Nitartha Digital Library
Tibetan
གསུང་འབུམ་པོད་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་རིག་འཛིན་འདུས་པའི་དབང་ཆོག་བྱིན་རླབས་འོད་ཕྲེང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་རིག་འཛིན་འདུས་པའི་དབང་ཆོག་བྱིན་རླབས་འོད་ཕྲེང་།next

བླ་མ་རིག་འཛིན་འདུས་པའི་དབང་ཆོག་བྱིན་རླབས་འོད་ཕྲེང་།

བླ་མ་རིག་འཛིན་འདུས་པའི་དབང་ཆོག་བྱིན་རླབས་འོད་ཕྲེང་བཞུགས་སོ༔

འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་སྦྱོར་བ་སྔོན་འགྲོ་ལ༔ དཀྱིལ་འཁོར་མདའ་གང་གྲུ་བཞིའི་དབུས༔ བླ་མ་རིག་འདུས་ཟླུམ་གཏོར་དང་༔ གཡས་སུ་གཙོ་བོའི་བུམ་པ་ནི༔ བྱིན་ལྡན་རྫས་ཀྱིས་དགངས་པ་གཅིག༔ གཡོན་དུ་བདེ་སྐྱོངས་བདུད་རྩི་བཤམས༔ དེ་ཡི་རྒྱབ་ངོས་རིག་ཙཀ་ལི༔ ཅུང་ཟད་སྦག་པའི་ཡར་གཞི་ལ༔ ཤེལ་སྒོང་མེ་ལོང་རྨ་བྱའི་མདོངས༔ ཤེལ་གྱི་ཕྲེང་བ་སྒྲོན་གསུམ་གཟུགས༔ ཤེལ་མིག་སྦྱོར་རྒྱུ་ཡོད་ན་རབ༔ བཅུ་བདུན་རྒྱུད་ལ་སོགས་པ་ཡི༔ གླེགས་བམ་བཀའ་རྟགས་མེད་ཐབས་མེད༔ ས་མ་ཡཱ༔ དེ་ནས་ཆོ་གའི་སྔོན་འགྲོ་ནི༔ ས་གཞི་བརྟག་བསླང་སྦྱངས་བ་དང་༔ བྱིན་གྱིས་རླབས་དང་བཟུང་ཐིག་གདབས༔ ཚོན་དགྱེ་ཚོམ་བུ་བཀོད་པ་ལ༔ རབ་གནས་རང་འཇུག་ལྟ་གོན་རྣམས༔ དབང་སྤྱིའི་ཟུར་འགེབས་ཀྱིས་བསྐང་ལ༔ སློབ་མར་ཁྲུས་བྱས་བགེགས་བསྐྲད་བསྲུང་༔ མེ་ཏོག་བཀྱེ་ཞིང་མིག་དར་དགབ༔ ཆོས་བཤད་ཟུར་པ་བཞིན་དུ་བྱ༔ དེ་ནས་གསོལ་བ་གདབས་པ་ནི༔ ཀྱེ༔ བདེ་གཤེགས་གཅིག་གིས་སྒྱུ་འཕྲུལ་དུ༔ གྲངས་མེད་སྐུ་གསུམ་འཁོར་ལོ་འཕྲོ༔ སྙིང་པོ་སྟོང་སྲོག་དམ་པ་ཞིག༔ གཙོ་བོའི་བདག་ལ་བཀའ་དྲིན་ཞུ༔ ཐོག་མེད་འཁོར་བ་རྒྱུན་རིང་དུ༔ བག་མེད་ཉོན་མོངས་བསགས་སྡིག་ཀུན༔ དཔྱིས་འབྱིན་དག་བྱེད་རྒྱུན་བཟང་པོ༔ མགོན་པོའི་བདག་ལ་བཀའ་དྲིན་ཞུ༔ རྨད་བྱུང་གསང་བ་ཡེ་ཤེས་ཀྱི༔ ཡས་བབས་རྒྱལ་ཐབས་སྤྱི་བླུགས་དབང་༔ ཕྱག་རྒྱ་གསེར་འགྱུར་རྩི་ཆེན་གྱི༔ དཔའ་བོའི་བདག་ལ་བཀའ་དྲིན་ཞུ༔ ཞེས་བརྗོད་དེ་ནས་ལན་སྩལ་བ༔ ཧོ༔ ཁྱོད་ནི་ཚོགས་སྨོན་ལས་འཕྲོ་གཙང་༔ སྐལ་བ་བཟང་དགེའི་བློ་སྣང་ཐོབ༔ འོན་ཀྱང་རྡོ་རྗེའི་དབང་བསྐུར་ལ༔ དམ་ཚིག་གསང་བའི་བརྟུལ་ཞུགས་གཉན༔ དེ་དག་བསྲུང་བར་དཀར་བས་ད༵མ༔ མ་བསྲུང་ན་རག་དམྱལ་མེས་ཚི༵ག༔ དུས་རིང་བསྐལ་བར་གདུང་བར་འགྱུར༔ བསྟིར་མེད་སྡུག་བསྔལ་ཀུན་ལས་ཚ༔ བསྲུང་ན་སྡིག་སྒྲིབ་བག་ཆགས་ཚིག༔ དོན་མཐུན་མིང་གིས་ཁེ་ཉིན་སོམ༔ གྱི་ནར་བཏང་སྙོམས་དགེ་སྡིག་ཆུང་༔ འཇུག་དང་ལྡོག་པ་སླ་བ་མིན༔ ཞེས་བརྗོད་སློབ་མས་ཞུ་གསོལ་ནི༔ ཧོ༔ མནོག་ཆོས་བསམ་དེ་འཇུག་པ་ན༔ ཉེས་སྤྱོད་གཡང་ལ་ཅི་སྟེ་རྒྱུག༔ དཔལ་ལྡན་རྡོ་རྗེ་འཛིན་པ་དང་༔ དབང་ཕྱུག་བཀས་བཅད་གང་ཡོད་པ༔ བདག་གིས་རྡོ་རྗེ་མཆོག་གསུམ་ཀྱང་༔ ནམ་ཡང་འདའ་དཀའི་གནས་འཚལ་གྱི༔ མི་ལྡོག་བརྩོན་འགྲུས་དཔའ་བརྟན་པོའི༔ སྤྱི་བོས་བླང་གིས་བཀའ་དྲིན་སྩོལ༔ ཞེས་བརྗོད་དེ་ནས་ཆུ་ནན་ནི༔ ཀྱཻ༔ འདི་ནི་དམ་ཚིག་དཔག་བསམ་ཆུ༔ དམ་བསྲུང་ཡེ་ཤེས་སེམས་དཔའ་ཡིས༔ སྙིང་དབུས་མི་ཤིགས་ཐིག་ལེར་བརྟན༔ བསྲུང་སྐྱོབས་བྱིན་རླབས་ལྷ་རུ་འགྱུར༔ ཉམས་ན་ཡཀྴ་སྲིན་པོ་ལ༔ སྡིག་པ་རཱ་ཛའི་གཟུགས་ཅན་འགྱུར༔ སྙིང་ཁྲག་འཇིབས་ནས་བརླག་པར་བྱེད༔ ཕྱི་མ་ཁྲོ་ཆུ་ཁོལ་མ་འཐུང་༔ སྙིང་བསྲེགས་ཐལ་བར་རྡུལ་ཕྲན་འཐག༔ བྲོ་བོར་དམོད་པར་བཅས་ཀྱིས་འཇིག༔ བན་བོན་སྟོང་གི་མཐུ་ལས་ཟབ༔ ཡང་ན་འདི་འཐུང་མནའ་ཡང་སྐྱོལ༔ ས་མ་ཡ་ན་ར་ཀན༔ དེ་ནས་སྡོམ་པ་སྦྱིན་པ་ནི༔ ཧཱུྃ༔ དཀོན་མཆོག་གསུམ་ལ་བླ་མར་གྱིས༔ སོ་སོར་ཐར་པ་རིས་བདུན་དང་༔ ཕ་རོལ་ཕྱིན་པའི་བསླབ་པ་བསྲུང་༔ འདི་ནི་སྤྱི་ཡི་དམ་ཚིག་སྟེ༔ རྒྱུ་འབྲས་གསང་སྔགས་འདུལ་བ་ཡི༔ རྩ་བ་ཡན་ལག་ཉེས་བྱས་སྡོམ༔ རྡོ་རྗེ་གསུམ་དངོས་དགེ་ཆོས་སྡུད༔ འདི་ནི་ཁྱད་པར་དམ་ཚིག་ཡིན༔ སློབ་དཔོན་སྐུ་གསུང་ཐུགས་མཆོག་གི༔ དམ་ཚིག་ཉི་ཤུ་རྩ་བདུན་བསྲུང་༔ དབང་བཞིའི་དམ་ཚིག་གལ་བའི་མདོ༔ འདི་ནི་བསྲུང་ཡོད་དམ་ཚིག་ཡིན༔ སྣང་འཁྲུལ་ཀུན་རྫོབ་རྣམ་ཆད་པ༔ ལྷུན་གྲུབ་བྱང་ཆུབ་སྙིང་པོའི་ནོར༔ བདག་ཉིད་གཅིག་པུ་སྐྱོན་ཡོན་མཉམ༔ བསྲུང་དུ་མེད་པའི་དམ་ཚིག་ཡིན༔ འདི་ལྟར་བདག་གིས་གང་བསྒྲགས་པ༔ གྲགས་པ་ཁས་བླངས་ཙམ་མིན་གྱི༔ མཚན་ཉིད་ལམ་རྗེས་བསྒྲུབས་ལ་དབང་༔ དེ་ཕྱིར་བསྒྲུབ་བརྩོན་ཡལ་མ་འདོར༔ ཅེས་སོ༔ དེ་ནས་ཡེ་ཤེས་དབབས་པ་ནི༔ སྭ་བྷ་ཝ་༴ སྟོང་པའི་ངང་ལས་རྡོ་རྗེའི་སློབ་མ་འདི༔ སྐད་ཅིག་དྲན་རྫོགས་རྣམ་ཤེས་ཡུལ་བརྒྱད་པོ༔ ནས། དུ་མ་རོ་གཅིག་གྱུར༔ དེ་ནས་བྱིན་འབེབས་ནི༔ ཧཱུྃ་ཧྲཱི༔ བདེ་གཤེགས་འདུས་པའི་ངོ་བོ་ཉིད༔ ཞེས་པ་ནས༔ ཕེཾ་ཕེཾ་གྱི་བར་རོ༔ དེ་ནས་བྱིན་དབབས་པའི་ཡེ་ཤེས་པ་རྣམས་བྱང་ཆུབ་སྙིང་པོའི་བར་དུ་རིགས་ཀྱི་བདག་པོ་དང་ཡེ་ཤེས་སེམས་དཔའི་ཚུལ་དུ་བརྟན་པར་གྱུར་ཅིག༔ ཞེས་བརྟན་པར་བྱས༔ མེ་ཏོག་དོར་ནས་རིགས་བརྟགས་པ༔ ཧཱུྃ༔ ཆགས་མེད་སྐྱོན་བྲལ་མེ་ཏོག་འདི༔ བླ་མ་ལྷག་པའི་ལྷ་ལ་འབུལ༔ སྔོན་ནས་ལས་ཀྱིས་འབྲེལ་བ་ཡིས༔ དཔའ་བོ་ལྷ་རྗེས་བཞེས་སུ་གསོལ༔ པུཥྤེ་པཱུ་ཛ་ཧོ༔ ཞེས་དང་མིག་རས་བསལ་བ་ནི༔ ཧཱུྃ༔ མ་རིག་རྨོངས་པའི་ལིང་ཐོག་གིས༔ ཤེས་རབ་ཆེན་པོས་སྤྱན་རས་བསྒྲིབ༔ མིག་མཁན་རྒྱལ་བོ་རིགས་ཀྱི་ལྷས༔ སྐལ་ལྡན་བུ་ཁྱོད་མིག་དབྱེའོ༔ དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ༔ ཇི་བཞིན་མཐོང་བ་ཡང་དག་གིས༔ ཁོ་ན་ཉིད་ཀྱི་སྤྱན་ལྔ་ནི༔ ཆགས་པ་མེད་པ་ཐོབ་པར་ཤོག༔ ཨོཾ་དྷརྨཱ་དྷརྟུ་ས་མ་བྷུ་ཊ་ཙཀྵུ་པྲ་ཀ་ཌ་སྭཱ་ཧཱ༔ ཞེས་བརྗོད་དཀྱིལ་འཁོར་བཞུགས་པ་ནི༔ ཧོ༔ སྤྱན་བཀྲའི་སྐལ་ལྡན་རིགས་ཀྱི་བུ༔ ཤར་ནི་ཡེ་ཤེས་རྡོ་རྗེའི་དབྱིངས༔ ལྷོ་ནི་ཡོན་ཏན་སྡུག་པོ་བཀོད༔ ནུབ་ཕྱོགས་མཚན་མེད་ཆགས་བྲལ་ཆོས༔ བྱང་སྒོའི་མཇལ་བ་ཆོས་ཀྱི་སྐུ༔ དེ་ཕྱིར་འདི་དང་དབྱེར་མེད་བསྲེས༔ བསྲེ་འཕོ་ཟུང་འཇུག་དབང་གི་སྒོ༔ སེམས་དཔའ་དམ་ལྡན་ཁྱོད་ཀྱིས་ལོངས༔ སྤྱན་གསལ་བཀྲ་བརྟནདབང་གི་བྱིན༔ པདྨ་སེམས་དཔའ་ང་ཡིས་འབེབས༔ ཐུགས་རྗེའི་ཆུ་རྒྱུན་རྙོགས་པ་མེད༔ སྐལ་བ་མཆོག་དེ་མ་དོར་ཞིག༔ ཨོཾ་མཎྜལ་ལ་ཙ་རུ་པྲ་ཝེ་ཤ་ཡ་ཧཱུྃ༔ དེ་ནས་དབང་ལ་ཐུན་མོང་དང་༔ ཐུན་མིན་རྣམ་པ་གཉིས་སུ་ཡོད༔ དང་པོ་ཐུན་མོང་རིགས་ལྔ་ལས༔ མི་བསྐྱོད་ཆུ་ཡིས་དབང་བསྐུར་ནི༔ ཧཱུྃ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ གཟུགས་སོགས་ཆོས་ལྔ་དག་བྱེད་ཅིང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ རྡོ་རྗེ་ཆུ་ཡི་དབང་བསྐུར་བ༔ དེ་བཞིན་སྐལ་ལྡན་ཁྱོད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་ཨཱ་དརྴ་༴ རིན་འབྱུང་དབུ་རྒྱན་དབང་བསྐུར་ནི༔ སྭཱ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ ཚོར་སོགས་ཆོས་ལྔ་དག་བྱེད་ཀྱང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ རིན་ཆེན་དབུ་རྒྱན་དབང་བསྐུར་བ༔ དེ་བཞིན་སྐལ་ལྡན་ཁྱོད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་མ་ཧཱ་ས་མ་ཏ་༴ གསུམ་པ་མཐར་ཡས་རྡོ་རྗེ་དབང་༔ ཨཾ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ ཆོས་ལྔ་འདུ་ཤེས་དག་བྱེད་ཅིང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ ཆོས་ཀྱི་རྡོ་རྗེའི་དབང་བསྐུར་བ༔ དེ་བཞིན་སྐལ་ལྡན་ཁྱོད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་མ་ཧཱ་ཀྲི་ཏེ་ནུཥྛ་ན་༴ བཞི་བ་དོན་གྲུབ་དྲིལ་བུའི་དབང་༔ ཧཱ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ ཆོས་ལྔ་འདུ་བྱེད་དག་བྱེད་ཅིང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ གདུང་རིགས་འདུས་པའི་དབང་བསྐུར་བ༔ དེ་བཞིན་སྐལ་ལྡན་ཁྱེད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་མ་ཧཱ་པྲེ་ཏེ་པེ་ཀྵ་ན་༴ ལྔ་བ་རྣམ་སྣང་མིང་གི་དབང་༔ ཨཱོཾ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ལ༔ ཤེས་སོགས་ཆོས་ལྔ་དག་བྱེད་ཅིང་༔ དབང་རྟགས་བྱང་ཆུབ་ལྷའི་བརྒྱན་པའི༔ སྣང་མཛད་མིང་གིས་དབང་བསྐུར་རོ༔ དེ་བཞིན་སྐལ་ལྡན་ཁྱོད་ལའང་༔ རིགས་ཀྱི་བདག་པོར་བརྟན་གྱུར་ཅིག༔ ཨོཾ་མ་ཧཱ་ཤུནྱ་ཏ་༴ གཉིས་པ་རྡོ་རྗེ་དབང་བཞི་ལས༔ དང་པོ་ལ་ནི་བུམ་དབང་དངོས༔ དེ་དང་རྗེས་འབྲེལ་སྐུ་གཟུགས་བརྙན༔ དང་པོ་རྫས་ལྡན་སྤྱི་བོར་བཞག༔ ཧཱུྃ༔ སྣང་སྲིད་འཁོར་འདས་སྣ་ཚོགས་ཆོས༔ གཞོན་ནུ་བུམ་སྐུར་མངོན་སངས་རྒྱས༔ བླ་མ་རིག་འཛིན་ཡེ་ཤེས་སེམས༔ ཁོང་གསལ་སྙིང་པོའི་བཅུད་ཀྱིས་གཏམས༔ མཚོན་ནུས་སྤྱི་བཅིངས་རྡོ་རྗེའི་དབང་༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ལུས་རྩ་དགའ་བའི་འཕེལ་སྨིན་རྫོགས༔ སྤྲུལ་སྐུའི་ལམ་འབྲས་ཀུན་དབང་ཤོག༔ ཨོཾ་བཛྲ་གུ་རུ་ནིརྨ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་རྗེས་འབྲེལ་དབྱིབས་ཀྱི་དབང་༔ གཙོ་བོ་རྒྱལ་བའི་སྐུ་གཏད་ལ༔ ཝཾ༔ སྣང་ཆ་འགགས་མེད་ཡེ་ཤེས་སྤྱི་ཡི་གཟུགས༔ དུས་གསུམ་རྒྱལ་བ་མ་ལུས་ཀློང་ན་གསལ༔ ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད༔ སྐལ་ལྡན་ཁྱོད་ལ་རིགས་ཀྱི་བདག་པོར་གཏད༔ ཕྱག་རྒྱ་ཆེན་པོའི་རིགས་ཀྱི་གཙུག་ཏོར་ལ༔ དབང་བསྒྱུར་བཅོམ་ལྡན་གོ་འཕང་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཁྲོ་བོ་ལོད་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཡུམ་ཆེན་གསུམ་མམ་ལྔའི་སྐུ་གཏད༔ ཨེ༔ ཆོས་ཀྱི་འབྱུང་གནས་བདེ་བ་ཆེའི༔ དཀྱིལ་འཁོར་ཀུན་གྱི་གཞལ་ཡས་ཁང་༔ མཁའ་འགྲོ་སྡེ་ལྔའི་དབང་བསྐུར་བས༔ ཡུལ་རྟོག་རང་གྲོལ་སངས་རྒྱས་ཤོག༔ ཨོཾ་མ་ཧཱ་པཉྩ་མུ་དྲ་པྲཛྙཱ་ཨ་བྷི་༴ གདུང་སྲས་བརྒྱད་ཀྱི་དབང་བསྐུར་ནི༔ ཧཱུྃ༔ ལྷུན་གྲུབ་སྒོ་བརྒྱད་དག་པའི་རང་རྩལ་སྐུ༔ དཔལ་ཆེན་རིག་འཛིན་སེམས་དཔའ་སེམས་མའི་གར༔ རྣམ་བརྒྱད་རིམ་པའི་སྐྱེས་བུའི་དབང་བསྐུར་བས༔ ཚོགས་བརྒྱད་ཀ་དག་ཡེ་ཤེས་དོན་རྟོགས་ཤོག༔ ཨོཾ་ནིརྨ་ཀ་ཡ་ཨ་བྷི་༴ ཅེས་བརྗོད་ཀ་བཞི་གདུང་བརྒྱད་ལ༔ སྟོན་པ་བཅུ་གཉིས་སྐུ་གཏད་དེ༔ ཧཱུྃ༔ དག་པ་རྣམ་པ་བཅུ་གཉིས་སྟོན་པར་ཤར༔ མཆོག་རིག་འཛིན་པའི་ཚུལ་དུ་སླར་ཡང་སྣང་༔ དོན་མཐུན་སྤྱོད་མཁས་གྲུབ་པའི་དབང་བསྐུར་བས༔ རྟེན་འབྲེལ་འཁྲུལ་བའི་འཁོར་ལོ་ལྡོག་པར་ཤོག༔ ཨོཾ་བཱིདྱ་དྷ་ར་སརྦ་ཨ་བྷི་༴ དེ་ནས་འཇའ་ལུས་ལྔ་བརྒྱ་སོགས༔ སངས་རྒྱས་སྟོང་གི་སྐུ་ཙཀ་གམ༔ ཡང་ན་ཚོམ་བུ་བཀོད་དེ་གཏད༔ ཧཱུྃ༔ ཆོས་ཉིད་ཟད་པའི་སར་གཤེགས་ནས༔ དགོངས་པ་རོ་གཅིག་མྱ་ངན་འདས༔ འཇའ་ལུས་གྲུབ་པའི་དབང་བསྐུར་བས༔ ཟག་མེད་མངོན་གྱུར་རང་གྲོལ་ཤོག༔ ཨོཾ་བཛྲ་རསྨི་ཀ་ཡ་ཨ་བྷི་༴ ཅེས་བརྗོད་གཉིས་པ་གསང་བའི་དབང་༔ ཨཱ༔ བདེ་ཆེན་དགྱེས་སྤྲིན་ཟིལ་དངར་སྟོང་༔ འཕྲོ་བའི་འཁོར་འདས་བདུད་རྩིས་འདེབས༔ སྒྱུ་མ་རྫས་ཀྱི་དབང་བསྐུར་བས༔ ཡི་གེས་འགྲོས་ཐིམ་ལོངས་སྤྱོད་རྫོགས༔ པདྨ་ཅན་གྱི་ས་ཐོབ་ནས༔ ངེས་པ་ལྔ་ཡི་སྲིད་ཐོབ་ཤོག༔ ཨོཾ་ཨ་མྲི་ཏ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་བཟླས་ལུང་སྦྱིན་པ་ནི༔ ཧཱུྃ༔ གྲངས་མེད་མགོན་པོའི་ཐུགས་གསང་འགྲོལ༔ རྒྱུད་སྡེ་རྒྱ་མཚོའི་སྤྱི་ཕུད་བཅུད༔ ཐིག་ལེ་རང་བྱུང་དབང་བསྐུར་བས༔ བྱིན་རླབས་སྤྲུལ་བསྒྱུར་དཔལ་འབྱོར་དང་༔ མཉན་བལྟ་ཐོས་བསམ་བཤད་སྒྲུབ་བཟླས༔ ཀུན་ལ་རང་དབང་སྐལ་ལྡན་ཤོག༔ ཨོཾ་སརྦ་དྷརྨཱ་ཏནྟྲ་ཙིཏྟ་ཨ་བྷི་༴ གསུམ་པ་ཤེས་རབ་ཡེ་ཤེས་ལ༔ རིག་མ་མཚན་ཉིད་ལྡན་པ་ལྔ༔ གཏད་དེ་སློབ་མས་རིམ་པར་འཁྱུད༔ ཡང་ན་ཚབ་མར་བརྡ་ཤོག་གཏད༔ ཧཱུྃ༔ སྒྱུ་མ་དག་ནི་ཐམས་ཅད་ལས༔ བུད་མེད་སྒྱུ་མ་མཆོག་ཡིན་ཏེ༔ དགའ་བའི་འོད་མདངས་ཀུན་ནས་འབར༔ འདོད་ཡོན་ལྔ་ཡི་ཟེར་འཕྲོ་ཞིང་༔ སྟོང་པ་བཅོ་བརྒྱད་སྙིང་པོའི་དངར༔ བྱང་ཆུབ་ཀུན་གྱིས་བརྟེན་ནས་འགྲུབ༔ ཐར་པ་ཡོད་མེད་འདི་ལ་རག༔ ཉོན་མོངས་རང་བཞིན་རྟོག་ཚོགས་འཇོམས༔ སྣང་གསུམ་ཡེ་ཤེས་དབང་བསྒྱུར་སྟེར༔ གནས་སྐབས་མཐོང་བའི་བདེན་དོན་གཏོད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ སེམས་ལྔའི་བདེ་སྟོང་ཟིན་པར་མཛོད༔ ཆགས་རྟོག་རང་གའི་ཚི་བ་སྤོངས༔ དབང་བསྐུར་འདི་ཡི་བྱིན་ནུས་ཀྱིས༔ ཕྲ་རགས་ཐིག་ལེའི་འགྲོས་ཐིམ་ནས༔ ས་དང་རིག་འཛིན་དང་པོ་ཐོབ༔ མཐར་ཐུག་འཁོར་ལོ་ཚོགས་ཆེན་པོར༔ ཡུམ་ཆེན་ཀུན་ཏུ་བཟང་མོ་དང་༔ ཁ་སྦྱོར་རྟོགས་པ་མཐར་ཕྱིན་ནས༔ རང་ཐོག་རང་ས་ཟིན་པར་ཤོག༔ ཨོཾ་བཛྲ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥཉྩ་ཧཱུྃ༔ ཞེས་བརྗོད་རྒྱས་སྤྲོས་ངོ་སྤྲོད་གདབས༔ བཞི་བ་ཚིག་གི་དབང་བསྐུར་ལ༔ ཆོས་སྐུའི་ངོ་སྤྲོད་ཚིག་དབང་དང་༔ ལོངས་སྤྱོད་རྫོགས་སྐུའི་ཚིག་དབང་དམ༔ དང་པོ་བརྡ་དང་དོན་གཉིས་ལས༔ བརྡ་དབང་ཤེལ་རྡོས་བསྟན་པ་སྟེ༔ ཧཱུྃ༔ ཤེལ་ནི་ཟང་ཐལ་ཕྱི་ནང་མེད༔ སྟེང་དུ་རྡུལ་གྱི་བག་ཡོད་དེ༔ དྲི་མ་གཤིས་ལ་མ་ཞུགས་ཤིང་༔ ནང་ན་ཁ་དོག་ལྷུན་གྱིས་གྲུབ༔ རྐྱེན་མེད་ཕྱི་ལ་མི་སྣང་ཡང་༔ གང་གི་སྟེང་བཞུགས་མདོག་འགྱུར་འདྲ༔ དོན་དུ་ཤེལ་ལ་འགྱུར་བ་མེད༔ རྒྱུ་རྐྱེན་མ་བསྐྱེད་ནོར་བུ་ལྟར༔ སེམས་ཉིད་ཟང་ཐལ་ཕྱི་ནང་མེད༔ གཡོ་དང་བག་ཆགས་རྡུལ་གྱིས་གོས༔ འོན་ཀྱང་གཤིས་ལ་ནོངས་པ་མེད༔ ཆོས་ཀུན་འབྱུང་བཞིར་ལྷུན་གྱིས་གྲུབ༔ རྐྱེན་མེད་སྣང་བ་ཕྱིར་མི་གསལ༔ རིག་དང་མ་རིག་འཁོར་འདས་འབྱུང་༔ བརྡ་རྟགས་འདི་ཡིས་དབང་བསྐུར་བས༔ དོན་དེ་སྙིང་ལ་འབྱོར་བར་ཤོག༔ ཨོཾ་བི་མ་ལ་ཙིཏྟ་ཨ་བྷི་༴ གཉིས་པ་དོན་ངོ་སྤྲོད་པའི་དབང་༔ འོ་ཁྱོད་རང་གི་སེམས་དེ་ཐད་ཀར་མ་བཅོས་པར་ཞོག་ཅིག༔ དེའི་དུས་སུ་ཐ་མལ་གྱི་རྣམ་པར་རྟོག་པ་ནི་འགགས༔ བེམ་པོ་ལྟར་ཤེས་མེད་ནི་མ་ཡིན་གཟུང་དང་འཛིན་པ་ནི་ཅི་ཡང་མེད༔ གསལ་བ་རང་ཤེས་ཀྱི་དགོངས་པ༔ འདི་འདྲ་ཞེས་བློས་བསམ་དུ་མེད་པ༔ ངག་གི་བརྗོད་པ་མི་ནུས་པ་ལྐུགས་པས་བུ་རམ་ཟོས་པ་ལྟ་བུ༔ ཡོད་པ་འདྲ་བ་ལ་ནི་མེད༔ མེད་པ་འདྲ་བ་ལ་ནི་ཡོད༔ གཏད་མེད་ཕྱོགས་བྲལ་ཆེན་པོར་གནས་པ་དེ་ཁྲེགས་ཆོད་ཤེས་རབ་ཕར་ཕྱིན་གྱི་དགོངས་པ༔ སངས་རྒྱས་སྟོང་བྱོན༔ གྲུབ་ཐོབ་བརྒྱ་འཛོམ༔ མན་ངག་བྱེ་བ་ས་ཡ་དང་མཇལ་ཀྱང་འདི་ལས་ཅུང་ཟད་མེད་པར་རྡོ་རྗེ་འཛིན་པ་ངས་གསང་ཚིག་ཡིན་པས༔ ངོས་བཟུང་ལ་ཤེས་པར་གྱིས་ཐག་ཆོད་ལ་ཡིད་གཉིས་སྤོངས༔ གནད་ཚུགས་ལ་རྩེ་གཅིག་ཏུ་དགོངས་པ་འདི་ལ་མཉམ་པར་ཞོག་དང་༔ ངང་ལ་སྐྱོང་དང་༔ ལེ་ལོ་སྤོངས་དང་༔ བརྩོན་འགྲུས་རྩོམས་དང་༔ ཡལ་བར་མ་དོར་དང་༔ ཡུན་མི་འགྱང་བར་གྲོལ་བར་ཐོབ་པ་གདོན་མི་ཟའོ༔ ཁྱོད་ལ་དེ་ལྟར་དོན་དབང་སེམས་ལ་བརྟེན་ནས་བསྐུར་བ་བཞིན་ཐོབ་པར་གྱུར་ཅིག༔ ཨོཾ་བཛྲ་མ་ཧཱ་སནྡྷི་ཨ་བྷི་༴ གཉིས་པ་ལོངས་སྤྱོད་རྫོགས་སྐུའི་དབང་༔ དེང་སང་སྔོན་དུ་བསྐུར་བ་མང་༔ དེ་ནི་ལམ་སྣང་སྐུ་གསུམ་ལ༔ དགོངས་པ་ཡིན་གྱི་གཞན་དུ་ན༔ ཆོས་སྐུ་ཐོབ་ནས་འགྲོ་དོན་དུ༔ གཟུགས་སྐུ་འབྱུང་བའི་གོ་དོན་གྱིས༔ ཉན་ཐོས་ལམ་ལས་དཔག་བའི་ཕྱིར༔ འདིར་ནི་རང་ལུས་སྟེགས་ལ་བསྐུར༔ དེ་ཡང་མེ་ལོང་སེམས་ཉིད་མཚོན༔ ཤེལ་གྱི་ལུག་རྒྱུད་ཐིག་ལེ་དང་༔ རྨ་བྱའི་མདོངས་ཀྱིས་སྒྲོན་མ་མཚོན༔ མིག་གིས་རྒྱང་ཞགས་ཟེར་གསུམ་གྱིས༔ ཡུལ་གསུམ་མཚོན་པའི་བརྡ་དབང་ངོ་༔ ཨོཾ་ཨཱཿཧཱུྃ༔ ཨ་ཏི་རང་བྱུང་ཏི་ལ་ཀའི༔ ངོ་བོ་རང་མདངས་འདི་ལྷར་ཡོད༔ སྐུ་གསུམ་བཞུགས་སྟངས་ཀྱིས་ནི་འཆར༔ གཟིགས་པ་སྒོ་ཡི་གནད་ཀྱིས་མཐོང་༔ ཡུལ་ནི་རྟེན་གསུམ་ཡིན་པའི་རྟགས༔ སེམས་ལ་ཀུན་འཆར་མེ་ལོང་འདྲ༔ ལུག་རྒྱུད་ཤེལ་གྱི་ཕྲེང་བ་བཞིན༔ ཐིག་ལེ་རྨ་བྱའི་མདོངས་དང་མཚུངས༔ དབྱིངས་ཀྱི་འཇའ་འོད་ནང་ན་བཀྲ༔ ཁྱོད་ལ་སྐུ་གསུམ་དེ་ལྟར་ཡོད༔ ཡོད་པ་བཞིན་དུ་བལྟས་ན་འཆར༔ ཤར་བའི་དོན་ལ་མ་ཡེངས་ན༔ རྫོགས་ལྡན་ཆེན་པོར་མངོན་སངས་རྒྱས༔ དབང་བསྐུར་འདི་ཡིས་སྐལ་ལྡན་ཤོག༔ ཨོཾ་ཏི་ལ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་དོན་གྱི་དབང་བསྐུར་ནི༔ གནད་གཟིར་འོད་གསལ་བལྟར་བཅུག་ལ༔ ཧོ༔ མིག་གི་དཀྱིལ་ན་རྒྱང་ཞགས་ཡོད༔ སྤྱན་ལྔ་རྣམ་དག་མངོན་བྱང་ཡིན༔ དེའི་མཐོང་སངས་རྒྱས་རང་ཞལ་ཏེ༔ ཁ་དོག་སྣ་ཚོགས་འབར་བའི་འོད༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ཡིན༔ ལོངས་སྐུ་ཞེས་བྱ་ལོགས་ན་མེད༔ འབྲེལ་ལྡན་འོད་ཐག་ཐིག་ལེས་བརྒྱན༔ རྡོ་རྗེ་ལུག་རྒྱུད་སྤྲུལ་པའི་སྐུ༔ ཆུ་རིས་འོད་ལྔའི་གདུགས་ཀོར་འདི༔ ཐིག་ལེ་སྟོང་སྒྲོན་ཆོས་ཀྱི་སྐུ༔ ཀུན་གྱི་ཤེས་བྱེད་རིག་སྟོང་གསལ༔ སྐུ་བཞི་དབྱེར་མེད་རྡོ་རྗེའི་སྐུ༔ འདི་ཡི་རང་རྩལ་གྲངས་མང་པ༔ དུས་གསུམ་སངས་རྒྱས་གསེར་ཞལ་ཡིན༔ འདི་ཡི་མཁྱེན་ཆའི་ཤེས་རབ་གཟུངས༔ བརྒྱད་ཁྲི་བཞི་སྟོང་དམ་ཆོས་ཡིན༔ འདི་ལྟར་རང་ལ་འཇེད་མེད་རྫོགས༔ དགེ་འདུན་ཀུན་གྱིདབང་པོ་ཡིན༔ མཚན་མ་ཀུན་གྱི་འོག་མ་གྱུར༔ བླ་མ་རིག་འཛིན་འདུས་པ་ཡིན༔ གཤེགས་བྱོན་ཀུན་གྱི་ཐུགས་དམ་གསང་༔ དེ་ཕྱིར་ལྷ་ཚོགས་སྤྱི་དཔལ་ཡིན༔ ཆོས་ཉིད་མཁར་སྤྱོད་མཁའ་གསལ་འགྲོ༔ མ་རྒྱུད་ཡོངས་ཀྱི་བང་མཛོད་ཡིན༔ ཚིག་གི་དབང་ནི་ཐམས་ཅད་ཀྱི༔ དོན་དམ་གནད་འདུས་འདི་ལས་མེད༔ དེ་རིང་ཁྱོད་ལ་བསྐུར་བ་ཡིས༔ སྣང་བཞི་མཐར་ཕྱིར་རླུང་བཞི་བཟློག༔ ཁྱབ་བརྡལ་གཞོན་ནུ་བུམ་པའི་སྐུ༔ བསྒྲུབ་ན་ལོ་ལྔས་མངོན་གྱུར་བའི༔ སྐལ་བ་བཟང་ཐོབ་སྨིན་ཟིན་གྱིས༔ ཡལ་བར་མ་དོར་རིགས་ཀྱི་བུ༔ གྲངས་མེད་རྒྱལ་བའི་ཐུགས་སྲོག་ཡིན༔ རིག་འཛིན་འབུམ་གྱི་སྙིང་ཁྲག་ཡིན༔ མཁའ་འགྲོ་རབ་འབྱམས་མིག་འབྲས་ཡིན༔ ས་སྦྱོང་ཀུན་གྱི་གཅེས་ནོར་ཡིན༔ ཨེ་མ་ཁྱོད་ཀྱིས་ཐོབ་པ་འདི༔ རྒྱུན་མཐའི་བྱང་ཆུབ་སེམས་དཔའ་སྟེ༔ བསྐལ་བ་ཁྲག་ཁྲིག་གྲངས་མེད་དུ༔ འདི་དང་འཕྲད་པར་རབ་ཏུ་དཀའ༔ འཕྲད་ནས་བློ་ལ་ཆུད་པར་དཀའ༔ ཆོས་ཟབ་པ་ན་བདུད་ཀྱིས་འཚེ༔ རྒྱ་ལམ་ཨུ་དམ་ཝ་ར་འདི༔ ཟིན་ནས་མ་ཤོར་བ་ཞིག་མཛོད༔ སངས་རྒྱས་ཨེ་ཐོབ་ད་རིས་ཙམ༔ ནོར་བུ་རིན་ཆེན་དོན་ཀུན་འབྱུང་༔ ང་ཡི་ཁྱོད་ལ་ཕ་ཆུས་གཏད༔ གཏན་སྲིད་གྱི་ནར་མ་བོར་ཅིག༔ ཨ་ཨ་ཨཱཿཕཊ༔ དེ་ནས་གཏོར་དབང་བསྐུར་བ་ལ༔ བྷ་ལིང་ཏ་ནི་མགོ་ཐོག་བཞག༔ ཧོ༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་རྒྱལ་ཚབ་རིགས་ལྔ༔ སྤྲུལ་སྐུ་ཞི་ཁྲོ་རིགས་བརྒྱ༔ ཡང་སྤྲུལ་སྟོན་པ་བཅུ་གཉིས༔ རྒྱ་བོད་འཇའ་ལུས་རིག་འཛིན༔ ཨོ་རྒྱན་པདྨ་འབྱུང་གནས༔ གཏེར་ཆེན་བདུད་འཇོམས་རྡོ་རྗེ༔ སྤྲུལ་སྐུ་གྲུབ་ཆེན་རྣམ་བརྒྱད༔ བཀའ་སློང་དཀའ་བཞི་གདུང་བརྒྱད༔ འཇའ་ལུས་ཆེ་ཆུང་ལྔ་བརྒྱ༔ དམ་ཆོས་རྫོགས་པ་ཆེན་པོ༔ ཆ་ལག་ཟབ་གཏེར་བརྒྱད་ཅུ༔ དངོས་ཀྱི་བསྟན་དང་བསྟན་འཛིན་བརྒྱུད་པ་དང་བཅས་པའི་བཀའ་བདེན་པས༔ སྐལ་ལྡན་གྱི་སློབ་མ་འདི་ལ༔ བཀའ་དམ་པ་སྤྱི་བོ་ནས་ཐོབ་པར་བྱིན་གྱིས་རློབས་ཤིག༔ ལུང་དམ་པ་མགྲིན་པ་ནས་༴ མན་ངག་དམ་པ་སྙིང་ཀ་ནས་༴ ལུས་རྡོ་རྗེ་སྐུ་ཡི་རོལ་པར་སྨིན་པར་གྱུར་ཅིག༔ ངག་རྡོ་རྗེ་གསུང་གི་རོལ་པར་སྨིན་པར་གྱུར་ཅིག༔ ཡིད་རྡོ་རྗེ་ཐུགས་ཀྱི་རོལ་བར་༴ གཞི་རྡོ་རྗེ་མངོན་པར་རྟོགས་པར་༴ ལམ་རྡོ་རྗེ་ཉམས་སུ་ལོན་པར་༴ འབྲས་བུ་རྡོ་རྗེ་མྱུར་དུ་འགྲུབ་པར་༴ བླ་མ་རིག་འཛིན་རྒྱ་མཚོའི་གོ་འཕང་མངོན་སུམ་དུ་ཐོབ་པར་༴ དགོངས་ཀློང་དབྱེར་མེད་དུ་སངས་རྒྱས་པར་བྱིན་༴ དོན་གཉིས་མཐའ་རུ་ཕྱིན་པའི་དབང་དམ་པ་ཐོབ་པར་༴ དཀོན་མཆོག་གསུམ་གྱི་བདེན་པས་དེ་དེ་བཞིན་དུ་ཐོབ་པར་གྱུར་ཅིག ཆོས་ཉིད་ངོ་བོའི་གྲུབ་པའི་བདེན་པས་༴ ཆོས་ཅན་རང་བཞིན་གྲུབ་པའི་བདེན་པས་དེ་དེ་བཞིན་༴ དཀྱིལ་འཁོར་ལྷ་ཡི་བདེན་༴ རིག་འཛིན་བདག་གི་བདེན་སྨོན་ཤིས་བརྗོད་ཀྱིས་༴ གསང་སྔགས་ཟབ་མོའི་ཆོ་གའི་༴ རྟེན་འབྲེལ་དབང་གི་བདེན་པས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ཅེས་མཐར་དམ་ཚིག་ཁས་བླངས་དང་༔ གཏང་རག་ཡོན་འབུལ་མཐའ་བརྟེན་པ༔ བཀྲ་ཤིས་ལ་སོགས་རྒྱས་པར་བྱེད༔ འདི་ལྟར་ལན་གཅིག་དབང་ཐོབ་ན༔ རྒྱུད་སྡེ་ཀུན་ཀྱང་ཐོས་བསམ་དང་༔ སྒོམ་བསྒྲུབ་རུང་ཞིང་དཀྱིལ་འཁོར་ཀུན༔ སྲོག་དབང་མ་ཐོབ་གཅིག་ཀྱང་མེད༔ ས་མ་ཡཱ༔ ཚུལ་འདི་རྡོ་རྗེའི་མཆེད་པོ་ཡིས༔ བཀའ་ཡིས་མེ་ཏོག་སྤྱིར་བེབས་ནས༔ ཡལ་བར་མ་དོར་ཐུགས་དམ་གྱི༔ རེ་སྨོན་སྐོང་ཕྱིར་གུས་པས་གསོལ༔ ཅེས་ཐེག་མཆོག་གསུང་བསྐུལ་དོན་ཡོད་ཕྱིར་ག་གཱ་ཨ་བྷྱེ་ནས་སོ། །དབང་ཆོག་ལ་དོགས་གཞི་རེ་ཟུང་ཡོད་ཀྱང་རང་ཅག་ཤེས་ཡོན་དམན་པས་དཔེ་ལྟར་བཞག་ཡོད་རྒྱུད་དོན་གཟིགས་པ་རྣམས་ཀྱི་དཔྱད་འཚལ།


previousབླ་མ་རིག་འཛིན་འདུས་པའི་དབང་ཆོག་བྱིན་རླབས་འོད་ཕྲེང་།next