་ཀ་དང་། ཀརྨ་ཧེ་རུ་ཀ་དང་། ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་བཞུགས་སོ། །ཀྱེ་གསང་བའི་བདག་པོ། རང་གི་ཀླད་པའི་ནང་ན་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་སྣ་ཚོགས་གཅེར་གྲོལ་དུ་བཞུགས་སོ། །རང་གི་ལུས་འདི་ལ་སངས་རྒྱས་ཀྱི་གྲོང་ཁྱེར་ཉི་ཁྲི་ཆིག་སྟོང་ཡོད་དོ། །གྲོང་ཁྱེར་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་སྐུས་ཐམས་ཅད་ཁྱབ་ནས་ཡོད་དོ། །རང་གི་རྩ་ཡི་ནང་བདེ་བར་གཤེགས་པའི་སྐུས་ཁེངས་ནས་བཞུགས་སོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །གངས་སམ་གཡའ་ལས་བྱུང་བའི་མན་ཤེལ་དྲི་མ་མེད་པ་གཅིག་ཉི་མ་ལ་འཕྱར་བས། འོད་ཁ་དོག་ལྔ་ལྷུག་པར་འཆར་རོ། །དེ་ཡང་འདི་ལྟ་སྟེ། ཁ་དོག་མཐིང་ག་དང་། དཀར་པོ་དང་། དམར་པོ་དང་། ལྗང་གུའོ། །དོན་དེ་ལྟ་བུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །རང་འཆི་བའི་དུས་སུ་འོད་ལྔ་གསལ་ལ་འཚེར་བ་རང་བཞིན་བཀྲག་ལ་ཉམ་ང་བ། སོས་ཁ་བྱང་ཐང་ཆེན་པོ་ལ་སྨིག་རྒྱུ་འགྱུ་བ་བཞིན་མེར་མེར་པོར་འོང་ངོ་། །དེ་ལ་མ་འཇིགས་ཤིག །འོད་ལས་ཟེར་མཚོན་ཆའི་ཆར་པ་བབས་པ་འོང་ངོ་། །དེ་ལ་མ་སྐྲགས་ཤིག །འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིང་བ་འདྲ་བ་གྲག་ལ་སྒྲ་ཆེ་བ་འོང་། དེ་ལ་མ་དངངས་ཤིག །དེ་གསུམ་ལ་མ་འཇིགས་མ་དངངས་མ་དྲེད་པས་ན་སངས་རྒྱའོ། །དེ་གསུམ་ལ་འཇིགས་སྐྲག་ནས་དྲེད་པ་དེ་ནི། རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་བྱ་བ། ཉིན་མོ་ཉི་མའི་སྣང་བ་མེད་པ། མཚན་མོ་ཟླ་བའི་སྣང་བ་མེད་


DNG025_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ། ནང་ནུབ་མེའི་སྣང་བ་མེད་པ། རླུང་ཆར་དང་མུན་པ་ནག་པོའི་གསེབ་ན་ཤིན་ཏུ་སྡུག་བསྔལ་ལོ། །དེ་ནས་འཁོར་བ་སྲིན་གྱི་ཁ་ཆུ་དང་འདྲ་བར་འཁོར་ཞིང་སྡུག་བསྔལ་ལོ། །དེས་ན་གདམས་ངག་འདིའི་གནད་ཤེས་པ་གལ་ཆེའོ། །འདི་མ་ཤེས་ན་ཕན་མེད་དོ། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སངས་རྒྱས་ཀྱི་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་རྡོ་རྗེ་འཆང་། སངས་རྒྱས་ཀྱི་མངོན་རྟགས་གསུང་དུ་གསོལ། ཅེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག །སངས་རྒྱས་ལ་གཉིས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཡང་དག་པར་རྫོགས་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ། འོད་དང་། སྒྲ་དང་། གདུང་དང་། སྐུ་འོང་ངོ་། །འོད་གྱེན་ལ་འགྲེང་ནས་སྐས་ཀྱི་ཚུལ་དུ་བྱུང་ན། དབུགས་ཆད་པ་དང་སངས་མི་རྒྱ་བར་ཞག་ལྔ་ནས་སངས་རྒྱའོ། །འོད་ཁང་ཁྱིམ་གྱི་ཚུལ་དུ་བྱུང་ན། ཞག་ལྔ་ནས་བརྟན་པ་ཐོབ་ནས་སངས་མི་རྒྱ་བར། དབུགས་ཆད་པ་དང་སངས་རྒྱའོ། །སྒྲ་ལ་གཉིས་ཏེ་སྒྲ་འུར་ཟེར་ན་ཞག་ལྔ་ལ་སངས་རྒྱས་སོ། །སྒྲ་ཐུར་ཟེར་ན་ཞག་བདུན་ནས་སངས་རྒྱའོ། །གདུང་ལྔ་ལ་གདུང་དཀར་པོར་བྱུང་ན་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །གདུང་སེར་པོར་བྱུང་ན་རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །གདུང་ཁ་དོག་དམར་པོར་བྱུང་ན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །གདུང་ཁ་དོག་ལྗང་གུར་བྱུང་ན་དོན་ཡོད་གྲུབ་པའི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་སངས་རྒྱའོ། །གདུང་ཁ་དོག་མཐིང་གར་བྱུང་ན་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་སངས་


DNG025_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བ་ཡིན་ནོ། །སྐུ་ལ་གཉིས་ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་པ་དང་སངས་རྒྱའོ། །ཁྲོ་བོའི་སྐུ་བྱུང་ན་ཞག་ལྔ་ནས་སངས་རྒྱའོ། །དེ་བཞིན་དུ་འོད་དང་། སྒྲ་དང་། གདུང་དང་། སྐུ་འབྱུང་ངོ་། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། མངོན་རྟགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྐུ་ཡི་གནས་ལུགས་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཞུ་བ་ལེགས་སོ། །རང་གི་སྙིང་གི་ནང་ན་དབུས་རྣམ་པར་སྣང་མཛད་སྐུ་མདོག་མཐིང་ག་ཡབ་ཡུམ་འཁོར་དང་བཅས་པ་འོད་ལྔའི་དཀྱིལ་ན་ཡོད་དོ། །རང་གི་སྙིང་གི་ཤར་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་བཅས་བཞུགས་སོ། །རང་གི་སྙིང་གི་ལྷོ་ན་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་སྙིང་གི་ནང་ནུབ་ན་སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་སྙིང་གི་བྱང་ན་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་ཀླད་པའི་ནང་ཐམས་ཅད་ཁྲོ་བོའི་སྐུས་ཁེངས་ནས་ཡོད་དོ། །རང་གི་རིག་པ་མ་འགགས་པར་གསལ་བ་འདི་ལ་ཆོས་ཀྱི་སྐུ་ཡིན་ནོ། །སངས་རྒྱས་རྒྱལ་བ་རིགས་ལྔ་རང་གི་སྙིང་གི་ནང་ན་བཞུགས་སོ། །ལོངས་སྐུ་ཡིན་ནོ། །རང་གི་ཀླད་པ་དུང་ཁང་དཀར་པོའི་ནང་ན་བཞུགས་པ་དེ་སྤྲུལ་པའི་སྐུ་ཡིན་ནོ། །རང་གི་ཀླད་པའི་ནང་གི་དབུས་ན་འོད་ཁ་དོག་ལྔ་ཡོད་དོ། །འོད་ལྔའི་ནང་ན་སངས་རྒྱས་ཀྱི་སྐུ་བཞུགས་སོ། །རང་གི་གཞུངས་པའི་ནང་ན་སངས་རྒྱས་ཀྱི་སྐུ་རུ་བཞུགས་སོ། །རང་གི་ལུས་རྩའི་དྲ་བར་ཡོད་དོ། །རྩའི་ནང་ན་སངས་རྒྱས་ཀྱི་གྲོང་ཁྱེར་ཡོད་དོ། །དེ་ཐམས་ཅད་སངས་རྒྱས་ཀྱི་སྐུས་ཁེངས་ནས་ཡོད་དོ། །འོད་ལྔ་སངས་རྒྱས་ཀྱི་ཞིང་ལུས་སུ་ཤེས་ན་སངས་རྒྱའོ། །ཁུག་པ་ལྔ་ཤེས་ན་དབུགས་མ་ཆད་པ་ལ་སངས་རྒྱའོ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་


DNG025_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཞལ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ལ་རིགས་ཀྱི་བུ་ངས་འཇིག་རྟེན་ཁམས་སུ་རང་ཉི་ཤུ་རྩ་ལྔ་སྤྲུལ་པའི་སྐུར་བཞུགས་སོ། །སེམས་ཅན་གྱི་ལོ་སྟོང་བརྒྱད་ལོན་ནོ། །ཞེས་གསུངས་སོ། །ནམ་མཁའ་འོད་ཀྱིས་བཀང་ནས་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་སོ། །དེར་དགའ་རབ་རྡོ་རྗེ་བརྒྱལ་ནས། ཀྱེ་མ་ཀྱི་ཧུད་ཟེར་ནས་སྐད་ཕྱོགས་བཅུར་བོས་པས་བརྒྱལ་བ་སངས་ཙམ་ན། སངས་རྒྱས་རྡོ་རྗེ་སེམས་དཔའ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུ་བྱོན་ནས་ཕྱག་གཡས་པའི་སོར་མོ་བརྐྱངས་ནས། དྷརྨ་རཏྣ་སིཌྜྷ་པ་ཡ། ཞེས་པའི་སྒྲ་བྱུང་ནས་རིན་པོ་ཆེ་གཡུའི་ཟ་མ་ཏོག་སེན་གང་བ་གཅིག་དབུ་ཐོག་ཏུ་བབས་སོ། །དེ་ཁ་ཕྱེ་ནས་གཟིགས་པས། གསེར་གྱི་ཤོག་བུ་ལ་གཡུའི་ཡི་གེ་བྲིས་པ་གཅིག་འདུག་ནས་དེ་བལྟས་པས། སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ཆེམས། ཚིག་གསུམ་པ་ཞེས་བྱ་བ་ཕུང་པོ་ལྷག་མ་མེད་པར་སངས་རྒྱ་བ་འདི་འདུག་གོ། །དེར་དགའ་རབ་རྡོ་རྗེས་དེ་བལྟས་པས། དགའ་རབ་རྡོ་རྗེ་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སྐུ་ལྔ་བཤད་པའི་ལེའུ་སྟེ་བདུན་པའོ།། །།བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ་རྫོགས་སོ།། །།ཐ་མ་སྐད་ཅིག་མ་གསུམ་ལ་སངས་རྒྱའོ། །ཞེས་གསུངས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། རང་གི་སྙིང་གི་ནང་ན་རིགས་ལྔའི་སྐུ་མངོན་སུམ་དུ་བཞུགས་སོ། །འཆར་བ་མངོན་སུམ་དུ་འཆར་རོ། །ཀྱེ་གསང་བའི་བདག་པོ་གདམས་པ་བསྟན་པའི་ཚེ། སངས་རྒྱས་ཀྱི་སྐུ་མེ་ལོང་གི་གཟུགས་བརྙན་བཞིན་འཆར་རོ། །རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཚིག་གསུམ་པོ། །དགའ་རབ་རྡོ་རྗེའི་ཐུགས་ཀྱི་གཏེར་དུ་སྦོས། ཞེས་གསུངས་སོ། །དེ་ནས་ཡང་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ནས། དགའ་རབ་ལ་རིགས་ཀྱི་བུ། ངས་འཇིག་རྟེན་ཁམས་སུ་རང་ལ་ལོ་ཉི་ཤུ་རྩ་བཞི་ལོན་ནས། སྤྲུལ་པའི་སྐུར་བཞུགས་སོ། །སེམས་ཅན་གྱི་ལོ་སྟོང་


DNG025_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བརྒྱ་ལོན་ནོ། །ཞེས་ཕུང་པོ་ལྷག་མེད་དུ་མངོན་སངས་རྒྱའོ། །དེ་ནས་རིམ་པར་བརྒྱུད་ནས། ལྕེ་བཙུན་གྱིས་མཆད་པ་སྟག་ཅན་དུ་སྦས་སོ། །དེ་ནས་ལྕེ་སྒོམ་ནག་པོས་བཏོན་ཕྱི་སྐོར་དང་། ནང་སྐོར་གསང་སྐོར་གསུམ་པོ་གཞན་ལ་ཡང་བྱིན་ནོ། །གསང་བ་བླ་ན་མེད་པ་འབྲས་བུ་རིན་པོ་ཆེའི་སྐོར་ནི་ཤོར་རེ་སྐན། ས་མ་ཡ། ན་ར་ཀན་རྫོགས་སོ།། །།གསང་ངོ་། །སྦའོ།། ན་མོ་གུ་རུ། གནད་ཀྱི་གདམས་ངག་སྐོར་གསུམ། འདི་ལ་གཉིས་ཏེ། བརྒྱུད་པ་དང་མན་ངག་གོ། །བརྒྱུད་པ་ལ་གསུམ་ཏེ། ཐུན་མོང་ཕྱི་ལྟར་འཇམ་དཔལ་ཤྲཱི་སིངྷ་བི་མ་ལ་མི་ཏྲ་དེ་གསུམ་ལ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ་གང་ཟག་སྙན་ཁུང་གིས་བརྒྱུད་པའོ། །བརྒྱུད་པ། ཟབ་མོ་རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་ཡུལ་གསུམ་བླ་མ་བརྒྱུད་པ། ཡི་དམ་ལྷ་ནས་བརྒྱུད་པ། ཌཱ་ཀི་ནས་བརྒྱུད་པ་ལ་གསུམ། ཤེས་པས་དོན་ངོ་ཤེས་པ་བརྒྱུད་པ་ལ། རིག་པ་ལས་བརྒྱུད་པའོ། །བློ་ནས་བརྒྱུད་པ་ཚིག་ཏུ་ཟིན་པ། རིག་པ་ལས་སུ་རུང་བ་ནང་ལྟར་བརྒྱུད་པ། གསང་བ་སྦས་དོན་ལྟར་བརྒྱུད་པའོ། །གཉིས་པ་མན་ངག་ལྟར་ལའང་གསུམ་སྟེ། ད་ལྟ་ཉམས་སུ་བླངས་པའི་མན་ངག་དང་། འཆི་བའི་ལམ་ཁྱེར་དང་། བར་དོའི་མན་ངག་དང་གསུམ་མོ། །དེ་ཡང་ལུང་ལས་ད་ལྟ་འཆི་ཁ་བར་དོ་གསུམ། །གདམས་ངག་གདབ་པའི་ཞིང་ས་ཡིན། །ཞེས་བཤད་པས་ད་ལྟའི་མན་ངག་ཉམས་སུ་བླངས་ལ་གསུམ་སྟེ། གནས་ལུགས་མའི་གོ་བ། འཆར་ལུགས་བུའི་གོ་བ། མ་བུ་སོར་བཞག་དང་གསུམ་མོ། །དེ་ལ་མ་ནི་ཆོས་ཉིད་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་ལུགས་སྟོང་སང་ངེ་བ་འདི་ཡིན་ནོ། །བུ་ནི་ད་ལྟར་གྱི་ཤེས་པའམ། རིག་པ་གསལ་ལ་མ་འགགས་པས། སལ་ལེ་ཧྲིག་གེ་བ་འདི་ཡིན་ཏེ། མ་བུ་རྐང་བློག་འབེབས་པ་ལ་བཤད་དོ། །སོར་བཞག་པ་ནི་འདས་པ་དང་། མ་འོངས་ལྔ་ལྡན་ཞེས་བྱ་སྟེ། ངོ་བོ་དྲི་མེད་ཀ་དག་གི་སྐུ་ལ་རྩལ་གྱི་འཆར་གཞི་མ་འགགས་པར་ལྷུན་གྱིས་གྲུབ་པའོ། །དེའི་འོད་འབྲི་ཀུ་ཏ་གཉིས་ལ་ཟུག་སྟེ། དེ་ཡང་རྩ་རིན་པོ་ཆེ་གསེར་གྱི་སྦུ་གུ་ཙམ་གཅིག་གི་རྩེ་མོ་སུམ་ཕྲག་


DNG025_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱེས་ཏེ། གཉིས་ཀྱི་འབྲི་ཀུ་ཏ་ཞེས་བྱའོ། །མིག་གཉིས་ལ་ཟུག །གཅིག་ཚངས་པའི་བུ་གར་ཤར་རོ། །དེ་ནས་ཡེ་ཤེས་རྒྱུ་བའི་ལམ་ཞེས་བྱ་སྟེ། དེའི་ནང་ན་ཡང་རིག་པ་ཚུད་པས་མྱ་ངན་ལས་འདས་པའི་ལམ་དུ་ཚུད་པ་ཡིན་ནོ། །དེ་ནི་གནས་ལུགས་དོན་གྱི་སངས་རྒྱས་ཞེས་བྱའོ། །རང་ལ་གནས་པའི་ཆོས་ཉིད་མངོན་སུམ་དུ་གཏན་ལ་ཕེབས་པ་ཡིན་ནོ། །སངས་རྒྱས་ཀྱི་དགོངས་པ་རང་ཆས་སུ་གནས་པ་དེ། ཐབས་བླ་མའི་གདམས་ངག་ལ་བརྟེན་ནས། གནས་ལུགས་དོན་གྱི་ཡེ་ཤེས། ངོས་ཙར་གྱིས་ཟིན་པ་དེ་ཀ་ཡིན་ནོ། །དེ་ངོ་ཤེས་པས་སངས་རྒྱའོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་རང་གིས་ངོ་ཤེས་པས་སངས་རྒྱས་དཀའ་ཐུབ་དང་བྲལ་ལོ། །འདོད་པའི་དོན་རིན་པོ་ཆེ་གྲུབ་པ་ཡིན་ནོ། །དེ་ལྟར་ཡིན་པ་ལ་ཡིན་པར་ངོ་མ་ཤེས་མ་རྟོགས་པའི་སེམས་ཅན་རྣམས་ནི། འགྱུ་བྱེད་དབུགས་ཀྱི་རྟ་ཕོ་ལ། དངོས་པོ་དང་རྫས་སུ་མ་གྲུབ་པའོ། །བྱ་བྱེད་སྤྲེའུའི་རིག་པ་ཞོན་ནས། གཟུང་འཛིན་དང་ཆགས་སྡང་གི་དབང་གིས་འཁོར་བར་ལྷུང་བའོ། །འཆི་ཁ་མའི་མན་ངག་ལམ་དུ་ཁྱེར་བ་ལ་གསུམ་སྟེ། འཆི་ལྟས་བསྟན་པ་དང་། བསླུ་བ་བསྟན་པ་དང་། མ་སླུས་ན་འཕོ་བ་བསྟན་པ་དང་གསུམ་མོ། །ལྟས་ལ་གཉིས་ཏེ། རྟགས་དང་ལྟས་སོ། །དེ་ལ་གསུམ་གསུམ་སྟེ་དྲུག་གོ། །དེ་ལ་རྟགས་གསུམ་ནི་ལུས་རྟག་པ་རྡོ་རྗེ་སེམས་དཔའི་མོ་ངན་ན་འཆི་བས་དགྲ་ཡིན་རྐྱེན་གྱི་ཀུན་བླངས་ཉོན་མོངས་སྐྱེས་ན། དགྲ་ཡིན་ཆགས་སེམས་དྲག་པོ་སྐྱེས་ན་དགྲ་ཡིན་ཏེ། ལག་པའི་སོར་མོ་རྣམས་རྩེ་སྤྲད་དེ། བསྒྲེངས་ལ་གུང་མོ་གཉིས་ནང་དུ་བསྐུམ་པ། ཁ་བྲལ་མ་བཅུག་པར་སྲིན་ལག་ཚིགས་གཉིས་ཆད་ན་བླ་ཚེ་འབྲོས་པས་ གཉིས་ཁ་ཕྱེད་དམ་བལྟ། ཕྱེད་ན་འཆི་མ་གྲལ་བར་འདུག་ན་མི་འཆིའོ་བླ་ཚེ་འབྲོས་པ་ཡིན་ནོ། །འཆི་ཁའི་དགྲ་གསུམ་ནི་འཆི་ཁར་གདམས་ངག་མེད་པས་དམྱལ་བར་སོང་ན་ངག་གི་ད་ལྟར་ལ་མི་བསམ་རིག་པ་སོ་མང་བཞག །ཅེས་པས། དུས་གསུམ་


DNG025_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ས་མི་སྙེགས་པར། གནས་ལུགས་ཀྱི་སྟེང་དུ་ཤེས་པ་རང་ལུགས་ཕྱམ་གྱིས་བཞག་སྟེ། དེའི་རིག་པ་མིག་ལ་གཏད། མིག་བར་སྣང་སྟོང་པ་ལ་གཏད་ནས་བཞག་པས། མ་བུ་སོར་བཞག་སྟེང་མི་དགོངས་པ་གནས་ལུགས་ངོ་བོ་མ་སྟོངས་པར་རིག་པའི་རང་བཞིན་གསལ་ལ་མ་འགགས་པར། མཚན་ཉིད་དེ་ཡང་ལུས་ལས་ཆོས་ཉིད་སྟོང་པ་ལ་རང་རིག་ཡེ་ཤེས་སུ། མ་བུ་སོར་བཞག་མཉམ་ཉིད་དགོངས་པའོ། །ཞེས་སོ། །སྟོང་གསལ་དབྱེར་མེད་ཀྱི་དགོངས་པ་ཤེས་པ་གསལ་བྱ་དང་བཅས་པ། ཉམས་གཟུང་འཛིན་དང་བྲལ་བ། རིག་པ་གསལ་ལ་འཛིན་མེད་དུ་འཆར་རོ། །དེའི་གདངས་ཙིཏྟ་རིན་པོ་ཆེའི་ནང་ན། འོད་ཁ་དོག་ལྔའི་རང་བཞིན་དུ། ཚོམ་བུ་ལྔའི་དཀྱིལ་འཁོར་དང་བཅས་པ་བཞུགས་སོ། །ཡང་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ། གུར་ཕུབ་པའི་ནང་ན་རྩ་བཞི་གསུངས་སོ། །དེ་ལ་ཀུན་གཞིའི་རྒྱུ་རྣམ་ཤེས་ཆོས་ཉིད་དང་རང་བྱུང་གི་རྩ་མཐིང་ག །ཉོན་མོངས་ཅན་གྱི་ཡིད་རྒྱུ་ ཡེ་ཤེས་ཀྱི་སེར་པོ། ཡིད་ཀྱི་རྣམ་ཤེས་རྒྱུ་རང་རྒྱུད་ཀྱི་རྩ་དམར་པོ། སྒོ་ལྔའི་རྣམ་ཤེས་རྒྱུ་ ཡོན་ཏན་གྱི་རྩ་ལྗང་གུའོ། །དེ་བ་ཐག་ཁུག་པའི་ཚུལ་དུ་ཡོད། དེ་བཞིའི་རྩེ་མོ་གཅིག་ཏུ་འདུས་པ་ལས། རྩའི་དྭངས་མ་དར་དཀར་ལུས་ཤ་རུས་བསྐྱེད་གྱི་སྐུད་པ་ཙམ་གཅིག །དེ་ལ་ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་ལྟ་བུར་གནས་སྟེ། དེ་ལ་དྲོད་ཀྱི་དྭངས་མ་མེ་ལོང་ངོས་ལ་ཉི་མ་ཤར་བ་ཙམ་གཅིག་གནས་སོ། །དེ་རླུང་རྩལ་དང་སྟོབས་བསྐྱེད་གི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་གཅིག་གནས་སོ། །དེ་བཞིའི་དཀྱིལ་ན་འོད་ཀྱི་དྭངས་མ་ཚོན་གྱི་གྲུ་གུ་བསྒྲིལ་བ་ལྟ་བུ་གནས་སོ། །དེའི་དཀྱིལ་ན་རིག་པ་ཤེས་བྱེད་ཀྱི་གཞི་དྲན་པའི་རྟེན། སྲོག་མི་ཤིགས་པའི་ཐིག་ལེ། ཨ་བ་དྷཱུ་ཏཱི་ཞེས་བྱ་བ། དྲན་རིག་གི་ངོ་བོ། དངོས་པོ་དང་རྫས་སུ་མ་གྲུབ་པ། རིག་པ་དང་སྣང་བ་མེད་པ། ངོ་བོ་དང་དོན་དུ་ནི་ཡོད་དེ། ཡེ་ཤེས་ཀྱི་དབང་པོ་ལྔ་དང་བཅས་པ། གདངས་འོད་ཁ་


DNG025_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ལྔ་ཤར་བའི་ཀློང་ནས་རྒྱལ་བ་རིགས་ལྔའི་སྐུ་ཚོམ་བུ་དཀྱིལ་འཁོར་དང་བཅས་ནས་བཞུགས་པ། དེ་མི་སྟོང་པ་ཡེ་ཤེས་གསང་ལམ་ནས་འཕོ་བ་ནི་ཕྱི་འབྲིང་གི་འོད་གསལ་ལ་འཕོ་ཏིང་ངེ་འཛིན་ནི ། སྙིང་གི་རྩེ་མོ་གྱེན་ལ་ལྷག་བཟློག་ལ། རྩ་རིན་པོ་ཆེ་གསེར་གྱི་སྦུ་གུ་ཙམ་གཅིག་སྙིང་ནང་ནས་ཚངས་པའི་བུ་གར་འཇུག་གོ། །དེའི་ནང་ནས་ཡང་འོད་ཁ་དོག་ལྔ་ལྡན་ཕྲ་མོ་རྟ་སྙིང་གི་རྩེ་མོ་ནས་ཡར་ལ་རྩ་རིན་པོ་ཆེ་གསེར་གྱི་རྣམ་དག་ཅེས་བྱ་བ། གསེར་གྱི་སྦུ་གུ་ཅན་རྩ་གསུམ་དྲག་ཏུ་གྱེས་ཏེ། མིག་གཉིས་ལ་གཅིག་རྩ་བུ་རུ་ཟུག་ཡོད་པས་དེའི་ནང་ནས་ཡང་རིག་པ་ཚུད་པས་མྱ་ངན་ལས་འདས་པའི་ལམ་དུ་ཚུད་པ་ཡིན་ནོ། །རྔ་ཙམ་གཅིག་བསམ་ལ། དེ་ལ་ཨ་དཀར་པོ་ཉི་ཤུ་རྩ་གཅིག་སྟར་ལ་བརྒྱུས་པ་ལྟར་དཀར་ཁྲིག་གེ་བསྒོམ་ལ། ཨ་ཨ་ཞེས་དབུགས་ཀྱིས་ཐུབ་ཚད་བཟླས་པས། ཨ་གཅིག་ལ་གཅིག་ཐིམ་ནས་ཚངས་པའི་བུ་ག་ནས། རིག་པ་ཨའི་ཕྱིར་རྒྱང་རྩེར་འཐོན་པས་སྣང་བ་ཐམས་ཅད་རང་གི་རིག་པའི་རང་མདངས། འོད་གསལ་གྱི་ཀློང་དུ་གྱུར་པ་ལ། རིག་པ་གཏད་ལ་དབུགས་ཐུབ་ཚད་བསྡམ་མོ། །དེའི་ངང་ལ་ཕྲག་དོག་གིས་འགྲོའོ། །གསེབ་ལམ་ནས་འཕོ་བ་ནི། རིག་པ་མིག་ལ་གཏད། མིག་བར་སྣང་ལ་གཏད། ཡིད་འོད་གསལ་ལ་གཏད་ལ་འཕོའོ། །གསང་བློ་མཐའ་མ་མཚན་བཅས་སུ་འཕོ་ལམ་ལ་འཕོ་བ་ནི། སྣ་སྒོ་ནས་རིག་པ་དབུགས་དང་འགྲོགས་ནས་ཧཱུཾ་དུ་འཐོན་ཧཱུཾ་དཀར་པོ་བདུན་གྱི་ནམ་མཁའ་ལ་བླ་མ་དང་ཡི་དམ་གསལ་བའི་ཐུགས་ཀར་ཡང་དང་ཡང་དུ་བསྡིམ་མོ། །འཕོ་བའི་དུས་དེ་རྣམས་སུ་སྐྱེལ་མ་གསུམ་སྔར་ཉམས་སུ་བླངས་པའི་སྐྱེལ་མ་ཉམས་གདེང་དུ་ཆུད་པས་འཆི་ཁར་གསལ་ཐེབས་པའི་སྐྱེལ་མའོ། །སུན་མ་གསུམ་ནི་སྐུའི་བསུན་མ་སྣང་སྲིད་ཐམས་ཅད་འོད་ཁ་དོག་ལྔ་རུ་འཆར་རོ། །གསུང་གི་བསུན་མ་སྒྲ་རུ་འཆར་རོ། །ཐུགས་ཀྱི་བསུན་མ་ཟེར་དུ་འཆར་རོ། །དེ་རྣམས་སྐུ་གསུང་ཐུགས་སུ་ངོ་ཤེས་པར་བྱའོ། །རིག་པ་དང་འོད་གཉིས་སུ་མེད་པར་


DNG025_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པ། །དཔེར་ན་ཆུ་དང་འོ་མ་འདྲེས་ཙ་ན་ཆུ་ཡང་འོ་མའི་རང་བཞིན་འགྱུར་བས། དེ་ལྟར་རིག་པ་འོད་གསལ་དུ་ཐིམ་མོ། །དང་ལྡན་པར་བྱས་ཏེ། སུན་མ་གསུམ་ནི་སྟེང་དུ་འཕོའོ། །དེ་ནི་རང་གི་རིག་པའི་འོད་གསལ་གཉིས་སུ་མེད་པར་ཐིམ་ནས། སྐྱེ་མེད་ཆོས་ཀྱི་སྐུར་སངས་རྒྱའོ། །གསུམ་པ་བར་དོའི་མན་ངག་ངོས་གཟུང་བ་ལ་གསུམ་སྟེ། ཆོས་ཉིད་བར་དོ་དང་། སྲིད་པ་ལོངས་སྐུ་དབང་པོ་འབྲིང་བར་དོ་དང་། རྨི་ལམ་སྤྲུལ་སྐུ་དབང་པོ་ཐ་མ། ངོ་བོ་ནི་དགེ་སྡིག་འཁོར་འདས་ཀྱིས་ཕྱོགས་ཀྱང་ད་རུང་མ་སྨིན་པ་སྟེ། གཞི་ངོ་བོ་ཉིད་ཀྱི་གནས་ལུགས་མི་འགྱུར་བའོ། །བར་དོ་དང་གསུམ་མོ། །ཆོས་ཉིད་བར་དོ་ལ་གཉིས་ཏེ། སྣང་བ་དེ་ལ་འདྲིས་ཤིང་གོམས་པ་དང་། དེ་ལ་འདུག་གོ། །སྣང་བ་གསུམ་དང་འོད་རིག་པའི་རང་གདངས་ཟེར་དང་ ཤེས་པའི་དུང་འཕྲོ་སྒྲ་དང་གསུམ་མོ། །དང་པོའི་མཚམས་སྦྱོར་གསུམ་ན། འོད་ཀྱི་སྔོན་ལ་མ་འགྲོ་ཞེས་བྱ་སྟེ་འོད་དྭངས་སོ། །རང་ཁ་མ་ཡིན་ལྟ་ཞིང་དགའ་བྲོད་མི་བྱའོ། །འོད་ཀྱི་གདེངས་ལ་མི་གཏད། ཞེས་བྱ་སྟེ་འོད་རང་འོད་དུ་ཤེས་པར་བྱས་ལ་འཇིགས་པར་མི་བྱའོ། །འོད་ཀྱི་ལོགས་ལ་མི་འགྲིམ་ཞེས་བྱ་སྟེ། འོད་བཏང་སྙོམས་སུ་མ་བཞགས་པར་དྲན་པར་ཟིན་པར་བྱའོ། །འོད་ནི། དབུགས་ཆད་པའི་དུས་སུ། སྣང་སྲིད་ཐམས་ཅད་ཁ་དོག་ལྔ་རུ་ཞག་ལྔ་འཆར་ཏེ། བསམ་གཏན་གྱི་ཞག་གསུམ་གནས་སོ། །འོད་ཀྱི་ཟེར་ནི་གདམས་ངག་མ་བསྟན་པ་ལ་ཟེར། མཚོན་ཆར་སྣང་བཏབ་པ་ཆོས་མཛད་ལ ། རྡོ་རྗེ་བུ་ག་ཁོང་སེང་དུ་འོང་ངོ་། །སྐད་རིང་པོ་གཅིག །སྐད་འབྲིང་པོ་གཅིག །སྐད་ཐུང་ངུ་གཅིག །གསུམ་གྱི་བར་ལ་ཞག་གསུམ་ཟེར་རོ། །སྒྲ་ནི་ཕལ་པ་ལ་འཇིགས་པའི་སྒྲར་ཐོས། རྣལ་འབྱོར་པ་ཆོས་ཉིད་ཀྱི་སྒྲར་ཐོས། དེ་ལྟར་སྦྱར་ན་འོད་ཀྱི་ཕྱིའི་འོད་ལྔ་པོ་དེ་ཉིད་དབང་པོ་ལྔའི་རྩ་ལ་ཟུག་ཅིང་ཤར་ཏེ་འོད་མཐིང་ག་མིག་ལ་ཟུག་གོ། །འོད་དཀར་པོ་རྣ་བའི་རྩ་ལ་ཟུག་གོ། །འོད་སེར་པོ་སྣའི་རྩ་ལ་ཟུག་གོ། །འོད་དམར་པོ་ལྕེའི་རྩ་ལ་ཟུག་གོ། །འོད་ལྗང་གུ་ལུས་ལ་ཟུག་ཅིང་ཤར་རོ། །དེ་ལྟར་ཤར་བས་མིག་གིས་གཟུགས་མཐོང་བས་


DNG025_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གསལ་ལོ། །རྣ་བས་སྒྲ་ཐོས་པས་ཐམས་ཅད་དྲན་སྟོང་། སྣས་དྲི་ཚོར་ན་ཐམས་ཅད་ཚོར་སྟོང་། ལྕེས་རོ་མྱོང་བ་ཐམས་ཅད་རོ་སྟོང་ལུས་ཀྱིས་རེག་བྱ་ཐམས་ཅད་རེག་སྟོང་འོད་ལྔའི་རྩ་ལ་དབང་པོ་ལྔ་ལ་ཤར། དབང་པོ་ལྔའི་རྩལ་འབྱུང་བ་ལྟར་སྣང་བས་ཡིན་པས་དོན་ལ་ཕྱི་འབྱུང་བ་ལྔ་པོ་འདི་ཐམས་ཅད་ཆོས་ཉིད་འོད་གསལ་དུ་གོ་དགོས་སོ། །ཡུལ་དུ་འབྱུང་བ་ལྟར་སྣང་ལ། ཟེར་ནི་ཚོགས་དྲུག་འགག་མེད་དོ། །ཉོན་ཅིག་མ་ཡེངས་ཉོན་ཅིག །རིགས་ཀྱི་བུ་གང་ཞིག་ཕུང་པོ་ལྷག་མ་མེད་པར་སངས་རྒྱ་བར་འདོད་པས་ཡིད་འདི་ལྟར་ཤེས་པར་བྱའོ། །རང་གི་སྙིང་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་སངས་རྒྱས་རྒྱལ་བ་རིགས་ལྔའི་སྐུ་ཚོམ་བུའི་དཀྱིལ་འཁོར་བཅས་པ་སྐུ་ཉུང་འབྲུ་ལ་སྤྱན་ཕུལ་ཐག་ཙམ་སྣ་ཚོགས་གཅེར་བུར་བཞུགས་སོ། །སྐུ་དེ་ཡང་ངོ་བོ་གསལ་བ་ཟང་ཐལ་བ་འཛིན་རྟོག་དང་བྲལ་བའི་ཡེ་ཤེས་སུ་བཞུགས་སོ། །དེ་ལྟར་རང་གི་སྙིང་གི་ནང་ན་སངས་རྒྱས་ཀྱི་སྐུ་ཡུངས་འབྲུ་ཙམ་བཞུགས་ཤིང་འཁྲུལ་སྣང་འགགས་པའི་དུས་སུ་སྐུ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པ། འབྲིང་པོ་རི་རབ་ཙམ་གྱིས་ཁེངས་ནས་རང་འཆར་རོ། །དེ་ལ་མ་འཇིགས་ཤིག །དེ་ངོ་ཤེས་པས་ཆོག་གོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཟུང་ཞིག །རང་འཆི་ཁར་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། སངས་རྒྱས་ཀྱི་སྐུ་མངོན་སུམ་དུ་འཆར་རོ། །དེ་ངོ་ཤེས་པས་ཆོག་གོ། །རང་གི་རིག་པ་འོད་ལྔ་དང་འདུ་འབྲལ་མེད་པར་འགྲོགས་པ་ཡིན་ནོ། །མ་ནུ། སརྦ། བུཌྜྷ། ཛྙཱ་ན། ཀཱ་ཡ། པཉྩ། རིགས་ཀྱི་བུ་རང་ལ་སངས་རྒྱས་ཀྱི་སྐུ་རང་ལ་ཡོད་པས་གཞན་དུ་མ་འཚོལ་ཅིག །སངས་རྒྱས་འོད་ལྔའི་ལུས་སུ་བཞུགས་ནས་གསལ་འགྲིབ་དང་བྲལ་ལོ། །སངས་རྒྱས་ཀྱི་སྐུ་ལ་འགྱུར་བ་མེད་པས་སྐྱེ་འཆི་དང་བྲལ་ལོ། །སངས་རྒྱས་ཐམས་ཅད་རང་ངོ་ཤེས་པས་སངས་རྒྱས་པའི་དཀའ་ཐུབ་དང་བྲལ་ལོ། །སངས་རྒྱས་འོད་ཀྱི་སྐུ་གསལ་ལ་རྟོག་པ་མེད་པས། རང་ལ་


DNG025_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་པ་བདེ་བ་རྒྱུན་ཆད་མེད་པར་རང་གི་སྙིང་གི་ནང་ན་བཞུགས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སངས་རྒྱས་སྐུ་གསུམ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ྈྐྼཱྀ་སྤང་ཐོབ་མེད་པ་རྩ་དར་དཀར་གྱི་སྐུད་པ་ཙམ་འདིའི་ནང་གང་ན་ཡང་ཡེ་ཤེས་འགྱུའོ། །ཤྱ་ཡངས་པ་ཆེན་པོ་ཆོས་ཀྱི་གནས་ལུགས་ཡིན་བྲ་མཐའ་རྣམ་པར་གྲོལ་བ་བ་ལས་ཀྱི་མཐའ་མ་བསྒྲིབས་པས་ཨཱ་བདེ་བ་ཆེན་པོ་ཨ་འུབ་ཆུབ་པ་ཧྭ་ཡེ་ཤེས་ཉི་མ་རང་ལ་སྣང་བའོ། །ནྱ་ས་ལེ་བ་རྨ་སྟོང་ངེ་བ་དྱ་མེ་རེ་བ་སྱ་སངས་རྒྱས་མཐོང་བའོ། །མདྱ་གོང་ན་གཞན་མེད་པའོ། །དྲ་ཎཱ་བསྒོམ་པ་ཀྱཾ་ལྟ་བ་མི་གཡོ་བར་བྲིས་ཧྲི་ཏྭཾ་འོད་ལྔ་གསལ་ལམ་མི་གཡོ་བར། ཆུ་བོ་རྒྱུན་གྱི་ཏིང་འཛིན་དྭ་སྤྱོད་པ་མི་གཡོ་བ་དྣ་དག་པ་ཆོས་སྐུའི་གནས་ལུགས་འགྱུར་བ་མེད་ཅིང་གསལ་སྒྲིབ་མེད་ཤ་འབྲས་བུ་མི་འགྱུར་བ་སྔར་ཐོབ་མེད། མ་མཱ་དྲག་པོ་མེད་པས་འགྱུར་བ་མེད་ཅིང་སྒྲིབ་མེད་ཨཱ་གསུང་གི་གནས་ལུགས་སྨྲ་བསམ་བརྗོད་བྲལ་ཡིན་སཊ་སྐུ་གནས་ལུགས་འོད་ལྔའི་དུས་སུ་ཡོད། འོད་ལྔ་ལ་གསལ་འགྲིབ་མེད་དོ། །གསལ་ལ་མ་འགགས་པས་འོད་ལྔར་གསལ་ལོ། །ཉས་ཐུགས་ཀྱི་གནས་ལུགས་རྣམ་རྟོག་བྲལ་བ་ཡིན་ནྷྲཱ ་ངོ་བོ་སྟོང་པར་བཞུགས་ཧྐུ ་ཡུལ་གྱི་ཡེ་ཤེས་ཀློང་བརྟོལ་ཏེ། དཔལ་བེའུའི་ཡེ་ཤེས་ལྔ་ཡིན་ཧྲྼྀཾ ་ལྷག་མཐོང་གི་ཡེ་ཤེས་ཀྱིས་མ་རིག་པ་གདར་ཤ་གཅོད། རིག་པ་ཆོས་ཀྱི་སྐུ་ཡིན་ཨཱོཾ་བདག་ཏུ་རྟོག་པའི་བློ་དང་བྲལ་བའི་ཡེ་ཤེས་ཆེན་པོའི་རང་ལ་བཞག་གོ། །ཨ་རྣམ་རྟོག་དང་བྲལ་བ་ཡིན། རང་སངས་ངེས་པ་ཡིན་ཨྸ་རང་སྣང་གི་དགོངས་པ་ལ་གནས་པ་ཡིན་མྨ་བསྒོམ་པའི་དཔེ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཨྐ་དང་པོའི་ཉི་མ་ཡིན་ནོ། །ཐྠ་ཡོན་


DNG025_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་དཔེ་ནོར་བུ་ཆུ་དྭངས་ལྟར་ཡིན་ ཧྲྼི ་དཔལ་རྟོག་མེད་ཡོན་ཏན་འགྱུར་བ་ཧཱུཾ་སྙིང་རྗེས་བཏང་སྙོམས་ཟིན་པས་འདྲེལ་བ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་རང་གི་རྒྱུད་ལ་ཤར་བ་ཡིན་པས་འཁོར་བ་ལ་རང་བཞིན་ཡོད་མ་མྱོང་ཀྐ་ཡེ་ཤེས་རོལ་པ་འགགས་པ་མེད་པས་ཤག་གིས་འཆར་རོ། །ཏྲ་ཏྲ་མ་བཅོས་པའི་སྤྱོད་པ་ལྷུག་པར་བཞག་བུན་ནི་ལོང་པ་ཡིན་ཨིད་ཆོས་ཉིད་སྟོང་པ་ཉིད་ངོ་བོར་མ་གྲུབ་པའོ། །ཧྞཾ་ཡེ་ཤེས་ལ་རྟོག་པ་མེད་དོ། །བུ། ས་མ་ཏི། རོ་མ་ཧ་རང་ཆས་སུ་ཡོད་ཀ་ལ་འོད་ལྔ་ཞུགས་བྷྱིད་ཏྱ་རིག་པ་ཡེ་ཤེས་འོད་འཕྲོ་བ་བཞུགས་ཛྙཱ་ན་ཡེ་ཤེས་རྟོག་མེད་ཙིཏྟ་སྙིང་གི་ནང་ནས་སངས་རྒྱས་བཞུགས་བུཌྜྷ། བཛྲ་མ་ཧཱ་རྡོ་རྗེའི་སྐུ་ཡིན་ནོ། །ཙཀྵུ་ཡེ་ཤེས་སྤྱན་ལ་གསལ་འགྲིབ་མེད་པ་ཡིན་བྷྱིད་ཏྱ་མ་རིག་པ་རང་ངོ་ལ་འཁྲུལ་པ་མེད་པ་ཡིན་ཨ་མལ་སྐྱེ་བ་མེད་པ་མཉམ་པ་ཉིད་མ་ཧ། པཉྩ་སངས་རྒྱས་སྐྱེ་འཆི་མེད་པ་ཆེན་པོ་ཡིན་ཀཱ་ཡ་དྷརྨ་ལ་མཉམ་པ་ཉིད་ཡིན་ཨ་སྐྱེ་བ་མེད་དོ། །གསུངས་ནས་ཅང་མེད་དོ། །ཧྷུ ་གསལ་ལ་འཚེར་བ་མེད་པ་ཡིན། རང་ངོ་ཤེས་ན་འཁོར་བའི་སྡུག་བསྔལ་དང་བྲལ་བའི་སྣང་བ་འདི་རྨི་ལམ་དང་ཁྱད་མེད་དེ་ཡོད་མ་མྱོང་འཁྲུལ་སྣང་རྨི་ལམ་དང་འདྲ་བས་བདེན་པར་མ་འཛིན། དགའ་རབ་རྡོ་རྗེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་སངས་རྒྱས་ཐུགས་རྗེ་ཅན། སེམས་ཅན་གྱི་སྡུག་བསྔལ་བསལ་དུ་གསོལ། ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་


DNG025_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། གསང་བའི་བདག་པོ་སངས་རྒྱས་རང་ལ་ཡོད་དོ། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། སངས་རྒྱས་ཀྱི་གདམས་ངག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།བྷྱི་ད་ཏྱ་ཨཱ་ཏ་ཐཱ་ག་ཏ། ཀུ་ལ་པཉྩ་པ་ནི་བུཌྜྷ་ཀུ་ལ་ཙིཏྟ་པ་ནི་བུཌྜྷ་ཀཱ་ཡ་ཧ་མ་ས་ཨ་སི། གསུངས་ནས་དགོངས་པ་ལ་གཤེགས་སོ། །ནམ་མཁའི་དཀྱིལ་ནི་ཆོས་ཀྱི་དབྱིངས་ཡིན་ནོ། །ནམ་མཁའི་དཀྱིལ་ན་ཉི་ཟླའི་ཉི་ཟླ་ནི་ཡེ་ཤེས་ལྔ་ཡིན་ནོ། །ཁང་པ་རིན་ཁང་པ་ནི་རང་གི་ལུས་ཡིན་འོད་ལྔའི་ཁ་དོག་ལྔ་ཡིན་ནོ། །པོ་ཆེ་འོད། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་སངས་རྒྱས་རྡོ་རྗེ་འཆང་། སངས་རྒྱས་ཀྱི་བཞུགས་ཚུལ་གསུམ་གསུང་དུ་གསོལ། ཅེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་མ་ཡེངས་པར་ཉོན་ཅིག །རང་གི་སྙིང་གི་ནང་ན་སངས་རྒྱས་འོད་ལྔའི་ཕུང་པོར་བཞུགས་སོ། །རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་ཀྱི་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་གང་བཞུགས་སོ། །རང་གི་སྙིང་གི་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ནས། སངས་རྒྱས་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་། རྨ་བྱ་དང་། ཤང་ཤང་གི་གདན་དང་། སྐུ་ཁ་དོག་ལྔ་དང་ལྡན་པ། ཕྱག་མཚན་རྡོ་རྗེ་རྩེ་ལྔ་བསྣམས་པ། ནོར་བུ་རིན་པོ་ཆེ་དང་། པདྨ་འདབ་མ་བརྒྱད་པ་དང་། རྡོ་རྗེ་རྒྱ་གྲམ་དང་།འཁོར་ལོ་རྩིབས་བརྒྱད་པ་རྣམས་བསྣམས་ནས། རིན་པོ་ཆེ་འོད་འབར་བའི་སྐུ་དང་། རང་གི་སྙིང་གི་ནང་ན་ད་ལྟ་བཞུགས་སོ། །རང་གི་ཀླད་པའི་ནང་ན།སངས་རྒྱས་ཁྲོ་བོའི་སྐུ་བཛྲ་ཧེ་རུ་ཀ་དང་། བུཌྜྷ་ཧེ་རུ་ཀ་དང་། རཏྣ་ཧེ་རུ་ཀ་དང་། པདྨ་ཧེ་རུ་ཀ་དང་། ཀརྨ་ཧེ་རུ་ཀ་དང་། ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་མངོན་


DNG025_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་བཞུགས་སོ། །ཀྱེ་གསང་བའི་བདག་པོ་རང་གི་ཀླད་པའི་ནང་ན་ཁྲག་འཐུང་གི་ལྷ་ཚོགས་སྣ་ཚོགས་གཅེར་གྲོལ་དུ་བཞུགས་སོ། །རང་གི་ལུས་འདི་ལ་སངས་རྒྱས་ཀྱི་གྲོང་ཁྱེར་ཉི་ཁྲི་དང་ཆིག་སྟོང་ཡོད་དོ། །གྲོང་ཁྱེར་དེ་དག་ཐམས་ཅད་ན་སངས་རྒྱས་ཀྱི་སྐུ་ཐམས་ཅད་ན་སངས་རྒྱས་ཀྱི་སྐུ་ཐམས་ཅད་ཀྱིས་ཁྱབ་ནས་ཡོད་དོ། །རང་གི་རྩའི་ནང་ཐམས་ཅད་བདེ་བར་གཤེགས་པའི་སྐུས་ཁེངས་ནས་ཡོད་དོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །གངས་སམ་གཡའ་ལས་བྱུང་བའི་མན་ཤེལ་དྲི་མ་མེད་པ་ཉི་མ་ལས་ཕྱར་བས། འོད་ཁ་དོག་ལྔ་ལྷུག་པར་འཆར་རོ། །དེ་ཡང་འདི་ལྟ་སྟེ། ཁ་དོག་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ། །དེ་བཞིན་དུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །རང་འཆི་བའི་དུས་སུ་འོད་ལྔ་གསལ་ལ་འཚེར་བ། རང་བཞིན་གྱིས་བཀྲག་ལ་ཉམ་ང་བ། སོས་ཀའི་བྱང་ཐང་ཆེན་པོ་ལ། སྨིག་རྒྱུ་རྒྱུ་བ་བཞིན་མེར་མེར་འོང་ངོ་། །དེ་ལ་མ་འཇིགས་ཤིག །འོད་ཟེར་མཚོན་ཆའི་ཆར་པ་བབས་པ་འདྲ་བ་འོང་ངོ་། །དེ་ལ་མ་སྐྲག་ཅིག །འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟར་དྲག་ལ་ཆེ་བ་འོང་། དེ་ལ་མ་དངངས་ཤིག །དེ་གསུམ་ལ་མི་འཇིགས་མི་དངངས་མི་དྲེད་པ་དེ་ནི་སངས་རྒྱས་ཡིན་ནོ། །དེ་གསུམ་ལ་དྲེད་འཇིགས་སྐྲག་པ་དེ་ནི་རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་ཞེས་བྱ་བ། ཉིན་མོ་ཉི་མའི་སྣང་བ་མེད། ནུབ་མོ་ཟླ་བའི་སྣང་བ་མེད། ནང་ནུབ་མེའི་སྣང་བ་མེད་པ། རླུང་དང་ཆར་དང་མུན་པ་ནག་པོའི་གསེབ་ན། ཤིན་ཏུ་སྡུག་བསྔལ་ལ། འཁོར་བ་སྲིན་གྱི་ཁ་ཆུ་དང་འདྲ་བས་འཁོར་ཞིང་འཁྱམས་སོ། །དེས་ན་གདམས་པ་འདི་གནད་ཆེའོ། །འདི་མ་ཤེས་ན་ཕན་མེད་དོ། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་བུ་གཅིག་པུའི་རྒྱུད་ལས།


DNG025_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། སངས་རྒྱས་ཀྱི་མངོན་རྟགས་གསུམ་གསུང་དུ་གསོལ། ཅེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག །སངས་རྒྱས་ལ་གཉིས་མངོན་པར་རྫོགས་པར་སངས་རྒྱ་བ་དང་། ཡང་དག་པར་རྫོགས་པར་སངས་རྒྱ་བའོ། །མངོན་པར་རྫོགས་པར་སངས་རྒྱ་བ་དེ་ལ། འོད་དང་སྒྲ་དང་། གདུང་དང་། སྐུ་འོང་ངོ་། །འོད་གྱེན་ལ་འགྲེངས་ནས། སྤྲས་པའི་སྐས་ཀྱི་ཡིན་ནམ་ཚུལ་དུ་འོང་ངོ་། །དབུགས་ཆད་པ་དང་། སངས་མི་རྒྱ་བར་ཞག་ལྔ་ནས་སངས་རྒྱའོ། །འོད་ཁང་ཁྱིམ་གྱི་ཚུལ་དུ་བྱུང་ན། ཞག་ལྔ་ནས་བརྟན་པ་ཐོབ་ནས་སངས་མི་རྒྱ་བར། དབུགས་ཆད་པ་དང་སངས་རྒྱའོ། །སྒྲ་ལ་གཉིས་ཏེ་སྒྲ་འུར་ཟེར་ན་ཞག་ལྔ་ནས་སངས་རྒྱས་སོ། །སྒྲ་ཐུགས་ཟེར་ན་ཞག་བདུན་ནས་སངས་རྒྱའོ། །གདུང་ལྔ་དཀར་པོ་བྱུང་ན། རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་སྐྱེའོ། །སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །སེར་པོ་བྱུང་ན། རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་སུ་སྐྱེས་ནས་མངོན་པར་སངས་རྒྱའོ། །གདུང་ཁ་དོག་དམར་པོ་བྱུང་ན། སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱའོ། །གདུང་ཁ་དོག་ལྗང་ཁུ་བྱུང་ན། དོན་ཡོད་གྲུབ་པའི་ཞིང་ཁམས་སུ་སྐྱེའོ། །ཁ་དོག་མཐིང་ག་བྱུང་ན། རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་སངས་རྒྱ་བ་ཡིན་ནོ། །སྐུ་ལ་གཉིས་ཏེ་ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་པ་དང་སངས་རྒྱའོ། །ཁྲོ་བོའི་སྐུ་བྱུང་ན་ཞག་ལྔ་ནས་སངས་རྒྱའོ། །དེ་བཞིན་དུ་འོད་དང་། སྒྲ་དང་། གདུང་དང་། སྐུ་འབྱུང་ངོ་། །ཞེས་གསུངས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ལས། མངོན་རྟགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་


DNG025_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྐུ་ལྔའི་གནས་ལུགས་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོས་ཞུས་པ་ལེགས་སོ། །རང་གི་སྙིང་གི་དཀྱིལ་ན། དབུས་རྣམ་པར་སྣང་མཛད་སྐུ་མདོག་མཐིང་ག་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་སྙིང་གི་ནུབ་ན་སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་བྱང་ན་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་སོ། །རང་གི་ཀླད་པའི་ནང་ན་སངས་རྒྱས་ཁྲོ་བོའི་སྐུས་ཁེངས་ནས་ཡོད་དོ། །རང་གི་རིག་པ་མ་འགགས་པར་གསལ་བ་འདི་ཆོས་སྐུ་ཡིན་ནོ། །སངས་རྒྱས་རྒྱལ་བ་རིགས་ལྔ་རང་གི་སྙིང་གི་ནང་ན་བཞུགས་པ་ལོངས་སྐུ་ཡིན་ནོ། །རང་གི་ཀླད་པའི་དུང་ཁང་དཀར་པོའི་ནང་ན་ཡོད་པ་དེ་སྤྲུལ་པའི་སྐུ་ཡིན་ནོ། །རང་གི་ཀླད་པའི་ནང་གི་དབུས་འོད་ཁ་དོག་ལྔ་ཡོད་དོ། །འོད་ལྔའི་ནང་ན་སངས་རྒྱས་ཀྱི་སྐུ་བཞུགས་སོ། །རང་གི་གཞུངས་པའི་ནང་ན་སངས་རྒྱས་ཀྱི་སྐུ་བཞུགས་སོ། །རང་གི་ལུས་རྩའི་དྲ་བར་ཡོད་དོ། །རྩའི་ནང་ན་སངས་རྒྱས་ཀྱི་གྲོང་ཁྱེར་ཡོད་དོ། །འོད་ལྔ་སངས་རྒྱས་ཀྱི་རང་ལུས་སུ་ཤེས་ན་སངས་རྒྱའོ། །ཁུག་པ་ལྔ་ཤེས་ན་དབུགས་མ་ཆད་པ་ལ་སངས་རྒྱའོ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔའི་ཞལ་ནས། སློབ་དཔོན་དགའ་རབ་རྡོ་རྗེ་ལ། རིགས་ཀྱི་བུ་ངས་འཇིག་རྟེན་གྱི་ཁམས་སུ་རང་ལོ་ཉི་ཤུ་རྩ་བཞིར་སྤྲུལ་པའི་སྐུ་རུ་བཞུགས་སོ། །སེམས་ཅན་གྱི་ལོ་སྟོང་བརྒྱད་བརྒྱ་ལོན་ནོ། །ཞེས་གསུངས་སོ། །ནམ་མཁའ་འོད་ཀྱིས་བཀང་ནས་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་སོ། །དེ་དགའ་རབ་རྡོ་རྗེ་བརྒྱལ་ནས། ཀྱེ་ཀྱེ་ཀྱི་ཧུད་ཟེར་ནས་སྐད་ཕྱོགས་བཅུར་བོས་པས། དེ་བརྒྱལ་བ་སངས་ཙམ་ན་སངས་རྒྱས་རྡོ་རྗེ་སེམས་དཔའ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུས་བྱོན་ནས། ཕྱག་


DNG025_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པའི་སོར་མོ་བརྐྱང་ནས། དྷརྨ་རཏྣ་སིཌྜྷ་མ་ཡ། ཞེས་པའི་སྒྲ་བྱུང་ནས་རིན་པོ་ཆེ་གཡུའི་ཟ་མ་ཏོག་སེན་གང་བ་ཅིག་དབུའི་ཐོག་ཏུ་བབས་སོ། །དེ་ཁ་ཕྱེ་ནས་གཟིགས་པས་གསེར་གྱི་ཤོག་བུ་ལ་གཡུའི་ཡི་གེ་བྲིས་པ་གཅིག་འདུག་ནས། དེ་བལྟས་པས་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཚིག་གསུམ་པ་ཞེས་བྱ་བ་ཕུང་པོ་ལྷག་མ་མེད་པར་སངས་རྒྱ་བ་འདི་འདུག་གོ། །དེར་དགའ་རབ་རྡོ་རྗེས་བལྟས་པས། དགའ་རབ་རྡོ་རྗེ་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་སོ། །བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུའི་རྒྱུད་ཀྱི་སྐུ་ལྔ་བཤད་པའི་ལེའུ་སྟེ་བདུན་པའོ།། །།རྫོགས་སོ།། དབང་པོ་རབ་རྟོགས་པའི་ཁྱད་པར་ཅན་ལ་སྐད་ཅིག་མ་གསུམ་མམ། ལྔ་ལ་སངས་རྒྱས་རྒྱལ། དང་པོ་འཁོར་བ་དོང་ནས་སྤྲུགས། གཉིས་པ་ལ། བདེན་པ་མཐོང་། གསུམ་པ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ། བཞི་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཁྱེན། གསལ་རིག་པ་ཐུགས་རྡོ་རྗེ་འབྱུང་ངོ་། །ཐ་མ་སྐད་ཅིག་གསུམ་ལ་སངས་རྒྱའོ། །ཞེས་གསུངས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། སྙིང་གི་ནང་ན་རིགས་ལྔའི་སྐུ་མངོན་སུམ་བཞུགས་སོ། །འཆར་བ་མངོན་སུམ་དུ་འཆར་རོ། །ཀྱེ་གསང་བའི་བདག་པོ་གདམས་པ་བསྟན་པའི་ཚེ། སངས་རྒྱས་ཀྱི་སྐུ་མེ་ལོང་གི་གཟུགས་བརྙན་བཞིན་འཆར་རོ། །རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཆོག་གསུམ་པའོ། །དགའ་རབ་རྡོ་རྗེས་ཐུགས་ཀྱི་དཀྱིལ་དུ་སྦོས། །ཞེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་སེམས་དཔའི་ཞལ་ནས། དགའ་རབ་རྡོ་རྗེ་ངས་འཇིག་རྟེན་གྱི་ཁམས་སུ། ལོ་ཉི་ཤུ་ལོན་ནས་སྤྲུལ་པའི་སྐུར་བཞུགས་སོ། །སེམས་ཅན་གྱི་ལོ་སྟོང་བརྒྱད་བརྒྱ་ལོན་ནོ། །ཞེས་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ། །དེ་ནས་རིམ་པར་བརྒྱུད་ནས། ལྕེ་བཙུན་གྱིས་འཆད་པ་སྟག་ཅན་དུ་སྦས་སོ། །དེ་ནས་ལྕེ་སྒོམ་ནག་པོར་བཏོན་ནས། ཕྱི་སྐོར་ནང་སྐོར་གསང་སྐོར་གསུམ་བྱོན་ནོ། །གསང་སྐོར་བླ་ན་མེད་པ་འབྲས་བུ་རིན་པོ་ཆེའི་སྐོར་འདི་མི་ལ་བྱིན་རེ་སྐན། ས་མ་ཡཱ། ན་ར་ཀན་རྫོགས་སོ།། །།རྒྱ་རྒྱ་རྒྱ། ཊྟྲྀ།


previousརྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པ་ཞེས་བྱ་བའི་རྒྱུད།next