Nitartha Digital Library
Tibetan
གསུང་འབུམ་པོད་དང་པོ།


  collapse section
དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར་ཆ་ཤས་དང་གསུང་འབུམ་བཞུགས་བྱང་ངོ་མཚར་གསེར་གྱི་སྙེ་མ།
   
   
   
   
   
   
   
   
   
   
   
   
   
  expand section


 
no previousདཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར་ཆ་ཤས་དང་གསུང་འབུམ་བཞུགས་བྱང་ངོ་མཚར་གསེར་གྱི་སྙེ་མ།next

དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར་ཆ་ཤས་དང་གསུང་འབུམ་བཞུགས་བྱང་ངོ་མཚར་གསེར་གྱི་སྙེ་མ།

བསྟོད་ཕྱག་དང་དམ་བཅའ་བ།

༄༅། །དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར་ཆ་ཤས་དང་གསུང་འབུམ་བཞུགས་བྱང་ངོ་མཚར་གསེར་གྱི་སྙེ་མ་ཞེས་བྱ་བ་བཞུགས་སོ། །

ཐུགས་བསྐྱེད་ཚོགས་གཉིས་རྟ་བདུན་ཤིང་རྟ་ཡིས། །

ཉེར་དྲངས་གཟུགས་སྐུའི་བཀོད་པ་ཉིན་མོའི་མགོན། །

སྲིད་པའི་ལྗོངས་འདིར་ཤར་མཛད་ཤཱཀྱའི་ཏོག །

བསྐལ་བཟང་རྣམ་འདྲེན་བཞི་པ་གང་དེར་འདུད། །

རྒྱལ་ཀུན་གསང་གསུམ་ཡེ་ཤེས་སྒྱུ་མའི་འཕྲུལ། །

མ་ལུས་གཅིག་བསྡུས་སྙིགས་འགྲོའི་མགོན་པོ་མཆོག །

སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེ་དེས། །

བྱིན་རླབས་རྟོགས་པའི་ཕ་ཕོག་སྙིང་ལ་སྩོལ། །

སྒྲིབ་གཉིས་དྲི་མའི་ཉེས་ཚོགས་ཀུན་ནས་དབེན། །

ཟབ་གསང་ཉམས་ཀྱིས་རྟོགས་པའི་རྩལ་ཆེན་རྫོགས། །

འབྲེལ་ཚད་རིག་འཛིན་ཞིང་ལ་འགོད་མཛད་པ། །

སྔ་འགྱུར་མཁས་གྲུབ་རིམ་བྱོན་ཚོགས་ལ་འདུད། །

མཁྱེན་པའི་ཡེ་ཤེས་གོམ་སྟབས་གཅིག་གིས་ཤེས་བྱའི་གནས་ཀུན་ས་ལེར་གཟིགས། །

རྩ་ཐིག་རླུང་གི་གནད་ལ་དབང་འབྱོར་མ་དག་ལས་རླུང་རྒྱུ་བ་བྲལ། །

ཟབ་གཏེར་མན་ངག་དབྱར་གྱི་རྔ་ཆེན་ནོར་འཛིན་ཁྱོན་ལ་ཡོངས་སུ་སྒྲོགས། །

མཁས་གྲུབ་རྒྱ་མཚོའི་འཁོར་ལོའི་བསྒྱུར་མཛད་ནམ་མཁའ་འཇིགས་མེད་གཏན་གྱི་སྐྱབས། །

པདྨའི་རྒྱལ་ཚབ་གཏེར་ཆེན་ཆོས་ཀྱི་རྗེ། །

གང་གི་ངོ་མཚར་མཛད་པའི་ཆ་ཤས་དང་། །

གྲོལ་བ་བཞི་ལྡན་དགོངས་གཏེར་ཟབ་མོ་རྣམས། །

ལྷག་བསམ་བཟང་པོས་བཞུགས་བྱང་འབྲི་ལ་མོས། །

གླེང་སློང་བ།

ཞེས་བསྟོད་ཕྱག་དང་དམ་བཅའི་ཚིག་ཕྲེང་སྔོན་དུ་བསྟར་ནས་འདིར་གང་གླེང་བར་བྱ་བ་ནི། དེ་ལ་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་ཆེན་པོ། ངེས་དོན་བསྟན་པའི་སྣང་བྱེད་གཅིག་པུ། ཟབ་གཏེར་མན་ངག་རྒྱ་མཚོའི་མངའ་བདག །གཏེར་ཆེན་ཆོས་ཀྱི་རྒྱལ་བོ་ཁྲག་འཐུང་ནམ་མཁའ་འཇིགས་མེད་པདྨ་མཁའ་ཀློང་ཡངས་བ་རྩལ་འདི་ཉིད། ངེས་པའི་དོན་དུ་སྐུ་གསུམ་རྒྱལ་བ་ཀུན་དང་རྣམ་དབྱེར་མ་མཆིས་པའི་བདག་ཉིད་ཅན་ཡིན་ཀྱང་། གདུལ་བྱ་གཞན་སྣང་གི་ངོ་ཁར་གང་ལ་གང་འདུལ་གྱི་མཛད་པ་མཐའ་ཡས་ཤིང་འགྲོ་འདུལ་སྤྲུལ་བའི་ཟློས་གར་ཉིད་ཀྱི་ཞལ་གསུང་སྐྱེ་ཕྲེང་གསོལ་འདེབས་ལས་གསལ་བ་ལྟར་བསྟན་ཚུལ་མཛད་པའི་ནང་ཚན། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྐུ་སྐྱེ་དེ་མ་ཐག་པ་ཡིན་པར་ཡོངས་ལ་གྲགས་པ་ལྟར། སྔོན་ཁྲག་འཐུང་བདུད་འཇོམས་གླིང་པ་རྫ་ཆུ་ཁར་ཕེབས་ནས་དཔལ་དགེ་རིན་པོ་ཆེ་དང་མཇལ་བར་དགོངས་དུས་དཔལ་དགེ་ཚང་གིས་དུད་ཁྱིམ་ཞིག་ན་ཆོ་ག་ཞིག་གསུང་ནས་ཚོགས་འཁོར་གྱི་མགོ་ན་ཐུག་ཡོད་པ་དང་ཁེལ། སྐབས་དེར་དཔལ་དགེས་ངའི་ཚོགས་དེ་བདུད་འཇོམས་ལ་དྲོངས་ཐོང་། ངེད་གཉིས་ཕ་བུ་ཞིག་ལ་འགྱུར་བའི་རྟེན་འབྲེལ་ཡོད་ཅེས་གསུངས་བ་དང་མཐུན་པར་རྗེས་སོར་སྤྲུལ་སྐུ་ནམ་འཇིགས་འཁྲུངས་ཞེས་པའི་ལོ་རྒྱུས་འདུག །ཡང་ཐེངས་ཤིག་རྫ་རྒྱལ་དགོན་དུ་ནམ་མཁའ་འཇིགས་མེད་ཉིད་ཀྱིས་སེར་སྐྱ་མང་པོར་ཀར་གླིང་ཞི་ཁྲོའི་དབང་གནང་བའི་ཞལ་འཕྲོས་སུ། དཔལ་སྤྲུལ་རིན་པོ་ཆེའི་སྐུའི་སྤྲུལ་བ་ཐུབ་དགའ་ཡིད་བཞིན་ནོར་བུ་ཡིན་པས་སྐུ་མཛད་པའི་ཡོན་ཏན་དང་འགྲོ་དོན་རྒྱ་ཆེ་བ་ཡིན། གསུང་གི་སྤྲུལ་བ་དགེ་གོང་བོད་པ་སྤྲུལ་སྐུ་ཡིན་པས་མདོ་སྔགས་རིག་པའི་གནས་ཀུན་ལ་འགྲན་ཟླ་བྲལ་བའི་མཁས་པ་ཆེན་པོ་ཡིན། ང་ནི་ཐུགས་ཀྱི་སྤྲུལ་བ་ཡིན་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་དབང་འབྱོར་བས། དོན་ལ་ངེས་པའི་གདེངས་རྙེད་ན། །ཐུགས་ལས་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་གསུངས་བ་ལྟར་དག་སྣང་དགོངས་གཏེར་གྱི་ཆོས་བཀའ་རབ་འབྱམས་ལ་དབང་བ་ཡིན་པས་འདི་དག་ངེད་གསུམ་གྱི་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྲུབ་པ་ཡིན། རྗེས་སོར་ངེད་ཚོ་སྐུ་འདའ་བའི་སྐབས་སུ་ཡང་། དཔེར་ན་མི་ཕལ་བ་ཞིག་ཤི་བའི་དབང་དུ་བཏང་ན་ཐོག་མར་ལུས་ཀྱི་འགྲོ་འདུག་སོགས་བྱ་བྱེད་ཀྱི་ནུས་པ་ཉམས་པ་ལྟར་དང་པོ་ཐུབ་དགའ་ཚང་སྐུ་འདའ་རྒྱུ་རེད། དེ་ནས་མི་དེའི་སྨྲ་བརྗོད་ཀྱི་ནུས་སྟོབས་ཤོར་བ་ལྟར་བོད་པ་སྤྲུལ་སྐུ་འདའ་རྒྱུ་རེད། དེ་ནས་མཐའ་མཇུག་ཏུ་ཡིད་ཤེས་སྲོག་གི་དབང་པོ་འགག་པ་ལྟར་ཁོང་རྣམ་པ་གཉིས་ཀྱི་འཕྲོ་ནས་ང་རང་ཤི་རྒྱུ་ཡིན་ནི་རེད། ཅེས་གསུངས་བ་ཇི་ལྟ་བ་བཞིན་རྗེས་མ་ཁོང་རྣམ་པ་གསུམ་སྐུ་འདའ་སྔ་ཕྱི་དེ་བཞིན་བྱུང་བར་དངོས་སློབ་དག་གི་ཞལ་རྒྱུན་དུ་འདུག འོན་ཀྱང་སྐབས་འགར་ཉིད་ཀྱི་ཞལ་འཕྲོས་སུ་དཔལ་སྤྲུལ་རིན་པོ་ཆེའི་མཚན་གྱི་ཅོད་པཎ་གསོལ་བ་ནི་དགོས་དབང་གིས་ཡིན་པ་ལས། ངེས་པའི་དོན་དུ་ཁོ་བོ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་ཡང་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་མཚན་ཅན་བཞི་བརྒྱུད་པའི་ཐ་མ་ཡིན། ངས་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་སྐྱེ་བ་བཞེས་པའི་དུས་སུ་ཕག་མོའི་ཌཱ་རིའི་སྒྲ་ལས་རིག་འཛིན་སྲོག་སྒྲུབ་ཅེས་པའི་ཐུགས་གཏེར་ཡང་བྱུང་བ་ཡིན་ཞེས་གསུངས་སྲོལ་འདུག །

གཏེར་ཆེན་མཆོག་གི་རིགས་རུས་ཀྱི་ཆེ་བ་དང་སྐུ་བལྟམས་ཚུལ།

དེ་ལྟ་བུའི་གཏེར་ཆེན་མཆོག་གི་རིགས་རུས་ཀྱི་ཆེ་བ་དང་སྐུ་བལྟམས་ཚུལ་ནི། ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་རྣམ་ཐར་ན་གསལ་བར་བསྟན་པ་ལྟར། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་བོར་གྲགས་པའི་ནང་ཚན། པདྨའི་དངོས་སློབ་གནུབས་ཆེན་སངས་རྒྱས་ཡེ་ཤེས། དགེ་སློང་ནམ་མཁའི་སྙིང་པོ། གནུབས་སྟོན་ཡོན་ཏན་རྒྱ་མཚོ་སོགས་གྲུབ་པ་ཐོབ་པ་བཅོ་བརྒྱད་བར་མ་ཆད་དུ་བྱོན་པའི་གནུབས་རིགས་ཀྱི་རྒྱུད་དུ་བྱུང་བ། གར་དབང་བདུད་འཇོམས་གླིང་བ་ཞེས་མཚན་སྙན་གྱི་གྲགས་པ་སྲིད་ན་མཐོ་བ། འབྲེལ་ཚད་དོན་ལྡན་གྱི་སྤྲུལ་བའི་གཏེར་སྟོན་ཆེན་པོ། སྐུ་དངོས་ཀྱི་སློབ་མ་འཇའ་ལུས་པ་ཆེན་པོ་བཅུ་གསུམ། འབྲིང་བ་ལྔ་བརྒྱ། ཐ་ན་ཞབས་འདེགས་པ་དང་། གསུང་ཐོས་པ་ཙམ་ལ་ཡང་འཆི་ཁར་བླ་མའི་སྣང་བ་ཤར་ནས་དྲོད་རྟགས་མེད་པ་ནི་སྲིད་མཐའ་མ་ཁེགས་ཙམ་དུ་གྱུར་བ་གང་གི་རིགས་ཀྱི་མྱུ་གུ་འཛིན་པ། ཕྱི་ལྟར་གུ་རུ་མཚན་བརྒྱད། ནང་ལྟར་བྱང་སེམས་བརྒྱད། གསང་བ་སྒྲུབ་པ་བཀའ་བརྒྱད་ཀྱི་ཟློས་གར། རྡོ་གྲུབ་བསྟན་པའི་ཉི་མ་སོགས་རིགས་སྲས་བརྒྱད་ཀྱི་ནང་ཚན་༼ཁྲག་འཐུང་བདུད་འཇོམས་གླིང་པའི་གདུང་སྲས་གུ་རུ་མཚན་བརྒྱད་ཀྱི་སྤྲུལ་བའི་རོལ་གར་བརྒྱད་ནི། མཁའ་འགྲོ་ཆེ་བ་ཁྲ་བཟའ་བསོད་ནམས་མཚོའི་སྲས་ཆེ་བ་རྡོ་གྲུབ་བསྟན་པའི་ཉི་མ། ཆུང་བ་ཚ་སྤྲུལ་པདྨ་རྡོ་རྗེ་དང་། མཁའ་འགྲོ་འབྲིང་བ་སྐེ་བཟའ་སངས་རྒྱས་མཚོ་ལ་སྲས་ཆེ་བ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྤྲུལ་འཛམ་གླིང་དབང་རྒྱལ། འབྲིང་བ་ཆེ་ཡོལ་རིག་འཛིན་ཆེན་པོའི་ཡང་སྤྲུལ་མི་ཕམ་རྡོ་རྗེ། ཆུང་བ་ཀློང་ཆེན་ཡང་སྤྲུལ་དྲི་མེད་འོད་ཟེར་དང་། མཁའ་འགྲོ་ཆུང་བ་ཨ་སྐྱབས་བཟའ་སྐལ་བཟང་སྒྲོན་མ་ལ་སྲས་ཆེ་བ་ཨ་པང་སྐུ་ཆེན་ཡང་སྤྲུལ་ལྷ་ཆེན་སྟོབས་རྒྱལ། འབྲིང་བ་དཔལ་སྤྲུལ་ཡང་སྲིད་ནམ་མཁའ་འཇིགས་མེད། ཆུང་བ་གསང་བདག་རྡོ་རྗེ་དགྲ་འདུལ་བཅས་ཡིན་པར་གསུངས།༽གུ་རུ་ཉི་མ་འོད་ཟེར་གྱི་ཕྲིན་ལས་ཀྱི་རོལ་གར། དཔལ་སྤྲུལ་ནམ་མཁའ་འཇིགས་མེད་མཆོག །རྒྱལ་ཡུམ་ཏཱ་རེའི་རྣམ་འཕྲུལ་མཁའ་འགྲོ་ཨ་སྐྱབས་བཟའ་སྐལ་བཟང་སྒྲོན་མའི་སྲས་སུ་ཕྱི་ལོ་༡༨༨༩བོད་རབ་ཚེས་ས་མོ་གླང་གི་ལོར་མདོ་ཁམས་གསེར་མོ་ལྗོངས་བླ་རུང་རི་ཁྲོད་དུ་ངོ་མཚར་བའི་རྟགས་མཚན་དང་བཅས་ཏེ་སྐུ་བལྟམས་སོ། །

སྐུ་ན་ཆུང་ངུའི་དུས་སུ་ངོ་མཚར་བའི་མཛད་པ་ལྷན་སྐྱེས་སུ་མངའ་ཚུལ།

སྐུ་ན་ཆུང་ངུའི་དུས་སུ་ངོ་མཚར་བའི་མཛད་པ་ལྷན་སྐྱེས་སུ་མངའ་ཚུལ་ནི། ཉིད་ཀྱི་ཞལ་གསུང་རྣམ་ཐར་གསོལ་འདེབས་ལས། བལྟམས་ཚེ་ཉེ་འཁོར་རླུང་གི་རྒྱལ་མཚན་དང་། །རྫི་ཕྱོགས་དཔག་ཚད་བསུང་ཞིམ་གདུགས་ཀྱིས་འགེབས། །ཟླ་བ་གཅིག་ནས་འཕགས་པས་རྗེས་སུ་བཟུང་། །མངལ་གྱི་དྲི་མ་མེད་ལ་གསོལ་བ་འདེབས། །ཞེས་གསུངས་བ་ལྟར་སྐུ་འཁྲུངས་ནས་ཞག་བདུན་ཕྲག་གཅིག་གི་རིང་ལ་གཟིམས་སྦྲའི་སྟེང་དུ་འཇའ་ཤར་བ་དང་།མེ་ཏོག་གི་ཆར་བབས་པ། ཁོར་ཡུག་ཏུ་དྲི་བཟང་གིས་ཁྱབ་པ་སོགས་ལེགས་པའི་རྟགས་མཚན་མང་དུ་བྱུང་བ་དང་།ཟླ་གཅིག་ཙམ་གྱི་རྗེས་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པ་སོགས་ངོ་མཚར་བའི་བཀོད་པ་མང་དུ་སྣང་། ཡང་རྣམ་ཐར་གསོལ་འདེབས་ལས། ལོ་གསུམ་དུས་ནས་ཐབས་ཤེས་ཆོས་གཏེར་སྒྲོམ། །ཨ་ལི་ཀཱ་ལི་མ་བསླབས་རང་ཤེས་ནས། །སྐྱེ་བོ་ཀུན་གྱི་བླ་དྭགས་དེར་ཆགས་པའི། །མཁྱེན་གཟིགས་སྦས་གསང་བརྟོལ་ལ་གསོལ་བ་འདེབས། །ཞེས་པ་ལྟར་དགུང་ལོ་གཅིག་ཙམ་གྱི་དུས་ཨ་ར་པ་ཙ་བཟླ་བ་དང་། ལོ་གསུམ་ལོན་སྐབས་ཨ་ལི་ཀཱ་ལི་མ་བསླབས་པར་རང་ཤུགས་སུ་ངག་ནས་རྡོལ་བ་སོགས་ཀྱི་ངོ་མཚར་བའི་མཛད་པ་མང་དུ་བྱུང་བ་དང་། ཡང་རྣམ་ཐར་གསོལ་འདེབས་ལས། ཀློག་སློབ་མཁན་པོ་རིག་འཛིན་རྡོ་རྗེ་ཡིས། །བྱིས་པའི་ངང་ཚུལ་འགོག་ཕྱིར་ཕོ་བྲང་གི །སྒོ་དང་སེང་སྐར་གཏན་པར་བཅད་གྱུར་ཀྱང་། །ཟང་ཐལ་རང་བྱོན་མཛད་ལ་གསོལ་བ་འདེབས། །ཞེས་པ་ལྟར་རིམ་གྱིས་ཀློག་སློབ་མཁན་པོ་རིག་འཛིན་རྡོ་རྗེའི་མདུན་ནས་ཡི་གེ་སྦྱོང་སྐབས། བྱིས་པའི་སྤྱོད་པ་འགོག་ཕྱིར་སྒོ་དང་རབ་གསལ་བཅད་ནས་ཁང་སྟོང་ནང་བཅུག་སྐབས། ཁོང་གིས་མིག་བཙུམ་སྟེ་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་རྒྱུག་པས་ཕྱི་རོལ་ལ་ཐོན་སོང་གསུངས་པ་དང་། ཡང་རྣམ་ཐར་གསོལ་འདེབས་ལས། བརྟུལ་ཞུགས་མཆོག་ཏུ་གྲུབ་པའི་དབང་འབྱོར་ལས། །གྲོགས་ཀྱི་དམ་པ་ངག་དབང་ཕྲིན་ལས་མདུན། །བྱིའུ་བསད་དེ་སླར་ཡང་ཞག་གི་མཐར། །བསླང་བས་ངོ་མཚར་འབར་ལ་གསོལ་བ་འདེབས། །ཞེས་པ་ལྟར་སྐབས་ཤིག་ན་བྱེའུ་དང་དམར་ཞིག་ལ་རྡོ་བརྒྱབ་པས་ཤི་སོང་བ། རྟ་ཤུལ་འཕན་ཁོ་ཟེར་བས་ཨ་ཁ་འདི་འདྲའི་སྤྲུལ་སྐུ་མཚར་བོ་ཞེས་ཁྲེལ་དགོད་བྱས་པས་ཁོང་ངོ་ཚ་ལྟ་བུ་སྐྱེས་ནས་བྱེའུ་ཡི་རྣམ་ཤེས་ཕུང་བོ་ལ་ཕྱིར་བསྟིམས་པས་བདེ་བར་སྔར་བཞིན་འཕུར་བར་མཛད་པས་ཁོ་རང་ངོ་མཚར་དུ་གྱུར། ཡང་ཀརྨ་དབང་དྲག་ཟེར་བའི་གྲོགས་པོ་ཞིག་དང་ལྷན་ཅིག་ཡོད་སྐབས་ཕུག་རོན་ཞིག་ལ་མདའ་ཞིག་གིས་བརྒྱབ་ནས་བསད་པར་བྱས། ཕྱི་ཉིན་བདེ་བར་སླར་སོས་པའི་ཐུགས་བསྐྱེད་གནང་བས་སྔར་བཞིན་གྱུར་བ་དང་། དཀོན་མཆོག་བསྟན་འཛིན་ཟེར་བ་མྱུར་དུ་འཆི་བར་ལུང་བསྟན་པ་ལྟར་གྱུར་བས་ཐམས་ཅད་ཡིད་ཆེས་ཀྱི་གནས་ལ་བཀོད། ཡང་རྣམ་ཐར་གསོལ་འདེབས་ལས། ཕ་ཅིག་དམ་པ་བདུད་འཇོམས་རྡོ་རྗེ་ཡིས། །སྐལ་བཟང་སྟོང་ལ་ཆོས་འཁོར་བསྐོར་བའི་དབུས། །ཐོག་བཅས་མཁར་གྱི་རྩེ་ནས་འཕུར་རྩལ་ཕྱིན། །ཡང་དག་ལྟ་བ་བསྐྱེད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཕ་ཡབ་བདུད་འཇོམས་ཚང་གིས་སྐབས་ཤིག་ལ་ཡུལ་མགོ་ལོག་ཏུ་ཆོས་གསུང་སྐབས། སྲས་ཁོང་ཉིད་དགུང་ལོ་གསུམ་གྱི་དུས་སུ་ཁང་བ་གཉིས་བརྩེགས་ཅན་སུམ་ཐོག་གི་ཚད་ཡོད་པ་ཞིག་གི་སྟེང་ན་ཡོད་ཚེ་དེར་བྱི་ལ་ཞིག་བྱུང་བ་ཉམས་མཚར་གྱིས་བདས་པས་དེར་ཡོད་ཀྱི་མི་ཚང་མས་སྲས་མཁར་ཐོག་ནས་ལྷུང་སོང་ཞེས་ཅི་བྱ་གཏོལ་མེད་དུ་གྱུར་སྐབས། ཁོང་ཉིད་ཁྲོམ་རྣམས་ཀྱི་སྟེང་གི་ནམ་མཁའ་ནས་ལྡིང་སྐོར་ལན་གསུམ་མཛད་དེ་ཕྱིར་མཁར་ཐོག་ཏུ་འཕུར་སྟབས་ཀྱིས་བྱོན་པར་མཛད་པ་རྟ་ཤུལ་རྒན་རིམ་མང་པོས་མཐོང་བྱུང་བས་ཀུན་ཀྱང་ཡ་མཚན་གྱི་གནས་ལ་བཀོད་པར་གྲགས།

རིམ་གྱིས་རྫ་རྒྱལ་དགོན་དང་ལས་སྨོན་རྟེན་འབྲེལ་གྱི་ཆེ་བ་དུས་སུ་སྨིན་ཏེ་འབྲེལ་བ་བྱུང་ཚུལ།

རིམ་གྱིས་རྫ་རྒྱལ་དགོན་དང་ལས་སྨོན་རྟེན་འབྲེལ་གྱི་ཆེ་བ་དུས་སུ་སྨིན་ཏེ་འབྲེལ་བ་བྱུང་ཚུལ་ནི། ཐོག་མར་སྐྱེས་བུ་དམ་པ་མང་པོའི་དགོངས་ཉམས་དང་ལུང་བསྟན་ལྟར་ཡིག་འཕྲིན་སོགས་ཀྱི་ལམ་ནས་ཀྱང་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྲིད་གང་ཉིད་ལ་རྫ་རྒྱལ་སྡེ་དགོན་གཉིས་ཀྱིས་སྐུ་བདག་ཅི་རིགས་བྱས་ཚུལ་འདུག་ལ། ཁྱད་པར་གཏེར་ཆེན་བདུད་འཇོམས་ཡུམ་སྲས་དང་བཅས་པ་དགོས་པའི་གནད་མང་པོ་ལ་གཟིགས་ནས་རྫ་ཆུ་ཁར་བསྐྱར་དུ་ཕེབས་སྐབས། མཚམས་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ་མཆོག་དང་ཁོང་གི་མཁའ་འགྲོ་ཡེ་ཤེས་དབང་མོ་གཉིས་དགོན་པའི་ཉེ་འགྲམ་དུ་ནག་སྒར་བྱས་ནས་བཞུགས་ཡོད་པ་ལ། ནུབ་གཅིག་མཚན་དཀྱིལ་ཙམ་ལ་ཁོང་གི་མདུན་གཉེར་ཨ་མཆོད་དཔལ་ལོ་ལ་བོས་ནས། མྱུར་དུ་འབྲོག་ཐོག་ལ་ཆ་དང་འཕྲིན་འཕྲོད་དུ་ཆུགས། སང་ཉིན་སྐྱ་མི་བརྒྱ་མན་ལ་མི་ཉུང་བ་ཞིག་ཉི་རྩེ་དགོན་ཐོག་ལ་ཤར་དུས་འཛོམས་ཐུབ་པ་བྱེད་དགོས་གསུངས། ཕྱིའི་ནངས་བར་ཁྲོམ་རྫ་དཔོན་པོ་ལི་ཐར་སོགས་སྐྱ་མི་བརྒྱ་ལྷག་འཛོམས་བྱུང་བ་དང་། དགེ་སྐོས་སོགས་ཀྱིས་རྒྱ་གླིང་དུང་དམར་སོགས་མཆོད་བསྐོར་ཆ་ཚང་དང་། ཁ་བཏགས། ཇ་བསྐོལ་ཆས་སོགས་ཁུར་ནས་འགྲོ་དགོས་ཚུལ་གསུངས་བ་ལྟར་ཐམས་ཅད་ལམ་ལ་ཆས་ཤིང་། དོས་བོས་ལི་ཞེས་པའི་ཐད་དུ་བསླེབས་ཚེ། ད་ཚང་མས་ངལ་གསོས་ལ་ཇ་བསྐོལ། ཡར་མར་ན་མགྲོན་པོ་འདྲ་ཡོང་ཁུ་ཡོད་མེད་ལ་ལྟོས་ཞེས་བཀའ་བསྩལ་བ་ལྟར་འཁོར་གཡོག་རྣམས་ཀྱིས་ཡང་ཡང་བལྟས་ཚེ། བར་སྐབས་ཤིག་ལ་སྐྱ་མི་ཉ་ཉོག་འགའ་འོང་བཞིན་འདུག་ཞུས་པས། ད་ཚང་མས་ཁ་བཏགས་གྲ་སྒྲིག་དང་། སྤོས་སྣ་རྒྱ་གླིང་སོགས་ཀྱིས་བསུ་བ་བྱོས་གསུངས་བ་ལྟར་བསུ་བ་བྱས་ཚེ། རྒད་པོ་ཚ་རུ་ནག་པོ་ཅན་ཞིག་དང་། བུད་མེད་ཅིག དྲེལ་དཀར་པོ་ཞིག་ལ་བྱིས་པ་གཉིས་བཀལ་ཡོད་པ་སྐུ་འཁོར་དང་བཅས་བྱུང་བ་ལ། མཚམས་སྤྲུལ་མཆོག་གིས་བྱིས་པ་ཅིག་ཤོས་དེའི་མགུལ་དུ་ཁ་བཏགས་སྒྲོན་ནས་སྐུ་བདག་དངོས་སུ་བརྒྱབ་པར་གྲགས་ལ། དུས་ཕྱིས་བལྟས་ཚེ་རྒད་པོ་ཚ་རུ་ནག་པོ་ཅན་དེ་གཏེར་ཆེན་བདུད་འཇོམས་ཚང་དང་། བུད་མེད་དེ་ཨ་སྐྱབས་བཟའ་སྐལ་བཟང་སྒྲོན་མ་དང་། བྱིས་པ་གཉིས་དེ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་དང་། སྤྲུལ་སྐུ་ལྷ་སྟོབས་གཉིས་ཡིན་པར་གྲགས། ཕྱིས་སུ་དགུང་ལོ་བཅོ་བརྒྱད་ལ་སོན་སྐབས་སླར་ཡང་གཏེར་ཆེན་བདུད་འཇོམས་ཚང་དང་། རྫ་རྒྱལ་སྡེ་དགོན་གཉིས་ཀྱིས་ཆེད་དུ་གྲ་སྒྲིག་དང་བསུ་སྐྱེལ་སོགས་རྒྱས་སྤྲོས་ཀྱི་ཚུལ་དུ་བྱས་ཤིང་། རྟ་ཤུལ་དཔོན་པོ་ཚེ་སྒྲུབ་མགོན་སོགས་མི་སྣ་ཆེ་ཁག་མང་པོས་སྐྱེལ་མ་དང་བཅས་ཁོང་རྒྱལ་སྲས་སེམས་དཔའ་ཆེན་པོ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཡང་སྲིད་འཁྲུལ་མེད་དུ་རྫ་རྒྱལ་དགོན་ཕུན་ཚོགས་ནོར་བུའི་གླིང་དུ་གསེར་ཁྲིར་མངའ་གསོལ་བའི་དུས་དེ་ནས་བཟུང་དགོན་དེའི་བསྟན་པའི་བདག་པོར་གྱུར་ཞིང་མདོ་ཁམས་རྫ་རྒྱུད་ཀྱི་ཕྱོགས་སུ་མཛད་པ་དང་ཕྲིན་ལས་ཀྱི་དབུ་བརྙེས་པ་ཡིན་ནོ། །

མཚན་ལྡན་དགེ་བའི་བཤེས་གཉེན་བསྟེན་ཞིང་དབང་ཁྲིད་ཀྱི་གདམས་པ་གསན་ཚུལ།

ཁོང་གིས་མཚན་ལྡན་དགེ་བའི་བཤེས་གཉེན་བསྟེན་ཞིང་དབང་ཁྲིད་ཀྱི་གདམས་པ་གསན་ཚུལ་ནི། རྣམ་ཐར་གསོལ་འདེབས་ལས། སོ་སོར་ཡང་དག་རིག་པའི་དོན་བརྙེས་ཤིང་། །ལྟ་བ་སེང་ཆེན་རྩལ་གསུམ་རབ་རྫོགས་ཀྱང་། །རྒྱུ་མཐུན་དོན་ཚོལ་བླ་མ་མང་དུ་བསྟེན། །མཁས་པའི་དབང་པོ་མཆོག་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སྤྱིར་དོན་གཉིས་མཐར་སོན་གྱི་འཕགས་པའི་སར་བཞུགས་ཀྱང་། གདུལ་བྱ་གཞན་ངོ་ལ་དགོངས་ནས་ཀུན་མཁྱེན་མི་ཕམ་རྒྱ་མཚོ། མུ་ར་བདེ་ཆེན་བཟང་པོ། དགེ་མང་མཁན་ཆེན་ཡོན་ཏན་རྒྱ་མཚོ། མཚམས་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ། ཕུག་ཁང་འགྱུར་མེད་ངེས་དོན་དབང་པོ་སོགས་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་དུ་བསྟེན་ཏེ། མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལ་སྦྱངས་བའི་ཚུལ་མཛད་ཅིང་། དེ་དག་ལས་འཇམ་མགོན་མི་ཕམ་རིན་པོ་ཆེ་ནི་མཇལ་ཙམ་བྱས་ནས་ཆོས་བཀའ་ཅི་རིགས་གསན་མོད་ཡུན་རིང་བསྟེན་པའི་གོ་སྐབས་མ་བྱུང་། ཁྱད་པར་དུ་ཐུན་མིན་རིགས་ཀྱི་བདག་པོ་ཡབ་གཅིག་བདུད་འཇོམས་གླིང་བ་དང་། མཁན་ཆེན་ཀུན་བཟང་དཔལ་ལྡན། མཁན་ཆེན་སྒྲ་དབྱངས་རྒྱ་མཚོའི་ཞབས་པད་ལ་བསྟེན་ནས།༼གནུབས་ཟུར་མཁན་ཆེན་སྒྲ་དབྱངས་རྒྱ་མཚོ་ནི། ཁོང་གི་འཁྲུངས་ཡུལ་གསེར་རྟ་ཏུག་རྒྱ་ཚོ་བ་ནས་ཡིན། ཁོང་ཉིད་སྐུ་ན་གཞོན་པའི་སྐབས་ཀཿཐོག་ལ་བྱོན་ནས་སློབ་གཉེར་མཛད་དེ་མཁན་པོའི་མཚན་གསོལ་བ་ཡིན་པར་གྲགས། བླ་མའི་གཙོ་བོ་ནི་དགེ་གོང་མཁན་ཆེན་ཀུན་བཟང་དཔལ་ལྡན་དང་། གནུབས་ཟུར་ཡང་སྤྲུལ་མདོ་རྒྱུད་རྒྱ་མཚོ། ཀཿཐོག་མཁན་ཆེན་ནུས་ལྡན། དགེ་མང་མཁན་པོ་ཡོན་དགའ་སོགས་ཡིན་པར་འདུག དེ་ལས་ཀྱང་མཁན་ཆེན་ཡོན་ཏན་རྒྱ་མཚོ་ནི་ཐུན་མིན་གྱི་རྩ་བའི་བླ་མ་ཡིན་ཏེ། ཁོང་ཉིད་ལྷ་སར་ཕེབས་ཏེ་ཇོ་བོ་ཡིད་བཞིན་ནོར་བུའི་མདུན་ནས་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་དང་འཕྲད་པའི་སྨོན་ལམ་བཏབ། དེ་ནས་རྫ་ཆུ་ཁར་བྱོན་སྐབས་མཁན་པོ་ཡོན་དགའ་ཚང་གིས་ཡོན་ཏན་མཛོད་ཀྱི་འགྲེལ་བ་བརྩམས་ནས་མཇུག་གྲུབ་མ་རག་པ་ཡིན་པས་རྟེན་འབྲེལ་ལེགས་པར་འགྲིགས། སྐབས་དེར་མཁན་པོ་ཡོན་དགས་ཁོང་ལ་ཡོན་ཏན་མཛོད་འགྲེལ་གྱི་ཁྲིད་ལུང་གི་རྒྱུན་གནང་ནས་གཞན་ལ་འཆད་སྤེལ་དགོས་པའི་བཀའ་གནང་། ཁོང་གིས་རྫ་སྟོད་ཀྱི་དགོན་གནས་དང་དབེན་ས་དུ་མ་ནས་སྦྲ་ཆུང་ཞིག་ཕུབ་ཏེ་ཡུན་རིང་ཙམ་ལ་བཞུགས་ཤིང་། བཞུགས་གནས་ཀྱི་ལུང་བ་དག་གི་མིང་ལ་དེང་སྐབས་ཀྱང་སྒྲ་དབྱངས་ལུང་བ་ཞེས་ཐོགས་ཡོད། སྐབས་དེར་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱིས་མཇལ་ནས་ཐུན་མིན་གྱི་བླ་སློབ་ཏུ་གྱུར། ཐུབ་དགའ་ཡིད་བཞིན་ནོར་བུ་དང་ཁོང་གཉིས་ཆོས་གྲོགས་ཡིན་ཞིང་ཁོང་སྐུ་ཡོན་ཧ་ཅང་ཆེ་བར་གླེང་། འོན་ཀྱང་ཁོང་ནི་ཐུགས་གཤིས་གྱོང་ཉམས་སྟོན་ཞིང་ཨ་སྐྱོའི་ཚུལ་མཛད་པར་དགྱེས་པ་དང་། སློབ་མ་སྐྱོང་བ་ལྟ་བུའི་འདུ་འཛི་སོགས་ལ་ཐུགས་གཏན་ནས་མི་དགྱེས་པའི་བླ་མ་དམིགས་བསལ་བ་ཞིག་ཡིན་པས་མཐུན་སྣང་དུ་མཛད་པ་དང་ཕྲིན་ལས་དེ་ཙམ་མ་རྒྱས་པ་འདྲ། ཕྱིས་སུ་གནུབས་ཟུར་དགོན་ནང་དུ་བྱོན་ནས་དབྱར་གནས་མཁན་པོ་མཛད་ཅིང་། ཡོན་ཏན་མཛོད་རྩ་འགྲེལ་སོགས་ཀྱི་ཆོས་ཁྲིད་རེ་ཟུང་སྤྲུལ་སྐུ་བློ་གྲོས་དབང་བོ་སོགས་འཁོར་བཅོ་ལྔ་ཡས་མས་ལ་གནང་ནས་དུས་ཡུན་ངེས་ཅན་ཞིག་ལ་བཞུགས། མཐར་སྐུ་ཚེའི་སྨད་དུ་སྔོན་པདྨ་འགྲོ་འདུལ་རྡོ་རྗེས་གཟའ་སྒྲུབ་ཡུལ་གྱི་སྒོག་གི་དྲང་སྲོང་ཕུག་པ་ཞེས་པའི་སྒྲུབ་ཕུག་ཁྱད་པར་ཅན་ཞིག་ཡོད་པ་དེར་བྱོན་ནས་བཞུགས། སྒྲུབ་ཕུག་དེ་ནས་སྐུ་མདའ་ཁར་ཚོགས་འཁོར་ཞིག་བསྐོར་དུ་བཅུག་ནས་ཤི་རྒྱུ་ཞིག་ལ་ཁོང་ཉིད་ལས་སྐྱིད་པ་མེད་ཚུལ་གསུངས་ཤིང་ཚོགས་དྲངས་རྗེས་འདས་ཚུལ་བསྟན། སྐུ་གདུང་དེ་ཉིད་སྒྲུབ་ཕུག་ཀླད་ཟུར་གྱི་ཁ་སླས་ཤིག་ཡོད་ས་དེ་ནས་ཞུགས་ལ་སྦྱངས་ཤིང་ད་ལྟ་རྡོ་ཡི་ས་རྟགས་ཤིག་མཇལ་རྒྱུ་ཡོད་པར་གྲགས། དཔལ་སྤྲུལ་ནམ་མཁའ་འཇིགས་མེད་མཆོག་གིས་ཁོང་ཉིད་བླ་མ་གཞན་ལས་གལ་ཆེན་དུ་བརྩི་བ་དང་། ནམ་རྒྱུན་སྒྲ་ལོ་ཡིད་བཞིན་ནོར་བུ་ཞེས་གསོལ་འདེབས་གནང་ཞིང་། ཁོང་གི་རྣམ་སྣང་ལས་གྲུབ་པའི་རྟེན་གལ་ཆེན་ཞིག་མགུལ་དུ་བཞེས་ཡོད་པར་མ་ཟད། ཉིན་བཞིན་དབུ་ཐོག་ཏུ་བཞག་ནས་གསོལ་འདེབས་དང་བྱིན་རླབས་ཞུ་བའི་རྣམ་ཐར་ངོ་མཚར་བ་སྣང་། སྤྱིར་གྲུབ་དབང་ཁོང་གི་གསུང་རྣམས་ན་ཀུན་བཟང་རྣམ་གཉིས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་ཞེས་འཁོད་ཡོད་པ་དེ་ནི་མཁན་ཆེན་ཀུན་བཟང་ཆོས་གྲགས་དང་། མཁན་ཆེན་ཀུན་བཟང་སྒྲ་དབྱངས་རྒྱ་མཚོ་རྣམ་གཉིས་ཡིན་པར་གསུངས། གྲུབ་དབང་མཆོག་གི་བླ་མ་གཞན་རྣམས་ནི་ཡོངས་སུ་གྲགས་ཤིང་རྣམ་ཐར་སོགས་རྒྱས་བསྡུས་ཅི་རིགས་བཞུགས་ཡོད་པས་གསལ་བཤད་མ་དགོས་མོད། མཁན་པོ་སྒྲ་དབྱངས་ཉིད་ཁོང་གི་ཐུན་མིན་གྱི་བླ་མ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། དེ་ཉིད་ཀྱི་ལོ་རྒྱུས་ཤེས་རྒྱུ་ནི་ཤིན་ཏུ་མཁོ་གལ་ཆེ་ཡང་། རྣམ་ཐར་སོགས་ཡོངས་སུ་མ་གྲགས་པས་འདྲི་རྩད་ཅུང་བྱས་ཀྱང་འདི་ཙམ་ལས་འབྲི་རྒྱུ་མ་བྱུང་ངོ་། །༽ཟབ་རྒྱས་སྨིན་གྲོལ་གྱི་གདམས་པ་རྒྱ་མཚོ་ཆིག་བརྒྱུད་དུ་གསན་ནས་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར། དུས་ཀུན་ཏུ་མདོ་སྔགས་ཀྱི་གཞུང་སྤྱི་དང་། ཁྱད་པར་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ལ་དཔེ་གཟིགས་དང་ཐུགས་དཔྱོད་རྒྱ་ཆེར་གནང་ནས་བཞུགས་པ་ལས་རང་གར་བག་མེད་སོས་དལ་དུ་ཅུང་ཟད་ཀྱང་མི་བཞུགས་པའི་རྣམ་ཐར་སྣང་།

སྔོན་སྨོན་རྟེན་འབྲེལ་དུས་སུ་སྨིན་ནས་དགོངས་གཏེར་གྱི་གཏད་རྒྱ་སད་དེ་ཟབ་མོའི་ཆོས་གཏེར་ཕབ་ཚུལ།

སྔོན་སྨོན་རྟེན་འབྲེལ་དུས་སུ་སྨིན་ནས་དགོངས་གཏེར་གྱི་གཏད་རྒྱ་སད་དེ་ཟབ་མོའི་ཆོས་གཏེར་ཕབ་ཚུལ་ནི། རྣམ་ཐར་གསོལ་འདེབས་ལས། ཤིན་ཏུ་མཐོ་འཇམ་རྡོ་རྗེ་བྲག་གི་ངོས། །གཞན་བརྟེན་ཟླ་བོར་བཅས་ཏེ་བདེ་མྱུར་འཛེགས། །ས་གཏེར་བསོད་ནམས་དུས་སུ་སྨིན་པ་ཡིས། །པདྨའི་བརྒྱུད་འཛིན་ཆེ་ལ་གསོལ་བ་འདེབས། །ཞེས་དང་། རྨ་གཡང་ནོར་གྱི་བདག་པོའི་ཉེ་འདབ་སུ། །གཏིང་ཟབ་ཆུ་ཞེང་ཡངས་པའི་རྒྱ་མཚོ་ལས། །གྲོགས་བཅས་གཞན་བརྟེན་རྫུ་འཕྲུལ་སྟོབས་ཆེན་པོའི། །མ་བྱིང་བདེ་བར་བཞུད་ལ་གསོལ་བ་འདེབས། །ཞེས་གསུངས་བའི་དོན་ལྟར་སྐབས་ཤིག་ལ་གྲོགས་ཡིད་བཟང་ཟེར་བ་དང་ཁོང་གཉིས་ལྷན་ཅིག་རྨ་གཡང་ནོར་གྱི་བདག་པོའི་ཉེ་འདབས་ཁྲུས་བྱེད་སྟོང་རི་མཚོ་ནག་གི་སྟེང་ནས་མ་བྱིང་བར་བདེ་བར་ཕེབས་ཏེ་བྲག་དཀར་རྡོ་རྗེ་རྩེ་ལྔ་ལ་ས་གཏེར་བཞེས་པར་བྱོན་ཚེ་སྙིགས་མའི་འགྲོ་བའི་བསོད་ནམས་ཀྱི་སྐལ་བས་མ་འཆུན་པས་ས་གཏེར་གྱི་སྐལ་བ་མ་འབྱོར་ཡང་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པ་རྒྱ་ཆེར་བསྟན་པའི་རྣམ་ཐར་མང་དུ་སྣང་། སྤྱིར་དགོངས་གཏེར་ཟབ་མོའི་ཆོས་བཀའ་འདི་རྣམས་ནི་སྔོན་རྒྱལ་དབང་པདྨ་ཀཱ་རའི་ཟབ་མོ་གཏེར་གྱི་ཆོས་མཛོད་རྣམས་མི་ནུབ་པར་བྱ་ཕྱིར་ས་གཏེར་དུ་སྦས་པའི་གཏེར་སྒྲོམ་ཕྱག་ཏུ་མ་སོན་ཀྱང་། སྨོན་ལམ་དབང་བསྐུར་གྱི་སྟོབས་ཀྱིས་ཆོས་ཉིད་དགོངས་པའི་ཀློང་མཛོད་ལས་འགག་པ་མེད་པར་རང་ཤར་བ་ཡིན་པར་གསུངས་ཏེ། དེ་ཡང་གཏེར་ལུང་ལས། རྒྱུད་དང་མན་ངག་སྙིང་པོའི་དོན་བསྡུས་ཏེ༔ རྒྱུད་འཛིན་མཆོག་གྱུར་ག་གཱ་ཨ་བྷྱ་ལ༔ བརྒྱུད་གསུམ་དབྱེར་མེད་པདྨ་འབྱུང་གནས་ཀྱིས༔ རྒྱུད་ལ་བྱིན་རླབས་སྨོན་ལམ་དབང་བསྐུར་ཐོབ༔ ཅེས་དང་། དེ་སྐད་མ་ཧཱ་གུ་རུ་པད་འབྱུང་གིས༔ སྙིགས་མའི་འགྲོ་ལ་རྗེས་སུ་བརྩེ་བས་གདམས༔ སྨོན་ལམ་དབང་བསྐུར་གཏད་རྒྱ་གྲོལ་བ་ལས༔ ག་གཱ་ཨ་བྷྱ་དེ་ཡི་སྐལ་བར་བབས༔ ཞེས་གསུངས་པ་ལྟར་རོ། །ཁྱད་པར་དུ་ཟབ་གསང་མན་ངག་ཡོངས་ཀྱི་སྤྱི་ཕུད་འོད་གསལ་ཐིག་ལེ་ཉག་གཅིག་གི་དོན་གསལ་བར་སྟོན་པའི་ཁྲིད་ཡིག །ཡེ་ཤེས་སྒྲོན་མེའི་ཆེ་བ་རང་ལ་གནས་པའི་རྒྱན་འདི་ཉིད་ནི། སྔོན་སྤྲུལ་བའི་གཏེར་སྟོན་ཆེན་པོ་འདི་ཉིད་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བ་བཞེས་པའི་ཚེ་ཨོ་རྒྱན་ཆེན་པོས་གཏད་རྒྱ་མཛད་པ་དེ་ཉིད་མངོན་དུ་སད་པ་ཡིན་པར་གསུང་སྟེ། གཏེར་ལུང་ལས། ཁྱད་པར་ཆོས་ཀྱི་སྐལ་བས་རབ་མཐོ་བ༔ ལྷ་ལྕམ་ཁྱོད་རང་གདམས་པ་འདི་ལོངས་ལ༔ བར་དོའི་འོད་གསལ་རང་ཞལ་མཐོང་བའི་དུས༔ མི་འགྱུར་གསེར་གྱི་ཐུར་མའི་ལག་ལེན་མཛོད༔ ཁྱོད་ཀྱང་འདི་ནས་སྐྱེ་བ་མང་རབས་ཤིག༔ ལོངས་སྐུའི་ཞིང་ཉུལ་འགྲོ་དོན་དུས་བབས་ནས༔ གཏེར་སྟོན་བཅུ་ཕྲག་ཚུལ་གྱི་གདམས་ཟབ་འདིས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ དེ་ནས་ཡང་ངས་སངས་རྒྱས་མཛད་པ་སྟོན༔ ཁྱེད་ནི་རྔ་ཡབ་དཔལ་གྱི་རི་བོ་རུ༔ པདྨ་ང་ཡི་རྒྱལ་ཚབ་དམ་པར་འགྱུར༔ རིག་འཛིན་ཡོངས་ཀྱི་དབང་པོ་ཞེས་སུ་གྲགས༔ དེ་ཕྱིར་སྐྱེ་བ་བདུན་བརྒྱུད་སོང་བའི་དུས༔ རྡོ་སྨར་མཚམས་ཀྱི་འཛིན་མའི་ཐིག་ལེ་རུ༔ གནུབས་ཀྱི་རིགས་སྐྱེས་ནམ་མཁའ་འཇིགས་མེད་པ༔ དེ་དང་འཕྲད་ནས་འགྲོ་དོན་ལྷུན་གྲུབ་ཕྱིར༔ མཚོ་རྒྱལ་ཁྱོད་ཀྱིས་མཁའ་འགྲོའི་བརྡ་རུ་དྲིལ༔ བཀའ་འདིའི་བསྟན་པ་རྣམ་པར་སྐྱོང་བ་དང་༔ བསྟན་འཛིན་ཕྲིན་ལས་ཕྱོགས་བཅུར་སྤེལ་བའི་གྲོགས༔ ཡིད་བཞིན་དབང་གི་རྒྱལ་བོ་ཉིད་ལ་བཅོལ༔ ཞེས་སོགས་གསུངས་ནས་དེ་ཉིད་ཀྱིས་རྫུ་འཕྲུལ་ཆེན་པོའི་ཡི་གེ་ལ་བཀོད་དེ། ཁྲུས་བྱེད་སྟོང་རི་མཚོ་ནག་གི་གཡས་ངོགས། བྲག་དཀར་རྡོ་རྗེ་རྩེ་ལྔ་ལ་གཏེར་དུ་སྦས་ནས་ཆོས་སྲུང་ལ་གཏད་རྒྱ་བྱས་པ་དེ་ཉིད། དུས་རྟགས་མངོན་དུ་གྱུར་ནས་འདོན་པའི་སྐབས་ལ་བབས་ནའང་། རྟེན་འབྲེལ་གྱི་སྣ་ཁ་ལོག་ནས་ས་གཏེར་གྱི་སྐལ་བ་མ་འབྱོར་ཡང་། སྨོན་ལམ་དབང་བསྐུར་གྱི་སྟོབས་ལས་དགོངས་པའི་ཀློང་དུ་རང་ཤར་བ། མི་ལོ་ཉེར་གཅིག་གི་བར་དུ་བཀའ་རྒྱ་བཏབ་མཐར། ཕ་གཅིག་བདུད་འཇོམས་དཔའ་བོའི་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས། ཆོས་བདག་རིག་འཛིན་འགྱུར་མེད་རྣམ་རྒྱལ་སོགས་ཀྱིས་བསྐུལ་བ་ལྟར། དགུང་ལོ་སོ་བདུན་པ་ཤིང་མོ་གླང་གི་ལོ་ལ་ཕབ་པར་མཛད་གསུངས་བ་དང་། ཡང་སྐལ་ལྡན་གྱི་སློབ་མ་ཞིག་གིས་གནས་ལུགས་མཐར་ཐུག་གི་གནད་གསང་ལས་བརྩམས་པའི་ཆོས་བཀའ་ཞིག་གསུང་བའི་ཞུ་བ་ཕུལ་བ་ལ། ཁོང་གིས་འཇམ་མགོན་མི་ཕམ་རིན་པོ་ཆེས་ངེས་ཤེས་སྒྲོན་མེ་གསུང་བའི་ཚུལ་ལྟར། དལ་གཅིག་མཉམ་པར་བཞག་ནས་ཕ་གཅིག་བདུད་འཇོམས་དཔའ་བོ་ལ་གསོལ་བ་བཏབ་པས། རྟོགས་པ་དོན་གྱི་འདྲ་འབག་རྡོ་རྗེ་དོ་ཧའི་རྩེ་མོ་ཞེས་བྱ་བ་ཞིག་མ་བཅོས་ཐོལ་བྱུང་གི་ཚུལ་དུ་འབྲི་གནང་མཛད་པ་དང་། ཡང་ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོར་ཧོར་ཟླ་བརྒྱད་པའི་ཚེས་བཅུའི་ནུབ་མོར་ཨོ་རྒྱན་གྱི་མཁན་པོ་པདྨ་རྡོ་རྗེ་ཡིན་ཟེར་བའི་རྣལ་འབྱོར་བ་རུས་རྒྱན་ཅན་ཞི་བའི་ཉམས་དང་ལྡན་པ་སྐུ་མདོག་དམར་གསལ་ཕྱག་གཉིས་གྲི་ཐོད་འཛིན་ཅིང་གར་སྟབས་ལང་ལིང་བསྒྱུར་བ་ཞིག་གིས། དཔེ་ཆུང་ཐོགས་པའི་མཁའ་འགྲོ་ཞིག་ལ་དེ་ང་ལ་སྟོན་ཟེར་བས། དངུལ་གྱི་ཤོག་བུ་ལ་སུ་ཝརྞའི་རི་མོ་བཀྲ་བ་ཞིག་ཟུར་སྟོན་བྱས་ནས། ངས་འདོན། ཁྱེད་ཀྱིས་ཉོན་གསུངས་ཏེ། དེང་སང་ཆོས་ལ་འཐེན་རྩོད་བྱེད་ནའང་༔ ཐམས་ཅད་རང་རང་སོ་སོར་བདེན་དོན་འགྲུབ༔ ཕྱོགས་གང་གདོན་གྱིས་ཟིན་གང་ངན་འགྲོའི་རྒྱུ༔ འོན་ཀྱང་རྒྱུད་ཀྱི་དགོངས་པ་བབ་སོ་གཅིག༔ ཌྷ་ཌྷ་ཌྷ༔ ཞེས་གསུངས་ཤིང་བརྡ་ཡིག་དེ་ལ་བརྟེན་ནས་དག་སྣང་རིན་པོ་ཆེའི་སྒྲོམ་བུ་ཞེས་བྱ་བའི་གནས་ལུགས་མཐར་ཐུག་མ་ཡིན་དགག་གི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་ཆོས་ཚན་ལྡེབ་སུམ་ཅུ་ལྷག་ཙམ་ཞིག་ད་ལྟ་གསུང་འབུམ་ཁྲོད་དུ་བཞུགས། ཡང་རྨི་ལམ་འོད་གསལ་གྱི་ངོགས་སུ་མ་ཧཱ་ཙི་ནའི་མཁན་པོ་ཞིག་དང་བུད་མེད་གཉིས་དྲི་བ་དང་དྲིས་ལན་གྱི་སྒོ་ནས་གསུང་བའི་ས་དཔྱད་རིན་ཆེན་བང་མཛོད་ཅེས་བྱ་བ་ཞིག་ཀྱང་ཡོད་ལ། དེ་སོགས་ཀྱིས་མཚོན་པའི་ཟབ་མོ་གཏེར་གྱི་ཆོས་སྡེ་ཐམས་ཅད་ཀུན་ཀྱང་། རྗོད་བྱེད་ཀྱི་ཚིག་ལེགས་པ། བརྗོད་བྱའི་དོན་བརླིང་བ་ཤ་སྟག་ཏུ་འདུག་ཅིང་། ཆེ་ས་ནས་རྫོགས་ཆེན་ཨ་ཏི་ཡོ་གའི་མན་ངག་དང་། ཆུང་ས་ནས་ལས་ཕྲན་ཚེགས་སྒྲུབ་པའི་རྫས་སྔགས་ཡན་ཆད་ཁྲིད་ཡིག་དང་ཆོ་ག་སོགས་མང་པོ་བཞུགས། གཞན་ཉམས་དང་རྨི་ལམ་གྱི་ངོགས་སུ་མི་མིན་གྱི་ཡུལ་ལྷ་སོགས་དང་འཕྲད་ཚུལ་དང་། ཕྲིན་ལས་ཀྱི་གྲོགས་དང་བསྟན་པའི་གཉེར་ཁ་གཏད་ཚུལ་ཤིན་ཏུ་མང་བར་འདུག་པ་གསུང་འབུམ་གྱི་ཆོས་ཚན་ཁག་ན་གསལ། དེ་ལྟར་ཉིད་ཀྱི་གཏེར་ལུང་འགའ་ན་གསལ་བ་རྣམས་དྭངས་བ་རེ་བསྐྱེད་པའི་ཆེད་དུ་བྲིས་པ་མ་གཏོགས། གཞན་དག་ཆེན་ཡེ་ཤེས་ཀྱི་ཆོ་རོལ་མཐའ་དག་སུ་ཞིག་གིས་འབྲི་བར་ནུས། སྤྱིར་དམ་པ་འདིས་ཟབ་གསང་མན་ངག་གི་རྫོགས་ཁྲིད་རྒྱས་བསྡུས་རྣམས་དང་། ཡི་དམ་གྱི་ལྷ་སོ་སོའི་སྒྲུབ་ཐབས་ཀྱི་ཆོ་ག་སོགས་ཐམས་ཅད་རྣམ་པར་དཔྱོད་པའི་བློ་གྲོས་མངའ་བའི་མིག་བཟང་གིས་མཇལ་ན་ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན་སོགས་རྒྱུད་སྡེ་སོ་སོའི་དགོངས་པ་དང་སྦྱར་བ་ཤ་སྟག་ཡིན་ནོ། །གཏེར་ཆེན་ཉིད་ཀྱི་ཞལ་ནས། གཏེར་ཆོས་འདི་ཚོ་ལ་ནོར་འཁྲུལ་གྱི་ཆ་ཡོད་རྒྱུ་མ་རེད། གལ་ཏེ་ཡོད་ན་ཨོ་རྒྱན་རིན་པོ་ཆེ་ལ་ཞུ་དགོས། འབྲི་གུང་ཟངས་ཤོག་དམར་པོའི་འགྲེལ་བ་དེ། ང་རང་གིས་རྣམ་པར་དཔྱད་ནས་བརྩམས་པ་ཡིན་པས་དེ་ང་རང་ལ་ཟེར་དགོས་གསུངས། སྤྱིར་གཏེར་ཆོས་རྣམས་སུ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གསུང་ཡོད་པ་ནི་ཐོག་མར་ས་གཏེར་དུ་སོང་བ་ཕྱིས་དགོངས་གཏེར་དུ་བབས་པ་ཡིན། ཡང་ལྡིང་མ་སྙིང་ཐིག་གསུང་བ་དེ། ལྡིང་མ་སྙིང་ཐིག་ཅེས་པའི་ཆོས་ཚན་ཤིན་ཏུ་རྒྱ་ཆེ་བ་ཞིག་ཕབ་རྒྱུ་ཡོད་ཀྱང་ཆོས་ཕུད་ཙམ་དུ་སྒྱུ་འཕྲུལ་གཏོར་དབང་དེ་དང་། དེ་ཉིད་གསལ་རྒྱན་གྱི་སྐེད་པ་མན་ཆད་ཕབ་པ་ཡིན། ཞི་ཁྲོ་སྒྱུ་འཕྲུལ་གྱི་ཆོས་ཚན་འདི་ཚོ་སྒྱུ་འཕྲུལ་འབྲིང་བོའི་དབང་དུ་བྱས་པ་ཡིན། སྒྱུ་འཕྲུལ་རྒྱས་པ་དེ་ཕབ་ན་ཆེས་རྒྱ་ཆེ་བ་ཡོད་པར་གསུངས། དེ་ལས་གཞན་པའི་རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ གསུངས་བ་སོགས་ཆོས་ཚན་ཕལ་ཆེར་ཐོག་མ་ནས་དགོངས་གཏེར་དུ་གཏད་རྒྱ་བྱས་པ་ཡིན། འོན་ཀྱང་ཟངས་ཤོག་ཅན་གྱི་འགྲེལ་བ་དང་། གཞན་སྟོང་ཐུན་དང་། ཞལ་གདམས་སྣ་ཚོགས། རྩ་རླུང་སྤྱི་ཆིངས་སོགས་ལྗགས་རྩོམ་མཛད་པ་ཡང་མང་དུ་སྣང་ངོ་། །ཡང་གཏེར་ཆེན་ཉིད་ཀྱི་ཞལ་ནས། ང་རང་གིས་བྲིས་པའི་གཏེར་ཆོས་འདི་ཚོ་སུས་ཉམས་སུ་བླངས་ན་སྒྲུབ་པའི་འབྲས་བུ་རེ་འབྱིན་ངེས་ཅན་ཡིན། ང་རང་གི་ཚིག་གཅིག་གིས་བསླད་མ་ཞུགས། རྒྱལ་དབང་པདྨ་འབྱུང་གནས་ཀྱིས་ཆོས་ཉིད་དགོངས་པའི་ཀློང་ལ་གཏེར་དུ་སྦས་པ་དེ་ཇི་ལྟ་བ་བཞིན་ཕབ་པ་ཡིན། ཁྱོད་ཀྱིས་ཕོབས་དང་དགོས་པ་ཡོད་གསུངས། མ་ཟད་ཆོས་འདི་ལ་འབྲེལ་བ་ཐོགས་ཙམ་གྱིས་ཀྱང་མ་འོངས་པ་ན་རིགས་ལྡན་ལྕགས་འཁོར་ཅན་འབྱོན་ཚེ། བདག་ཀྱང་དེའི་དམག་དཔོན་ཆེ་ཤོས་ཤིག་ཡིན་པས་དེའི་འཁོར་དུ་སྐྱེ་བ་ལ་ཐེ་ཚོམ་མི་དགོས་གསུངས་ཤིང་། གཏེར་ལུང་ལས༔ དེའི་མཐུས་དེང་འདིར་སྐལ་ལྡན་བརྒྱ་ཕྲག་དང་༔ བསྟན་པ་ཕྱི་དར་དུས་སུ་སྟོང་ཕྲག་བདུན༔ ཚེ་ལོ་བཅུ་ལ་འབུམ་ཕྲག་བཅོ་བརྒྱད་ལ༔ སངས་རྒྱས་འབྲས་བུ་བླ་མེད་ལག་ཏུ་གཏོད༔ ཅེས་རྡོ་རྗེའི་གསུང་འདི་རྣམས་འགྲོ་དོན་དང་ཕྲིན་ལས་ཤིན་ཏུ་ཆེ་བར་གསུངས་ཡོད་དོ། །ཡང་བར་སྐབས་ཤིག་ལ་ཚིག་གསུམ་གནད་དུ་བརྡེག་པའི་སྤྱི་འགྲེལ་དེ་ཁོ་ན་ཉིད་གསལ་བའི་རྒྱན་གྱི་དབུ་ནས་ལྗགས་རྩོམ་མཛད་སྐབས་ལུང་ཁུངས་ཤིག་དྲན་མི་དྲན་བྱས་པས་དཔེ་གཟིགས་མཛད། མཁའ་འགྲོས་ཁྱེད་ཀྱིས་ཅི་མཛད་ཞུས་པས་ལོ་རྒྱུས་གསུངས་བས། འོ་བརྒྱལ་དེ་འདྲ་མི་དགོས་གསུངས་ཏེ། ཕྱག་མཐིལ་ལ་བརྡ་ཡིག་འགའ་བྲིས་ནས་གཏེར་ཆེན་ལ་བསྟན་པས། དེའི་རྐྱེན་བྱས་ནས་དེ་མན་ཆད་མཁའ་འགྲོའི་བརྡ་མཛོད་ལས་ཕབ་པ་ཡིན་ཞེས་གསུང་སྲོལ་ཡོད། དེ་ཉིད་གསལ་རྒྱན་གྱི་སྤྱི་འགྲེལ་རང་གི་སྐེད་ཙམ་ན་ལྡིང་མ་སྙིང་ཐིག་ལས་གསུངས་བའི་མཆན་རྟགས་གནང་ཡོད་པ་དེ་མན་ཆད་ཡིན་ཞེས་གསུངས། མདོར་ན་དགོངས་གཏེར་ཟབ་མོའི་ཆོས་བཀའ་འདི་རྣམས་ནི་ཉིད་ཀྱི་ཞལ་ནས་ཀྱང་། དེ་ཡང་བརྒྱུད་གསུམ་ཆུ་བོ་གཅིག་འདུས་རྒྱལ་དབང་པདྨ་ཀཱ་ར་དེས། བདག་ཁྲག་འཐུང་ནམ་མཁའ་འཇིགས་མེད་ལ། བཀའ་གཏེར་དག་སྣང་མང་པོའི་བཅུད་བསྡུས་ཏེ་རང་སྣང་དོན་གྱི་འོག་མིན་དུ་བརྡ་ཡིག་ཆུ་གཏེར་ཨོ་རྒྱན་གྱི་འཕྲུལ་ཡིག་བཅས་སྩལ་བའོ་ཞེས་གསུངས་བ་ལྟ་བུའོ། །

གཏེར་ཆེན་མཆོག་གིས་སྨིན་གྲོལ་ཟབ་མོའི་ཆོས་འཁོར་བསྐོར་སྐབས་ངོ་མཚར་གྱི་བཀོད་པ་སྣ་ཚོགས་སྣང་ཚུལ།

གཏེར་ཆེན་མཆོག་གིས་སྨིན་གྲོལ་ཟབ་མོའི་ཆོས་འཁོར་བསྐོར་སྐབས་ངོ་མཚར་གྱི་བཀོད་པ་སྣ་ཚོགས་སྣང་ཚུལ་ནི། རྣམ་ཐར་གསོལ་འདེབས་ལས། ཟབ་མོའི་ཆོས་ཀྱི་འཁོར་ལོའི་ཐོག་མ་རུ། །མཁའ་འགྲོ་འབར་བའི་ལུང་བསྟན་དབུགས་དབྱུང་གིས། །རྗེས་བརྗོད་མེ་ཏོག་ཆར་བ་ཐོ་ཕྱིར་འཁྲོལ། །བཀའ་བབས་གྲུབ་ཐོབ་ཆེན་པོར་གསོལ་བ་འདེབས། །ཞེས་གསུངས་བ་ལྟར། ཟབ་གཏེར་སྨིན་གྲོལ་གྱི་ཐོག་མ་སྐལ་ལྡན་འགའ་ལ་གསུང་སྐབས་མ་དང་མཁའ་འགྲོ་འདུ་བའི་བརྡ་རྟགས་སུ་རྒོད་ཀྱི་ཐུལ་ཕྲན་བབས་པ་དང་། ནམ་མཁའ་ལ་འཇའ་སྤྲིན་སྣ་ཚོགས་འཆར་བར་མཛད་པའི་རྣམ་ཐར་ངོ་མཚར་བ་ཡོད་པ་དང་། ཡང་རྣམ་ཐར་གསོལ་འདེབས་ལས། མཁའ་འགྲོའི་ལུང་བསྟན་ཡི་དམ་དངོས་གྲུབ་ཐོབ། །བཀའ་དྲིན་ཅན་གྱི་བླ་མས་རྗེས་གནང་བས། །འཆད་དང་རྩོམ་པའི་བར་ཆད་དབྱིངས་སུ་ཞི། །ཕྲིན་ལས་རང་དབང་ཐོབ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཐེངས་གཅིག་དམ་པ་མཆོག་གིས་རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཨ་རིག་རྫའི་མ་ཆུའི་རྡོ་མཁར་རྩར་གསུང་སྐབས། དགུན་ཟླ་འབྲིང་བོའི་ཟད་མཚམས་ཡིན་ཀྱང་། ཉིན་བཞིན་འཇའ་འོད་ཀྱི་གུར་ཕུབ་པ་དང་། ལྔ་ཚོམ་གྱི་ཐིག་ལེ་སོགས་ཀུན་ལ་མངོན་པར་སྣང་བ་དང་། གཏེར་ཆེན་གྱི་གསུང་སྒྲ་དེ་ཐག་རིང་བའི་ཤག་མདོ་སོགས་ནས་གསལ་བོར་ཐོས་པ་དང་། གནས་དེར་རུ་ཤན་མཛད་སྐབས་མི་ཡིས་མ་བཀྲོལ་བའི་རོལ་མོ་མང་པོ་དང་། སྙན་འཇེབས་ཀྱི་སྒྲ་སྣ་ཚོགས་གྲགས་པ་དང་། འཇའ་འོད་ཀྱི་བཀོད་པ་སོགས་ངོ་མཚར་རྨད་དུ་བྱུང་བ་སྣང་བར་མ་ཟད། དེ་ཡི་ཕྱི་ལོ་སྔར་གྱི་ཆོས་གསུང་བའི་ཟླ་ཚེས་དེ་ཤར་སྐབས་འཇའ་འོད་དང་སྒྲ་དབྱངས་སྣ་ཚོགས་གནས་དེར་སྣང་འདུག་ཅེས་ཀུན་གྱིས་གླེང་། སྐབས་ཤིག་གཏེར་ཆེན་ཉིད་ཀྱི་གསུང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཞི་ཁྲོའི་དབང་ཞིག་བསྐུར་བའི་དུས་སུ་དེར་འཁོད་ཀྱི་སློབ་མ་མང་པོའི་སེམས་ལ་གང་ཤར་བ་དག་སྒྲིབ་མེད་གསལ་གཟིགས་ཀྱིས་གསུང་བས་འགའ་ཞིག་ངོ་མཚར་བ་དང་ཁ་སྐྱེངས་བ་ཡང་བྱུང་། ཡང་ཐེངས་གཅིག་དག་ཅིང་སྒྲོས་ལེགས་པ་འབྲི་མྱུར་མཁས་པ་ཆོས་བདག་རིག་འཛིན་འགྱུར་མེད་རྣམ་རྒྱལ་སོགས་ཡི་གེ་པ་གསུམ་གྱིས་ཆོས་ཚན་ཐ་དད་པ་གསུམ་དུས་ཐོག་གཅིག་ལ་ཕབ་པར་མཛད་ཚེ་གཏེར་ཆེན་རིན་པོ་ཆེས་ཡིག་མཁན་སོ་སོ་ལ་ཆགས་ཐོགས་མེད་པར་གསུངས་བར་མཛད་པ་དང་། ཟབ་གཏེར་འབྲི་བྱེད་ཀྱི་སྣག་བུམ་ཡང་དགུན་གྱི་གྲང་ངར་ཤིན་ཏུ་བདོ་བའི་དུས་སུ་གང་དུ་བཞག་ཀྱང་ནམ་འབྲི་ན་འབྲི་ཐུབ་པ་ཡོད་པར་གྲགས། སྐབས་ཤིག་སྟག་ཐོག་ནང་དུ་བྱོན་པས་ཧོར་བླ་ཐེག་མཆོག་ཟེར་བས་ཕྲག་དོག་བྱས། ཡུལ་འདིར་ནག་ཕྱོགས་ཁ་དར་བས་ཆོས་བཤད་བྱས་དུས་དབྱར་ཐོག་སེར། དགུན་གངས་ཞོད་བྱུང་ནས་མི་བདེ་ཟེར། གཏེར་ཆེན་ཁོང་གིས་དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཞུགས་ཚེ། ཐོག་སེར་གྱི་གུར་ཁང་ཕུབ་པས་དེར་འཁོད་ཀྱི་སྐྱེ་བོ་ཀུན་ཟིང་ཟིང་དུ་གྱུར་ནས་འཁུ་འཕྲིགས་རྣམ་རྟོག་ཟ་བའི་དུས། གཏེར་ཆེན་མཆོག་གིས། དཔལ་གསང་བའི་བདག་པོའི་སྦྲུལ་ཞགས་དེས་ཀླུ་རྒྱལ་རྗེ་དམངས་བཞི་བཅིངས། ཤིང་བུ་འབྲུག་ལ་བསྒོམ། གྲི་ལྕགས་ཀྱིས་ས་ཐེལ་མནན་ཏེ། ལྟ་སྟངས་དང་སྡིག་མཛུབ་ནམ་མཁའི་དབྱིངས་སུ་བསྟན་ཚེ་འབྲུག་དཀར་སེར་དམར་ལྗང་བཞི་ས་ལ་ལྷུང་ནས་གྲགས་རྒྱུ་མེད་པར་གནས། སེར་བ་གློ་བུར་དུ་ཆད། ནམ་མཁའི་སྤྲིན་དེངས་ནས་ཉི་མའི་འོད་སྣང་བཀྲ་བ་བྱུང་། སླར་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཀྲོལ་བས། འབྲུག་རྣམས་ཐག་པ་ལྟ་བུར་རྗེན་ལ་བུད་ནས་ནམ་མཁར་འཕུར་སོང་བ་སྐྱེ་བོ་མང་པོའི་ལྟད་མོར་མངོན། ཡང་སྐབས་ཤིག་ན་དགུན་འབྲིང་གི་ཚེས་བཅོ་ལྔ་ལ་དཔལ་དགེའི་རྡོ་འབུམ་ཆེན་མོའི་རྩར་བདེ་ཆེན་ཞིང་སྒྲུབ་ཅིག་གསུངས་ནས། སྒྲོན་མེ་མང་པོ་ཐང་ནས་མངོན་པར་བསྟར་བས། རླུང་གིས་བསྐྱོད་པ་ཙམ་ཡང་མ་བྱས་པའི་སྟེང་། ནམ་མཁའ་ལ་འཇའ་འོད་ཀྱི་ཐིག་ལེ་བཀྲ་བ་སོགས་འབྱོར་ལྡན་སྦྱིན་བདག་གི་ཚོགས་ཀུན་དད་གསུམ་གྱི་ལྷ་ཕྱག་འཚལ་བའི་གནས་ལ་བཀོད།

ལྐོག་གྱུར་མངོན་གཟིགས་ཀྱི་ལུང་བསྟན་མང་དུ་བསྩལ་ནས་གདུལ་བྱ་རྣམས་དད་མོས་ཀྱི་གནས་ལ་བཀོད་ཚུལ།

ལྐོག་གྱུར་མངོན་གཟིགས་ཀྱི་ལུང་བསྟན་མང་དུ་བསྩལ་ནས་གདུལ་བྱ་རྣམས་དད་མོས་ཀྱི་གནས་ལ་བཀོད་ཚུལ་ནི། རྣམ་ཐར་གསོལ་འདེབས་ལས། མ་ཧཱ་ཙི་ནའི་དམག་གི་དཔུང་ཆེན་ཀྱང་། །དུས་གསུམ་སྒྲིབ་མེད་འཆད་པའི་མངོན་ཤེས་ལ། །ཡིད་ཆེས་ཐོབ་པས་སྤྱི་བོའི་རྒྱན་དུ་བསྟོད། །མཁྱེན་གཟིགས་འགྲན་ཟླ་མེད་ལ་གསོལ་བ་འདེབས། །ཞེས་པ་ལྟར་ཟླ་རྒྱལ་དགོན་དུ་རྒྱ་དམག་བྱུང་བས། ཁོང་གིས་དགོན་པ་མ་ཕྱུང་དང་མི་སྐྱོན་གསུང་ཡང་མ་ཉན་པར་ཐམས་ཅད་ཡུལ་བུད་ནས་བྲོས། དགོན་ཁག་གཞན་སུ་ལ་ཡང་མ་སྐྱོན། ཁོང་རྣམས་ཡུལ་བུད་ནས་མཁར་ར་ལ་བསླེབས་དུས། དངུལ་དཀར་སྒྲོན་མའི་སྔོན་ནས། ད་མི་འདུག་འགྲོ། རྒྱ་དམག་བསླེབ་རན་ཐལ་གསུངས་ཀྱང་ཁོང་བླ་མ་རྒྱུས་མེད་ཡིན་པའི་སྟབས་ཀྱིས་འགའ་ཞིག་གིས་ཡིད་རྟོན་མ་བྱས། ཁོང་གིས་ཡིད་ཆེས་སྐྱེ་ཕྱིར་དུ། ཉིན་ཕྱེད་ཅིག་གི་ལམ་ན་རྫ་རྒན་རག་པ་ཟེར་བའི་མགོ་ན་རྒྱ་དམག་གིས་རྒྱང་མཐོང་བཙུགས་ནས་སོ་རྒྱབ་ཡོད་ཚུལ་ཤའི་མིག་གིས་གསལ་བོར་མཐོང་བས། རང་ཅག་བྲོས་ན་ཐར་བར་འདུག་གསུངས་ཀྱང་བདེན་དུ་འཛིན་མཁན་དཀོན་པས་ཅི་མི་སྙམ་དུ་ལུས། ཁོང་བླ་སློབ་ཚང་མ་བྲོས་ཤིང་། གཞན་གསུང་ལ་མ་ཉན་པ་ཚོའི་སྟེང་དུ་ཕྱི་ཉིན་རྒྱ་དམག་ཐོན་ནས་མི་བདུན་བསད། སྡེ་བ་གཏོར། རྒྱུ་ཟོག་བླངས་ནས་ཉེས་མེད་ཁྲིམས་ཀྱི་ཆད་པ་ཁུར་དགོས་བྱུང་སོང་། དེ་ནས་རྒྱ་འོག་ནས་ཡར་བྲོས་པས་མགོ་བཏགས་ལ་ཁ་ནས་རྒྱ་བཅོ་བརྒྱད་འོང་བ་གངས་ལུང་ནས་རི་བོས་མ་སྒྲིབ་པར་མཐོང་འདུག་ཅེས། རིག་ལི། བུ་ཆུང་། དཀོན་སྡིས། ཚོས་རྒོད་རྣམས་ལ་གསུངས་བས། ཚོས་རྒོད་དཔོན་རྒན་སོགས་ངོ་ལེན་ལ་སོང་བས་བྲ་འཇོང་ལ་ཁ་ནས་རྒྱ་དམག་དང་འཕྲད་ནས་འཁྲུགས་པས་རྒྱ་ངོ་ལོན་སོང་། མགར་བའི་ཁྲ་ལོ་ཟེར་བ་རྒྱ་དམག་གིས་དེ་སྐབས་བཟུང་སོང་བས་ཡུལ་དགོན་གཉིས་ནས་ད་མི་ཐར་བསད་འགྲོ་ངེས་ཅན་ཡིན་ཟེར་ནས་གཏེར་ཆེན་མཆོག་ལ་དགོངས་པ་ཞིག་ཞུས་པས། ཁོང་གིས་མི་སྐྱོན་ངེས་ཅན་ཡིན། རྟ་དཀར་པོ་ཞིག་ཁྲིད་ནས་ཐར་འོང་། མཁའ་འགྲོ་གསལ་ཁྱབ་དབང་མོས་གསུངས་བའི་ཉམས་ཤར་ཞེས་ལུང་བསྟན་གནང་བས་ཐམས་ཅད་ཐེ་ཚོམ་དུ་གནས། ཞག་བཅུ་གཅིག་གི་ཉིན་རྟ་དཀར་པོ་ཞིག་ཞོན། གཅིག་ཁྲིད་ནས་མདོ་སྟོད་ལ་བདེ་བར་ཐར་འོང་བ་ཡིན། ཡང་འབྱོར་ལྡན་ཟེར་བ་བལ་ཡུལ་གྱི་དགྲ་དང་འཕྲད་ནས་བསད་སོང་ཟེར་ནས་ཤུལ་མི་རྣམས་མྱ་ངན་གྱིས་ནོན། སྤུན་ཟླ་ནས་རྟ་སྒ་མ་ཞིག་དང་། མེ་མདའ་སོགས་རོ་ཆ་ཁྱེར་ནས་རོགས་མི་ལྔ་བཅས་རང་ཡུལ་ལ་བསླེབས་བྱུང་། བླ་མ་དང་སྤྲུལ་སྐུ་འགའ་ལ་སྐྱེ་རྟགས་ཞུས་པས་རྫོགས་ཆེན་དགོན་གྱི་གྲྭ་ལུས་ཤིག་ལེན་འགྲོ་གསུངས་ནས་འཕོ་རྟ་སོགས་བཞེས་སོང་། གཏེར་ཆེན་རིན་པོ་ཆེས། བྱང་ཆོག་འགའ་བྱས་པས་རྣམ་ཤེས་མི་ཁུག་པར་འདུག །ཤི་མེད་པ་འདྲ་གསུངས་པ་ལ་ཐམས་ཅད་ཀྱིས་དམག་རོགས་ཀུན་ཀྱིས་བསད་པ་མཐོང་ཞིང་། སྤུན་ཡས་རོ་ཆས་ཁུར་ནས་ཐོན་བྱུང་དུས་མ་ཤི་བ་ག་ལ་སྲིད་ཅེས་ཁྲེལ་དགོད་ལྷང་ལྷང་བྱས། ཟླ་ཕྱེད་ཙམ་སོང་དུས་མ་ཤི་བར་དགྲའི་བཙོན་འོག་ཏུ་བཟུང་ཡོད་པའི་སྐད་ཆ་གསལ་བོར་གོ་ཞིང་མཐར་རང་ཁྱིམ་ལ་བདེ་བར་འབྱོར། ཡང་སྐབས་ཤིག་ལ་ཕ་ཅིག་བདུད་འཇོམས་གླིང་བས་ཉམས་སྣང་འོད་གསལ་གྱི་འཆར་སྒོར་ཁོང་གི་ཡང་སྲིད་རྗེས་མ་ཀོང་པོ་པདྨ་བཀོད་དུ་སྐུ་འབྱོན་པར་དགོངས་ཏེ། འཁྲུལ་མེད་རྡོ་རྗེའི་ལུང་བསྟན་གནང་བའི་དགོངས་དོན་གྱི་གནད་གསང་ཀུན་གྱིས་མ་རྟོགས་པར་བྲེལ་འཚུབ་བྱེད་སྐབས་ཁོང་ཡང་པདྨ་བཀོད་དུ་བྱོན་གྲབ་བྱས་ནས་ཉིན་ཞག་གཉིས་ཀྱི་བར་ལ་སོང་སྟེ། ཕྱིར་ལོག་ཡོང་བས་བླ་མ་འཇམ་དཔལ་གྱིས་ཁྱེད་མི་འགྲོ་བ་ཅི་ཡིན་ཟེར། ངས་བལྟས་ན་སྒར་བ་ལྔ་བརྒྱ་བོ་འདི་ཕལ་ཆེར་ཕྱིར་རང་ཁྱིམ་ལ་ཐོན་དཀའ་མོ་ཡིན་སྙམ། དེའི་ཕྱིར་ང་མི་འགྲོ་བ་ཡིན་གསུངས་བས། བླ་མ་འཇམ་དཔལ་གྱིས་ཁོ་ཁྱེད་དང་འབྲལ་མི་ཕོད་ཟེར་ནས་ངུས། ཁྱེད་མ་ངུ་དང་འཕྲད་པའི་དུས་སྐབས་ཡོད་པ་ཁག་ཁུར་གསུང་། ལོ་བཞི་ནས་སྒར་བ་དེ་ཚོ་ཕལ་ཆེར་མ་བདེ་བར་སོང་། ཁོ་མ་སྐྱོན་པར་བདེ་བར་ཕྱིར་མཇལ་བའི་སྐལ་བ་ཐོབ་བྱུང་། ཡང་བྲག་དམར་རི་ཁྲོད་ན་བཞུགས་སྐབས་ཤིག་ལ། ནུབ་ཇ་གསོལ་དུས་ལ་ཨེ་རྣམ་ཤེས་ཤིག་ཐོན་བྱུང་གསུངས། མདུན་འཁོར་ཞིག་གིས་རྣམ་ཤེས་བཟང་ངན་ཅི་འདྲ་རེད་ཞུས་པས། ང་རང་གི་བུ་མོའི་རྣམ་ཤེས་ཡིན་འདུག་གསུངས། ཕྱི་ཉིན་ཟླ་དགོན་ནས་སྲས་མོ་འདས་སོང་ཟེར་ནས་བསུ་མ་ཐོན། སྐབས་ཤིག་དུད་ཁྱིམ་ཞིག་ལ་བྱིས་པ་ཡ་མ་ཞིག་ཡོད་པ་སྐྱབས་འཇུག་ཞུ་རུ་འོང་བ་ལ། ཨེ་ཅི་འདྲ་བའི་མི་ཚེ་རིང་བོ་ཅན་ཞིག་འདུག སྐྱེ་སྔོན་རྟ་མགྲིན་བསྙེན་སྒྲུབ་བྱས་པའི་གང་ཟག་ཅིག་གི་སྐྱེ་བ་ཡིན་འདུག མིང་ལ་རྟ་མགྲིན་ཚེ་རིང་ཐོགས་གསུངས་ཏེ་ཚེ་འགུགས་སོགས་གནང་ནས་ཡོན་བདག་ཕྱིར་སོང་། དེ་སྐབས་མདུན་འཁོར་གྱི་སློབ་མ་ཞིག་ཡོད་པ་ལ་བྱིས་པ་དེ་ཞག་བདུན་ལས་ཚེ་མི་འདུག་ཀྱང་། རྒད་པོ་དེ་ང་ལ་དད་མོས་ཆེར་མེད་པས་དྲང་པོར་མ་སྨྲས། རྗེས་སོར་ང་རང་གིས་མི་ཤེས་ཁི་སྨྲས་དང་མ་སྨྲས་མི་འདུག །ཁྱེད་ཀྱིས་ཟེར་མི་དགོས་གསུངས་ཀྱང་། སློབ་མ་དེས་བསམ་པར་དེ་ལུགས་ཟེར་དགོས་མ་གཏོགས་བླ་མ་ལ་ཕྱིས་སུ་སྐྱོན་འདོགས་བྱེད་ཡོང་སྙམ་ནས་རྗེས་སུ་རྒྱུགས་ནས་དྲང་པོར་བཤད་པས་དེའི་ཉིན་ནས་བགྲང་བའི་ཞག་བདུན་པར་ཤི་སོང་ངོ་། །ཡང་ཐེངས་གཅིག་སྤྲུལ་སྐུ་འཁོར་དང་བཅས་པ་རྩེ་རེའི་དུང་འཁོར་བསྐོར་རྒྱུ་དང་ཁྲི་འདུའི་ཇོ་བོ་མཇལ་དུ་འགྲོ་སྐབས་ལམ་ནས་རྩེ་རེ་ནས་ཡིན་པའི་བུད་མེད་གསུམ་གྱིས་མཇལ་ཁ་ཞུས་ནས། ཁོང་ཅག་གིས་ཁྱིམ་མི་ལ་གསང་སྟེ་ལྐོག་ནས་ལྷ་སར་འགྲོ་བ་ཡིན་པས། ཁྱེད་ཀྱིས་ཁོང་ཅག་ལྷ་སར་བདེ་བར་ཐོན་ཐུབ་མིན་གྱི་དགོངས་པ་གསུངས་རོགས་དང་། ཐུགས་གཏད་སྐྱབས་འཇུག་དང་ཕྱག་མདུད་གནང་རོགས་ཞུས་སྐབས་ཁོང་གིས་བུད་མེད་གསུམ་ལས་གཉིས་ལ་ཐད་ཀར་འདི་ཐོགས་གསུངས་ནས་ཕྱག་མདུད་གནང་ཞིང་། གསུམ་པ་དེ་ལ་ཐུགས་བསམ་ཅུང་ཙམ་བཞེས་ནས་ད་ཁྱོད་ཀྱིས་ཀྱང་འདི་ཐོགས་ཨེ་རེད་ཙམ་གསུངས་ནས་གནང་། མཐར་ཁོང་གིས་སེམས་བདེ་བདེ་གྱིས་ནས་སོང་དང་སྐྱོན་མེད་ཚུལ་གསུངས་བ་དང་། ཁོང་རྣམས་སོང་ནས་ཅུང་ཙམ་འགོར་རྗེས་ཁོང་གིས་བུད་མེད་རྗེས་མ་དེ་ལ་མདུད་པ་མ་བྱིན་ན་སེམས་སྡུག་ཨེ་མི་འགྲོ་བསམ་པ་ཡིན་མ་གཏོགས། མོ་རང་ཤི་རན་འདུག་ཡོད་ཁུ། གཞན་གཉིས་ལ་སྐྱོན་མི་འདུག་ཚུལ་འཁོར་རྣམས་ལ་གསུངས་སྐབས། ཡུམ་ཤེས་རབ་མཚོས་དེས་ན་ཁོང་ཅག་ལ་ངེས་པར་བཤད་དགོས། མ་བཤད་ན་བུད་མེད་དེ་ཁྱིམ་མི་ལ་ངོ་ཐུག་མི་ཐུབ་པ་དང་། རོགས་པ་གཉིས་ལ་དཀའ་ལས་ཆེ་ཚུལ་ཞུས་པས། ཁོང་གིས་དེ་ལྟར་བཤད་ན་ཁོང་གསུམ་པོའི་དགེ་བཅག་རེད་འགྲོ་བས་བཤད་མི་ཉན་ཚུལ་གསུང་བ་ལ། མོས་ནན་གྱིས་ཞུས་ཤིང་། ཁོང་ཚོ་ཚུར་བོས་ནས་དེ་ལུགས་བཤད། རྗེས་སུ་སྤྲུལ་སྐུ་འཁོར་བཅས་ཀྱིས་གནས་མཇལ་གྲུབ་ནས་ཕྱིར་བྱོན་སྐབས་བུད་མེད་དེ་ཤི་བས་བསྔོ་རྟེན་འབྱོར་ཚུལ་འདུག །ཡང་ཐེངས་གཅིག་ཕུག་ཁང་དགོན་ནང་ན་བཞུགས་སྐབས་ནུབ་གཅིག་ཁོང་ཉིད་སྒོར་བྱོན་དུས་ཁོང་གི་སློབ་མ་འཇིགས་རྣམ་དང་སྨན་བླ་གཉིས་ཀྱིས་ཁོང་གི་ཕྱག་གཡས་གཡོན་བརྟེན་ནས་ཡོང་བ་ལ་ཁོང་གིས་སློབ་མ་སྨན་བླ་ལ། ཁྱོད་འདི་གྲི་ཤི་ལ་བུད་འགྲོ་བ་འདྲ། ཧ་ཅང་གཟབ་གཟབ་དགོས་ཚུལ་གསུང་བ་དང་། ལོ་འགའི་རྗེས་ནས་བླ་མས་གཏེར་རྡོ་སྔོན་པོ་སྟེང་དུ་ཨ་ཡིག་དཀར་པོ་དོད་ཡོད་པ་ཞིག་གནང་ནས། འདི་ཁྱོད་ཀྱི་ལུས་དང་མ་འབྲལ། དེ་ལྟར་བྱས་ན་ཁྱོད་གྲི་གེགས་ལས་སྐྱོབ་ཨེ་མི་ཐུབ་སོགས་ནན་གྱིས་གསུང་བ་ལྟར་སྲུང་འཁོར་དེ་ནམ་རྒྱུན་ཁོའི་ལུས་དང་མ་འབྲལ་བར་བཏགས་པ་ལ། དུས་ཕྱིས་གསར་བརྗེ་སོགས་ཀྱི་དུས་འགྱུར་བྱུང་རྗེས་ཀྱི་སྐབས་ཡས་མས་ཤིག་ལ་ཁོ་རང་གིས་འབྲོག་ཐོག་ན་རྟ་འགའ་ཞིག་བསྲུང་ནས་བསྡད་ཡོད་པ་ལ། ནངས་མོ་ཞིག་ལ་རྟ་རྣམས་ག་ཤེད་ཅིག་ལ་འདྲོགས་སོང་བ་དང་། ཁོ་རང་བྲེལ་འཚུབ་ངང་ཡར་ལངས་ནས་རྗེས་བདའ་བ་ན། རྟ་རྣམས་དེ་དང་ཐག་ཡེ་མི་རིང་བའི་ས་ཞིག་འདུག་པ་ལ། ཁོ་རང་གིས་ནམ་རྒྱུན་གྱི་ཞོན་རྟ་ཧ་ཅང་གཡུང་མོ་ཞིག་ཡོད་པ་དེ་ལ་སྐ་རག་གིས་སྲབ་ལྟ་བུ་ཞིག་བྱས་ནས་ཞོན་ཏེ་རྟ་གཞན་རྣམས་ལ་འདྲོགས་བསླངས་ནས་འདེད་སྐབས་ཁོའི་རྟ་ཡང་འདྲོགས་ནས་དེར་རྟ་གྲིར་བསད་པ་རེད། ཉིན་དེར་བྲེལ་འཚུབ་ཆེ་བས་སྲུང་འཁོར་དེ་འདོགས་རྒྱུ་ལྷག་སོང་བར་བཤད་རྒྱུ་འདུག །ཡང་ཐེངས་ཤིག་དྲུག་ཁྲིད་གསུང་སྐབས་ཤིག་ལ། བླ་མ་དམར་སྒྲིས་ཟེར་བ་སྐུ་མདུན་དུ་སོང་བ་ལ། ཁོང་གིས་ཁྱོད་ཇི་འདྲ་སྡུག་ཐུག་ན་ཡང་། རྫ་ཆུ་མ་འཐུང་། རྫ་ཆུ་གཏན་ནས་འཐུང་མི་ཉན་ཞེས་ཡང་ཡང་གསུངས་བ་ལ་སློབ་མ་གཞན་དག་གིས། ཁོ་རང་རྗེས་མ་རྫ་ཆུས་དུག་ནས་ཤི་བ་ལྟ་བུ་འབྱུང་རྒྱུ་ཡིན་ནམ་ཞེས་ཚོད་དཔག་སྣ་ཚོགས་བྱས། རྗེས་ནས་དུས་འགྱུར་བྱུང་སྟེ་ཆོས་ལུགས་ལ་བཀག་སྡོམ་དང་དགག་པ་སྣ་ཚོགས་གཏོང་སྐབས་ཁོ་རང་ནུབ་ཅིག་སེམས་སྡུག་མ་བཟོད་པར་རྫ་ཆུའི་ནང་ལ་ལྕེབ་ནས་རང་སྲོག་བཅད་བཏང་བར་གྲགས། ཡང་ཁོང་གི་ཞལ་ནས་སྤྱིར་དུར་ས་ལ་དཔྱད་པ་བྱེད་དགོས་ཚེ་ས་དཔྱད་ཀྱི་ཤེས་བྱ་ཡག་པོ་ཡོད་པ་ཙམ་གྱིས་མི་ཆོག་པར་གཞན་སེམས་ཤེས་པའི་ངོ་ཤེས་ངེས་པར་ལྡན་དགོས་ཏེ། གལ་ཏེ་སའི་དཔྱད་ལེགས་པོ་ཞིག་ཡིན་ཀྱང་ས་བདག་དེ་དམར་དུར་ལེན་མཁན་ཞིག་མིན་ན་ཕན་པ་མེད་པ་དང་། དམར་དུར་ལེན་མཁན་ཞིག་ཡིན་ན་སའི་དཔྱད་དེ་ཙམ་མ་ལེགས་ཀྱང་མི་སྐྱོན་དེ་དཔེར་ན། གསེར་ཉ་ལུང་བ་འདིའི་ས་དཔྱད་ཀྱི་ངོས་ནས་བལྟས་ན་སའི་དཔྱད་ཆེས་ལེགས་པོ་ཞིག་མིན་པར་བོན་ཅོག་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་ས་བདག་དེ་དམར་དུར་ཧ་ཅང་ལེན་མཁན་ཞིག་ཡིན་པས་དུར་ས་ལེགས་པོ་འདུག་ཅེས་དུར་ས་འདི་གསར་འདེབས་བྱས་ཤིང་ཕྱིས་སུ་ཨ་རིག་ཡུལ་སྡེ་འདིའི་དུར་ས་ཆེ་ཤོས་ལྟ་བུ་ཞིག་ཆགས་ཡོད། དབོན་རུ་སྟོད་མའི་དཔོན་པོ་རིན་ཆེན་ཚེ་རྒྱལ་ཟེར་བ་དེ་གཏེར་ཆེན་མཆོག་ལ་ཧ་ཅང་དད་མདུན་ཆེ་ཞིང་སློབ་མ་ཆེ་གྲས་ཤིག་ཡིན། སྐབས་ཤིག་དཔོན་ཚང་སར་ཟླ་བ་གཅིག་ལྷག་བཞུགས་ནས་གསལ་རྒྱན་རྣམ་གཉིས་སོགས་ཀྱི་བཀའ་ཁྲིད་གནང་སྐབས་སྐྱུ་རའི་བསམ་གཏན་རྣམ་རྒྱལ་ཁོང་གིས་ཀྱང་དེའི་གྲས་ནས་ཞུ་བའི་སྐལ་བ་ཐོབ་སོང་གསུང་ཀི སྐབས་དེ་དུས་ལ་ཉིན་གཅིག་གྲྭ་བ་རྣམས་སྒོ་ཁར་བྱོན་ནས་ཁོང་གཅིག་པོ་སྤྱན་བཙུམ་ནས་གཟིམས་ཡོད་པ་འདྲ་བོ་བྱས་ནས་བཞུགས་འདུག ཅུང་ཞིག་ནས་ཧ་བོ་ཧ་བོ་གསུངས་ནས་ཡང་སྔར་བཞིན་བཞུགས་འདུག དེ་ནས་སྐབས་ཤིག་ལ་གསོལ་ཇ་དྲངས་ནས་ཁྱེད་ཀྱིས་ཅི་ཞིག་གསུང་ཀི་འདུག ང་ཡང་སྐྲག་སོང་ཞུས་པས་ངས་ཅི་ཟེར་གསུང་བས་ལོ་རྒྱུས་ཞུས་པས། འོ་ཡ་ཡ་ཁྱེད་ཚོ་ཅང་སྐྲག་དགོས་ནི་མ་རེད་གདའ། དེ་རིང་འབྲུ་ཆུའི་གྲུ་བརྡིབས་པས་ཚང་མས་ང་ལ་འབོད་པ་བྱེད་ཀི་འདུག་ཀྱང་དེའི་ནང་ནས་མི་ལྔ་སྐྱོབས་མ་ཐུབ་པར་ཁུར་ཤོར་སོང་གསུངས། དེའི་ཉིན་འགའ་ནས་རྫོགས་ཆེན་རིན་པོ་ཆེའི་གཉེར་བ་སོགས་མི་ལྔ་སྒ་མཆོད་རྟེན་དཀར་པོའི་གྲུ་ཁ་ནས་གྲུ་བརྡིབས་ནས་ཤི་སོང་བའི་ལོ་རྒྱུས་དངོས་དག་ཚོར་བྱུང་ཟེར། ཉིན་གཅིག་སྒྲོན་གསལ་ཆོས་ཁྲིད་གསུང་བཞིན་པའི་སྐབས་ཅིག་ལ། ཡ་ཡ་ཁྱོད་ཐོན་སོང་ནས་གསུང་བས་ཅི་རེད་ཞུས་པས་ཁྲོམ་རྫ་རྒད་པོ་ང་ལ་རྩིས་ཆེན་བྱེད་མི་འདྲ་ཅིག་ཡོད་པས་ཁོ་ཤི་བའི་རྣམ་ཤེས་དེ་རེད་གསུངས་བས་ཉིན་གསུམ་གྱི་མཚམས་ནས་བསྔོ་སྨོན་ཞུ་མི་འབྱོར་སོང་ཟེར། དཔོན་རུའི་དཔོན་པོའི་མཚམས་གཡོག་བྱེད་མི་གྲྭ་བ་སྨྱོ་ཉམས་དོད་པ་འདྲ་བ་ཞིག་ཡོད་པ་དེས་སྐབས་ཤིག་ཁོང་ལ་གསོལ་ཇ་དྲངས་བས། ཁྱོད་རང་ཉིན་འགའ་ནས་རྐང་བ་ཆག་འགྲོ་ས་རེད་གསུངས། ཅི་ཞིག་བྱས་ན་ཕན་ཞུས་པས་དམིགས་བརྩེ་མ་འབུམ་ཞིག་འདོན་ན་མི་སྐྱོན་གསུངས་བས་ཁོས་གཟབ་ནན་བྱས་ནས་བཏོན་པས་ཉིན་གསུམ་ཀྱི་མཚམས་ཁང་བ་སུམ་ཐོག་གི་སྐས་མགོ་ནས་ལྷུང་སོང་ཡང་རྨས་སྐྱོན་ཙམ་ལས་ཆེར་མ་སྐྱོན་འདུག །ཡང་སྒྲོན་མ་གསལ་རྒྱན་ཀྱི་འབྲས་བུའི་རྣམ་གཞག་གསུང་སྐབས་ཤིག་ལ་སྤྱན་ནམ་མཁའ་ལ་གཟིགས་ནས་ཅི་འདྲའི་ངོ་མཚར་ཆེན་པོ་རེད། ཁྱེད་ཚོས་ལྟོས་དང་གསུངས། དེ་རིང་ས་ཐོབ་ཀྱི་སེམས་དཔའ་ཅིག་སྐུ་གཤེགས་ནས་ཤི་བོ་མང་པོ་དག་པའི་ཞིང་ལ་འདྲེན་འགྲོ་ཀི་འདུག །ངོ་མཚར་ཆེ་ཀི་འབྲས་བུའི་སྐབས་ནས་བཤད་པ་དེ་ཚོ་དང་འདྲ་འདུག་གསུངས། དེའི་ཉིན་བྲག་མགོ་མཚམས་རྒན་ཟེར་བའི་བླ་མ་མཚམས་པ་ས་སྐྱའི་བླ་མ་ངོ་མཚར་ཅན་ཞིག་ཡོད་པ་སྐུ་གྲོངས་བ་དང་ཁེལ་འདུག །སྐབས་དེར་ལོ་ཐོ་སོགས་གང་ཡང་ལྟ་རྒྱུ་མེད་པར་མ་ཟད་ཡར་ངོས་མར་ངོས་གང་ཡིན་ལ་དོ་སྣང་དང་གང་ཡིན་མ་ངེས་མོད། ཁོང་གཟིམས་འདུག་པ་ལ་སྐབས་ཤིག་འབོད་པ་གནང་ནས་ཅིག་ལྟོས་གདའ། ཚེས་བཅོ་ལྔའི་ཟླ་བ་གཟས་བཟུང་བ་འདྲ་གསུངས་བས་ཏག་ཏག་འགྲིགས་འདུག་པས། ང་ཚོས་ཚེས་གྲངས་གང་ཡིན་ཤེས་ཀི་མེད་པ་ལ་ཁྱེད་ཀྱིས་ཅི་ལྟར་དགོངས་ནི་རེད་ཞུས་པས། ཕྱིའི་ཉི་ཟླ་དང་ནང་གི་རྩ་ཐིག་རླུང་གི་གནད་གཅིག་པ་ཡིན་པས་ངས་དེ་ཙམ་མི་ཤེས་ཟེར་ནི་ཨི་རེད་གསུངས། སྒྲོན་གསལ་སྐབས་སོགས་སུ་ལུང་འགའ་ད་ལྟ་རྒྱུད་བཅུ་བདུན་དང་ཚིག་དངོས་དང་མི་མཐུན་པ་ལྟ་བུར་འདུག་ཀྱང་ང་ལ་ཨོ་རྒྱན་པདྨས་འདི་འདྲ་གསུངས་སོང་གསུངས། སྐབས་སྐབས་སུ་གནའ་གཏམ་དང་ཞལ་མཚར་སོགས་མང་དུ་གསུངས་ཀྱང་དོན་དུ་སེམས་ལ་ཕན་པའི་གདམས་ངག་དང་ཕྱི་མཐའ་གཟིགས་པའི་ལུང་བསྟན་འབའ་ཞིག་རེད་འདུག་ཟེར། ཐེངས་ཤིག་དཔོན་རིན་ཆེན་ཚེ་རྒྱལ་གློ་བུར་དུ་རྐང་བ་དྲེགས་ནད་ཀྱིས་ཟིན་ནས་མཚན་གང་པོར་གཟེར་བས། ཕྱི་ཉིན་མི་གཉིས་ནམ་མཁའ་འཇིགས་མེད་ཀྱི་སྐུ་མདུན་དུ་གཏང་བས་ཁོང་གཉིས་འོང་བའི་སྐབས་ལམ་ཁ་ཞིག་ནས་སྤྲུལ་སྐུ་ཚང་ས་ཆ་གཞན་ཞིག་ལ་ཕེབས་པ་དང་འཕྲད་བྱུང་བས་ལོ་རྒྱུས་རྣམས་ཞིབ་དུ་ཞུས་པས། ཁོང་གི་དུ་བ་ཚག་གསུམ་གསོལ་ཞིང་། ཚག་རོ་རྣམས་ཤོག་དྲིལ་བྱས་ཏེ་འདི་ཆུ་ལ་སྦངས་ནས་རྐང་བ་ལ་བཀུས་དང་སྐབས་ཤིག་ལ་མི་སྐྱོན་གསུངས། ཡང་ཕྱག་བྲིས་ཤིག་གནང་ནས་གསུང་ཤོག་འདི་ཁོ་ལ་སྤྲོད་ཐོངས་གསུང་བས་དེའི་ངོ་ན་ཁྱོད་རང་སྐབས་ཤིག་ལ་མི་སྐྱོན། རྗེས་སོར་ཡང་ན་ངོ་འདུག དེ་དུས་རྒྱ་སྨན་པ་ཞིག་ལ་འཕྲད་འོང་གསུངས་ཡོད། ཕྱིས་སུ་ཟི་ལིང་སྟོད་རྒྱའི་ཚོགས་འདུ་ཅིག་ལ་འགྲོ་དགོས་བྱུང་སྐབས་དེ་དུས་ཡང་རྐང་བ་ན་བྱུང་བས་རྒྱའི་སྨན་པ་མགོ་སེར་ཅིག་ལ་ཐུག་ནས་ཁོས་སྨན་བཅོས་བྱས་ནས་སངས་དྲགས་ལ་སོང་ཟེར། ཡང་དཔོན་རུ་སྟོད་མའི་བཟང་པོ་ཟེར་བ་དེས་ཟོག་འགའ་བོར་བྱུང་བས་བཙལ་དུ་འགྲོ་སྐབས་དུད་ཁྱིམ་ཞིག་ལ་མགྲོན་པོར་སོང་། དེར་བླ་མ་དཔོན་གཡོག་འགས་འདོན་པ་གསུང་གིན་འདུག་པ་ལ་ཅུང་ཙམ་ནས་ཇ་གསོལ་སྐབས་ཁོས་བླ་མ་དེར་ངའི་ཟོག་འགའ་བོར་ཤོར་བས་ང་ལ་གསུང་བརྟགས་ཤིག་གནང་རོགས་ཞུས་པས། ཟོག་ནི་ཁྱོད་མ་ཐོན་སྔོན་སླས་ལ་ཐོན་ཚར་པས་ཅང་མི་སྐྱོན་ཡང་། དེ་བས་ཁྱོད་ལ་གྲི་སྲི་ཅིག་ལངས་བས་གྲི་ཤིའི་ཉེན་ཁ་འདུག་པས་གཟབ་དགོས་ས་རེད་གསུངས། ཁོ་རང་བླ་མ་ལ་རྒྱུས་མེད་སྟབས་ཐེ་ཚོམ་ངང་ཕྱིར་སོང་བས་ཟོག་ཐོན་འདུག་པས་ངོ་མཚར་སྐྱེས་ནས་ཁྱིམ་མིར་ལོ་རྒྱུས་བཤད་པས་ཕ་རྒན་གྱིས་བུ་ཆེ་བ་ལོ་ཉེར་གཅིག་སྟེང་ཇག་ལ་སོང་ནས་བསད་ཤོར་བས་ད་ལོ་དེའི་ཀེག་ལ་ཁྱོད་རང་ཁེལ་འདུག་པས་ད་ཁོང་ལ་སྐྱབས་འཇུག་ཞུ་རུ་འགྲོ་དགོས་ཚུལ་ལབ་པ་སོགས། མདོར་ན་ནམ་རྒྱུན་དུ་སློབ་མ་རྣམས་ཀྱི་རྒྱུད་ལ་ལོག་ལྟ་དང་ཚུལ་མིན་གྱི་སྤྱོད་པ་རྣམས་སྒྲིབ་མེད་དུ་མཁྱེན་ཅིང་གཟིགས་པ་སོགས་ཀུ་རེ་ཉམས་མཚར་ཚུན་ཆད་གང་གསུངས་བ་ཐམས་ཅད་དགོངས་པ་ཤ་སྟག་ཡིན་པར་ཡོངས་སུ་གྲགས་པ་ཞིག་ཡིན་པ་ལས། སྐབས་འགའ་དང་ཐེངས་ཁ་ཤས་ཙམ་མ་ཡིན་མོད་ཐམས་ཅད་ཡིག་ཐོག་དུ་འབྲི་བའི་ངལ་བ་མ་བྱས་ཀྱང་དཔེར་བརྗོད་ཙམ་ལ་འགའ་བཀོད་པ་ཡིན་ནོ། །སྣང་སེམས་དབང་བསྒྱུར་གྱི་རྟོགས་པའི་རྩལ་ཆེན་རྫོགས་པས་རྨད་བྱུང་གྲུབ་པའི་མཛད་པ་བསྟན་ཚུལ་ནི། རྣམ་ཐར་གསོལ་འདེབས་ལས། ཁྱད་པར་ཤེས་པས་བཏང་བའི་བེམ་པོ་ནི། །ངན་སེམས་འབྱུང་པོས་སྦྲན་ནས་ཡུལ་ཁམས་འགའ། །ཕུང་ལ་ཉེ་བར་སྦྱོར་དུས་ཏིང་འཛིན་གྱིས། །མཐུ་སྟོབས་ནུས་པས་བཏུལ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཉིན་ཞིག་རྗེ་ཉིད་གློ་བུར་དུ་དགོན་ནང་ལ་བྱོན་པས། དེར་ཁང་བ་ཐོག་བརྩེགས་ཤིག་གི་འོག་ཁང་དུ་མི་ཞིག་ཤི་ནས་བེམ་པོ་བཞག་འདུག་པར་གྲྭ་དཔོན་གཡོག་འགས་གཤིན་ཆོག་འདོན་བཞིན་འདུག་སྐབས། ཅུང་ཞིག་ནས་བེམ་པོ་འགུལ་ནས་རོ་ལངས་བྱུང་བ་ལ། གྲྭ་བ་རྣམས་སྐྲག་ནས་བྲོས་ལ་ཉེ་བ་ན། བླ་མས་གནས་འདྲེན་གྱི་ནང་ནས་འཕོ་བ་གསུང་སྐབས་དང་ཁེལ་ཡོད་པ། གཏེར་ཆེན་མཆོག་གིས་ཧིཀ་སྒྲ་འགའ་ཞིག་བརྗོད་པས་བེམ་རོའི་ཁ་སྣ་ནས་དུད་ཁུ་དང་རྣག་ཁྲག་འཛགས་ཏེ་དྲི་ངན་ཐུ་ལེར་སོང་ནས་རོ་ལངས་བཏུལ་བར་མཛད་པའི་ལོ་རྒྱུས་འདུག །སྐབས་ཤིག་སྐུ་འཁོར་འགའ་དང་བཅས་དགོན་པའི་ཉེ་འགྲམ་བྲ་འཇོང་ཞེས་པའི་ལུང་བའི་ནང་དུ་ཆིབས་གོང་ནས་ཕེབས་ཚེ་ཆིབས་རྟ་འདྲོགས་པས། ཆིབས་གོང་ནས་ལྷུང་བས་ཨ་ར་ར་ཞེས་ལན་འགའ་གསུངས་བས། ཞབས་ཕྱི་བ་ཚོ་མགྱོགས་མྱུར་གྱིས་སྐུ་རྩར་བཅར་ནས་སྐུ་ལུས་ལ་མ་བདེ་བ་ཨེ་བྱུང་ཞུས་པས། ང་རང་ལ་མ་བདེ་བ་མ་བྱུང་ཡང་། སྐལ་ཆད་པོ་ངས་སྡར་སྐད་ཤོར་ནི་བོ་ས་གནམ་གཉིས་ཀར་དོད་ཐལ་གསུངས་ནས་བྱོན། ད་ལྟ་ས་ཐོག་དེར་ཨ་ཡིག་རང་བྱུང་གི་རྣམ་པ་དང་། ནམ་མཁར་ར་ཡིག་རང་བྱུང་དངོས་སུ་མཇལ་རྒྱུ་ཡོད། བར་སྐབས་ཤིག་ལ་སྟོད་རྒྱ་ཟེར་བའི་དམག་མང་ཞིག་འོང་ནས་དགོན་ཁག་མང་པོ་གཏོར་བས་བསྟན་པ་ལ་གནོད་པ་ཚབས་ཆེན་བཟོ་བར་ཉེ་བ་ན། གཏེར་ཆེན་ཁོང་གི་བསྟན་སྲུང་ཡོངས་ཀྱི་གཙོ་བོ་ཡིད་བཞིན་དབང་གི་རྒྱལ་བོའི་ཕྲིན་ལས་བསྐུལ་བས་མ་རུང་བའི་འཁྲུགས་འཚུབ་ལེགས་པར་ཞི་སོང་བ་ཡིན་ཞེས་གསུང་སྲོལ་འདུག གཞན་ཡང་དུས་རྒྱུན་རང་དགར་བཞུགས་ཡོད་པའི་སྐབས། ད་ཟླ་བ་གཅིག་གི་མཚམས་དང་ཟླ་བ་ཕྱེད་སོགས་ཀྱི་དུས་ཕྱི་རོལ་གྱི་ཉི་ཟླ་གཟའ་འཛིན་ཡོད་མེད་ནང་གི་རྩ་ཐིག་རླུང་གི་གནད་ལ་བརྟེན་ནས་གསལ་བོར་ཤེས་ཐུབ་པ་དང་། གཞན་བུད་མེད་མོ་ནད་ཀྱིས་ཚབ་ཆེན་ཟིན་པ་ལ་ཆེད་དུ་ལུས་འབྲེལ་གནང་བས་རྩ་ཐིག་རླུང་གི་གནད་ལ་དབང་འབྱོར་བའི་རྟགས་སུ་ཉིད་ཀྱིས་ཐིག་ལེ་ཡར་འདྲེན་གྱི་ཚུལ་གྱིས་ནད་བཞེས་ཏེ་ཕྱིས་ནངས་བར་གཏེར་ཆེན་ཉིད་ཀྱི་དྲི་ཆུ་ཁྲག་ཏུ་གྱུར་ཞིང་དེ་ཉིད་ནད་ལས་གྲོལ་བར་མཛད་པ་སོགས་ཡ་མཚན་གྱི་རྣམ་པར་ཐར་བ་ཆེས་མང་པོ་ཞིག་ནི་ཤིན་ཏུ་ངོ་མཚར་བའི་གནས་སུ་གྱུར་བ་སྨྲོས་མ་དགོས་མོད། གཏེར་ཆེན་ཉིད་ལ་མཚོན་ན་ཐེངས་གཅིག་ཙམ་མིན་པར་རྒྱུན་ལྡན་གྱི་མཛད་པའི་ཆ་ཤས་ཙམ་ཞིག་ཏུ་མངོན་ནོ། །ཡང་ཞལ་གསུང་རྣམ་ཐར་གསོལ་འདེབས་ལས། རོ་སྙོམས་སྤྱོད་པ་ལྷུར་ལེན་ཐོག་མ་ན། །གཞན་དག་ཡིད་ཆེས་དབུགས་དབྱུང་སྦྱིན་པའི་སླད། །སྲ་མཁྲེགས་ལྕགས་དང་སྤོས་ཀྱི་རིང་བུར་ནི། །རྡོ་རྗེའི་མདུད་པ་བོར་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སྲ་འཁྲེགས་ཀྱི་ལྕགས་དང་། སྤོས་ཀྱི་རེངས་བུ་སོགས་ལ་མདུད་པ་གནང་བར་མ་ཟད། ཡང་དེ་ཉིད་ལས། གྲི་གུས་བྲང་གཤགས་ལྷ་ཚོགས་མཐོང་སྟོན་དུ། །ཡུམ་གྱིས་མ་བཟོད་ཁྱིམ་ཐབ་རྩོད་པར་བསམ། །སླར་ནི་ཅི་ཡང་མ་ཉེས་བདེར་གཟིགས་པའི། །རྣམ་ཐར་གཞལ་མེད་མཆོག་ལ་གསོལ་བ་འདེབས། །ཞེས་གསུངས་བ་ལྟར་གྲི་ཡིས་བྲང་གཤགས་ནས་རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་གྱི་བཀོད་པ་སྣང་བར་བྱས་པ་སོགས་སྣང་སེམས་དབང་བསྒྱུར་གྱི་གྲུབ་པའི་ས་མཐོར་བཞུགས་པས་རྨད་བྱུང་བརྟུལ་ཞུགས་ཀྱི་སྤྱོད་པ་བགྲང་ལས་འདས་པར་མཛད་པ་ནི་སྨྲོས་མ་དགོས་སོ། །

གདན་ས་གསར་བཏབ་གནང་ཞིང་སྐལ་ལྡན་གྱི་བུ་སློབ་མང་དུ་བསྐྱང་ཚུལ།

གདན་ས་གསར་བཏབ་གནང་ཞིང་སྐལ་ལྡན་གྱི་བུ་སློབ་མང་དུ་བསྐྱང་ཚུལ་ནི། སྤྱིར་ཁོང་གི་སྐུ་གོང་མའི་གདན་ས་དངོས་ཟླ་རྒྱལ་དགོན་ཡིན་པས་དེར་གཏན་བཞུགས་གནང་ན་ཡང་། ཕྱི་ལོ་༡༩༡༩ ས་ལུག་ལོར་དགུང་གྲངས་སོ་གཅིག་བཞེས་པའི་སྐབས། ཁྱད་པར་དུ་དག་པ་ཡེ་ཤེས་ཀྱི་འཁོར་ལོ་ལས། མཁའ་འགྲོ་གསལ་ཁྱབ་དབང་མོ་ཡིས༔ སྒྲུབ་གནས་བྲག་དམར་མཆོང་རྫོང་ལ༔ དབེན་གནས་འོད་གསལ་ལྷུན་གྲུབ་གླིང་༔ ཕྱག་བཏབ་བསྟན་འགྲོ་ཕན་ཆེ་ཞིང་༔ དེ་རུ་བསྡད་པའི་སེམས་ཅན་ཀུན༔ ཐར་ལམ་ཟིན་པ་ཤ་སྟག་འབྱུང་༔ ཞེས་ལུང་བསྟན་པ་ལྟར། ཆོས་བདག་པདྨ་བློ་གྲོས་སོགས་ཀྱིས་རྟེན་འབྲེལ་གྱི་སྣ་དྲངས་ནས་མཁའ་འགྲོ་རྡོ་རྗེ་ཕག་མོའི་སྒྲུབ་གནས་བྲག་དམར་མཆོང་རྫོང་ངམ་དབེན་གནས་འོད་གསལ་ལྷུན་གྲུབ་གླིང་གི་རི་ཁྲོད་ཕྱག་བཏབ་མཛད་ནས་དེར་སྒོམ་གྲྭ་ལྟ་བུ་ཞིག་ཆགས། ཆོས་བདག་རིག་འཛིན་འགྱུར་མེད་རྣམ་རྒྱལ་སོགས་ཀྱིས་འདུ་ཁང་དང་བླ་མ་རྣམས་ཀྱི་གཟིམ་ཁང་། ཁྱད་པར་གཏེར་ཆེན་མཆོག་གི་གསུང་ཆོས་རྣམས་སྤར་ཤིང་ལ་བརྐོས་ནས་སྤར་ཁང་སོགས་གསར་བཞེངས་རྒྱ་ཆེར་མཛད། དེ་ནས་རིམ་བཞིན་གདན་ས་དེའི་སྟེང་ནས་གྲུབ་རྗེ་བླ་མས་ཉིད་ཀྱི་གསུང་ཆོས་དག་གཙོ་བྱས་པའི་དབང་ཁྲིད་བཤད་པ་མན་ངག་སོགས་གནང་སྟེ་བླ་གྲྭ་ཇོ་མོ་མི་སྐྱ་སོགས་རིག་འཛིན་འདུས་པའི་སྡེ་ཉིས་བརྒྱ་ཙམ་རྒྱུན་འདུག་བྱས་ཏེ་རི་ཁྲོད་དེ་ཉིད་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་ཡིན་ལ། སྤྱིར་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཁོང་ནི་ཨ་རིག་རྫའི་སྡེ་དགོན་སྐྱ་སེར་ཡོངས་ལ་དབང་ཁྲིད་ཟབ་མོའི་འབྲེལ་ཞིང་། གསོལ་བ་འདེབས་སའི་བླ་མ་གཅིག་པུར་གྱུར་ཡོད། ཁོང་གིས་ཀྱང་བྲག་དམར་རི་ཁྲོད་གཙོ་བོར་གྱུར་བའི་དགོན་སྡེ་འདི་ཉིད་ལ་གཞན་ལས་ལྷག་པའི་བརྩེ་གཟིགས་དང་། ལུགས་གཉིས་ཀྱི་འབྲེལ་འདྲིས་ཧ་ཅང་ཟབ་པས་གདན་ས་གཉིས་པ་ལྟ་བུ་ཆགས་ཡོད། ཁོང་གི་གསུང་ཆོས་རྣམས་ཀྱི་དབང་ཁྲིད་ལུང་གསུམ་གྱི་བརྒྱུད་འཛིན་གཙོ་ཆེ་ཤོས་རྒྱལ་བ་ཕུག་ཁང་དགོན་འདི་གར་འབྲེལ་ཡོད། གཏེར་ཆེན་མཆོག་གི་གསུང་རྣམས་དེང་སང་མཇལ་དུ་ཡོད་པ་དེ་ཐུགས་སྲས་ཆོས་བདག་རིག་འཛིན་འགྱུར་མེད་རྣམ་རྒྱལ་གྱི་བཀའ་དྲིན་ཡིན། ཕྱིས་སུ་བསྟན་པ་ཡང་དར་གྱི་སྐབས་སུ་གྲུབ་དབང་ཤེས་རབ་མེ་འབར་ཡབ་སྲས་ཀྱིས་གསུང་ཆོས་ཀྱི་པར་ཤིང་གསར་བཞེངས་གནང་། མཁན་ཆེན་བླ་མ་བསོད་ནམས་ཚེ་རིང་སོགས་བླ་མ་རྣམས་ཀྱིས་དབང་ལུང་གི་རྒྱུན་སྤེལ་ནས་མ་ཉམས་པར་བཞུགས་ཡོད་པ་ཡིན། སྤྱིར་སྔ་ཕྱི་ཀུན་ཏུ་ཁོང་ཉིད་ཀྱི་བཞུགས་ཡུལ་རྫ་ཆུ་ཁ་དང་། ཡབ་ཡུལ་གསེར་རྟ་དང་། མགོ་ལོག །ཡུལ་ཤུལ་རྫ་སྟོད་སོགས་ཕྱོགས་ཀྱི་སྡེ་དགོན་མང་པོ་ལ་ཐུན་མོང་དང་ཐུན་མིན་གྱི་ཆོས་སྐོར་སྣ་ཚོགས་གདུལ་བྱའི་ཁམས་དབང་དང་བསྟུན་ནས་ཟླ་ཁྲིད་མང་པོ་གནང་ཞིང་། ཕྱོགས་སོ་སོ་ནས་ཆོས་ཞུ་བ་ཡང་བགྲངས་ལས་འདས་པ་ཞིག་འོང་ཡང་། དེ་ཐམས་ཅད་ལ་རང་རང་གི་མོས་པ་དང་བསྟུན་པའི་སྒོ་ནས་རྗེས་སུ་བཟུང་བར་མཛད་པ་ཡིན། ལར་བླ་མ་གཞན་རྣམས་ཀྱིས་ནི་གདུལ་བྱ་སྤྱི་འགྲོས་དང་མཐུན་པའི་ཁྲིད་དང་གདམས་ངག་སོགས་གནང་བ་ཡིན་མོད། གཏེར་ཆེན་བླ་མ་མཆོག་གིས་གང་ཟག་སོ་སོའི་ཁམས་དབང་མོས་པ་མ་འདྲེས་པར་མཁྱེན་པའི་མངོན་ཤེས་དང་། ཟབ་དང་རྒྱ་ཆེ་བའི་གནས་ལ་རྣམ་པར་དཔྱོད་པའི་བློ་གྲོས་མཆོག་ཏུ་མངའ་བའི་སྟོབས་ཀྱིས། ཤེས་རབ་ཁྱད་པར་ཅན་དག་ལ་མདོ་རྒྱུད་མན་ངག་གི་ལུང་དང་སྦྱར་ནས་རྒྱ་ཆེ་བ་པཎྚི་ཏའི་ལུགས་ཀྱིས་གདམས་ངག་ངོ་སྤྲོད་གནང་བ་དང་། དད་པ་དང་མོས་གུས་མཆོག་ཏུ་མངའ་ཞིང་ཤེས་རབ་དེ་ཙམ་མི་ལྡན་པའི་རིགས་ལ་ཟབ་པ་ཀུ་ས་ལའི་ལུགས་ཀྱིས་གདམས་ངག་གི་རིམ་པ་མི་གཅིག་པ་སྣ་ཚོགས་གནང་བའི་ངོ་མཚར་གྱི་ཆེ་བ་ཁྱད་དུ་འཕགས་པ་ཡོད། སྤྱིར་གཏེར་ཆེན་རིན་པོ་ཆེ་འདི་ཉིད་ཀྱིས་མཚན་ལྡན་དགེ་བའི་བཤེས་གཉེན་དམ་པ་རྣམས་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཞིང་མདོ་སྔགས་ཟབ་རྒྱས་ཀྱི་གནས་ལ་སྦྱངས་བའི་ཚུལ་མཛད་ཅིང་། ཁྱད་པར་བརྒྱུད་གསུམ་ཆུ་བོ་གཅིག་འདུས་རྒྱལ་དབང་པདྨ་ཀཱ་རའི་དོན་བརྒྱུད་དགོངས་པའི་བྱིན་ཆེན་སྙིང་ལ་འཕོས་ནས་ཟབ་མོ་གཏེར་གྱི་བཀའ་བབས་པ་དང་། མན་ངག་གསང་བ་ཟབ་མོའི་དོན་ཐུགས་ཉམས་སུ་བཞེས་ནས་རྩ་གནས་ཡི་གེ་སྤྲིན་གྱི་བཀོད་པར་ཤར་ཏེ། གཟུངས་དང་སྤོབས་པའི་བློ་གྲོས་ཀྱི་གཏེར་སྒོ་ཐམས་ཅད་ཅིག་ཆར་ཕྱེས་ནས་མདོ་སྔགས་ཀྱི་ཆོས་ཀུན་མི་མཁྱེན་པ་དང་མི་གཟིགས་པ་གཅིག་ཀྱང་མེད་པར་རང་དབང་འབྱོར་བ་འདི་ནི་གཞན་ལ་མེད་པའི་རྣམ་ཐར་ཡོངས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་ཏེ། རྣམ་ཐར་གསོལ་འདེབས་ལས། རང་གྲོལ་མངོན་སུམ་སྟོན་པའི་བསྟན་པ་དངོས། །དེ་ཡི་གཟུགས་བརྙན་ཐེག་པའི་རིམ་པ་བརྒྱད། །ཤེས་རབ་གསུམ་གྱིས་དོན་བཅུད་གཅིག་ཏུ་བསྡུས། །མན་ངག་ཁྲིགས་སུ་སྡེབས་ལ་གསོལ་བ་འདེབས། །ཞེས་གསུངས་བ་ལྟར་རོ། །ཁོང་ཞལ་བཞུགས་པའི་སྐབས་དེར་ཡུལ་རྫ་ཆུ་ཁ་འདིར་སྔ་འགྱུར་བསྟན་པའི་གསོས་སྨན་དུ་གྱུར་བ་ནི་ཐུབ་དགའ་ཡིད་བཞིན་ནོར་བུ་གཅིག་པུར་གྱུར་ཡོད་ཅིང་། ཁོང་རྣམ་པ་གཉིས་ཐུགས་སྣང་ཤིན་ཏུ་མཐུན་པར་མ་ཟད་བླ་སློབ་རེས་མོས་སུ་གྱུར་ཡོད་པ་དང་། ཐུབ་དགའ་ཡིད་བཞིན་ནོར་བུའི་སློབ་མ་ཞིག་ཡིན་ཕྱིན་ཕལ་ཆེར་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་སློབ་མར་མ་གྱུར་བ་མེད་ལ། མན་ངག་རྫོགས་པ་ཆེན་པོའི་ཟབ་ཁྲིད་ཀྱི་སྐོར་རྣམས་གཏེར་ཆེན་ཁོང་གི་མདུན་ནས་ཞུ་དགོས་ཞེས་ནམ་རྒྱུན་བཀའ་སློབ་བསྩལ་བ་དང་། མཁན་ཆེན་ཁོང་ཉིད་སྐུ་འདའ་བ་ལ་ཉེ་སྐབས་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་མང་པོས་བཞུགས་ཞུས་ནན་དུ་བྱས་ཀྱང་ཞལ་བཞེས་མ་གནང་བ་ལ། གཏེར་ཆེན་མཆོག་གིས་བཀའ་གསུང་ཧ་ཅང་ནན་པོས་ཞུ་བསྐུལ་ཕུལ་བར་ཞལ་ངོ་གཅོག་མ་ཐུབ་པར་སྤྲེལ་ཟླའི་ཚེས་བཅུ་བར་དུ་སྐུ་ཚེ་བསྲིང་བར་མཛད་པའི་རྣམ་ཐར་ངོ་མཚར་བ་སྣང་། གཞན་ཡང་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་སློབ་ཚོགས་མང་པོའི་དབུས་སུ་རྫ་ཆུ་ཁའི་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་དེ་ལྷུན་གྲུབ་རིག་འཛིན་གྱི་ས་ལ་བཞུགས་ཡོད་ནི་རེད། དེང་སང་གི་རྟོག་གེ་བ་ཁ་ཤས་ཀྱིས་ཁོང་གི་གསུང་ཆོས་དེ་ཚོར་འཐད་མི་འཐད་ལབ་པ་དེ་ཚོ་རང་གི་ཉེས་པ་བསགས་པའི་རྒྱུ་རེད་ཞེས་དངོས་སུ་གསུངས་བ། ཁྲ་ཆོག་མཁན་ཆེན་ཀརྨ་ཚེ་བརྟན་གྱིས་གསན་པའི་རྐྱེན་གྱིས་ཁོང་གི་ཡིད་འཕྲོག་ནས་བཅོས་མིན་གྱི་དད་པ་དང་མོས་གུས་སྐྱེས་ཏེ། ཕྱིས་སུ་ཆེད་དུ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་མདུན་ལ་ཕེབས་ནས་གསལ་རྒྱན་རྣམ་གཉིས་ཀྱིས་གཙོས་པའི་ཉིད་ཀྱི་ཆོས་སྐོར་རྣམས་གསན་པས་ངེས་པ་དོན་གྱི་རིགས་བདག་ཏུ་གྱུར། ཚོགས་པའི་དབུས་ནས་ཆོས་ཀྱི་བདག་པོར་མངའ་གསོལ་བ་དང་བརྒྱུད་པ་སྤེལ་དགོས་པའི་བཀའ་ཁྲོལ་བ་དང་། མ་ཕྱིའི་ཕྱག་དཔེ་མཆན་དང་བཅས་པ་གནང་བར་མཛད་པས་ཕྱིས་སུ་མདོ་ཁམས་ལྷོ་ཟླའི་ཕྱོགས་སུ་བརྒྱུད་འཛིན་ཆེ་ཤོས་སུ་གྱུར་ཞིང་གསུང་གི་ཕྲིན་ལས་རྒྱ་ཆེར་སྤེལ་ཡོད་ལ། ཁོང་གི་གསུང་འཕྲོས་ལ། སྔ་མོ་གསར་རྙིང་གི་མཁས་པ་མང་པོའི་ཞལ་སྒོ་འགྲིམས་མྱོང་ཡང་། མདོ་སྔགས་གཉིས་ཀ་ལ་ངེས་པ་དོན་གྱིས་མཁས་པ་ནི་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ལས་ལྷག་ཅིག་མཇལ་མ་མྱོང་བས་རྒྱལ་དབང་ཨོ་རྒྱན་ཆེན་པོའི་རྒྱལ་ཚབ་དངོས་ཡིན་ཞེས་ཡང་ཡང་གསུངས་བའི་བཤད་རྒྱུན་འདུག ཡང་ཐུགས་སྲས་བུ་སློབ་ཡོངས་ཀྱི་གཙོ་བོ་ཕུག་ཁང་མཁན་ཆེན་བསོད་ནམས་ཚེ་རིང་ཁོང་ཉིད་སྐུ་ན་གཞོན་དུས་སྐབས་ཤིག་ལ་མཐུ་དང་ངན་སྔགས་ལ་དབང་ཐོབ་པ་ཞིག་བྱེད་དགོས་དགོངས་ནས་དྲག་པོ་སྔགས་ཀྱི་ལས་སྦྱོར་ལ་ཅུང་སློབ་སྦྱོང་དང་ཉམས་ལེན་བྱས་པས་དར་ནག་གཡབ་པས་མེ་སྟག་འཕྲོ་ནུས་པ་ཞིག་བྱུང་ཡང་། རིགས་ཀྱི་བདག་པོ་སྤྲུལ་སྐུ་ནམ་མཁའ་འཇིགས་མེད་ཀྱིས་ཉིན་ཞིག་གློ་བུར་དུ་འབོད་མི་བཏང་བྱུང་བས་སྐུ་དྲུང་དུ་སོང་བས། ཁྱོད་ཀྱིས་གཞན་ཕན་བྱང་ཆུབ་སེམས་ལ་ཉམས་ལེན་བྱས་ནས་ཐར་བ་བྱང་ཆུབ་སྒྲུབ་དགོས་རྒྱུ་དེ་མི་སྒྲུབ་པར་འདི་འདྲའི་རིགས་དེ་ཚོ་ཆོས་པ་རྣམ་དག་གི་བར་ཆད་དུ་འགྱུར་ཉེན་ཆེ་གསུངས་ནས་བཀའ་བཀྱོན་གནང་བས་རྫས་སྦྱོར་ཡིག་ཆ་ཐམས་ཅད་མེ་ལ་བསྲེགས། ཡང་སྐབས་ཤིག་ན་ཁོང་ལ་གྲུབ་དབང་རིན་པོ་ཆེས། ངས་བྲིས་པའི་ཆོས་ཚན་དེ་རྣམས་སྔར་ཁྱོད་ཀྱིས་ཐོབ་ཟིན་པ་དང་། མ་ཐོབ་པ་གང་ཅི་རིགས་ཀུན་ཁྱོད་ཀྱིས་གཞན་ལ་འཆད་སྤེལ་གྱིས་དང་བཀའི་གནང་བ་སྦྱིན་པ་ཡིན་གསུངས། ཡང་ཐེངས་ཤིག་སྐུ་མདུན་དུ་སོང་བ་ན། ངས་གཤིན་རྗེ་ཐོག་ཆར་ཟེར་བ་ཞིག་ཕབ་ཡོད། སྨད་ལས་ནི་རྒྱ་རོང་ནམ་སྤྲུལ་ལ་ཕབ་པའི་སྐལ་བ་ཡོད། དབང་ནི་འབྲི་མ་ཁོམ་ཡང་། སྨིན་གླིང་དྲག་འཇོམས་དང་གཤིན་རྗེ་ཚེ་བདག་སོགས་དབང་གང་ཐོབ་ཀྱང་དེས་འཐུས། ཁྱོད་ལ་ང་རང་གིས་བཀའ་གཏད་ཅིག་བྱེད་གསུངས་ནས་བྱིན་ཕབ་དེ་གསུངས་བས་ཁོང་སྟན་གྱི་སྟེང་དུ་སྡོད་མི་ཚུགས་པའི་ཉམས་ཤིག་བྱུང་གསུང་བ་སོགས་ཀྱི་ཞལ་རྒྱུན་འདུག །མདོར་ན་གཏེར་ཆེན་བླ་མ་ཉིད་ཀྱིས་སྐུ་ཚེ་གང་བོར་རང་དོན་དུ་སྒོམ་སྒྲུབ་ཉམས་ལེན་དང་། གཞན་དོན་དུ་ གདུལ་བྱ་སོ་སོའི་ཁམས་དབང་དང་བསྟུན་པའི་དབང་ཁྲིད་གདམས་ངག་སོགས་ཆོས་བཀའ་སྣ་ཚོགས་ཆེད་དུ་བསྩལ་བ་དང་། དགོངས་གཏེར་ཟབ་མོའི་ཆོས་སྐོར་རྣམས་ཕབ་པ་དང་། ལྐོག་གྱུར་མངོན་སུམ་དུ་གཟིགས་པའི་ལུང་བསྟན་གནང་བ་དང་། ཉམ་ཐག་གི་ནད་པ་ལ་སྨན་སྦྱིན་དང་། གཤིན་པོ་རྣམས་ལ་ལམ་སྟོན་བསྔོ་སྨོན་གནང་བ་སོགས་དམ་པའི་རྣམ་ཐར་འབའ་ཞིག་གིས་དུས་འདའ་བ་ལས་ཆོས་མིན་གྱི་སྤྱོད་པ་ཞིག་གནང་བའི་སྐབས་ཡོད་པ་མིན་ནོ། །

འདའ་ཁའི་ཞལ་ཆེམས་སོགས་གནང་ནས་སྐུ་ཐ་མའི་མཛད་པ་བསྟན་ཚུལ།

འདའ་ཁའི་ཞལ་ཆེམས་སོགས་གནང་ནས་སྐུ་ཐ་མའི་མཛད་པ་བསྟན་ཚུལ་ནི། མཐར་སྐུ་ན་བགྲེས་པའི་སྐབས་ལ་ཉེ་བ་ན། མཐའ་དམག་འཇིགས་པའི་རུ་མཚོན་ཀུན་ནས་གཟིངས་ཏེ་ཐམས་ཅད་ཟིང་ཟིང་དུ་གྱུར་བའི་ཚེ། མ་འོངས་འབྱུང་འགྱུར་གྱི་དགོངས་པ་དང་ལུང་བསྟན་མང་དུ་གནང་ཞིང་ཟླ་རྒྱལ་དགོན་དུ་བཞུགས། དེའི་སྐོར་ཨ་རིག་རྫ་ཡི་སློབ་མ་ཨ་ཁུ་གྲགས་རྒྱམ་སོགས་ལ་གསུང་གླེང་འདྲ་གནང་ནས་བཞུགས་སྐབས། གློ་བུར་དུ་ཞལ་ཨ་རིག་ཕྱོགས་ལ་གྱུ་སྟེ། སྤྱན་ཆབ་ལོ་མའི་ཟིལ་བ་ལྟར་འཐོར་ནས་ད་ཨ་རིག་རྫ་བསད་གཏུབ་བྱེད་ཀྱིན་འདུག །ཚང་མས་ང་ལ་འབོད་པ་བྱེད་བཞིན་འདུག་མོད། བདག་གིས་ཅི་ཡང་བྱེད་རྒྱུ་ནི་མི་འདུག་གསུང་། དུས་དེར་སྒོ་རི་མོའི་ངོས་ནས་ཨ་རིག་རྫ་རྒྱ་དམག་གིས་གཏོར་བའི་དུས་ཁྲིག་ཁྲིག་ཡིན་འདུག །ད་ནི་ཁྱེད་རང་སློབ་མ་ཚོ་ཚང་མ་རང་རང་གི་ལམ་ལ་སོང་། དམ་ཚིག་རྣམ་པར་དག་པ་རེ་བསྲུངས་ནས་མོས་གུས་དང་གསོལ་འདེབས་བྱས་ན་རང་ཅག་དུས་ཀུན་འབྲལ་བ་ཡོད་ནི་མ་རེད། ཁ་སང་དེ་རིང་གི་དུས་འདིར་བླ་མ་དང་སློབ་མ། གྲྭ་རོགས་དང་གྲོགས་མཆེད་ཚོ་ལྷན་དུ་འདུག་པའི་དུས་མ་རེད། ཡར་མར་གྱི་བྱ་བཞག་འདི་ཚོ་ལ་ལྟོས་དང་གཟབ་གཟབ་རེ་བྱེད་དགོས་སོགས་གསུང་འཕྲོས་ཅི་རིགས་གནང་། ཉིན་གཅིག་དེ་ཕྱོགས་ཀྱི་གསར་བརྗེ་བ་འགས་འོ་བརྒྱལ་ཚབ་ཆེན་ཞུས་ནས་ཕྱིར་ཁྱིམ་ལ་བྱོན་དུས། མཁའ་འགྲོས་དེ་རིང་ཁྱེད་ཀྱིས་འོ་བརྒྱལ་ཆེན་པོ་རིག་བྱུང་ཞུས་པ་ལ། སྐྱོན་མ་བྱུང་། ང་རང་ཕོ་རོག་རྒྱལ་པོའི་མགོ་ནས་བལྟས་བསྡད་པས་ཁོ་ཚོས་ང་རང་གི་གྱོན་པ་དེ་ཡར་དྲུད་མར་དྲུད་བྱས་སོང་། ང་མ་དཀའ་ཡང་། གཡག་དམར་རིལ་ཅན་དེ་ལ་དཀོར་སྲུང་གིས་སྡང་མིག་ཅིག་བལྟས་བྱུང་བས་དེ་མ་བཟང་གསུང་། དེ་ནུབ་རྒད་པོ་རྫ་ཆུའི་ནང་དུ་ལྷུང་སོང་ཟེར། ཡང་བུད་མེད་ཅིག་གིས་ཧ་ཅང་མི་འོས་པའི་འོ་རྒྱལ་ཚབ་ཆེན་ཞུས་པ། ཕྱིས་སུ་མོ་ལ་སྦྲུལ་ཞིག་སྐྱེས་འོང་བས་ཡུལ་དེའི་མི་ཚང་མས་ཡོངས་གྲགས་སུ་སྦྲུལ་སྐྱེ་མ་ཞེས་འབོད་སྲོལ་བྱུང་འདུག་པ་སོགས་དེ་འདྲའི་ལོ་རྒྱུས་མང་དུ་འདུག །དེ་ལྟར་དུས་ཀྱི་འཚུབ་ཆ་ཆེས་ཆེར་ལྡང་བའི་སྐབས་དགུང་གྲངས་དོན་གཉིས་པ་ཕྱི་ལོ༡༩༦༠བོད་རབ་བྱུང་༡༦པའི་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོར་ཡུལ་མི་སློབ་འབངས་ཡོངས་ལ་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་སྤྱི་སྒེར་སོ་སོ་ལ་གསུངས་ཤིང་། ཁོང་གི་ཞལ་ཆེམས་ཀྱི་གཙོ་བོ་ནི་ཁྱེད་ཅག་གིས་ལས་རྒྱུ་འབྲས་ལ་ཡིད་ཆེས་དང་། ལྷ་དང་བླ་མ་ལ་གསོལ་འདེབས་སོགས་གལ་ཆེ། འདི་ལྟ་བུའི་དུས་འཁྲུགས་ཀྱི་རྒུད་པ་འདི་དག་ཀྱང་ལས་འབྲས་བསླུ་བ་མེད་པ་ལ་བརྟེན་ནས་བྱུང་བ་ཡིན་པས། བསྔོ་བ་དང་སྨོན་ལམ་བཟང་པོས་མཚམས་སྦྱར་རྒྱུ་གལ་ཆེ། སྙིང་རྗེ་བའི་ཡུལ་ཡིན་པ་ལས་ཁོང་ཁྲོ་བའི་ཡུལ་མིན་ཚུལ་སོགས་ནན་གྱིས་གསུངས་ཤིང་། མན་ངག་གི་གནད་དང་ལྡན་ན་འདི་ཚོ་ཚང་མ་འཁོར་འདས་རུ་ཤན་རེའི་གོ་ཆོད་ཀི་འདུག་གསུངས། སྐབས་དེར་རྔ་སྐས་ཁུག་ཏུ་སྦྲ་ཆེན་པོ་ཞིག་ཕུབས་ནས་རྫ་སྟོད་ཕྱོགས་གཙོ་བོར་གྱུར་བའི་མི་སྣ་མང་པོ་ཞིག་ལ་འཐབ་རྩོད་འཛིན་གྲྭ་བསྡུས་ཏེ་ཉིན་འགའ་ལ་འཐབ་རྩོད་དང་འདྲི་རྩད་ནན་པོ་བྱས་ཤིང་། མི་འགྱང་བར་ཕྱོགས་སོ་སོའི་བཙོན་ཁང་ལ་འདེད་རྒྱུ་ཡིན་པའི་རྟགས་མཚན་མངོན་པ་ན། ཁོང་གིས་གསང་ཡུམ་སོགས་ལ། ད་ནི་ང་རང་ཤི་སོང་ན་དགའ་བ་འདྲ། འདི་ཕན་ལ་གསོན་ནས་བསྡད་ན་དགོས་པ་ཆེན་པོ་མེད་པ་དང་། ཐག་རིང་ཞིག་ལ་འགྲོ་དགོས་ན་ལོ་རྒས་པས་དཀའ་ཚེགས་ལས་མེད་པ་འདྲ་སོགས་གསུང་འཕྲོས་ཅི་རིགས་བསྩལ་ཞིང་། བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་མར་ངོས་ཚེས་ཉེར་བརྒྱད་ལ་བསམ་བཞིན་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པར་ཁོང་གི་དངོས་སློབ་དམ་པ་རྫ་རྒྱལ་མཁན་པོ་འབུམ་པ་ཐར་མཆོག་གི་ཞལ་རྒྱུན་ཁུངས་དག་འདུག་པས་རྗེས་འཇུག་སྐལ་བཟང་གི་སློབ་བུ་ཡང་སློབ་རྣམས་ཀྱིས་དུས་ཚེས་འདི་དང་བསྟུན་ནས་རྗེས་དྲན་འདས་མཆོད་ཀྱི་ཕྱག་ལས་སོགས་བསོད་ནམས་དགེ་བའི་ལས་སྣ་ཚོགས་བསྒྲུབ་པ་ཤིན་ཏུ་གལ་ཆེའོ། །སྐུ་གདུང་རིན་པོ་ཆེ་ནི་སུས་མི་ཚོར་བར་ལྐོག་ནས་རྫ་ཆུའི་ནང་དུ་གཤེགས་གསོལ་བྱས་ཤིང་། དེ་སྐབས་མཚན་མོར་ཆུ་ནང་དེ་ཀ་རུ་འཇའ་དང་འོད་ཕུང་འཁྲིགས་པ་སོགས་ངོ་མཚར་བའི་རྟགས་མཚན་སྣ་ཚོགས་འཆར་བར་ཡུལ་མི་རྣམས་ལ་གླེང་རྒྱུ་འདུག །ཐུགས་སྲས་བུ་སློབ་གཙོ་བོ་དག་གི་མཚན་ཐོ་ཆེ་ལོང་ཙམ་བཀོད་པ་ནི། སྐྱབས་རྗེ་གཏེར་ཆེན་བླ་མ་འདིའི་ཞལ་སློབ་ཏུ་གྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་བགྲངས་ལས་འདས་པ་ཞིག་ཕྱོགས་དང་ཕྱོགས་སུ་མཆིས་ན་དེ་ཀུན་འབྲི་མི་ནུས་ཀྱང་། སྐབས་འདིར་ཕྱིན་ཆད་ལོ་རྒྱུས་ཀྱི་མཚམས་སྦྱོར་ལ་ཅུང་ཕན་ཕྱིར་ཡོངས་གྲགས་ཀྱི་དངོས་སློབ་གཙོ་བོ་འགའི་མཚན་ནས་བརྗོད་ན། སྙིགས་དུས་འགྲོ་བའི་སྐྱབས་གཅིག་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས། ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ། ཁྲ་ཆོག་མཁན་ཆེན་ཀརྨ་ཚེ་བརྟན། རྒྱ་རོང་འཇའ་ལུས་པ་ཡེ་ཤེས་འབྱུང་གནས། འབྲི་གུང་ཟངས་ཤོག་ཅན་གྱི་འགྲེལ་བ་སྐུལ་མི་རྩེ་སྤྲུལ་ལྔ་པ་དཀོན་མཆོག་ངག་དབང་ཕྲིན་ལས། སྒྲུབ་བརྒྱུད་སྐུ་ཕྲེང་བརྒྱད་པ་དཀོན་མཆོག་བསྟན་འཛིན་ཐུབ་བསྟན་རྒྱལ་མཚན། རྫ་རྒྱལ་མཁན་ཆེན་འབུམ་པ་ཐར། འཇུ་ཉུང་མཁན་ཆེན་རིག་རྩལ་རྡོ་རྗེ། ཕུག་ཁང་མཁན་ཆེན་བསོད་ནམས་ཚེ་རིང་། མགོ་ཚྭའི་མཁན་ཆེན་དཔལ་ལྡན་རྡོ་རྗེ། དགེ་མང་མཁན་ཆེན་པདྨ་དབང་རྒྱལ། སྲས་མོ་མཁའ་འགྲོ་ཀུན་བཟང་དབང་མོ། ཆོས་བདག་རིག་འཛིན་འགྱུར་མེད་རྣམ་རྒྱལ། གྲུབ་དབང་ཤེས་རབ་མེ་འབར། ཕུག་ཁང་མགོན་བླ་པདྨ་འོད་ཟེར། དཔལ་ཁྱུང་སྔགས་དགོན་གྱི་སྤྲུལ་པདྨ་ཀུན་དགའ། ཀཿཐོག་རྨོག་ཚ་སྤྲུལ་སྐུ། བྱ་བྲལ་ནམ་མཁའ་ཡེ་ཤེས། རྡོ་ཁོག་གཅོད་པ། གོ་འཇོའི་མཁས་གྲུབ། ཆོས་བདག་པདྨ་བློ་གྲོས། ཆོས་བདག་ཤེས་རབ་བློ་འཕེལ། མགོ་ཚྭའི་ཨ་གྲགས། རྫ་རྒྱལ་རྟོགས་ལྡན་དགེ་གྲགས། གནུབས་ཟུར་སྤྲུལ་སྐུ་བློ་གྲོས་དབང་བོ། ཕུག་ཁང་མཁན་ཆེན་ཨ་ཁུ་གྲགས་རྒྱམ། སྐྱུ་རའི་བསམ་གཏན་རྣམ་རྒྱལ་སོགས་མཁན་སྤྲུལ་གསེར་རིའི་འཕྲེང་བ་ཚར་དུ་དངར་བ་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོས་གངས་ལྗོངས་ཀྱི་ཁྱོན་མ་ལུས་པ་ཡོངས་སུ་གང་བར་བྱས་སོ། །སྤྱིར་ཁོང་གི་ཐུན་མིན་དང་ཐུན་མོང་གི་མཛད་པའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་མོད་ཀྱང་། ཡི་གེའི་གཟུགས་སུ་བཀོད་པ་ཉུང་བས་ཕྱིས་སུ་ངག་རྒྱུན་དང་ཡིག་ཆ་ཁག་ཏུ་དེ་ཙམ་ལས་མི་འདུག གཏེར་ཆེན་མཆོག་གི་བརྒྱུད་འཛིན་ཐུགས་སྲས་ཡོངས་ཀྱི་ཐུ་བོ་ཀུན་གཟིགས་མཁན་ཆེན་པདྨ་དབང་ལྷུན་གྲུབ་མཆོག་གི་ཞལ་སྔ་ནས་མཛད་པའི་རྣམ་ཐར་གྱི་ཆེ་བ་ལེགས་པར་བསྟན་པའི་བསྟོད་ཚིག་ཚན་པ་གཉིས་བཞུགས་པ་དེ་ཉིད་ཕྱི་རབས་གདུལ་བྱ་ཡོངས་ཀྱི་དད་མོས་ཀྱི་གསོས་དང་། ལོ་རྒྱུས་ཀྱི་ཆེ་བ་ཉིད་ཡང་དག་པར་མཚོན་ཕྱིར་འདིར་ཆ་ཚང་བར་དཀྱུས་སུ་བཀོད་ན།


no previousདཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར་ཆ་ཤས་དང་གསུང་འབུམ་བཞུགས་བྱང་ངོ་མཚར་གསེར་གྱི་སྙེ་མ།next