Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
གཤིན་འཕོ་བདེ་ཆེན་ལམ་བཟང་།
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousགཤིན་འཕོ་བདེ་ཆེན་ལམ་བཟང་།next

གཤིན་འཕོ་བདེ་ཆེན་ལམ་བཟང་།

འོད་གསལ་སྒྱུ་འཕྲུལ་རོལ་བ་ལས༔ གཤིན་འཕོ་བདེ་ཆེན་ལམ་བཟང་བཞུགས་སོ༔

སྟོང་ར་རྩ་དང་ཐིག་ལེའི་སེམས༔ སྤྱི་འགྲོའི་ཁྱད་པར་སྒོས་ཆོས་ལ༔ ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁྱོད་མ་ཡེངས་རིག་པ་ང་ལ་གཏོད༔ ཕྱི་འབྱུང་བཞིའི་ཐིམ་རིམ་རྫོགས་ནས་སུ༔ ནང་འབྱུང་ཆེན་ནམ་མཁར་དག་པ་ནི༔ རྟོག་མེད་ཀྱི་སེམས་ཉིད་སྤྲོས་བྲལ་ཏེ༔ ཀ་དག་གི་ཆོས་སྐུ་ཀུན་ཏུ་བཟང་༔ དོན་ངོ་ཤེས་ངང་དུ་ཡན་པར་སྤྱོད༔ གཞི་རང་གྲོལ་རྫོགས་པ་ཆེན་པོར་གནས༔ བུ་ལམ་གྱི་རྣལ་འབྱོར་བཙན་ས་ཟིན༔ ཕཊ༔ དེར་ནི་སྐུ་དང་ཡེ་ཤེས་འཇུག་པའམ༔ གྲོང་འཕོ་གྲོང་འཇུག་བློ་མཆོད་སྟོངས་འདེབས་སུ༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ རྒྱལ་སྲས་འཁོར་ལ་སུན་མའི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ མི་འགྱུར་གསེར་གྱི་ཐུར་མའི་གདམས་པ་ཡིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུངས༔ དུས་གསུམ་རྒྱལ་བའི་སངས་རྒྱས་གནས་དེ་ལགས༔ ཕཊཿ གལ་ཏེ་དེ་ལ་རིག་པ་མ་ཟིན་ན༔ ནམ་མཁའ་འོད་གསལ་དབྱིངས་སུ་ཐིམ་པའི་རྟགས༔ ཕྱོགས་མཚམས་ཐམས་ཅད་ཡེ་ཤེས་སྣང་བས་ཁྱབ༔ དཀར་སེར་དམར་ལྗང་མཐིང་ཀའི་དབྱིངས་ལྔ་པོ༔ ལྷུན་གྲུབ་སྦུབས་གསུམ་གཅིག་དུ་འདྲིལ་བ་སྟེ༔ གཞན་གོལ་ཡུལ་དང་རྣམ་པར་མ་འཁྲུལ་བར༔ དཔག་ཆེན་མདའ་འཕངས་འོད་གསལ་སྦུབས་འཇུག་གིས༔ གདམ་པ་ཟབ་མོའི་ལམ་གྱི་མཚམས་སྦྱོར་དུ༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ རྒྱལ་སྲས་འཁོར་ལ་སུན་མའི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ མི་འགྱུར་གསེར་གྱི་ཐུར་མའི་གདམས་པ་ཡིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུངས༔ དུས་གསུམ་རྒྱལ་བའི་སངས་རྒྱས་གནས་དེ་ལགས༔ ཕཊཿ གལ་ཏེ་དེ་ལ་རིག་པ་མ་ཟིན་ན༔ འོད་གསལ་ཟུང་འཇུག་ཚོམ་བུར་ཐིམ་པའི་རྟགས༔ རིགས་ལྔ་ཡབ་ཡུམ་རིགས་ཆུང་སེམས་དཔའི་འཁོར༔ སྒོ་བ་བཞི་དང་ཐུབ་པ་དྲུག་ཕྲག་དྲུག༔ ཟུང་འཇུག་སྐུ་ཡི་སྣང་བ་ཞག་བདུན་འཆར༔ དེ་དག་ཀུན་ལ་སུན་མའི་འདུ་ཤེས་བསྐྱེད༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ སྐུ་མཆོག་ལོངས་སྤྱོད་རྫོགས་པའི་གསང་ལམ་དུ༔ རང་ཐོག་མི་འགྱུར་བསྲེ་འཕོ་ཟུང་འཇུག་གིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུངས༔ ཕཊཿ གལ་ཏེ་དེ་ལ་རང་ས་མ་ཟིན་ན༔ ཁྲོ་བོ་རབ་འབྱམས་སྣང་བས་སྐྱི་བུང་བྱེད༔ ཨ་ཧའི་གད་རྒྱངས་འབྲུག་སྟོང་དུས་གཅིག་ལྡིར༔ འོད་ཟེར་རལ་གྲི་ལྟ་བུའི་ཆར་པ་འབབས༔ འུར་ཆེམ་གཡོ་འཁྲུག་བསྐལ་པ་འབུམ་ཞིག་འདྲ༔ མི་བཟོད་དངངས་སྐྲག་བྲོས་པར་རངས་བ་འབྱུང་༔ བྲོས་ཀྱང་མི་ཕན་གར་ཕྱིན་དྲུང་དུ་སླེབ༔ རང་སྣང་ཤེས་ན་འཇིགས་གནས་རང་མཚན་མེད༔ ཁྱོད་ལ་ལུས་མེད་གནོད་པའི་སེམས་མི་འཇིགས༔ དུང་ཁང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཏེ༔ མཚམས་སྦྱོར་བསྐྱེད་རྫོགས་ཟུང་འཇུག་འཕོ་བ་ཡི༔ དེ་དག་ཀུན་ལ་སུན་མའི་འདུ་ཤེས་བསྐྱེད༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ སྐུ་མཆོག་ལོངས་སྤྱོད་རྫོགས་པའི་གསང་ལམ་དུ༔ རང་ཐོག་མི་འགྱུར་བསྲེ་འཕོ་ཟུང་འཇུག་གིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུངས༔ ཕཊ་ཕཊ་ཕཊཿ གལ་ཏེ་དེ་ལ་རང་ས་མ་ཟིན་ན༔ འོད་ཀྱི་སྣལ་མ་ཁ་དོག་རྣམ་པ་བཞི༔ མཐིང་དཀར་དམར་སེར་ཐིག་ལེ་དགུ་དགུའི་བརྒྱན༔ དེ་དང་ལྷན་ཅིག་མདོག་མི་གསལ་བའི་ལམ༔ རིགས་དྲུག་རང་འོད་མོག་པོར་འཆར་བ་ན༔ འོད་ཀྱི་མ་དངངས་ཟེར་གྱི་མ་འཇིགས་པར༔ རིགས་དྲུག་འོད་ལ་ཆགས་ཞེན་སྣང་བ་འབྱུང་༔ སྲེད་པས་སྐྱེ་བ་འཕེན་པ་ཤེས་པར་གྱིས༔ རང་གདངས་ལྔ་ལ་སུན་མའི་འདུ་ཤེས་བསྐྱེད༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ སྐུ་མཆོག་ལོངས་སྤྱོད་རྫོགས་པའི་གསང་ལམ་དུ༔ རང་ཐོག་མི་འགྱུར་བསྲེ་འཕོ་ཟུང་འཇུག་གིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུངས༔ ཕཊཿ གཞན་ཡང་མངོན་པར་ཤེས་པ་བརྒྱ་རྩ་འཆར༔ རྗེས་དྲན་དྲུག་གི་གདམས་པ་ཟབ་མོ་ཡིས༔ གཟུང་འཛིན་མ་ལྟ་ལོངས་སྐུའི་གཏན་སྲིད་ཟུངས༔ གཞི་སྣང་ཆེན་པོ་སྣ་ཚོགས་སྟེང་འོག་ཏུ༔ ཞི་ཁྲོ་ལོངས་སྤྲུལ་འདྲེས་མའི་སྣང་བ་འབྱུང་༔ ཐིམ་ལུགས་བརྒྱད་ཀྱི་ཉམས་དང་བཅས་པ་རྣམས༔ ཀུན་བཏགས་གདོན་གྱི་སེལ་དུ་མ་བསྐུལ་བར༔ ཐམས་ཅད་ཀུན་ལ་སུན་མའི་འདུ་ཤེས་བསྐྱེད༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ སྐུ་མཆོག་ལོངས་སྤྱོད་རྫོགས་པའི་གསང་ལམ་དུ༔ རང་ཐོག་མི་འགྱུར་བསྲེ་འཕོ་ཟུང་འཇུག་གིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུང་༔ ཕཊཿ གལ་ཏེ་དེ་ལ་རང་ས་མ་ཟིན་ན༔ སྲིད་པ་བར་དོ་མིང་གཞིའི་ཕུང་པོ་ཅན༔ སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅི་འདྲ་བ༔ ལུས་ལ་ངེས་མེད་ཡར་ཕྱེད་མར་ཕྱེད་ཆ༔ གནས་ལ་ངེས་མེད་གྲོགས་སྟོང་བྱུར་བོར་རྒྱུ༔ ཟས་ལ་ངེས་མེད་དྲི་དང་གསུར་ལ་སྤྱོད༔ གྲོགས་ལ་ངེས་མེད་ཤི་གསོན་ཐམས་ཅད་འགྲོགས༔ ཡུལ་ལ་ངེས་མེད་རི་བྲག་ཐོགས་རེག་བྲལ༔ སྣང་ཚུལ་མ་ངེས་སྐད་ཅིག་འགྱུར་ལྡོག་བྱེད༔ གཟུགས་ལ་ངེས་མེད་གྲིབ་མའི་སྣང་བ་མེད༔ མཁའ་ལ་ཉི་ཟླ་ས་ལ་རྐང་རྗེས་མེད༔ ཉམས་ལ་ངེས་མེད་བདེ་སྡུག་སྣ་ཚོགས་འཆར༔ མ་འཇིགས་མ་སྐྲག་བར་དོར་ཤེས་པར་གྱིས༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ རྒྱལ་སྲས་འཁོར་ལ་སུན་མའི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ མི་འགྱུར་གསེར་གྱི་ཐུར་མའི་གདམས་པ་ཡིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུངས༔ ཕཊཿ ཞག་གི་བདུན་ཚུགས་ཡང་ཡང་འཆི་བར་སྟོན༔ ས་ཡི་སྒྲ་ནི་རི་རབ་འབུམ་སྙིལ་བཞིན༔ ཆུ་སྒྲ་རྒྱ་མཚོ་སྟོང་དུ་འཁྲུགས་པ་དང་༔ མེ་སྒྲ་བསྐལ་བ་དུས་མཐའི་འཇིགས་བྱེད་ཞུགས༔ རླུང་གི་སྒྲ་ནི་འབྲུག་སྟོང་ལྡིར་བ་སྟེ༔ སྒྲ་གཞི་མོ་ལ་དངངས་སྐྲག་མ་བྱེད་པར༔ རང་སྣང་སྟོང་པའི་གཟུགས་སུ་ཤེས་བར་གྱིས༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ རྒྱལ་སྲས་འཁོར་ལ་སུན་པའི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ མི་འགྱུར་གསེར་གྱི་ཐུར་མའི་གདམས་པ་ཡིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུངས༔ ཕཊཿ གལ་ཏེ་དེ་ལ་རང་ས་མ་ཟིན་ན༔ ངེས་མེད་གནས་རྒྱུ་ཤི་བའི་སྡུག་བསྔལ་ནི༔ བློ་ཡིས་མི་འཁྱུད་༼ ཆུད་ ༽ དྲན་པ་ཙམ་གྱིས་བརྒྱལ༔ ཉེ་འབྲེལ་མཆོད་གནས་རྣམས་ཀྱི་རྩ་རུ་སླེབ༔ མྱ་ངན་མ་བྱེད་ང་རང་འདིར་ཡོད་ཅེས༔ སྨྲས་ཀྱང་མ་ཐོས་འཇིགས་སྐྲག་ཞེ་སྡང་འབྱུང་༔ སྐྱབས་བཙལ་བླ་མ་དགེ་འདུན་དྲུང་དུ་འོང་༔ ཆོ་ག་མ་དག་རློམ་སེམས་སྐྱེས་པ་སོགས༔ མཐོང་བའི་མངོན་ཤེས་ཐར་ལམ་བར་ཆད་ཡིན༔ ནོར་རྫས་བགོ་བཤའ་བྱེད་པ་སོགས་མཐོང་བས༔ བདག་གི་སྡུག་བསྔལ་འདི་འདྲ་མངོན་གྱུར་བ༔ ཤེས་བཞིན་བྱམས་བརྩེའི་སེམས་ཙམ་མི་བརྟེན་པར༔ ཕངས་པའི་ནོར་ལ་དབང་མེད་འཕྲོག་གོ་སྙམ༔ དེ་དག་ཐམས་ཅད་ལོག་ལྟའི་དབང་གིས་ཕྱུང་༔ དོན་ལ་སྣང་སྲིད་དག་པ་རབ་འབྱམས་ཡིན༔ ཆགས་ཞེན་ཡུལགྱི་ཕན་པ་རྡུལ་ཙམ་མེད༔ ཐ་ན་སྦྱིན་པའི་ཕན་ཡོན་ལ་བསམ་ནས༔ ཁྱོད་ལ་ཕན་ངེས་དམ་པའི་ལྷ་ཆོས་ཡིན༔ མ་བསྒོམ་སངས་རྒྱས་གསང་སྔགས་ཁྱད་ཆོས་ཡིན༔ མི་བསླུ་ངེས་པ་དཀོན་མཆོག་ཁྱད་ཆོས་ཡིན༔ ལམ་ཟབ་སྡིག་གི་མི་གོས་ཁྱད་ཆོས་ཡིན༔ བར་དོ་ཟང་ཐལ་འཕོ་བའི་ཁྱད་ཆོས་ཡིན༔ བྱེད་ཕྲག་བྱེད་པ་སྐད་ཅིག་རྫོགས་སངས་རྒྱས༔ གསང་སྔགས་མཆོག་གི་ཐབས་ཤེས་རྟེན་འབྲེལ་སྒོ༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ རྒྱལ་སྲས་འཁོར་ལ་སུན་མའི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ མི་འགྱུར་གསེར་གྱི་ཐུར་མའི་གདམས་པ་ཡིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུངས༔ ཕཊཿ གཞན་ཡང་དབང་མེད་ཆགས་པས་རྩིས་ཟིན་ན༔ ཕ་དང་མ་ལ་ཆགས་སྡང་མིག་སེར་འབྱུང་༔ ཡི་དམ་སྐུར་བསྒོམ་འདམ་དགག་རི་ལོག་གིས༔ ངེས་འབྱུང་འདུ་ཤེས་དྲུག་ལྡན་འཕོ་བ་ཡི༔ རང་བཞིན་སྤྲུལ་བ་དབུགས་འབྱིན་ཞིང་ལྔ་རུ༔ འདུན་བའི་རྩལ་གྱིས་ཟང་ཐལ་རང་གྲོལ་ཕྱིར༔ སློབ་དཔོན་ང་ལ་སྐྱེལ་མའི་འདུ་ཤེས་བསྐྱེད༔ མགོན་པོ་མཆོག་ལ་གནས་པོའི་འདུ་ཤེས་བསྐྱེད༔ འོད་གསལ་རྩ་ལ་ལམ་གྱི་འདུ་ཤེས་བསྐྱེད༔ བདེ་ཆེན་ཞིང་ལ་གནས་ཀྱི་འདུ་ཤེས་བསྐྱེད༔ རྒྱལ་སྲས་འཁོར་ལ་སུན་མའི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་འགྲོན་པོའི་འདུ་ཤེས་བསྐྱེད༔ མི་འགྱུར་གསེར་གྱི་ཐུར་མའི་གདམས་པ་ཡིས༔ རང་གྲོལ་རྒྱལ་པོ་ཡེ་ཤེས་གཏན་སྲིད་ཟུངས༔ ཕཊཿ ལུས་རྟེན་བཟང་པོ་གར་གཏད་ཕྱིན་པ་ལ༔ ཏིང་འཛིན་བཟང་པོ་ཆོས་ཉིད་ཟད་པའི་སྒོ༔ མཚམས་སྦྱོར་བཟང་པོ་གྲོང་འཕོ་གྲོང་འཇུག་གིས༔ རང་བཞིན་གནས་པའི་ཞིང་དུ་བསྒྲོད་བྱའི་ཕྱིར༔ སུན་མ་བཟང་པོ་རང་སྣང་བར་དོའི་བྱེད༔ སྐྱེལ་མ་བཟང་པོ་བླ་མ་མཆེད་གྲོགས་དང་༔ བཅས་པས་ལམ་གྱི་བློ་ཆོད་འཕོ་བ་འདིས༔ སྐད་ཅིག་ཉིད་ལ་ཡར་གྱི་ཟང་ཐལ་ལོ༔ ཕཊཿཕཊཿཕཊཿ ཅེས་ཀྱང་བདུད་འཇོམ་རྡོ་རྗེའི་གནང་། །དུས་མཐའི་སྔགས་མིང་ག་གཱས་སོ། །དགེའོ། །ས་མ་ཡ། མ་དང་མཁའ་འགྲོའི་ཁྱད་ཆོས་སོ། །མངྒ་ལཾ། །དཔེ་ཤིན་ཏུ་མི་དག་པས་དཔྱད། །


previousགཤིན་འཕོ་བདེ་ཆེན་ལམ་བཟང་།next