Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
རྩ་སྒྲུབ་དཀྱིལ་འཁོར་ཡོངས་འདུས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousརྩ་སྒྲུབ་དཀྱིལ་འཁོར་ཡོངས་འདུས།next

རྩ་སྒྲུབ་དཀྱིལ་འཁོར་ཡོངས་འདུས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ སྐུ་གསུམ་རྩ་བའི་སྒྲུབ་པ་དཀྱིལ་འཁོར་ཡོངས་འདུས་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་རཱ་ཡེ༔ བརྡ་ཡིག །མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ འོད་གསལ་རྫོགས་ཆེན་གནད་ལ་དབབ་པའི་ཕྱིར༔ སྐུ་གསུམ་རྩ་བའི་སྒྲུབ་པ་དཀྱིལ་འཁོར་འདུས༔ པདྨའི་སྙིང་ཐིག་འདི་ནི་ཕྲིན་ལས་མྱུར༔ འདི་ལ་གཟུགས་བརྙན་གཞུང་བཞིན་བྲི་བ་སོགས༔ དེ་ཡི་སྤྲོས་པ་མི་ནུས་རྣལ་འབྱོར་བས༔ རྩ་བའི་དཀྱིལ་འཁོར་བསྒྲུབ་ཀྱང་ཡར་ལྡན་དུ༔ རྫོགས་པ་ཆེན་པོའི་རྒྱུད་ལ་ལྷུན་གྱིས་གྲུབ༔ རང་བཞིན་སྣང་སྟོང་བདེན་གཉིས་དཀྱིལ་འཁོར་དང་༔ རྣམ་པ་གསུམ་ཀ་གཅིག་དུ་འདུས་པའོ༔ གང་ལའང་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ལའང་རྣམ་པ་བརྒྱད་ཡོད་དེ༔ སྐྱབས་སུ་འགྲོ་བ་འདི་བཞིན་བྱེད་པ་ལ༔ ཕྱི་ནང་གསང་བ་ཆིག་རྫོགས་ཨེ་མ་ཧོ༔ ན་མོ༔ རྩ་བ་རང་བྱུང་ཡེ་ཤེས་ནི༔ དུས་གསུམ་སངས་རྒྱས་ངོ་བོ་ཉིད༔ སྐུ་གསུམ་འཕྲོ་གཞིའི་དཀྱིལ་འཁོར་ལ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ རང་བཞིན་བདེན་གཉིས་དཀྱིལ་འཁོར་ནི༔ ཡེ་ཤེས་ཆེན་པོའི་རྒྱན་དུ་རྫོགས༔ རྒྱུ་མེད་རྐྱེན་བྲལ་ཀུན་ཏུ་བཟང་༔ ཡོངས་གྲུབ་ཆེན་པོར་སྐྱབས་སུ་མཆི༔ མ་རྟོགས་འཁྲུལ་བའི་སྒོར་བསྟུན་ནས༔ དག་པ་གསུམ་གྱི་ལྷར་བཀོད་པས༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ ཕྱི་ནང་གསང་བ་གཅིག་རྫོགས་ངང་༔ ཧོ༔ གཉིས་མེད་ཐིག་ལེ་ཆེན་པོ་རུ༔ སངས་མ་རྒྱས་པ་གཅིག་ཀྱང་མེད༔ མ་རྟོགས་རང་བཅིངས་འགྲོ་བ་རྣམས༔ འཁོར་བའི་མཚོ་ལས་བསྒྲལ་བར་བྱ༔ ཀུན་རྫོབ་དོན་དམ་དཀྱིལ་འཁོར་ལྷ༔ རང་བཞིན་རྩ་བའི་སྐུ་གསུམ་གྱི༔ གོ་འཕང་མངོན་སུམ་བྱེད་པའི་ཕྱིར༔ གཟུགས་བརྙན་ཏིང་འཛིན་བསྒོམ་པར་བྱ༔ མ་བཅིང་མ་གྲོལ་བྱང་ཆུབ་སེམས༔ ཆོས་སྐུ་བདེ་གཤེགས་སྙིང་པོ་ཡི༔ སྣང་སྟོང་ཟུང་འཇུག་རྣལ་འབྱོར་མཆོག༔ བཏང་བཞག་མེད་པའི་བྱང་ཆུབ་སེམས༔ སངས་རྒྱས་ཀུན་གྱི་དགོངས་པ་འདི༔ ནམ་མཁའ་རྒྱ་མཚོ་ཉི་མ་བཞིན༔ མ་སྤྲོས་མ་བསྡུས་རང་སྣང་བས༔ སེམས་ལས་གཡོ་མེད་བསླབ་བྱ་སློབ༔ ཧཱུྃ༔ ཆོས་ཉིད་རང་རྟགས་སྲོག་འཁོར་ལོ༔ རྡོ་རྗེ་དྲིལ་བུ་ཡང་དག་བཟུང་༔ ཆོས་ཉིད་གསུང་སྒྲའི་ཟིལ་གནོན་ཕྱིར༔ རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔ ཕྱག་རྒྱ་བཞི་ལ་ཡང་དག་བརྟེན༔ ཨོཾ་ཛྙཱ་ན་བཛྲ་གཎྜེ་ཨཱཿཧཱུྃ༔ དེ་ནས་ཚོགས་བསགས་ཡན་ལག་བདུན་པ་ནི༔ ཧོ༔ རང་བཞིན་དཀྱིལ་འཁོར་ལྷ་ཚོགས་ལ༔ གཉིས་མེད་ལྟ་བ་མཇལ་ཕྱག་འཚལ༔ རྩལ་སྣང་རང་གྲོལ་མཆོད་པ་འབུལ༔ མ་བྱུང་མ་སྐྱེས་སྡིག་ལྟུང་ཀུན༔ ཡེ་གྲོལ་ཆེན་པོའི་ངང་དུ་བཤགས༔ དཀྱིལ་འཁོར་རྣམ་གསུམ་རང་གནས་ལ༔ རྗེས་སུ་ཡི་རང་དགེ་བར་འབུལ༔ རྟོག་ཚོགས་ཡེ་ཤེས་རོལ་བའི་ཆོས༔ ཅེར་གྲོལ་རང་དག་འཁོར་ལོ་བསྐོར༔ ཕྱོགས་གཅིག་ཞི་ལ་མི་གཞོལ་བར༔ ངེས་པ་ལྔ་ཡི་མངོན་རྟགས་སྟོན༔ འདིས་མཚོན་དུས་གསུམ་བསགས་པའི་དགེ༔ འཁོར་གསུམ་དམིགས་པ་མེད་པའི་ངང་༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དེ་ནས་གནོད་བྱེད་བགེགས་བསྐྲད་ནི༔ ཏིང་འཛིན་ལྟ་དགོངས་ལྡན་པའི་ངང་༔ ཧཱུྃ༔ གཞི་ལ་ལྷ་འདྲེ་མེད་པ་ལ༔ མ་རིག་སྐྱེ་བོའི་བདེན་འཛིན་པས༔ ཡུལ་གྱི་རྟོག་པ་མ་ཟད་པར༔ གནོད་པའི་བགེགས་ལ་འཛད་པ་མེད༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ འབྱུང་པོ་ཀུན་ལ་མཆོད་པ་ནི༔ གཏོར་མ་ཡེ་ཤེས་རྣམ་དག་དང་༔ ཟས་ཀྱི་རོ་མཆོག་སྣ་ཚོགས་པ༔ ཤ་སྣ་བཅོ་བརྒྱད་དཀར་དམར་སྐྱེམས༔ མངར་གསུམ་ཆུ་དང་ཆང་ལན་ཚྭ༔ ཤ་དང་མར་ཁུར་ཛ་གད་གཏོར༔ ལན་ཆགས་རྐྱེན་གྱིས་ཟས་ནོར་ལོངས༔ ལུས་དང་གྲིབ་མར་མ་འགྲོགས་པར༔ སྔགས་འཆང་ངག་ལ་ཉན་ནས་ཀྱང་༔ དཔལ་ཆེན་ཧེ་རུའི་བཀའ་མ་བཅག༔ རང་རང་གནས་སུ་ད་སོང་ཞིག༔ ཞེས་གཏོར་མ་སོགས་བསྔོ་བྱས་ལ༔ ཚིམ་ནས་བདེ་བའི་དཔལ་ཐོབ་བསམ༔ ཧཱུྃ ཉོན་ཅིག་ལྟོས་ཤིག་འབྱུང་པོ་རྣམས༔ ང་ནི་དབང་ཆེན་པདྨ་རྒྱལ༔ ཐམས་ཅད་ང་ཡི་དབང་དུ་སྡུད༔ དྲེགས་པ་ཅན་རྣམས་སྤ་སྐོང་ཞིང་༔ གནོད་བྱེད་ཐལ་བར་བརླག་པར་བྱེད༔ དེ་བས་རང་རང་གནས་སུ་སོང་༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཡེ་ཤེས་མེ་དང་རྡོ་རྗེའི་ཐུན༔ མཚོན་ཆ་སྣ་ཚོགས་འཕྲོ་འདུད་ཀྱིས༔ ཐམས་ཅད་རྡུལ་བཞིན་གཏུབ་པར་འགྱུར༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ་བཞིའི་བསྐྲད་ཅིང་བྲོ་ར་བརྡུང་༔ དེ་ནས་ཡེ་ཤེས་བསྲུང་བའི་གུར༔ ཧཱུྃ༔ ཕྱོགས་བཅུ་ཡེ་ཤེས་ལྷུན་གྲུབ་པས༔ མི་རྟོག་ཡེ་ཤེས་བགེགས་བསལ་ཕྱིར༔ གནོད་བྱེད་མཚམས་བརྟོལ་མིང་ཡང་མེད༔ ཕྱི་ནང་བསྲུང་བའི་རྒྱལ་པོ་ཆེ༔ བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ དེ་ནས་བྱིན་ཆེན་ཕབ་པ་ནི༔ སྤོས་བསྲེགས་རོལ་མོ་སྣ་ཚོགས་དཀྲོལ༔ ཧཱུྃ༔ ཀ་དག་སྐྱེ་མེད་མཁའ་དབྱིངས་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཆེན་ཕོབ༔ ལྷུན་གྲུབ་འོད་གསལ་དཀྱིལ་འཁོར་ནས༔ རིགས་ལྔ་ཡབ་ཡུམ་༴ ཡེ་ཤེས་བཅུ་དྲུག་རང་རྩལ་ལས༔ སེམས་དཔའ་སེམས་མའི་༴ ཀུན་ཁྱབ་ཐུགས་རྗེའི་གཏེར་ཆེན་ནས༔ སྤྲུལ་སྐུ་ཐུབ་དྲུག་༴ རྣམ་ཐར་ཟིལ་གནོན་ཡེ་ཤེས་འཕྲུལ༔ སྒོ་བསྲུང་ཡབ་ཡུམ་༴ ཤེས་རབ་འོད་ཀྱིས་རུ་དྲ་སྒྲོལ༔ ཁྲོ་བོའི་ལྷ་ཚོགས་༴ དཀྱིལ་འཁོར་རྒྱ་མཚོ་འདུས་པའི་ཞལ༔ རྩ་བརྒྱུད་རྡོ་རྗེའི་༴ སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི༔ རང་བཞིན་ཆེན་པོར་རྒྱས་འདེབས་ཕྱིར༔ སྐལ་ལྡན་མོས་སྔར་ཐུགས་རྗེའི་བསྐྱོད༔ བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་དེ་ཝ་ཀྲོ་ཏ་ཛཱི་ན་ས་པ་རི་ཝ་ར་ཕེཾ་ཕཻཾཿ ཨ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་རྫས་བྱིན་རླབས་ནི༔ ཉེ་རེག་འཐོར་བས་ཆུས་སྦགས་ལ༔ ཧཱུྃ༔ ངོ་བོ་རྣམ་དག་ཡེ་ཤེས་རྩལ༔ རྒྱན་སྣང་ཀུན་ཏུ་བཟང་པོ་ལ༔ མ་རྟོགས་གཟུང་འཛིན་གཉིས་སྣང་བ༔ འདོད་ཡོན་ལྷ་མོའི་རོལ་བར་དམིགས༔ དམིགས་པ་ཉིད་ན་དམིགས་དང་བྲལ༔ མཆོད་རྫས་དངོས་པོ་བཟང་དགུར་རྫོགས༔ མ་ཚང་མེད་པར་སྤྲིན་དུ་གཏིབས༔ ཨརྒྷཾ་ནས་༴ ཤབྟ་རཱུ་པ་ཤབྟ་གནྡྷེ་ར་ས་སྤརྴེ་ཨ་ཧཱུྃ༔ པཉྩ་རཀྟ་བྷ་ལིངྟ་ཛྙཱ་ན་པཉྩ་ནིརྟི་ཤུདྡྷེ་ཧཾ༔ དེ་ནས་བཤགས་པ་བྱ་བ་ནི༔ ཀྱེ་མ༔ ཆོས་རྣམས་དག་པ་རབ་འབྱམས་ལ༔ མ་རྟོགས་རང་བཅིང་འགྲོ་བ་རྣམས༔ ལས་ཉོན་བག་ཆགས་སྐྱོན་དབང་གིས༔ ཀློང་དུ་མ་གྱུར་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ དེ་ནས་བརྡ་སྒོ་འབྱེད་པ་ནི༔ ཨཱ༔ མ་རིག་ལིང་ཐོག་གིས་ལྡོང་བས༔ རང་གནས་སྐུ་རིག་ཡེ་ཤེས་དཀྱིལ༔ ཤེས་རབ་བཞི་ཡི་སྒོ་ནས་འཇུག༔ རང་བཞིན་མངོན་དུ་གྱུར་བར་མཛོད༔ པྲ་ཝེ་ཤ་ཡ་ཕཊ༔ ལྷ་ལ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བཞིན་དབྱིངས་སུ་འདུམ་ནའང་༔ མ་རྟོགས་སྐྱོན་གྱིས་རིས་ཆད་པ༔ དབྱེར་མེད་ལྟ་བ་མཇལ་བ་དེར༔ གུས་པའི་མཆོག་ཏུ་གཟེང་ཀྱང་མཐོ༔ ན་མོ་ན་མཿ དེ་ནས་ལྷ་ཡི་སྒོམ་ཁོག་དངོས༔ ཏིང་འཛིན་གསུམ་གྱི་མངལ་ནས་བཏོན༔ ཧཱུྃ༔ ཆོས་རྣམས་ཡབ་ཡུམ་གཏིང་གསལ་གྱིས༔ དོན་གྱི་བྱང་ཆུབ་སེམས་སུ་ནུབ༔ བྱང་ཆུབ་སེམས་ནི་ནུབ་ཕྱོགས་ཡིན༔ མཚན་མའི་རྟོག་ཡུལ་བྱང་ཕྱོགས་ནས༔ རང་བྱུང་ཡེ་ཤེས་ཤར་བ་ནི༔ མདངས་ལ་སྙིང་རྗེའི་དྲོད་ཆགས་ཞིང་༔ ལྷོ་ཕྱོགས་ལྷུན་སྟུག་དུར་ཁྲོད་དུ༔ བསྐོར་ཞིང་རྒྱུ་ཡི་ཧཱུྃ་དང་ཨཱ༔ གསུང་ཉིད་ཐུགས་ཀྱི་ཕྱག་རྒྱར་འཐས༔ ཐུགས་ལས་རང་འཁྲུངས་ཧེ་རུ་ཀ༔ རྡོ་རྗེ་ཀུན་བཟང་ཡབ་ཡུམ་གྱི༔ ཐུགས་ཀའི་ཨེ་ཡཾ་བཾ་ལཾ་རཾ༔ འབྱུང་བ་རིམ་བརྩེགས་རིན་ཆེན་བྲག༔ དེ་སྟེང་རྡོ་རྗེའི་འདེགས་པ་ཡི༔ འཁོར་ལོ་ཡེ་ཤེས་དལ་དུ་བཀྲམ༔ འགྲེང་བས་བཏེགས་པའི་གཞལ་ཡས་ཁང་༔ གྲུབ་བཞི་སྒོ་བཞི་སུམ་རིམ་བསྒྲགས༔ ནང་ནས་ཞི་བར་འོས་པའི་རྒྱན༔ ཕྱི་ཁྱམས་ཁྲག་དང་གསེར་ལྡན་པས༔ མཚན་ཉིད་ལྷུན་གྱིས་གྲུབ་པར་བསམ༔ རྩེ་མོ་བལྟར་མི་མངོན་པ་ཡི༔ བུམ་པ་བྲེ་དང་ཆོས་འཁོར་གདུགས༔ མི་མགོ་རྡོ་རྗེའི་ཏོག་གི་མཛེས༔ ཕྱི་རིམ་དུར་ཁྲོད་བསྲུང་འཁོར་སོགས༔ མ་ལུས་ཡོངས་སུ་རྫོགས་པར་བསམ༔ སླར་ཡང་འོད་ཀྱི་གདན་ལྔ་བརྩེགས༔ འཁོར་ལོའི་ལྟེ་བ་རྩིབས་དང་བཅས༔ དབུས་ནས་ཕྱོགས་བཞིར་ལྷུན་གྱི་གྲུབ༔ དེ་ཡང་གཡས་གཡོན་པད་ཟླའི་འཁོར༔ ནང་ཁྱམས་པད་རྐྱང་དྲུག་གི་མཛེས༔ གསེར་ཁྱམས་ཞིང་དང་ཁྲག་ཁྱམས་སུ༔ གདན་ནི་རང་རང་འཚམས་པར་བསྒོམ༔ བྷྲཱུྃ་བཛྲ་མཎྜལ༔ རཏྣ་པདྨ་ཨ་མ་ཏི་ར་ཙཀྲ་རཀྵ་བྷྲཱུྃ་ཧཱུྃ༔ གཉིས་པ་བརྟེན་པ་བསྐྱེད་པ་ནི༔ ཐུགས་ལས་རིགས་ལྔ་བྱང་ཆུབ་སེམས༔ སྒོ་བ་སྒོ་མའི་ས་བོན་འཕྲོས༔ རང་རང་འཚམས་པའི་གདན་ལ་བབས༔ སྐུ་གསུང་ཐུགས་ལྡན་ངོ་བོར་དམིགས༔ ཧཱུྃ་མཱུྃ༔ དབུས་ཀྱི་ལྟེ་བར་སྣང་མཛད་དང་༔ དབྱིངས་ཀྱི་དབང་ཕྱུག་གཉིས་མེད་འཁྲིལ༔ འཁོར་ལོ་རྡོ་རྗེ་དྲིལ་བུ་འཛིན༔ ཆོས་དབྱིངས་ཡེ་ཤེས་ངོ་བོར་བཞུགས༔ ཨོཾ་ལཱཾ༔ ཤར་རྩིབས་རྡོར་སེམས་སྤྱན་མ་ནི༔ རྡོ་རྗེ་ཐུགས་བསྣོལ་གཉིས་མེད་འཁྲིལ༔ གཡས་སུ་ས་སྙིང་ཡབ་ཡུམ་དང་༔ གཡོན་དུ་བྱམས་པ་གཟུངས་བཅས་གསལ༔ ཡེངས་མེད་འཛིན་བྲལ་ངང་དུ་གནས༔ རང་བཞིན་དཀྱིལ་འཁོར་ལམ་དུ་བྱེད༔ སྭཱ་མཱཾ༔ ལྷོ་རྩིབས་རིན་འབྱུང་མ་མ་ཀཱི༔ རིན་ཆེན་ཐུགས་བསྣོལ་གཉིས་མེད་འཁྲིལ༔ གཡས་སུ་ནམ་སྙིང་མ་ལྱ་ཡུམ༔ གཡོན་དུ་ཀུན་བཟང་དྷུཔྤེ་མ༔ རང་བཞིན་དཀྱིལ་འཁོར་ཇི་ལྟ་བུར༔ ཡེངས་མེད་འཛིན་བྲལ་ངང་དུ་གནས༔ ཨཾ་པཱཾ༔ ནུབ་ཕྱོགས་སྣང་མཐའ་གོས་དཀར་ཡུམ༔ པདྨའི་ཐུགས་བསྣོལ་གཉིས་མེད་འཁྲིལ༔ གཡས་སུ་སྤྱན་གཟིགས་གིརྟི་མ༔ གཡོན་དུ་འཇམ་དཔལ་ཨ་ལོ་ཀེ༔ རང་བཞིན་དཀྱིལ་འཁོར་ཇི་ལྟ་བུར༔ ཡེངས་མེད་འཛིན་བྲལ་ངང་དུ་གནས༔ ཧ་ཏཱྃ༔ བྱང་དུ་དོན་གྲུབ་དམ་ཚིག་སྒྲོལ༔ རལ་གྲིའི་ཐུགས་བསྣོལ་གཉིས་མེད་འཁྲིལ༔ གཡས་སུ་སྒྲིབ་སེལ་གྷནྡྷེ་མ༔ གཡོན་དུ་ཕྱག་རྡོར་ནིརྟི་སྟེ༔ རང་བཞིན་དཀྱིལ་འཁོར་ཇི་ལྟ་བུར༔ ཡེངས་མེད་འཛིན་བྲལ་ངང་དུ་གནས༔ སྐུ་གསུམ་ཐུགས་ཡོན་ཕྲིན་ལས་ཀྱི༔ ཐུགས་མཆོག་ཕྱག་རྒྱའི་གཙོ་འཁོར་ཀུན༔ ཞི་ཚུལ་ལོངས་སྐུའི་རྒྱན་དང་ལྡན༔ ལས་མདོག་འོད་ཟེར་འཕྲོ་བ་སྟེ༔ སྒྱུ་མ་ཆུ་ཟླ་གཟུགས་བརྙན་ལྟར༔ སྣང་སྟོང་ཟུང་འཇུག་ངོ་བོ་ཉིད༔ ཡེ་ཡིན་རང་ཤར་ལྷ་སྐུར་བསྒོམ༔ ཕྱི་ཁྱམས་ཕྱོགས་ཀྱི་ཤར་དབུས་ནས༔ དམྱལ་བ་ལྷ་དང་ཡི་དྭགས་དང་༔ ལྷ་མི་བྱང་ཤར་ནུབ་བྱང་དུ༔ མི་དང་དུད་འགྲོའི་ཐུབ་པ་བསྒོམ༔ སྣང་སྟོང་ཟུང་འཇུག་ངོ་བོ་ཉིད༔ ཡེ་ཡིན་རང་ཤར་ལྷ་སྐུར་བསྒོམ༔ ཧཱུྃ༔ སྒོ་འཁྱུད་ནང་མའི་ཕྱོགས་བཞི་རུ༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་རྒྱལ༔ བདུད་རྩི་འཁྱིལ་བ་ཡུམ་བཅས་གསལ༔ ཁྲོ་བོའི་ཆས་རྫོགས་འདོར་སྟབས་སུ༔ སྣང་སྟོང་ཟུང་འཇུག་ངོ་བོ་ཉིད༔ ཡེ་ཡིན་རང་ཤར་ལྷ་སྐུར་བསྒོམ༔ ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱང་༔ རང་རང་འཚམས་བའི་གདན་ལ་རོལ༔ བཞུགས་དང་བཞེངས་དང་ཕྱེད་སྐྱིལ་ཀྲུང་༔ སྣང་སྟོང་ཟུང་འཇུག་ངོ་བོ་ཉིད༔ ཡེ་ཡིན་རང་ཤར་ལྷ་སྐུར་བསྒོམ༔ གཙོ་བོའི་སྤྱི་བོར་ཀུན་བཟང་བཞུགས༔ རིགས་ཀྱི་བདག་པོ་འབྲས་བུར་འཕོས༔ སྣང་སྟོང་ཟུང་འཇུག་ངོ་བོ་ཉིད༔ ཡེ་ཡིན་རང་ཤར་ལྷ་སྐུར་བསྒོམ༔ ཨོཾ་ཤིནྟཾ་དེ་ཝ་སརྦ་ཏིཥྛ་ལྷན༔ དེ་ནས་ཁྲོ་བོའི་ལྷ་ཚོགས་ལས༔ དང་པོ་ཆེ་མཆོག་ཡབ་ཡུམ་ནི༔ ཧཱུྃ༔ ཀུན་བཟང་རྒྱལ་བའི་གཙུག་ཏོར་དབུས༔ ཁྲག་འཐུང་ཆེ་མཆོག་ཡབ་ཡུམ་ནི༔ ཞི་རྔམ་ཁྲོ་བོའི་ཞལ་དགུ་བ༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ གཡས་གཡོན་ཕྱག་ནི་བཅོ་བརྒྱད་པ༔ དགྲ་སྟྭ་ཐུགས་རྟགས་རྣམ་པ་ལྔ༔ ཁ་ཊཱྃ་ཐོག་མདའ་ཐོ་བ་བསྣམས༔ བྷནྷ་ཕྱག་རྒྱ་ ༼ དྲིལ་བུ་ ༽ རྒྱུ་མ་འདྲེན༔ ལྕེ་ཞགས་ཐོང་གཤོལ་མེ་ཕུང་འབར༔ སྦྲུལ་དང་གཞུ་ཆེན་རྔེའུ་ཆུང་༔ ཞབས་བརྒྱད་སྡེ་བརྒྱད་སྤྱི་ཆིང་མནན༔ ཡུམ་ཆེན་ཀྲོ་ཏི་ཤྭ་རི་འཁྲིལ༔ སྣང་སྟོང་མཉམ་པ་ཆེན་པོར་བསྐྱེད༔ ཧཱུྃ༔ ཞི་བ་རྣམས་ཀྱི་དབུ་རྒྱན་ནི༔ རིན་ཆེན་ཁང་པ་ནང་གི་རྒྱུ༔ བྷནྡྷ་འབར་བའི་གཞལ་ཡས་སུ༔ ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་གསལ༔ ཧཱུྃ༔ རྣམ་པར་སྣང་མཛད་དབུ་རྒྱན་དུ༔ སངས་རྒྱས་ཁྲག་འཐུང་ཡབ་ཡུམ་གསལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ འཁོར་ལོ་རྡོ་རྗེ་རིན་ཆེན་གཡས༔ དྲིལ་བུ་བྷནྡྷ་ཐོང་བཤོལ་འཛིན༔ ཁ་དོག་རིགས་ལྔའི་ལས་མདོག་སྟེ༔ ཁྱུ་མཆོག་པདྨ་ཉི་ཟླ་དང་༔ ཚངས་དབང་བསྣོལ་མར་གྱད་ཆེན་འགྱིང་༔ སྣང་སྟོང་མཉམ་པ་ཆེན་པོར་བསྐྱེད༔ ཧཱུྃ༔ རྡོ་རྗེ་སེམས་དཔའི་དབུ་རྒྱན་དུ༔ རྡོ་རྗེ་ཁྲག་འཐུང་ཡབ་ཡུམ་གསལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ རྡོ་རྗེ་འཁོར་ལོ་རིན་ཆེན་གཡས༔ པདྨ་བྷནྡྷ་རལ་གྲི་གཡོན༔ ཁ་དོག་རིགས་ལྔའི་ལས་མདོག་སྟེ༔ གཟིག་བརྒྱད་རིན་ཆེན་པདྨ་དང་༔ དྲི་ཟ་བསྣོལ་མར་གྱད་ཆེན་འགྱིང་༔ སྣང་སྟོང་མཉམ་པ་ཆེན་པོར་བསྐྱེད༔ ཧཱུྃ༔ རིན་ཆེན་འབྱུང་ལྡན་དབུ་རྒྱན་དུ༔ རིན་ཆེན་ཁྲག་འཐུང་ཡབ་ཡུམ་གསལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ རིན་ཆེན་རྡོ་རྗེ་འཁོར་ལོ་གཡས༔ པདྨ་བྷནྡྷ་རལ་གྲི་གཡོན༔ ཁ་དོག་རིགས་ལྔའི་ལས་མདོག་སྟེ༔ མ་ཧེ་རིན་ཆེན་པདྨ་དང་༔ གཤིན་རྗེ་བསྣོལ་མར་གྱད་ཆེན་འགྱིང་༔ སྣང་སྟོང་མཉམ་པ་ཆེན་པོར་བསྐྱེད༔ ཧཱུྃ༔ སྣང་བ་མཐའ་ཡས་དབུ་རྒྱན་དུ༔ པདྨ་ཁྲག་འཐུང་ཡབ་ཡུམ་གསལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ པདྨ་རྡོ་རྗེ་རིན་ཆེན་གཡས༔ འཁོར་ལོ་བྷནྡྷ་རལ་གྲི་གཡོན༔ སྟག་བརྒྱད་རིན་ཆེན་པདྨ་དང་༔ ཆུ་བདག་བསྣོལ་མར་གྱད་ཆེན་འགྱིང་༔ སྣང་སྟོང་མཉམ་པ་ཆེན་པོར་བསྐྱེད༔ ཧཱུྃ༔ གདོད་མི་ཟ་བའི་དབུ་རྒྱན་དུ༔ ལས་ཀྱི་ཁྲག་འཐུང་ཡབ་ཡུམ་གསལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ རལ་གྲི་རྡོ་རྗེ་རིན་པོ་ཆེ༔ པདྨ་བྷནྡྷ་འཁོར་ལོ་འཛིན༔ དོམ་བརྒྱད་རིན་ཆེན་པདྨ་དང་༔ གནོད་སྦྱིན་བསྣོལ་མར་གྱད་ཆེན་འགྱིང་༔ སྣང་སྟོང་མཉམ་པ་ཆེན་པོར་བསྐྱེད༔ ཡུམ་རྣམས་གཡས་པས་རང་རིག་མཚོན༔ གཡོན་པས་དུང་དམར་ཡབ་ལ་སྟོབས༔ གཟིག་ཤམ་རུས་རྒྱན་མེ་དཔུང་འབར༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་གཉིས༔ སྣང་སྟོང་མཉམ་པ་ཆེན་པོར་གསལ༔ མ་ཧཱ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་ཀྲོ་ཏི་པཉྩ་སརྦ་ཧཱུྃ་ཧཱུྃ་སྟྭཾ༔ དེ་ནས་འཁོར་ཚོགས་བསྐྱེད་པ་ནི༔ ཧ་ཧ༔ གསེར་ཁྱམས་ཕྱོགས་བཞི་མཚམས་བརྒྱད་ཀྱི༔ གཞི་ཡི་འཁོར་ལོའི་རྩིབས་བརྒྱད་སྟེང་༔ ཀོའུ་རི་ཁྲོ་མོ་ཆེན་མོ་བརྒྱད༔ སྣང་སྟོང་མཉམ་པ་ཆེན་པོར་གསལ༔ ཧེ་ཧེ༔ ཕྱོགས་མཚམས་འཁོར་ལོའི་རྩིབས་མཆན་དུ༔ སེང་ཧ་ཕྲ་མེན་ཆེན་མོ་བརྒྱད༔ འཁོར་བ་གཞི་ལ་བཤིག་པའི་ཕྱིར༔ སྣང་སྟོང་མཉམ་པ་ཆེན་པོར་གསལ༔ སྲས་མོ་ཆེན་མོ་བཅུ་དྲུག་པོ༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང་༔ ཛ༔ བར་སྒོར་ཁྲོ་མོ་ཆེན་མོ་བཞི༔ འགུགས་འཆིང་སྡོམ་མྱོས་ཕྱག་རྒྱ་བསྣམས༔ ཞིང་སྐམ་གདན་ལ་གར་སྟབས་འགྱིང་༔ སྣང་སྟོང་མཉམ་པ་ཆེན་པོར་གསལ༔ བྷྱོ༔ ཁྲག་ཁྱམས་འབར་མ་ཆེན་མོ་བརྒྱད༔ རིགས་གཉིས་འདྲེས་པའི་ཁ་དོག་ཅན༔ ནང་ནས་ཕྱོགས་བཞིར་མཚམས་བརྒྱད་དུ༔ སྣང་སྟོང་མཉམ་པ་ཆེན་པོར་གསལ༔ ཕྱི་འཁོར་དབང་ཕྱུག་ཉེར་བརྒྱད་ནི༔ ཕྲ་མེན་སྣ་ཚོགས་གར་བསྒྱུར་གཟུགས༔ ཞིང་རྐྱང་གདན་ལ་གར་སྟབས་འགྱིང་༔ སྣང་སྟོང་མཉམ་པ་ཆེན་པོར་གསལ༔ རྟེན་དང་བརྟེན་པའི་ཕྱི་རིམ་དུ༔ འཁོར་ལོའི་རྩིབ་བཅུར་ཕྱོགས་སྐྱོངས་བརྫིས༔ ཁྲོ་བཅུ་ཡབ་ཡུམ་བརྒྱུད་པར་བསྒོམ༔ ལྷ་ཚོགས་ཀུན་གྱི་གནས་གསུམ་དུ༔ ཐུགས་མཚན་ལྟེ་བར་འབྲུ་གསུམ་ལས༔ འོད་འཕྲོས་རང་བཞིན་ཆོས་དབྱིངས་ནས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་ལྷ་མོའི་སྤྲུལ་བསྒྱུར་གྱིས༔ བསྐུལ་ཏེ་སྤོས་བསྲེགས་རོལ་མོ་འཁྲོལ༔ གདུང་ཤུགས་ཡིད་ཆེས་གུས་བཅས་སུ༔ དར་ཆེན་གཡབ་ལ་འདི་སྐད་དོ༔ ཧཱུྃཿཧཱུྃ༔ ཛཿ བདེ་བར་གཤེགས་སོ་རིགས་ལྔའི་ཚོགས༔ རྒྱལ་བ་རྒྱ་མཚོའི་འཁོར་དང་བཅས༔ ཐུབ་དྲུག་ཀུན་བཟང་ཡབ་ཡུམ་དང་༔ སྒོ་བ་ཡབ་ཡུམ་འཁོར་དང་བཅས༔ ཞི་བའི་ལྷ་ཚོགས་ཐམས་ཅད་ཀུན༔ གཉིས་མེད་འཁྲིལ་སྦྱོར་ཡུམ་དང་བཅས༔ བསྒྲུབ་པའི་གནས་འདིར་སྤྱན་འདྲེན་གྱི༔ མ་ལུས་འཁོར་དང་བཅས་པ་ཀུན༔ ཐུགས་རྗེའི་ཤུགས་ཀྱི་གཤེགས་སུ་གསོལ༔ ཨོཾ༔ སྐྱེ་འཇིག་བྲལ་བ་འོད་གསལ་རྡོ་རྗེའི་སྐུ༔ ཤེས་རབ་འོད་ཀྱིས་རུ་ཏྲ་སྡེ་གསུམ་འདུལ༔ ཐབས་མཁས་རྣམ་རོལ་ཚོགས་ཀྱི་དཀྱིལ་འཁོར་ངོམ༔ ཁྲོ་བོ་ལོངས་སྤྱོད་རྡོ་རྗེའི་འདུ་འཕྲོ་ཅན༔ ཆེ་མཆོག་རིགས་ལྔ་གནས་ཡུལ་སྒོ་དབང་དང་༔ སྤོར་བྱེད་བར་ཆད་བསྲུང་མཛད་ཁྲོ་བོ་བཅུ༔ འདུ་འབྲལ་མེད་པའི་དམ་ཚིག་སད་ཕྱིར་དུ༔ ཐབས་མཁས་རྣམ་རོལ་གནས་འདིར་རྫུ་འཕྲུལ་སྤྱོད༔ ཧཱུྃ༔ ཡེ་ཤེས་རྣམ་དག་ཕོ་བྲང་དཀྱིལ་འཁོར་འདིར༔ རྒྱལ་བ་རྣམས་ལ་བཞེངས་བཞུགས་མི་མངའ་ཡང་༔ སྟོང་ཉིད་ཐེག་ལྡན་ཞི་ཁྲོ་རྒྱལ་བའི་ལྷ༔ ཐམས་ཅད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ལ༔ འགྲོ་བའི་དོན་དུ་མྱུར་དུ་གཤེགས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་གུ་རུ་དེ་ཝཱ་ཀྲོ་ཏ་ས་མུ་ཊ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཨོཾ༔ གདན་བཏིང་ལགས་སོ་བཅོམ་ལྡན་ཞི་ཁྲོའི་ཚོགས༔ ཉི་ཟླ་པདྨ་རིན་ཆེན་སྣ་ལྔ་དང་༔ སྟོབས་ཆེན་ཤུགས་འཆང་རྨ་བྱ་ཁྱུང་ཆེན་དང་༔ འཕྲོག་བྱེད་མཛེས་བརྗིད་བཀྲམ་པའི་གདན་སྟེང་དུ༔ ཞི་བ་བཞི་བཅུ་རྩ་གཉིས་བཞུགས་སུ་གསོལ༔ ཨོཾ༔ གདོང་ལྔ་མ་ཧེ་སྟག་གཟིགས་གཏུམ་པོ་དོམ༔ པདྨ་ཉི་ཟླ་རུ་ཏྲ་བསྣོལ་མ་དང་༔ ཆེ་རྔམ་འཇིགས་གཟུགས་ཏི་ར་བམ་གྱི་སྟེང་༔ ཁྲག་འཐུང་ལྷ་ཚོགས་མ་ལུས་བཞུགས་སུ་གསོལ༔ ཨོཾ་བཛྲ་གུ་རུ་དེ་ཝཱ་ཀྲོ་ཏ་ས་མུ་ཊ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ལྟ་བ་མཇལ་བའི་ཕྱག༔ ཧཱུྃ༔ བརྗོད་མེད་བསམ་བྲལ་རྡོ་རྗེ་ཆོས་ཀྱི་སྐུ༔ བྱ་བ་རྫོགས་པས་འགྱུར་མེད་ས་ལ་གནས༔ བཅོམ་ལྡན་མགོན་པོ་ཡེ་ཤེས་དྲི་མ་མེད༔ ཀུན་བཟང་ཡབ་ཡུམ་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་ཕོ་བྲང་ལྔ་ལྡན་དཀྱིལ་འཁོར་ན༔ སྐུ་ལྔ་རྟོག་མེད་སོ་སོའི་མཚན་ཉིད་འཛིན༔ ཡབ་ཡུམ་ཚོམ་བུ་ལྔ་ལྡན་མདུན་རྒྱབ་མེད༔ རིགས་ལྔ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་སྟོབས་ཀྱིས་འགྲོ་བ་ཕ་རོལ་སྒྲོལ༔ རང་རང་གཙོ་བོའི་ཚུལ་གྱི་གར་མཛད་ཅིང་༔ རྒྱུ་དྲུག་སྡུག་བསྔལ་དབྱིངས་སུ་གཅོད་པའི་ལྷ༔ བཅོམ་ལྡན་ཐུབ་པ་དྲུག་ལ་༴ རྣམ་ཐར་བརྒྱད་ལྡན་མུ་བཞི་སྐྱེ་བཞི་དག༔ སྣ་ཚོགས་སྒྱུ་འཕྲུལ་གེགས་མེད་ཅིར་ཡང་སྟོན༔ གར་དགུའི་ཉམས་ལྡན་ཕྲིནལས་དབང་མཆོག་རྒྱལ༔ སྒོ་བསྲུང་ཡབ་ཡུམ་བརྒྱད་ལ་༴ ཧཱུྃ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་དངོས༔ ཆུ་ལྔ་རྒྱུན་གཅོད་སྐུ་ལྔའི་ངོ་བོ་ཉིད༔ ཤེས་རབ་ལྔ་དང་རླུང་ལྔ་མངོན་སངས་རྒྱས༔ ཁྲག་འཐུང་ཡབ་ཡུམ་ལྔ་ལ་༴ ཡེ་ཤེས་གཅིག་ལས་རང་རྩལ་དུ་མའི་གར༔ སྤྲོ་དང་བསྡུ་བའི་བྱེད་པོ་བཅོམ་ལྡན་འདས༔ འཁོར་འདས་ཡོངས་རྫོགས་ཆེ་མཆོག་ཧེ་རུ་ཀ༔ ཐབས་ཤེས་འདུ་འབྲལ་མེད་ལ་ཕྱག་འཚལ་ལོ༔ གཅིག་ལས་དུ་མར་འཆར་བའི་ཆུ་ཟླ་བཞིན༔ གནས་ཡུལ་སྒོ་སྐྱོང་དབང་མོའི་ཆོ་རོལ་དུ༔ གང་ལ་གང་འདུལ་སྣ་ཚོགས་ཐབས་སྟོན་ཀྱང་༔ ངོ་བོ་གཉིས་སུ་མེད་ལ་༴ ཞི་ཁྲོ་རོལ་པའི་དཀྱིལ་འཁོར་ཐམས་ཅད་ལ༔ བདག་ཅག་ལུས་ངག་ཡིད་གསུམ་རབ་དངས་བའི༔ ངོ་བོ་དབྱེར་མེད་རིག་པ་འདུན་པའི་ངང་༔ ང་རྒྱལ་མེད་པའི་བསྟི་སྟངས་བྱས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ ཕུང་ཁམས་གནས་དག་ཡེ་ཤེས་མངོན་གྱུར་ཤོག༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཏྲཱཾ་ཧཱུྃ་ཧྲཱིཿ་ཏྲཱཾཿ ཞིང་བཟང་རིན་ཆེན་ས་གཞི་བཀྲམ༔ རྫིང་ལེགས་གཞལ་ཡས་གླུ་ཚིག་སྒྲ༔ རྒྱན་འཕྲེང་གོས་དང་བཟའ་བཅའ་བཏུང་༔ བླ་བྲེ་རྒྱལ་མཚན་བྲོ་གར་འཁོར༔ ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཞིང་འདིར་རིན་ཆེན་སྣ་བདུན་དང་༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་རཀ་གཏོར་གསུམ་གསང་བའི་རྫས༔ ལས་ཆོས་དམ་ཚིག་སྦས་མའི་ཚོགས༔ ཕྱག་རྒྱ་སྦྱོར་བའི་མཆོད་པ་འབུལ༔ སྟོང་གསུམ་སེམས་ཅན་ཐམས་ཅད་ཀྱི༔ དུག་ལྔའི་སྤྱོད་པའི་ལས་རྣམས་ཀུན༔ རིགས་ལྔའི་རིགས་ཀྱི་མཛད་སྤྱོད་དེ༔ སྦྱོར་སྒྲོལ་དམིགས་པ་དག་པ་ཡི༔ རྡོ་རྗེ་ཐེག་པར་རབ་རྟོགས་ནས༔ མཆོད་པའི་མཆོག་ཏུ་བཞེས་སུ་གསོལ༔ སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ལུས་ངག་ཡིད་གསུམ་ལས་དང་བཅས༔ ཕྱག་རྒྱ་གསང་སྔགས་ཏིང་ངེ་འཛིན༔ སངས་རྒྱས་མཛད་སྤྱོད་ཀུན་ཏུ་བཟང་༔ བརྟན་གཡོ་རྒྱལ་བའི་དཀྱིལ་འཁོར་ཏེ༔ སྐུ་གསུམ་ཐུགས་ཡོན་ཕྲིན་ལས་ཀྱི༔ མཆོད་པའི་མཆོག་དུ་བཞེས་སུ་གསོལ༔ འབར་བ་ཁྲོ་བོའི་དཀྱིལ་འཁོར་ལ༔ ཕྲ་ཕྱག་གར་འཕྲེང་ཀུན་ཏུ་འཁོར༔ དབྱངས་དང་འཁྲབ་པའི་མཆོག་ཆེན་གྱིས༔ ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་དམ་དགྱེས་པ་བསྐང་གྱུར་ཅིག༔ སེར་སྣའི་རྒྱུ་འབྲས་བཅས་པ་ཀུན༔ དག་ནས་ཚོགས་གཉིས་ཞིང་ས་ལ༔ སྐུ་གཉིས་འབྲས་བུ་ཡོངས་སྨིན་ནས༔ དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་བཛྲ་ཨརྒྷཾ་༴ ནས། རཱུ་པ་༴ སརྦ་པཉྩ་རཀྟ་བྷ་ལིངྟ་གྟིརྟི་ཙཀྲ་ཨ་ཧཱུྃ༔ ཛྙཱ་ན་པཉྩ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ གསང་གསུམ་ཡོན་ཏན་དྲན་པའི་ངང་༔ ཡེ་ཤེས་གླུ་ཡི་མཆོད་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་གཅིག་པུར་སྐྱེས་པའི་ལྷ༔ གཙོ་མཆོག་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ངང་༔ རྣམ་པའི་བརྡ་རྟགས་དོན་གྱི་ཡེ་ཤེས་སྐུ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ འགྱུར་མེད་ཀུན་ཁྱབ་ནམ་མཁའ་ལྟ་བུའི་སྐུ༔ མ་རིག་མུན་སེལ་ཉི་ཟླ་ལྟ་བུའི་སྤྱན༔ འདོད་པ་ཀུན་བྲལ་ཡིད་བཞིན་ནོར་བུའི་ཐུགས༔ ལོངས་སྐུ་རིགས་ལྔའི་ཚོགས་ལ་༴ དངོས་མེད་ཀུན་ཁྱབ་སྤྲོས་པའི་མཐའ་དང་བྲལ༔ རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱི་མེད༔ ཐུགས་རྗེའི་རང་གྲོལ་ཕྲིན་ལས་རྒྱུན་མི་འཆད༔ སྣ་ཚོགས་སྤྲུལ་པའི་སྐུ་ལ་༴ རྟག་ཆད་མུ་བཞི་གནས་དག་ཁྲོ་བོའི་ཚུལ༔ ཐབས་ཤེས་གཉིས་མེད་ཡབ་ཡུམ་ཟུང་དུ་འཇུག༔ བར་ཆད་ཀུན་སེལ་ཕྲིན་ལས་རྣམ་བཞི་བསྒྲུབ༔ སྒོ་སྲུང་ཡབ་ཡུམ་བརྒྱད་ལ༴༔ གཏུམ་ཆེན་རྔམ་བརྗིད་སྐུ་ཡི་གར་བསྒྱུར་ཞིང་༔ ཐུག་ཆོམ་རྒོད་གཤེ་ང་རོ་འབྲུལ་ལྟར་སྒྲོགས༔ ཤུགས་ཁྲོ་བརླང་སྤྱོད་སྙིང་རྗེ་ཆེན་པོའི་གཟུགས༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་༴ ཕུང་ལྔ་འབྱུང་ལྔ་ཚོགས་ཡུལ་ལྟ་བ་དང་༔ ལྟ་མིན་ཉོན་མོངས་མ་ལུས་ཡེ་ཤེས་སུ༔ བྲལ་སྨིན་ཡོན་ཏན་རྒྱ་མཚོའི་རང་གཟུགས་ངོམ༔ ཞི་ཁྲོ་རིགས་བརྒྱའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དགོངས་འདི་ལྟ་སྟེ༔ བདག་མདུན་ལྷ་ཡི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་རང་འདྲ་བ༔ རྒྱན་མེད་གཅེར་བུ་འོད་ཕུང་འབར༔ ཐུགས་དབུས་ཉི་ཟླ་བསྣོལ་མ་ཡི༔ འོད་ཟེར་གའུ་ཁ་སྦྱོར་ནང་༔ རང་སྲོག་རྒྱུ་ཡི་ས་བོན་མཐར༔ བཟླས་པ་སྔགས་ཀྱི་ཡི་གེས་འཁོར༔ གསལ་བ་གསུམ་གྱི་རང་བཞིན་ལས༔ ཕྲ་མོ་གསུམ་གྱི་འཕྲོ་འདུ་ཡི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོའི་སྔགས་ཀྱི་ཡི་གེ་རུ༔ ལྷ་སྔགས་ཆོས་ཉིད་དབྱེར་མེད་པའི༔ ངེས་ཤེས་ངང་ལས་མི་འབྲལ་བཞིན༔ དབྱིངས་དང་སྲོག་རྩོལ་རྡོ་རྗེ་ཡི༔ བཟླས་པས་མཆོག་ཐུན་དངོས་གྲུབ་ཀུན༔ འབད་པ་མེད་པར་ཡོངས་ཐོབ་ཅིང་༔ དོན་གཉིས་ལྷུན་གྱིས་གྲུབ་པར་བསམ༔ ཤེས་པ་བརྒྱད་དང་ལྡན་པའི་ངང་༔ ཞི་ཁྲོ་སྤྱི་དྲིལ་སྔགས་དང་ནི༔ བྱེ་བྲག་སོ་སོའི་རིག་སྔགས་བཟླ༔ བསྙེན་སྒྲུབ་ཡན་ལག་ཐམས་ཅད་ཀུན༔ འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར༔ རྩལ་ཆེན་རྫོགས་དང་ལུང་ཆེན་ཐོབ༔ དབུགས་འབྱིན་ལུས་སེམས་འབྱེད་པ་ཡི༔ རྣལ་འབྱོར་རྣམ་པ་ལྔ་པོ་ཡང་༔ བཀའ་སྡོད་ལས་ཀྱི་རྣལ་འབྱོར་བས༔ སྐད་ཅིག་ཉིད་ལ་མཐར་ཕྱིན་འགྱུར༔ བྱ་བ་བྱེད་པའི་རྣལ་འབྱོར་དང་༔ བྱེད་པ་རྐྱེན་གྱི་རྣལ་འབྱོར་དང་༔ མཐར་ཕྱིན་འབྲས་བུའི་རྣལ་འབྱོར་དང་༔ སངས་རྒྱས་ས་ཡི་ཡེ་ཤེས་གསུམ༔ ད་ལྟ་ཉིད་དུ་གོམ་གཅིག་བསྒྲོད༔ ས་མ་ཡ༔ འདི་དང་ཕྱི་མ་ཐམས་ཅད་ཀྱི༔ བདེ་ལེགས་ཡོན་ཏན་མ་ལུས་པ༔ བསོད་ནམས་དམ་པའི་དཔལ་ལས་བྱུང་༔ གང་དག་མི་ཡི་རིགས་རྣམས་ཀུན༔ འཁོར་དང་ལོངས་སྤྱོད་ཉམས་པ་ཀུན༔ འབྱོར་བས་ཕོངས་པ་བསལ་འདོད་ཅིང་༔ བསོད་ནམས་སྐྱེ་བར་འདོད་པ་ཡིས༔ ཚོགས་ཀྱི་མཆོད་པ་འདི་ལ་འབད༔ ཕྱི་མཚམས་ལས་གཞུང་བསྲང་བ་སོགས༔ མ་ལུས་ཡོངས་སུ་རྫོགས་བྱས་ཏེ༔ ཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པ་ཡི༔ བར་ཆད་བགེགས་ནི་འདི་ལྟར་བསལ༔ གཉིས་པ་ཉེས་སྐྱོན་སྦྱངས་བ་ནི༔ ཧཱུྃ༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ འབྱུང་བའི་ཡི་གེ་གསུམ་འཕྲོས་པས༔ ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས༔ སྟོང་ཉིད་ངང་ལས་རང་ཤར་སྤྲིན༔ སྐུ་གསུམ་ཐུགས་དང་མཉམ་སྦྱོར་ལས༔ རྡོ་རྗེ་ལྷ་མོས་ནམ་མཁའ་གང་༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀུན༔ དགྱེས་པ་མཆོག་གི་རང་བཞིན་གྱུར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་པས་སྦྱངས་སྤེལ་བསྒྱུར་ནས་སྤྱན་དྲངས་འདི་སྐད་དོ༔ ཧཱུྃ༔ ཚོགས་མཆོད་དཀྱིལ་འཁོར་སྤྱན་འདྲེན་གྱི༔ གར་དང་གཟི་མདངས་ཁྲོས་པའི་ཚུལ༔ ཞི་ཁྲོ་རོལ་བའི་དཀྱིལ་འཁོར་ཀུན༔ ཡུམ་དང་སྲས་འཁོར་ཐམས་ཅད་ཀུན༔ ལོངས་སྤྱོད་ཚོགས་ཀྱི་གནས་འདི་རུ༔ འཁྲིལ་སྦྱོར་དབྱིངས་ནས་གཤེགས་སུ་གསོལ༔ ཤིནྟཾ་ཀྲོ་ཏ་ས་མུ་ཊ་ས་པཱ་རི་ཝཱར་ག་ཎ་ཙཀྲ་ཨེ་ཧྱ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤ་ཧོ༔ ས་མ་ཡ་ཛ་ཛ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ ཞི་ཁྲོ་རོལ་པའི་ཚོགས་རྣམས་ལ༔ ལོངས་སྤྱོད་ཀུན་འདུས་རྫས་མཆོག་དང་༔ གླུ་གར་རོལ་མོའི་འགྱུར་བ་རྩེན༔ འདོད་པའི་ཡོན་ཏན་དཔག་མེད་ཅིང་༔ ཚེ་གལ་མཉམ་བསྡེབས་ཟས་ཀྱི་མཆོག༔ དག་པའི་འོད་ཟེར་འཕྲོ་བ་འདི༔ བདག་ཉིད་མཉམ་བཞག་ཚུལ་གྱིས་འབུལ༔ ཡབ་ཡུམ་གཉིས་མེད་བདེ་བས་རོལ༔ ཨ་ལི་ཨུ་ལི་ད་ལི་ད་པ་ལི༔ ག་ཎ་ཙ་ཀྲ་པཱུ་ཙ་ཁཱ་ཧི༔ བར་བ་བཤགས་པ་བྱ་བ་ནི༔ ཨོཾ༔ ཚོགས་ཀྱི་འཁོར་ལོ་བསྐོར་པའི་ཡོན་ཏན་གྱིས༔ བདགཉིད་ཆེན་པོའི་དོན་ལ་རྨོངས་པ་ཡིས༔ བག་མེད་ཀུན་འབྱུང་རྒྱུ་འབྲས་བཅས་པ་སོགས༔ མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ༔ ཨོཾ་ག་ཎ་ཙཀྲ་ས་ཏྭ་ས་མ་ཡ༔ སོགས་དེ་ནས་བསྒྲལ་མཆོད་ནི༔ ཧཱུྃ༔ བདག་ཉིད་དཔའ་བོའི་སྟོབས་དག་གིས༔ སྲོག་མེད་རྒྱུ་འདི་བསྒྲལ་བྱ་སྟེ༔ གཟུང་འཛིན་རྐང་བ་བསྣོལ་ནས་སུ༔ གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ༔ ཚོགས་ཀྱི་རྒྱུ་ནི་བྱང་ཆུབ་སེམས༔ བྱང་ཆུབ་རྒྱུ་ནི་སྟོང་བདག་མེད༔ རིག་པ་མེད་པའི་རིག་ལས་འདིས༔ མཚན་མའི་ཡུལ་མེད་རྣམ་པར་དག༔ བསྒྲལ་པའི་རྒྱུ་མེད་མངོན་སངས་རྒྱས༔ པྲ་ཝེ་ཤ་ཡ་ཕཊ༔ ཨ་ཝེ་ཤ་ཡ་ཨཱ༔ ཕཊ་ཕཊཿ དེ་ནས་ཞལ་དུ་བསྟབས་པ་ནི༔ ཧཱུྃ༔ དུག་ལྔ་བསྒྲལ་བའི་ཤ་ཁྲག་རུས༔ རིགས་ལྔ་ཞི་ཁྲོའི་ཚོགས་ལ་འབུལ༔ ཐུགས་ལྔའི་དགྱེས་པ་བསྐྱེད་ནས་ཀྱང་༔ སྐུ་ལྔ་ལྷུན་གྲུབ་དངོས་གྲུབ་སྩོལ༔ མཾ་ས་རཀྟ་ཙིཏྟ་མ་ཊཾ་རུ་ཏྲ་ཁ་རཾ་ཁཱ་ཧི༔ དེ་ནས་བསྐང་བ་བསྡུས་པ་ནི༔ ཨེ་མ༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བའི༔ དབང་ཤེས་རྣམ་དག་ཆེན་པོའི་མདངས༔ ལག་གཉིས་གར་བསྒྱུར་ལྷ་མོ་བཞིའི༔ རྐང་བའི་སྟབས་སྤྱོད་འདོད་ཡོན་ལྔའི༔ གནས་སུ་མཆོད་ཅིང་སྐུ་ལ་ཐིམ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་གྱི༔ ཐུགས་དམ་དགྱེས་པ་བསྐང་གྱུར་ཅིག༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་གནམ་ཕུད་འབུལ་བ་ནི༔ ཧཱུྃ༔ མིང་མེད་སྤྲོས་བྲལ་ཆེན་པོར་ལ་བཟླའོ༔ སྤྲོས་བྲལ་རང་བྱུུང་རྗེན་པར་ལ་བཟླའོ༔ ཟུང་འཇུག་ཡེ་ཤེས་རྡོ་རྗེར་ལ་བཟླའོ༔ གཉིས་འཛིན་འཁྲུལ་བ་དག་པར་ལ་བཟླའོ༔ དེ་ལྟར་འཁོར་འདས་མགྲོན་རིགས་ཐམས་ཅད་ཀུན༔ བཟང་ངན་ཕྱོགས་རྟོགས་རིས་ཆད་ཀ་ནས་དག༔ ངང་མཐོང་རྣལ་འབྱོར་ཆེན་པོས་ཡོངས་བཟུང་སྟེ༔ འཕྲུལ་དགའ་ལྷ་ཡི་མཆོད་པ་ཅི་བཞིན་དུ༔ ཀློང་ཤར་ཀློང་ཐིམ་དབྱེར་མེད་ཨེ་མ་ཧོ༔ སརྦ་ག་ཎ་ཙཀྲ་ཁ་རཾ་ཁཱ་ཧི༔ འདོད་ཡོན་ཚོགས་ལ་རོལ་བ་ནི༔ ཧོ༔ གསང་སྔགས་ཐེག་ཆེན་སྙིང་པོའི་རྫས༔ གཙང་རྨེའི་རྟོག་པ་ཡོངས་གྲོལ་ཏེ༔ མཉམ་པ་ཆེན་པོར་ཤེས་པའི་བློས༔ སྤང་བླང་གཉིས་འཛིན་བྲལ་བར་སྤྱོད༔ བརྡའ་ལན་རྣལ་འབྱོར་རིམ་གྱིས་བསྐོར༔ ཧོ༔ ལམ་གྱུར་འབྲས་བུའི་ཡོན་ཏན་ནི༔ སྤངས་དང་རྟོགས་པ་ཐམས་ཅད་ཀུན༔ ཚོགས་སྤྱོད་འདི་ཡིས་ཚར་ཕྱིན་པ༔ ཤེས་ནས་དད་པ་ཐོབ་པ་ཡིས༔ ཡིད་ཆེས་ཕྱིར་མི་ལྡོག་པར་འཇུག༔ རྒྱལ་ཀུན་བརྟུལ་ཞུགས་ལེགས་པར་བསྙེན༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ནང་གི་སྦྱིན་སྲེགས་ཀྱིས༔ ཤགས་དང་ཀུ་ཅོ་ཡོངས་སྤང་སྟེ༔ ཚོགས་ཀྱི་སྤྱང་ཀུར་མ་སོང་བའི༔ དཔའ་བོ་དཔའ་མོའི་དབུ་དྲངས་ཞིང་༔ ཤ་ཆང་དམ་ཚིག་རྫས་ལ་སྤྱོད༔ བྲན་མོ་ཤ་མོ་ཀུན་ཏུ་རྒྱུག༔ རི་སྒོག་ཀླུང་སྒོག་ལ་སོགས་པ༔ ཚིམ་པ་དྲུག་དང་ལྡན་པའི་ངང་༔ དགའ་བའི་གར་དང་སྐྱིད་པའི་གླུས༔ ཚོགས་དྲུག་དུས་གཅིག་ཚང་བར་བྱ༔ དེ་ནས་ལྷག་མ་སྐྱོང་བ་ནི༔ ཞིང་ལྤགས་ལ་སོགས་གདན་ལ་བཀྲམ༔ དཀྱིལ་འཁོར་ཟུར་བ་བསྐྱེད་ནས་སུ༔ སྐད་ཅིག་ཁྲོ་བོའི་ང་རྒྱལ་གྱིས༔ ལྕེ་ལས་མཉམ་སྦྱོར་བདུད་རྩི་ཡིས༔ ཁྱུངཆེན་ཕྱག་རྒྱའི་ཁ་ཕྲུའི་བྲན༔ འོད་ཀྱི་ལྷག་སྡུད་སྤྱན་དྲངས་དམིགས༔ ཨ་ཀ་རོ་ཡིས་རླབས་ཀྱིས་བརླབས༔ ཁྲོ་བོ་རོལ་བའི་རྔམ་བརླང་གིས༔ ཧཱུྃ་བྷྱོ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ ཤིན་ཏུ་གདུག་ཅིང་གཏུམ་པ་ཡི༔ སྤྱན་སྔར་ཁས་བླངས་བྲོ་བོར་བའི༔ འབར་མ་དབང་ཕྱུག་ཀིང་ལིངྐ༔ མ་བདུན་སྲིང་བཞི་དྲེགས་པའི་ཚོགས༔ མཁའ་ལ་ཤུགས་འགྲོ་གནས་ཉུལ་མ༔ འཁོར་དང་བཅས་པ་ཐམས་ཅད་དང་༔ ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་ཏེ༔ ཡར་མར་གནས་རིས་མ་ལུས་པར༔ ལྷག་གཏོར་འདོད་དགུའི་རྒྱན་ཕྲེང་འབུལ༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ མཆོག་ཐུན་དངོས་གྲུབ་མ་ལུས་པ༔ ཡོངས་སུ་འགྲུབ་པའི་མཐུན་རྐྱེན་སྦྱོར༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལྕམ་དྲལ་གཡར་དམ་མ་འདའ་བར༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ག་ཎ་ཙཀྲ་ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ལས་མཐུན་དོན་སྟོངས་སེམས་ལྡན་པས༔ འགུགས་གཞུགས་ལན་གསུམ་བྱས་ནས་སུ༔ ཧཱུྃ་ཧཱུྃ༔ དབྱིངས་མེད་དབྱིངས་ཉིད་སྤྲོས་མཚན་བྲལ་བ་ལས༔ གཤེགས་བྱོན་བཞུགས་པའི་ཐ་སྙད་མི་མངའ་ཡང་༔ སེམས་ཅན་དོན་དུ་ཐུགས་རྗེའི་རང་གཟུགས་མངོན༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་སྒྱུ་འཕྲུལ་ཅན༔ མཐོ་དམན་ཕྱོགས་བྲལ་གྱང་ལོགས་རི་མོའི་ཚུལ༔ སྐྱེ་བས་ཐབས་མཁས་རྣམ་རོལ་འགོགས་མེད་པས༔ ཁ་སྦྱོར་སྙིང་རྗེ་རོལ་བའི་ཧེ་རུར་བཞེངས༔ བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི༔ འཁྲུལ་བ་གཞི་ལ་ལྡོག་པའི་ཕྲིན་ལས་མཛོད༔ རྟོག་གཉིས་མ་རིག་མུན་པ་དབྱིངས་སུ་སངས༔ འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་པ་རུ༔ དབང་བཅུ་མངའ་བའི་ཐུགས་རྗེའི་ཤུགས་ཕྱུང་ལ༔ སྒྲུབ་པའི་འབྲས་བུ་མངོན་དུ་འགྱུར་བ་རུ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབས༔ དེ་ནས་ཆད་མདོ་སྐྱོང་བ་རུ༔ ཧཱུྃ༔ སྔོན་ཚེ་སྤྱི་དཔལ་སྤྱན་སྔར་བྲོ་བོར་ནས༔ སངས་རྒྱས་བསྟན་བསྲུང་རྣལ་འབྱོར་ཞབས་འདེགས་པ༔ དྲེགས་པའི་གཟུགས་ཅན་ཐབས་མང་ཉེར་བཀོད་པའི༔ དགོས་པ་དོན་མེད་འགྱུར་བ་ག་ལ་སྲིད༔ དེ་རྗེས་སླར་ཡང་པདྨའི་སྤྱན་སྔ་རུ༔ གསང་ཆེན་བསྟན་པའི་བསྲུང་མར་གཉེར་བླངས་བས༔ རིག་འཛིན་རྣལ་འབྱོར་དབུ་འཕང་བསྟོད་པ་ཡི༔ དམ་བཅའ་དེ་ཡི་དགོངས་གཞི་མ་རྙེད་ཀྱང་༔ བདག་ཅག་བསྟན་པ་དེ་ཡི་རྗེས་སུ་ཞུགས༔ གཟུགས་བརྙན་དེ་ལ་ཐུགས་དམ་མ་བྱུང་ཡང་༔ རང་གི་དམོད་དང་དགོངས་དམ་མ་གཡེལ་བར༔ གཏོར་མ་འདི་བཞེས་རྐྱེན་སོལ་ཕྲིན་ལས་མཛོད༔ ཞེས་སོ༔ བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ བསྟན་པ་སྐྱོངས་བར་ཁས་བླངས་བའི༔ རྡོ་རྗེ་མིང་སྲིང་ཐམས་ཅད་ཀྱིས༔ ཐ་ཚིག་བཤལ་ཆུའི་གཏོར་མ་བཞེས༔ རྟེན་འབྲེལ་དུས་སྦྱོར་གནས་དག་ནས༔ བདེན་དོན་མངོན་གྱུར་ཕྲིན་ལས་མཛོད༔ ཨོ་རྒྱན་པདྨའི་དམ་བཞག་བཞིན༔ ཀླ་ཀློ་གདུག་པའི་དམག་དཔུང་བཟློག༔ ལྟ་བའི་རི་བོ་དབྱིངས་སུ་བསྙིལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་རྟ་བྲོ་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ ནམ་ཡང་གྲོལ་བར་མི་སྟེར་བ༔ དེ་ལ་འདྲེ་ཆེན་ཤིན་ཏུ་གནོད༔ འདྲེ་ཡི་རྩ་བ་ང་བདག་ཉིད༔ རྒྱབ་རྟེན་དུག་གསུམ་སྡོང་ཟླ་ཉིད༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྟེ༔ དེ་ལས་དེ་བྱུང་ཕྱི་ནང་གི༔ དགྲ་གདོན་དམ་སྲི་འབྱུང་པོའི་ཚོགས༔ ཆོས་དབྱིངས་རྣམ་དག་ཧོམ་དུ་བྲུབ༔ མནན་ནོ་སྐྱེ་བ་མེད་པར་མནན༔ རྒྱུ་འབྲས་དགྲ་གདོན་ཐམས་ཅད་ཀུན༔ སྐྱེ་བས་མ་རིག་མ་ལྡང་ཤིག༔ ཧཱུྃ༔ ཀུན་བཟང་རིག་པའི་ཡེ་ཤེས་ལ༔ སྐུ་གསུམ་ཞི་བའི་འཁོར་གྱིས་བསྐོར༔ ཉོན་མོངས་དུག་གསུམ་དགྲ་གདོན་ཀུན༔ ཡེ་ཤེས་གསུམ་གྱི་འོག་ཏུ་མནན༔ རྟོག་མེད་འགྱུར་མེད་བྲོ་རྒྱས་ཐོབ༔ བྲོ་འདི་སྙིང་རྗེ་ཆེན་པོའི་བྲོ༔ གླུ་འདི་ཚངས་པའི་དབྱངས་ཀྱིས་འདྲེན༔ ལུག་རྒྱུད་བདེ་བ་ཆེན་པོར་བསྐོར༔ མ་བྲལ་བར་དུ་མ་ལྡང་ཅིག༔ ཁྲག་འཐུང་ཆེ་མཆོག་ཡབ་ཡུམ་ལ༔ སྐུ་ལྔའི་ཁྲོ་བོའི་འཁོར་གྱིས་བསྐོར༔ དུག་ལྔས་བསྐྱེད་པའི་དགྲ་གདོན་བགེགས༔ ཡེ་ཤེས་ལྔ་ཡི་འོག་ཏུ་མནན༔ འབྲས་ཆོས་རྣམ་ལྔའི་བྲོ་རྒྱས་ཐོབ༔ བྲོ་འདི་འཇོམས་པ་ཆེན་པོའི་བྲོ༔ གླུ་འདི་རྔམ་པ་ཆེན་པོ་སྟེ༔ ལུག་རྒྱུད་རྡོ་རྗེ་བརྟན་པོའི་འཁོར༔ མ་སྨིན་བར་དུ་མ་ལྡང་ཤིག༔ འགྱུར་མེད་རྡོ་རྗེའི་བྲོ་རྒྱས་ཐོབ༔ ཀ་ཡ་ཝཀྐ་ཙིཏྟ་སྟམྦྷ་ཡ་ནན༔ དངོས་གྲུབ་བླང་བ་ནི༔ ཨོཾ༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོ་ཡི༔ སྐུ་ཡི་དངོས་གྲུབ་ལུས་ལ་སྩོལ༔ སྤྲུལ་པའི་སྐུ་རུ་བྱིན་གྱིས་རློབས༔ སྣང་སྟོང་གཞན་དོན་འབྱུང་བར་མཛོད༔ ཨཱ༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོ་ཡི༔ གསུང་གི་དངོས་གྲུབ་ངག་ལ་སྩོལ༔ ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས༔ གྲགས་སྟོང་རང་བྱུང་རྟོགས་པར་མཛོད༔ ཧཱུྃ༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོ་ཡི༔ ཐུགས་ཀྱི་དངོས་གྲུབ་ཡིད་ལ་སྩོལ༔ ཆོས་ཀྱི་སྐུ་རུ་བྱིན་གྱིས་རློབས༔ རིག་སྟོང་དབྱེར་མེད་རྟོགས་པར་མཛོད༔ བདག་དོན་སྤངས་བ་ཕུན་ཚོགས་ནས༔ ཆོས་སྐུ་ཐོབ་པའི་དངོས་གྲུབ་སྩོལ༔ གཞན་དོན་རྟོགས་པ་ཕུན་ཚོགས་ནས༔ གཟུགས་སྐུ་ཐོབ་པའི་དངོས་གྲུབ་སྩོལ༔ གཉིས་དོན་ཟུང་འཇུག་མཐར་ཕྱིན་ནས༔ རྟག་ཆད་འགྲོ་འོང་བྲལ་བ་ཡི༔ རྡོ་རྗེའི་སྐུ་ལྔ་ཐོབ་པར་མཛོད༔ རྩ་སྔགས་མཐར༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ རང་བཞིན་དབྱིངས་ལ་སྤྲོས་པ་ཀུན་བྲལ་བས༔ བདག་གཉིས་དངོས་པོ་རང་མཚན་གྲུབ་མེད་པར༔ ཐག་ཁྲར་སྦྲུལ་འཛིན་བཞིན་དུ་གོལ་བའི་བློ༔ གཞི་མེད་རྩ་བ་བྲལ་བའི་ངང་དུ་བཤགས༔ སྟོང་ཉིད་ངང་ལས་ཤར་རིག་ཐུགས་རྗེ་ཆེ༔ རང་གྲོལ་རྡོ་རྗེ་སྙིང་པོའི་འོད་ཟེར་ལ༔ རྟག་ཆད་རྩལ་སྦྱང་དགག་སྒྲུབ་ཞེན་པའི་བློ༔ ཡུལ་མེད་ཟང་ཐལ་ཆེན་པོར་མཐོལ་ལོ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཡིག་བརྒྱ་བཟླའོ༔ བསྡུ་བའི་རིམ་པ་ནི༔ ཧཱུྃ༔ ནམ་མཁའ་རྣམ་པར་དག་པའི་དབྱིངས༔ འབྱུང་བཞིའི་ཆོ་རོལ་ཤར་བ་ཀུན༔ གོས་པ་མེད་ཅིང་འགགས་པ་མེད༔ དཔེ་དོན་འབྱོར་བ་མཚན་དཔེའི་ལྷ༔ མི་སྣང་མེད་ཅིང་གྱ་ནོམ་མེད༔ མ་ཡིན་གཞན་བསྒྱུར་བྱིན་རླབས་པས༔ སྔར་ལས་འཕྲལ་སངས་རྒྱས་པ་མེད༔ ཡེ་ནས་ཟུང་འཇུག་རྡོ་རྗེ་གདལ༔ ཨཿཨཱ༔ སླར་ཡང་སྐུ་གསུམ་ལྡོག་པ་ཡི༔ རྣམ་པའི་སྣང་ཆ་མ་འགགས་ཤིང་༔ སྤངས་རྟོགས་ཡོན་ཏན་ཕྱམ་གཅིག་པ༔ ཕྱག་རྒྱ་གཅིག་སྐུ་འབྲས་བུ་སྟེ༔ ཞེས་བརྗོད༔ ཤིས་པའི་རྟེན་འབྲེལ་ནི༔ ཧཱུྃ༔ སྐྱེ་མེད་སྤྲོས་བྲལ་ངང་དུ་ཀུན་གཞི་གྲོལ༔ ཞི་ཁྲོ་ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ འོད་གསལ་སྐུ་ཐིག་ཚོམ་བུར་ཡུལ་ལྔ་གྲོལ༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་བཀྲ་ཤིས་ཤོག༔ བྱ་བྱེད་རྫོགས་པ་འདུ་འཕྲོའི་འཇུག་ཤེས་གྲོལ༔ ཞི་ཁྲོ་སྤྲུལ་པ་སྐུ་ཡི་བཀྲ་ཤིས་ཤོག༔ ཡེ་གྲོལ་གཞི་ལ་རྫོགས་པའི་བཀྲ་ཤིས་ཤོག༔ ངང་གྲོལ་ལམ་དུ་ཤར་བས་བཀྲ་ཤིས་ཤོག༔ ཅེར་གྲོལ་རྒྱུར་ལྡོག་མེད་པའི་བཀྲ་ཤིས་ཤོག༔ ཀུན་གྲོལ་ཕྱོགས་ལྷུང་མེད་པའི་བཀྲ་ཤིས་ཤོག༔ ལྟ་བ་མཐའ་དབུས་མེད་པའི་བཀྲ་ཤིས་ཤོག༔ སྒོམ་པ་བཏང་བཞག་མེད་པའི་བཀྲ་ཤིས་ཤོག༔ སྤྱོད་པ་བླང་དོར་མེད་པའི་བཀྲ་ཤིས་ཤོག༔ འབྲས་བུ་ཐོབ་གྲོལ་མེད་པའི་བཀྲ་ཤིས་ཤོག༔ གྲོལ་འཁྲུལ་གཉིས་མེད་མངོན་གྱུར་བཀྲ་ཤིས་ཤོག༔ དེ་ལྟར་ཚོགས་སྒྲུབ་ཡང་དག་འདིས༔ མཆོག་གི་དངོས་གྲུབ་ཆེན་པོ་ནི༔ ཟླ་བ་དྲུག་གམ་བཅུ་གཉིས་ན༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ སངས་རྒྱས་པདྨ་འབྱུང་གནས་ཀྱིས༔ གཏེར་སྟོན་བརྒྱ་རྩའི་ཆོས་སྒོ་ལས༔ གནད་དུ་ཟབ་པའི་ཡང་བཅུད་ནི༔ ཉིང་ཁུར་བྱས་པ་གཅིག་པུའོ༔ ཚེ་རྒྱ་ལྷུན་གྱི་གྲུབ་པའི་སར༔ རྣམ་པར་མི་རྟོག་གོམ་གཅིག་བསྒྲོད༔ མཆོད་སྦྱིན་སྟོང་ཕྲག་བྱས་པ་བས༔ སྔགས་ཀྱི་ཆོ་གར་འབྲེལ་བ་ཡི༔ བསོད་ནམས་འདིས་ནི་བརྒྱར་མི་ཕོད༔ ས་མ་ཡཱ༔ ཅེས་པ་འདི་ཡང་རང་བཞིན་རྫོགས་པ་ཆེན་པོའི་ཚིག་རྣལ་འབྱོར་དུ་བྱེད་པ་དུས་མཐའི་སྔགས་མིང་ག་ག་ཨ་བྷྱེས་ཆོས་ཉིད་ནམ་མཁའ་མཛོད་ལས་བསྒྱུར་བ་ཡི་གེའི་འདུ་བྱེད་འགྱུར་མེད་རྣམ་པར་རྒྱལ་བས་སོ། །དེ་ནས་སྨོན་ལམ་གདབ་པ་ནི༔ ཧོ༔ འདིའི་མཚོན་དུས་གསུམ་བསགས་ཡོད་དགེ་རྩ་ཡི༔ ཀུན་ཏུ་བཟང་སོགས་སྲས་བཅས་རྒྱལ་ཀུན་གྱི༔ ཡོངས་བསྔོ་འཁོར་གསུམ་དམིགས་མེད་ཅི་བཞིན་འགྲུབ༔ མཐའ་ཡས་འགྲོ་བའི་སྡུག་བསྔལ་ཉེར་ཞི་ནས༔ ཕྱམ་གཅིག་རྡོ་རྗེ་འཆང་གི་གནས་ཐོབ་སྟེ༔ འཁོར་བ་དོང་སྤྲུགས་འགྲོ་དོན་མཐར་ཕྱིན་ཤོག༔ ཅེས་ཤིས་བརྗོད་ཀྱི་མཐའ་བརྒྱན་ནོ༔ དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །


previousརྩ་སྒྲུབ་དཀྱིལ་འཁོར་ཡོངས་འདུས།next