Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
ལྷན་ཐབས་དོན་གཉིས་ལྷུན་གྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousལྷན་ཐབས་དོན་གཉིས་ལྷུན་གྲུབ།next

ལྷན་ཐབས་དོན་གཉིས་ལྷུན་གྲུབ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཞི་ཁྲོའི་ལྷན་ཐབས་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག །དང་པོ་སྐྱབས་ཡུལ་གསལ་འདེབས་ལ༔ རང་ཉིད་གཞིའི་ཀུན་ཏུ་བཟང་པོར་གནས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ནས་མདུན་གྱི་ནམ་མཁར་བྱོན་ནས་བཞུགས་པ་ལ་རང་གཞན་སེམས་ཅན་ཐམས་ཅད་འདུན་པ་གཅིག་དྲིལ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བསམ་ལ༔ ཅེས་མཐར༔ ཚོགས་ཞིང་འོད་དུ་ཞུ་ནས་བདག་ལ་ཐིམ་པས་སྡིག་ལྟུང་ཉམས་ཆགས་ཐམས་ཅད་དག་ནས་རྒྱུད་ཀྱི་རིགས་གཉིས་ནུས་པ་མཐུ་ཅན་དུ་སད་རུང་གི་སྐལ་བ་བཞག་པར་མོས་ལ༔ དཀར་གཏོར་བྱིན་བརླབས་ནི༔ སྭ་བྷཱ་ཝས་སྟོང་བར་སྦྱངས༔ སྟོང་པའི་ངང་ལས་གཏོར་མ་འདོད་ཡོན་གྱི་ཕུང་པོ་མ་ཚང་བ་མེད་པ་གང་ལ་གང་དགོས་ཀྱི་ལོངས་སྤྱོད་དང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ ཨ་ཀ་རོས་བྱིན་གྱིས་བརླབས་ལ༔ ཨོཾ་དྷརྨ་པ་ལ་ཀྵེ་ཌ་པཱ་ལ་ལོ་ཀ་པ་ལ་ས་པ་རི་ཝ་ར་ཛ་ཛ༔ ཀྱཻ༔ ས་ཕྱོགས་འདི་ལ་གནས་པ་ཡིས༔ དཀར་པོའི་ཕྱོགས་ལ་དགའ་པའི་རིགས༔ ལྷ་ཀླུ་གཟའ་བཙན་མ་མོ་གཉན༔ མཁའ་དང་བར་སྣང་ས་འོག་རྒྱུ༔ དབང་ཆེན་ས་ལ་དབང་བསྒྱུར་བ༔ ལྷ་མོ་བརྟན་མ་ལ་སོགས་དང་༔ དཔལ་མགོན་དྲེགས་ཆེན་བསྟན་པ་སྐྱོངས༔ རྒྱལ་བོ་ཆེན་པོ་སྡེ་བཞི་པོ༔ སྟོན་པ་སངས་རྒྱས་ཞལ་མཐོང་ཞིང་༔ བསྟན་པ་དམ་པའི་ཆོས་སྐྱོངས་བ༔ རྒྱལ་བློན་འབངས་འཁོར་སྡེ་དང་བཅས༔ བཀའ་སྡོད་སྤྲུལ་པ་ཡང་སྤྲུལ་ཚོགས༔ རྣལ་འབྱོར་བདག་གི་ལེའུ་ལྷ་དང་༔ འགོ་ཞིང་སྡོང་གྲོགས་བྱེད་པ་ཡི༔ སྔོན་ལས་འཕྲལ་རྐྱེན་བཟང་འབྲེལ་བ༔ མ་ལུས་ལུས་པ་མེད་པ་ལ༔ དཀར་དམར་གཏོང་མ་བདུད་རྩི་སྐྱེམས༔ ཇ་ཆང་འབྲུ་སྨན་རིན་ཆེན་དཀོར༔ དར་ཟབ་གོས་རྒྱན་རྐང་འགྲོའི་རིགས༔ འདོད་ཡོན་མ་ཚང་མེད་པའི་གཏེར༔ སྔགས་དང་ཏིང་འཛིན་ཕྱག་རྒྱ་ཡིས༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ འཛད་མེད་ནམ་མཁའི་མཛོད་དུ་སྤེལ༔ ཕམ་རྒྱལ་འཐབ་རྩོད་མེད་པར་འབུལ༔ ས་འདི་བདག་ལ་སྩོལ་པ་དང་༔ རུ་ང་ཕྲག་དོག་མ་མཛད་པར༔ སྒྲུབ་པའི་བར་ཆད་དབྱིངས་སུ་སོལ༔ མཐུན་རྐྱེན་བསམ་དོན་ཆོས་བཞིན་བསྒྲུབ༔ ཁ་འཛིན་རྒྱབ་རྟེན་ཁྱེད་ལ་བཅོལ༔ ཀོ་ལོང་རུ་ང་འཁྲེན་གཟེར་སྤོང་༔ ཕྱག་རྡོར་པད་འབྱུང་ལ་སོགས་པའི༔ རིག་འཛིན་བརྒྱུད་པའི་བཀའ་དམ་བཞིན༔ གཉིས་དོན་བྱང་ཆུབ་བསྒྲུབ་པ་ལ༔ རྗེས་སུ་ཡི་རང་དང་བཅས་ཏེ༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ བཅོལ་པའི་ཕྲིན་ལས་ཁྱོད་ཀྱིས་བསྒྲུབས༔ དམ་ལ་མ་འདའ་དམ་ཚིག་ཅན༔ སརྦ་པཉྩ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཉིས་པ་བགེགས་གཏོར་བྱིན་རླབས་ནི༔ སྭ་བྷ་ཝ་༴ སྟོང་པའི་ངང་ལས་ཤ་སྣ་བཅོ་བརྒྱད༔ ཆུ་སྣ་བཅོ་བརྒྱད༔ ཟས་སྣ་བཅོ་བརྒྱད༔ གོས་སྣ་བཅོ་བརྒྱད་ལ་སོགས་པས་བགེགས་མགྲོན་རྣམས་རང་རང་གི་དབང་པོའི་སྤྱོད་ཡུལ་དང་མཐུན་པའི་ལོངས་སྤྱོད་གོང་དུ་འཕེལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཆོས་ཉིད་ཅན་དུག་གསུམ་གྱི་ལན་ཆགས་བུ་ལོན་ཤ་མཁོན་ཐམས་ཅད་སྦྱོངས་བྱེད་ཀྱི་ནུས་པ་དང་ལྡན་པ་ཕམ་རྒྱལ་འཐབ་རྩོད་མེད་པ་ཐོབ་པའི་རང་བཞིན་དུ་གྱུར༔ ཡེ་ཤེས་སྐར་མདའི་སྔགས་ཀྱིས་བརླབས༔ དེ་ནས། རང་ཉིད་སྐད་ཅིག་གིས་པདྨ་དབང་ཆེན་དུ་གསལ་བའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུའི་བཀུག་པར་མོས་ལ༔ གཉུག་གནས་གློ་བུར་ལྷག་པའི་དུག་གསུམ་གྱི་རྒྱུ་འབྲས་ལས་གྱུར་པའི་གདོན་བགེགས་ཐམས་ཅད་ཨ་ཀརྴ་ཡ་ཛ་ཛ༔ ཁ་འབར་མའི་གཟུངས་ཀྱི་བསྔོས་ལ༔ འོ༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འདི་བདག་གིར་བཞེས་ལ་ཞི་བ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ༔ དེང་རིག་འཛིན་རྣལ་འབྱོར་བ་བདག་གིས་ཁྱོད་དང་སེམས་ཅན་ཐུན་མོང་གི་གཏན་བདེ་བསྒྲུབ་རྒྱུ་ཡིན་པས༔ དཀྱིལ་འཁོར་ཟབ་མོའི་རྒྱ་མ་འདྲལ༔ དཔལ་བཤོས་ཀྱི་རྩི་ལ་མ་འབྲིད༔ རཀྟའི་དྲི་མ་བསྣོམས༔ མཆོད་རྫས་ཀྱི་དངོས་ལ་མ་རྔམས་པར༔ རེ་ཞིག་ཁྱོད་ལ་གསང་བ་བལྟ་བར་མི་དབང་བ་དང་༔ འདུ་བ་ལ་འོང་བར་མི་རུང་བའི་སྒྲིབ་པ་ཞིག་ཡོད་ཀྱི་དེ་བས་ན་ཁོན་དུ་མ་འཛིན༔ ཕྱོགས་འདིར་མ་རྒྱུ་བར་མཐའི་རྒྱ་མཚོའི་ཕ་མཐར་དུ་དེངས་ཤིག༔ སརྦ་བིགྣན་གཙྪ༔ ཞེས་བརྗོད་ལ་གཞུང་གི་བཀའ་བསྒོ་ལ་ཞུགས་ནས་མཚམས་རྔམ་མི་བཟད་པས་བཀའ་ལ་མི་ཉན་པ་བསྐྲད༔ དེ་ནས་མཚམས་གཅོད་མཐར༔ མེ་དཔུང་མཚོན་ཆའི་འཁོར་ལོ་དང་བཅས་པ་ཚུར་འདུས་ཏེ་ཡེ་ཤེས་རིན་པོ་ཆེ་འབར་བའི་གུར་ཁང་ཕྱི་ནང་མཐའ་དབུས་མེད་པ་ཆོས་དབྱིངས་འོག་མིན་ལྷུན་གྱིས་གྲུབ་པའི་ཕུན་སུམ་ཚོགས་པ་ལ༔ རྒྱུ་བའི་འདུན་པ་ཡོད་ཀྱང་ཡེ་ཤེས་མཐའ་གསུམ་བྲལ་བའི་གུར་ཁང་སྒྲིབ་པ་ཡོངས་སུ་མ་སྤངས་བར་དུ་མི་ཚུད་པའི་དེ་ཁོ་ན་ཉིད་ཀྱིས་མཚམས་བཅད་པར་བསམ༔ དེ་ནས་བྱིན་འབེབས་ཀྱི་ཐོག་མར༔ བདག་ཉིད་ཀྱིས་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་པ་དང་ཆབ་གཅིག་ཏུ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བྱིན་གྱི་རླབས་ཀྱི་ས་མ་ཏི་ལ་སྙོམས་པར་ཞུགས་པའི་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར༔ ཅེས་བརྗོད་དོ༔ མཆོད་པ་བྱིན་བརླབས་ལ་སོ་སོའི་གྲངས་བཞིན་ཤིན་ཏུ་མང་ཡང་རགས་རིམ་དུ་བསྡུས་ན༔ དང་པོ་རྡོར་དྲིལ་བྱིན་བརླབས་ནི་ཕྱག་རྒྱ་བཞི་དྲན་བའི་སྒོ་ནས༔ བདག་ཉིད་ཀུན་ཏུ་བཟང་པོ་ཡབ་ཡུམ་ཏུ་གསལ་བའི་ཕྱག་རྒྱ་ཆེན་པོའི་ང་རྒྱལ་ཧཱུྃ་དང་མཱུཾ་ལས་སྣང་སྟོང་ཐབས་ཤེས་དབྱེར་མེད་རྡོ་རྗེ་ཐུགས་ཡེ་ཤེས་ལྔ་དང་སྦུབས་གསུམ་གཅིག་འདྲིལ་གྱི་ཆོས་སྐུ་དང་༔ དྲིལ་བུ་དགོངས་གསུམ་དབྱེར་མེད་ཆོས་འབྱུང་ཡོངས་རྫོགས་ཀྱི་ཡུམ་བརྒྱད་དམ་ཚིག་གི་ཕྱག་རྒྱའི་རྣམ་པར་སྣང་བ་གཉིས་ཟུང་དུ་འཇུག་པས་ལས་ཀྱི་ཕྱག་རྒྱ་རྡོ་རྗེ་གསོལ་ཞིང་དྲིལ་བུ་དཀྲོལ་བ་ལ་བརྟེན་ནས་བྱུང་བའི་གསུང་ཆོས་ཀྱི་ཕྱག་རྒྱས་རྒྱལ་བ་སྲས་བཅས་མཆོད་ཅིང་གཞན་དོན་ལ་བསྐུལ༔ འགྲོ་བའི་མ་རིག་པའི་གཉིད་དཀྲོགས་ནས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་གཏོད་པའི་ཟུང་འཇུག་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར༔ ཨོཾ་མ་ཧཱ་བཛྲ་ཧོ༔ བཛྲ་གནྚེ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་ཧོ༔ ཞེས་གཞུང་ལ་ཞུགས༔ ཡང་ཌ་རུ་ཡོད་ཚེ༔ སྭ་བྷ་ཝ་༴ སྟོང་པའི་ངང་ལས་སྐད་ཅིག་གིས་ཌ་རུ་ལྷ་མོ་དམར་མོ་ཅིང་ཏེའུ་འཛིན་པར་གྱུར་པའི་མཆོད་རྫས་དཀྲོལ་བས་རྒྱལ་བ་སྲས་དང་བཅས་པ་སྔོན་གྱི་ཐུགས་དམ་ཆེན་པོའི་སྤྱན་འདྲེན་ཅིང་སྙན་གསན་དབབས་པར་དགེས་པའི་སྒྲ་དབྱངས་ཀྱིས་མཉེས་ཤིང་༔ སེམས་ཅན་ཐམས་ཅད་ཀྱིས་ཐོས་པའི་མོད་ལ་སྣང་སྟོང་ཞེས་པའི་ཆོས་སྒྲས་རགས་པའི་བརྡ་ལས་ཕྲ་བ་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་རང་ལ་མཚོན་དེ་སྐུ་ཕྱག་རྒྱ་དེ་འོད་དུ་ཞུ་ནས་མཆོད་རྫས་ལ་ཐིམ་པས་ཕྲིན་ལས་ཐོགས་པ་མེད་པའི་ནུས་ལྡན་དུ་གྱུར༔ ཨོཾ་བཛྲ་ཌ་མ་རུ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ཡང་རོལ་མོ་ལ་སྟོང་པར་སྦྱངས་ཤིང་༔ སྟོང་པའི་ངང་ལས་སྐད་ཅིག་གིས་རོལ་མོ་ཀུན་བཟང་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་སྒྲ་ཨ་ཧཾ་ཧ་སིད་ཀྱི་ཆོས་སྒྲའི་འོད་ཟེར་རྒྱལ་ཀུན་སྦྱོར་མཆོད་ཀྱིས་དགྱེས་པ་དང་༔ སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཀྱི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་སྟངས་དཔྱལ་རིགས་གཅིག་གི་ངོ་བོར་སད་པར་བྱས་པར་བསམ་ལ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ འཕྲོས་འདུས་འོད་ཞུ་བསིལ་སྙན་གྱི་རྣམ་པར་གྱུར་བར་བསམ་ལ༔ ཨོཾ་བཛྲ་དནྜི་ཧཱུྃ་ཨཱཿ དེ་ནས་རྔ་ཡོད་ལ༔ སྭཱ་བྷ་ཝ་༴ རྔ་ཐབས་མི་དམིགས་པ་སྟོང་བར་གྱུར༔ སྟོང་པའི་ངང་ལས་རྔ་ཟླུམ་རུ་ཏྲའི་ཏི་རའི་ངོ་བོ་ལ༔ ཆེ་མཆོག་ཡབ་ཡུམ་གྱི་རང་བཞིན་ཅན་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམས༔ སྥ་ར་ཎ་ཕཊཿ སཾ་ཧ་ར་ཎ་ཧཱུྃ༔ འཕྲོས་འདུས་ཤིན་ཏུ་མཛེས་པའི་རྔ་ཆེན་སྟོང་གསུམ་ཆོས་ཉིད་དུ་བཤིག་ཅིང་༔ རྒྱལ་བའི་ཞིང་ཁམས་ཀུན་ཁྱབ་ཀྱིས་མཉེས་པའི་སྒྲ་བརྒྱ་དང་ལྡན་པར་གྱུར༔ ཧཱུྃ༔ རྔ་ཐབས་ཞི་བར་བརྡུང་ཙ་ན༔ གླུ་མཆོད་བསྟོད་དབྱངས་སྙན་སྤྲིན་ཅན༔ འདོད་ཡོན་ལྷ་མོའི་སྒྲ་བརྒྱ་ཡིས༔ དུས་གསུམ་རྒྱལ་བ་ཀུན་ཀྱང་དགྱེས༔ འགྲོ་བ་ཀུན་གྱི་སྡུག་བསྔལ་འཕྲོགས༔ ཟིལ་གནོན་གསུང་གིས་ས་གསུམ་གནོན༔ ཉན་ཐོས་འགོགས་པའི་ལམ་ལས་བསླང་༔ རང་རྒྱལ་སེམས་ཅན་དོན་ལ་བསྐུལ༔ བྱང་ཆུབ་སེམས་དཔའི་གསུང་འཕྲིན་བསྡེབ༔ ཧཱུྃ༔ ཏི་ར་དྲག་པོར་བརྡུང་ཙ་ན༔ རྔ་ཐབས་གློག་སྟོང་ལྕེ་འབྱིན་སྟེ༔ རྔ་སྒྲ་འབྲུག་སྟོང་འཚེར་བ་དང་༔ ཕྲིན་ལས་ཐོག་སྟོང་འབེབས་པ་ན༔ མནར་མེད་གནས་ཡུལ་རྨང་ནས་བཤིགས༔ ཡི་དྭགས་ཟས་སྐོམ་གདུང་བ་འགོགས༔ འཁོར་བའི་རྒྱ་མཚོ་ཆལ་ཆིལ་གཏོར༔ མུ་སྟེགས་རུ་དྲའི་ཀླད་པ་འགེམས༔ ཧཱུྃ༔ རྔ་ཐབས་ཁམས་གསུམ་དབང་བསྡུད་ཀྱིས༔ འགྲོ་བློ་དམ་པའི་ཆོས་ལ་བཟུང་༔ རྔ་སྒྲས་རྫོགས་ཆེན་གསུང་ལ་རོལ༔ རྔམས་ཆེན་དུཿ ཁ་ཚེ་ད་ན༔ ཕཊ་ཕཊ་སྒྲ་ཡི་སྣང་འབྱེད་ཀྱིས༔ ཏིང་འཛིན་སྔོན་རབས་གདུལ་བྱ་ལ༔ སྤོར་བ་ཅི་བཞིན་འདིར་ཡང་དེའི༔ རྟེན་འབྲེལ་མངོན་གྱུར་ས་མ་ཡ༔ ཨོཾ་བཛྲ་མྲི་ཏཾཀེ་ཧཱུྃ་སྭཱ་ཧཱ་ཕཊ༔ ཅེས་སོ༔ ཡང་སྤྱི་མཆོད་ལ༔ སྟོང་པའི་ངང་ལས་མཆོད་རྫས་རྣམས་འདོད་ཡོན་གྱི་ལྷ་མོ་མཆོད་སྤྲིན་རྒྱ་མཚོ་སྤྲོ་བར་གྱུར༔ ཨོཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ འོད་ཞུ་མཆོད་རྫས་སོ་སོ་ལ་ཐིམ་པས་ཐུགས་དམ་བསྐང་བའི་མཐར་ཐུག་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་༴ ནས་རཱུ་པ་༴ སྤརྴེ་ཨ་ཧཱུྃ༔ སྨན་མཆོད་བྱིན་བརླབས་ལ༔ སྭ་བྷ་ཝ་༴ སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་རྣམས་རིགས་ལྔ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བདེ་བ་ཆེན་པོའི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ཏེ་སྨན་ལ་ཐིམ༔ སྥ་ར་༴ སཾ་ཧ་༴ འཕྲོས་འདུས་སྦྱོར་བ་དང་ཐབས་གཅིག་ཏུ་རིགས་ལྔ་འོད་དུ་ཞུ་བས་བདུད་རྩི་དང་རོ་གཅིག་ཏུ་གྱུར་པས་དུག་གསུམ་རྩིར་བསྒྱུར་གྱི་ནུས་པ་དང་ལྡན་པ་ལ་རིགས་ལྔའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ ཨོཾ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱི་ཐ༔ རཀྟ་བྱིན་བརླབས་ནི༔ སྟོང་པའི་ངང་ལས་དམར་གྱི་དུང་ཆེན་ཡངས་པར་རཀྟའི་སྟེང་དུ་དུ་རཿལས་ལྷ་མོ་གིརྟི་དམར་མོ་གསལ་བའི་མཁའ་ལས་རཀྟ་ཆུ་རྒྱུན་བཞིན་བབས་པའི་འོད་ཟེར་གྱིས་ཁམས་གསུམ་གྱི་ཞེན་རྟོག་དང་བསྒྲལ་བའི་ཞིང་གྱུར་མཆོག་དང་མཆོག་ཕྲན་ཐམས་ཅད་ཀྱི་ཤ་ཁྲག་རུས་གསུམ་རཀྟའི་རྣམ་པར་བསྡུས་དེ་རཀྟ་ལ་ཐིམ༔ སྥ་ར་༴ སཾ་ཧ་༴ འཕྲོས་འདུས་སྦྱོར་བ་གྲུབ་པ་དང་ལྷ་མོ་ཡང་འོད་དུ་ཞུ་བས་སྟོང་ཉིད་བཅུ་དྲུག་གི་བདེ་ཆེན་གྱི་མཆོད་པར་དམིགས་ལ༔ ཨོཾ་མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཋ༔ གཏོར་མ་ལ༔ སྟོང་པའི་ངང་ལས་གཏོར་རྫས་དམ་ཚིག་གི་ལྷ་མོ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣམ་པར་གཅིག་ལས་དུ་མར་ཤར་བའི་ཆོ་འཕྲུལ་ཅན་དུ་བཞེངས་པས་རྒྱལ་བ་སྲས་བཅས་ཀྱི་ཐུགས་ལ་ལྡན་པའི་མཆོད་པར་གྱུར་པར་མོས་ལ༔ ཨོཾ་མ་ཧཱ་བྷིཾ་ཏ་ཧཱུྃ་ཧྲཱི་ཋ༔ དེ་ནས་སྦྱོར་བའི་མཆོད་པ་བྱིན་རླབས་ནི༔ སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ལྷ་མོ་དཀར་སེར་དམར་ལྗང་མཛེས་སྡུག་ལྟ་བས་མི་བཟོད་པའི་འཁྲུལ་མ་རག་གི་སྟབས་སྤྱོད་ཅན་རིན་ཆེན་པདྨ་རྒྱས་པ་དགའ་བ་བཅུ་དྲུག་གི་བདེ་སྒྲའི་ཞིང་ཁམས་རྒྱས་པར་འགེབས་པ་གྲངས་མེད་པར་གྱུར་བའི་སྐུ་ལ་འཕྲོས་འདུས་ཡུམ་ཆེན་ཐམས་ཅད་ཞུགས་པས་ལོངས་སྤྱོད་པའི་མཆོག་གི་རྒྱན་དུ་གྱུར༔ ཨོཾ་མ་ཧཱ་མུ་དྲ་སརྦ་མ་ཧཱ་སུ་ཁ་སྭཱ་ཧཱ༔ ཞེས་དང་༔ དྲག་པོ་སྒྲོལ་བའི་མཆོད་པ་ལ༔ སྟོང་པའི་ངང་ལས་ནང་དམ་རྫས་དྲག་པོ་དམར་གྱི་དབང་ལྔ་ཉིད་དགྲ་བགེགས་གནོད་བྱེད་བསྟན་དགྲའི་ཕུང་ལྔའི་རྣམ་པ་ལ་འཕྲོས་འདུས་འགུགས་བསྟིམ་གྱིས་རུ་ཏྲ་དངོས་སུ་གྱུར་ཏེ་བདག་ཉིད་དཔའ་བོའི་ཐུགས་ཀའི་འོད་ཟེར་གྱིས་རིགས་དྲུག་གི་ས་བོན་སྦྱངས་ཏེ་ཁམས་གསུམ་ཞིང་བསྒྱུར་གྱི་མཆོད་རྫས་དང་ཞིང་ཁམས་སུ་ཤར་བར་མོས་ལ༔ ཨོཾ་མ་ཧཱ་རཱ་ཛ་པཱུ་ཛ་སྭཱ་ཧཱ༔ ཞེས་སོ༔ དེ་ནས་གཞུང་དཀྱུས་ལ་ཞུགས་ནས་སྤྱན་འདྲེན་གྱི་འགོར༔ དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ༔ མགྲིན་པར་པདྨ་ལ་གནས་པའི་ཨཱཿདམར་པོ༔ སྙིང་ཁར་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ཀ༔ ལྟེ་བར་རཏྣ་ལ་གནས་པའི་སྭཱ་སེར་པོ༔ གསང་བར་རྒྱ་གྲམ་ལ་གནས་པའི་ཧཱ་ལྗང་ཁུ་རྣམས་གསལ་བ་ལས་འོད་འཕྲོས་པས་དབང་གི་ལྷ་ཞི་ཁྲོ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བྃ་ཧོ༔ མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པ་ལ་མོས་གུས་གདུང་ཤུགས་དྲག་པོའི་ཤུགས་བསྐྱེད་པ་དང་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཀྱི་ཆུ་རྒྱུན་བབས་པས་དབང་བསྐུར་བའི་དགོངས་པ་ལ་ཞུགས་ཏེ༔ ཇི་ལྟར་སྔོན་གྱི་རིག་འཛིན་ཀུན༔ དེ་བཞིན་གཤེགས་པར་དབུགས་དབྱུང་ནས༔ གཉིས་མེད་བདུད་རྩིའི་བྱིན་རླབས་ལྟར༔ དེ་བཞིན་འདི་ལའང་བརྒྱན་པར་བྱ༔ ཞེས་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བས་སྐུ་གང་དྲི་མ་དག༔ ཕུང་པོ་རིགས་ལྔའི་སངས་རྒྱས་སུ་གནས་འགྱུར༔ ཆུའི་ལྷག་མ་ཡར་ལུད་པ་སྤྱི་བོའི་གནས་ལྔར་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་ལྷ་ཞི་ཁྲོ་རིགས་ལྔའི་རྣམ་པར་གྱུར་ནས་ཆུ་ལྷག་དང་ཡེ་ཤེས་དབང་བསྐུར་གྱི་ལྷ་གཉིས་འོད་དུ་ཞུ་ནས་དབུ་རྒྱན་གྱི་ལྷ་དང་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་ཏུ་བརྟན་པར་མོས་ལ༔ དབང་གི་སྔགས་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཀྲོ་ཏ་ཛྙཱ་ནབཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཀྲོ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མ་ཏ་ཀྲོ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ན་ཀྲོ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲི་ཏྱ་ཨ་ནུཥྚ་ན་ཀྲོ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་སངས་རྒྱས་རིགས་ཀྱི་རིགས་ལྔ་རིགས་ཆུང་ཀུན་ལ་ཧེ་རུ་ཀ་གཙོ་བོར་བཞུགས་པས་དབུ་བརྒྱན་པར་བསམ༔ དེ་བཞིན་དུ་ཨ་དརྴ་སྔོན་དུ་བྱས་པའི་དབང་རྟགས་རྒྱས་གདབས་སུ༔ རྡོ་རྗེའི་རིགས་རྣམས་ལ་རྡོ་རྗེ་ཧེ་རུ་ཀ་༴ ས་མ་ཏ་གཙོ་བོར་བྱས་པའི་རྒྱས་དབང་རྟགས་ཀྱི༔ རིན་པོ་ཆེའི་རིགས་རྣམས་ཡོན་ཏན་ཧེ་རུ་ཀ་གཙོ་བོར་༴ པྲ་ཏྱ་བེཀྵས་སྣ་དྲངས་པའི་རྒྱས་དབང་རྟགས་མཚོན་པ་ལ༔ པདྨའི་རིགས་རྣམས་ལ་པདྨ་ཧེ་རུ་ཀ་གཙོ་བོར་༴ ཀྲི་ཏྱ་ཨ་ནུཥྛ་ནས་སྣ་དྲངས་བ་ལ༔ ལས་ཀྱི་རིགས་ཐམས་ཅད་ལ་ཀརྨ་ཧེ་རུ་ཀ་༴ ཡང་ཁྲོ་བོ་ལ༔ ཨོཾ་མ་ཧཱ་ཤུནྱ་ཏ་སོགས་ལྔ་མཚན་ལྔའི་དབང་བསྐུར་བས༔ རིགས་སོ་སོའི་བསྡུས་པའི་ལྷ་རྣམས་ལ་རང་རིགས་གཙོ་བོར་གྱུར་པའི་རིགས་ལྔ་ཞི་བས་དབུ་བརྒྱན༔ ཨོཾ་བཛྲ་ཧཱུྃ༔ ཞེས་བརྗོད་པས་གནས་ཡུལ་སྒོ་དབང་རྣམས་ལ་གསེར་དང་ལྕགས་ཀྱི་རྡོ་རྗེ་ཕྱེད་པ་རེའི་དབུ་བརྒྱན་པར་བསམ་མོ༔ སླར་ཡང་གནས་ལྔའི་ཡི་གེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་སེར་དམར་ལྗང་མཐིང་ཀའི་རྣམ་པར་བསྡུས་ནས་ཐིམ་པ་ལས༔ ཡི་གེ་རྣམས་ཡོངས་སུ་གྱུར་ནས༔ སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ༔ མགྲིན་པར་སྣང་མཐའ་དམར་པོ་པདྨ་འཛིན་པ༔ སྙིང་ཁར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པ༔ ལྟེ་བར་རིན་འབྱུང་སེར་པོ་ནོར་བུ་འཛིན་པ༔ གསང་བར་དོན་གྲུབ་ལྗང་གུ་རྒྱ་གྲམ་འཛིན་པས་རྒྱས་གདབ་པར་མོས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་༴ མ་ཧཱ་ཝཀྐ་༴ ཙིཏྟ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧོ༔ ཨོཾ་མ་ཧཱ་ཨ་ནུ་ར་ག་༴ མ་ཧཱ་པུ་ཛ་༴ སྤྱན་འདྲེན་ནི༔ སླར་ཡང་བྱིན་རླབས་ཀྱི་ལྷའི་གནས་གསུམ་རྡོ་རྗེའི་སྙིང་པོ་ལས་ ༼ དབང་མ་བསྐུར་ན་སླར་ཡང་གནས་གསུམ་རྡོ་རྗེའི་སྙིང་བོ་ཞེས་ཁ་བསྒྱུར། མཆན་ ༽ འོད་ཟེར་འཕྲོས་ནས་རྡུལ་སྙེད་ཀྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་བར་བསམ་ལ༔ གཞུང་གི་སྤྱན་འདྲེན་བརྗོད་དོ༔ དེ་ནས་སྤྱན་འདྲེན་གྱི་མཇུག་ཏུ༔ རང་གི་ཐུགས་ཀ་ནས་ལས་ཀྱི་སེམས་དཔའ་རྣམ་སྨིན་གྱི་ཆ་འཛིན་པ་ཞིག་འཕྲོས་ནས་གདན་སྟོབས་པ་དང་༔ ཕྱག་འཚལ་བ་དང་༔ མཆོད་ཅིང་བསྟོད་པའི་ལས་ལ་འཇུག་པར་བསམ་ལ༔ ཞེས་གཞུང་གི་བཞུགས་གསོལ་སོགས་ལ་འཇུག་གོ༔ འཛབ་དམིགས་འདོན་པའི་མཐར༔ བསྒྲང་ཕྲེང་བྱིན་རླབས་ལ༔ རྒྱུ་ཞི་བ་ལ་དུང་༔ ཁྲག་འཐུང་ལ་ཐོད་པ༔ ཞི་ཁྲོ་སྤྱི་དྲིལ་ལ་བྷོ་དྷི་ཙིཏྟ་དགོས་སོ༔ ཨོཾ་སྭ་བྷ་ཝ་༴ སྟོང་པའི་ངང་ལས་ལག་གཉིས་ནི༔ ཉི་ཟླའི་དཀྱིལ་འཁོར་ཡངས་པ་ལ༔ ཧཱུྃ་དང་ཨཱ་ཡིག་ཡོངས་གྱུར་ནས༔ ཀུན་བཟང་ཡབ་ཡུམ་སྙོམ་འཇུག་པའི༔ སེམས་སྤྲིན་ཉིད་ལས་ཕྲེང་ཐག་ནི༔ འོད་ཀྱི་ལུ་གུ་རྒྱུད་སྦྲེལ་བའི༔ སྐུར་སྨིན་མདོ་འཛིན་ཀུན་བཟང་དང་༔ ཆེ་མཆོག་ཡབ་ཡུམ་ཟུང་བཞིར་ཤར༔ སྐུ་གསུམ་ཆོས་དབྱིངས་ཡེ་ཤེས་མཚོན༔ རིལ་བུ་རིགས་བརྒྱ་ཞི་ཁྲོའི་སྐུ༔ བྱ་བྱེད་གཉིས་ལས་སྤྲུལ་པར་སྣང་༔ གྲངས་འཛིན་གནས་ཡུལ་མཁའ་འགྲོར་ལྡན༔ ཉི་ཤུ་རྩ་ལྔ་ཟུང་གཉིས་ནི༔ ཡེ་ཤེས་བཞི་ཡི་ཐུགས་མཚོན་ཏེ༔ གནས་ནས་འོད་འཕྲོས་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ནས༔ དམ་ཚིག་ལྷ་དང་གཉིས་མེད་གྱུར༔ ཀུན་ཀྱང་གསང་སྔགས་བཟླ་བསམ་ཞིང་༔ བྷོ་དྷི་ཙིཏྟ་དང༔ ཨོཾ་རུ་ཙི་ར་མ་ཎ་པྲ་ཝར་དྷ་ན་ཡེ་སྭཱ་ཧཱ༔ ཞེས་པས་བྱིན་གྱིས་བརླབས་ནས༔ ༼ ཕྱོགས་བཅུ་ན་སོགས་དང་ཨ་དཱི་ཀ་དཱི་རྟེན་འབྲེལ་སྙིང་པོ་སོགས་ཀྱིས་རབ་གནས་དང་བཀྲ་ཤིས་བརྗོད། མཆན་༽ རྟེན་བཞུགས་མཐར༔ འཁྲིལ་སྦྱོར་དགྱེས་བདེའི་འོད་དུ་ཞུ༔ རྣམ་པ་ཐིག་ལེའི་ཕྲེང་རྡོག་གིས༔ བུང་བ་ཚང་ཞིག་ལྟ་བུ་ཡིས༔ སྔགས་ཀྱི་རང་སྒྲ་སྒྲོགས་བསམ་ཞིང་༔ གཞུང་གི་རྩ་སྔགས་ཉིད་ལ་འཇུག༔ ཡང་བསྙེན་བསྒྲུབ་ཡན་ལག་བཞི་པའི་བསྙེན་དམིགས་ཀྱི་རྣམ་གྲངས་ཅུང་ཟད་སྤྲོ་ན༔ རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཙིཏྟ་འབར་བའི་དབུས་སུ་ཡེ་ཤེས་སེམས་དཔའ་གཅེར་བུ་ཕྱག་རྒྱ་དང་ཕྱག་མཚན་རང་འདྲ་བ་རེ་རེ་གསལ་བའི་ཐུགས་དབུས་སུ་ཞི་བ་ལ་ཟླ་དཀྱིལ་དང་༔ ཁྲོ་བོ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ངམ་རང་རྒྱུ་ས་བོན་ལ་ཞི་བ་ལ་བྷོ་དྷི་ཙིཏྟ་དང་༔ ཁྲོ་བོ་ལ་རུ་ལུ་འབྲུ་བརྒྱད་དམ་ཡང་ན་བསྐྱེད་བཟླས་ཀྱི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཀར་པོ་ཕར་འཕྲོས་བདུན་བསྐྱེད་དང་རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་འབུལ་ཏེ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོངས་ཞིག་པར་བསྐུལ་བས༔ ལྷ་ཚོགས་རྣམས་ཀྱི་ཐུགས་ལས་འོད་ཟེར་གྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རིགས་དྲུག་གི་ས་བོན་བག་ཆགས་སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས་གཏོར་བར་བསམ་ལ༔ རྩ་སྔགས་བཟླ༔ ཉེ་བསྙེན་ལ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བ་དང་༔ དེ་ལས་ཀྱང་ཆེར་ཡབ་ཡུམ་བདག་མདུན་གྱི་བར་དུ་འཁོར་བའི་འོད་ཟེར་དམར་པོ་དང་བཅས་པས་བདག་སོགས་སེམས་ཅན་ཐམས་ཅད་ལ་རྡོ་རྗེ་གསུམ་གྱི་དབང་གིས་རྒྱུད་སྨིན་པར་གྱིས་ཤིག་པར་བསྐུལ་བས་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བའི་མོས་པས༔ རྩ་སྔགས་ལ་ཛཿཧཱུྃ་ཨཱ༔ བཏགས་ནས་བཟླའོ༔ བསྒྲུབ་པ་ལ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་གདན་ལ་བབས་ནས་འོད་ཟེར་དམར་པོ་ཕར་འཕྲོས་པས་སྐུ་གསུང་ཐུགས་རྡོ་རྗེ་དང་དབྱེར་མེད་པར་སྦྱོར་ཞིག་པར་བསྐུལ་བས་རྡོ་རྗེ་གསུམ་གྱི་དངོས་གྲུབ་འོད་ཕུང་མཐིང་ཀའི་རྣམ་པར་སྩོལ་བར་བསྒོམ་ལ༔ རྩ་སྔགས་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཏགས་ལ་བཟླ༔ དེ་དང་རྗེས་འབྲེལ་དུ་ལས་སྦྱོར་ནི་སྔ་གྲོ༔ རང་དང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་དཀར་པོ་འཕྲོས་པས༔ རྒྱལ་བའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཞི་བ་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་གསང་སྔགས་ཀྱི་སྙིང་པོའི་བརྒྱན་པའི་འོད་ཟེར་དཀར་པོའི་གཟུགས་ཅན་ནད་གསོས་སྨན༔ འཆི་སོས་ཀྱི་བདུད་རྩིའི་ངོ་བོ་ཅན་དུ་བྱུང་ནས་བདག་ལའང་ཐིམ་པས་ཞི་བའི་ཕྲིན་ལས་ལ་དབང་བསྒྱུར་བ་དང་༔ སླར་ཡང་བདག་གི་ཐུགས་ཀའི་འོད་ཟེར་དང་བཅས་པས་སེམས་ཅན་གྱི་གནས་ཐམས་ཅད་གང་ཞིང་སོ་སོ་རང་རང་གི་རྒྱུད་ཀྱི་རྒྱུ་ཀུན་འབྱུང་ཉོན་ཤེས་ཀྱི་རྟོག་སྒྲིབ༔ འབྲས་བུ་རིགས་དྲུག་སྤྱི་དང་བྱེ་བྲག་ལྷག་པའི་ཕུང་ལྔའི་ཉེར་ལེན་ལ་སྨིན་པ་ནད་བཞི་བརྒྱ་རྩ་བཞིའི་གདུང་བ༔ གདོན་སྟོང་ཕྲག་བརྒྱད་ཁྲིའི་ཉེ་ཞོ༔ རྐྱེན་ཉི་ཁྲི་ཅིག་སྟོང་གི་འདུ་བ༔ དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག༔ གཤིས་ངན་འགུམ་པ་བརྒྱད་ཅུ༔ གློ་བུར་དུ་འཆི་བའི་རྒྱུ་དགུ་ལ་སོགས་དགྲ་གདོན་བགེགས་ཀྱི་གནོད་སེམས༔ འབྱུང་བ་འཁྲུགས་པའི་ཉེན་འགྱུར་ཐམས་ཅད་ཞི་ཞིང་ཤར་ཕྱོགས་མངོན་པར་དགའ་བའི་དཔལ་ཡོན་ཡོངས་སུ་རྫོགས་ཤིང་སྐྱེ་འགྲོ་སེམས་ཅན་ཀུན་ཀྱང་གཞིར་བཞེངས་རྡོ་རྗེའི་རིགས་ཀྱི་ལྷ་ཤ་སྟག་དུ་གྱུར་ནས་གསང་སྔགས་ཀྱི་རང་སྒྲ་ཚངས་དབྱངས་ཀྱིས་འདྲེན་པར་བསམ་ལ༔ རྩ་སྔགས་ཨོཾ་སརྦ་དུཿཁ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་ཉིན་གུང་རྒྱས་པ་ལ༔ བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གསེར་སྦྱང་གི་ཁ་དོག་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་རྒྱས་པ་རིན་ཆེན་རིགས་ཀྱི་ཕྱག་རྒྱ་གསང་སྔགས་ཀྱི་སྙིང་པོའི་བརྒྱན་པའི་འོད་ཟེར་སེར་པོའི་གཟུགས་ཅན་དུ་བྱུང་ནས་བདག་ལའང་ཐིམ་པས་རྒྱས་པའི་ཕྲིན་ལས་ལ་དབང་བསྒྱུར་བ་དང་༔ སླར་ཡང་བདག་གི་ཐུགས་ཀའི་འོད་ཟེར་དང་བཅས་པས་སེམས་ཅན་གྱི་གནས་ཐམས་ཅད་གང་ཞིང་༔ སོ་སོའི་རང་རང་གི་རྒྱུད་ཀྱི་ཟག་པ་ཚེ་ཉམས་པ་དང་དམན་པ༔ བསོད་ནམས་ཉམས་པ་དང་དམན་པ་ཁ་རྗེ་༴ དབང་ཐང་༴ སྟོབས་༴ འབྱོར་པ་༴ གཡང་ཉམས་༴ གཟི་བྱིན་༴ རླུང་རྟ་༴ བླ་གཟའ་༴ སྲོག་དབུགས་༴ མདངས་༴ མངོན་མཐོའི་ཡོན་ཏན་ཉམས་པ་དང་དམན་པ༔ ཆོས་སྲིད་ཀྱི་དཔལ་ཉམས་པ་ལ་སོགས་པ་རྒུད་པ་མཐའ་དག་གི་རྒྱུ་ཉོན་མོངས་པ་ང་རྒྱལ་གྱི་གཙོས་འབྲས་བུ་གནས་རིགས་སྤྱི་དང་བྱེ་བྲག་གི་རྣམ་སྨིན་ཐམས་ཅད་སྦྱངས་ནས༔ ཐུན་མོང་གི་འབྱོར་བ་དྲུག་སོགས་མངོན་མཐོའི་དཔལ་དང་༔ ཐུན་མིན་ལྷོ་ཕྱོགས་དཔལ་དང་ལྡན་པའི་རྟེན་དང་བརྟེན་པའི་ཡོན་ཏན་ཡོངས་སུ་རྫོགས་ཏེ་སྐྱེ་འགྲོ་སེམས་ཅན་ཀུན་ཀྱང་གཞིར་བཞེངས་ཡོན་ཏན་རིགས་ཀྱི་ལྷ་ཤ་སྟག་དུ་གྱུར་ནས་གསང་སྔགས་ཀྱི་རང་སྒྲ་ཚངས་པའི་དབྱངས་ཀྱིས་འདྲེན་པས་ལྟས་ཆེན་པོ་ལྔ་དང་བཅས་ཏེ་འཁྲུལ་པ་གཞི་ལ་བཤིགས་པར་བསམ་ཞིང་༔ རྩ་སྔགས་མཐར་ཨོཾ་སརྦ་པུཎྱེ་པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ༔ དགོང་མོ་དབང་ལ༔ བདག་མདུན་གྱི་ཐུགས་ཀའི་འོད་ཟེར་དམར་པོ་འཕྲོས་པས་རྒྱལ་བའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་དབང་ཕྱུག་པདྨའི་རིགས་ཀྱི་ཕྱག་རྒྱ་གསང་སྔགས་ཀྱི་སྙིང་པོའི་བརྒྱན་པའི་འོད་ཟེར་དམར་པོའི་ཁ་དོག་ཅན་དུ་བྱུང་ནས་བདག་ལའང་ཐིམ་པས་དབང་གི་ཕྲིན་ལས་ལ་རང་སྟོབས་རྙེད་ནས༔ སླར་ཡང་བདག་གི་ཐུགས་ཀའི་འོད་ཟེར་དང་བཅས་པས་སེམས་ཅན་གྱི་གནས་ཐམས་ཅད་ཁྱབ་ཅིང་སོ་སོའི་རང་རང་གི་རྒྱུད་ཀྱི་རང་དབང་ཉམས་པ༔ གཞན་དབང་ལ་བཀོལ་བ༔ ཆོས་སྲིད་འཁོར་འདས་མཆོག་ཐུན་ཡོན་ཏན་གྱི་དབང་སྐལ་ཉམས་རྒུད་དམན་པ༔ སྒྲིབ་གསུམ་གྱིས་ཟས་ལ་མི་དབང་བ༔ དགྲ་གདོན་གྱིས་ནོར་ལ་༴ སྲོག་ལེན་གྱིས་གསོན་ལ་༴ བསོད་ནམས་ཀྱིས་འབྱོར་བ་ལ་༴ ལས་སྨོན་གྱིས་ཆོས་ལ་མི་དབང་བ་ལ་སོགས་པའི་རྒྱུ་ཉོན་མོངས་འདོད་ཆགས་གཙོ་བས་འབྲས་བུ་གནས་རིས་སྤྱི་སྒོས་ཀྱི་རྣམ་སྨིན་ཐམས་ཅད་སྦྱངས་ནས༔ མོས་པ་བཞི་དང་༔ ཕྲ་ཞིང་ཡང་པ་སོགས་འཇིག་རྟེན་གྱི་དབང་ཕྱུག་བརྒྱད༔ གྲུབ་པ་བརྒྱད་སོགས་ཐུན་མོང་གི་དབང་ཕྱུག༔ དབང་བཅུ་སོགས་འཕགས་པའི་དབང་ཕྱུག༔ སྐུ་ཡི་དབང་ཕྱུག་སོགས་སངས་རྒྱས་ཀྱི་དབང་ཕྱུག་ལ་སོགས་པ་ཐམས་ཅད་དང་༔ ཁྱད་པར་དུ་ནུབ་ཕྱོགས་བདེ་བ་ཅན་གྱི་རྟེན་དང་བརྟེན་པའི་དབང་ཕྱུག་ཡོངས་སུ་རྫོགས་པར་བྱས་ནས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་གཞིར་བཞེངས་པདྨའི་རིགས་ཀྱི་དཀྱིལ་འཁོར་ཤ་སྟག་དུ་གྱུར་ནས་གསང་སྔགས་ཀྱི་རང་སྒྲ་ཚངས་པའི་དབྱངས་ཀྱིས་འདྲེན་པས་ལྟས་ཆེན་པོ་བཅོ་ལྔས་འཁྲུལ་བ་གཞི་ལ་བཤིགས་པར་བསམ་ལ༔ རྩ་སྔགས་མཐར་ཨོཾ་སརྦ་ཤྭ་ར་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྲོད་ལ་དྲག་པོའི་ཕྲིན་ལས་བསྒྲུབ་པ་ནི༔ བདག་མདུན་གྱི་ཐུགས་ཀའི་འོད་ཟེར་ལྗང་གུ་འཕྲོས་པས་བསྐུལ་ནས༔ རྒྱལ་བའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཕྲིན་ལས་ཐོགས་མེད་ཀྱི་རིགས་ཀྱི་ཞི་དྲག་གི་ཕྱག་རྒྱ་གསང་སྔགས་ཀྱི་སྙིང་པོའི་བརྒྱན་པའི་འོད་ཟེར་ལྗང་གུའི་ཁ་དོག་དུ་བྱུང་ནས་བདག་ལ་ཐིམ་པས་དྲག་པོའི་ཕྲིན་ལས་ལ་རང་སྟོབས་རྙེད་ནས༔ སླར་ཡང་བདག་གི་ཐུགས་ཀའི་འོད་ཟེར་དང་བཅས་པ༔ ཁྲོ་བོ་འཆོལ་བ་དང་མཚོན་ཆ་སྣ་ཚོགས༔ ཁ་དོག་ལྔ་ལྡན་གྱི་མེ་ཆར༔ དུག་ཐུན་རྫས་ངན་གྱི་སྐྱིན་ཐང་༔ འཛིན་སྒྲོལ་གྱི་ཀིང་ཆེན༔ ཟ་བྱེད་ཀྱི་ཕྲ་མེན་ལ་སོགས་པར་འཕྲོས་ནས༔ དམྱལ་བའི་མེ་ཡང་འབར་བའི་མེས་བསྲེགས༔ དུས་ཀྱི་སྤྱི་དགྲ་ཡང་ཁྲོ་བོ་འཆོལ་བས་ཁྱུར་མིད་དུ་བྱས༔ རྡོ་རྗེའི་ལུས་ཀྱང་མཚོན་ཆའི་འཁོར་ལོས་གཏུབས༔ མངོན་ཤེས་བཅོ་བརྒྱད་ཐོབ་པའི་དྲང་སྲོང་ཡང་དུག་དང་ཐུན་རྫས་སྣ་ཚོགས་ཀྱིས་རྨོངས་པར་བྱས་ནས༔ དྲག་ཤུལ་གྱི་ལས་ཐབས་བཅུ་གཉིས་དང་༔ ལྟས་ཆེན་པོ་བཅོ་ལྔ༔ སྦྱོར་སྒྲོལ་གྱི་བརླང་སྤྱོད་དྲག་པོའི་དགྲ་བགེགས་གནོད་བྱེད་ལས་དང་བཅས་པའི་མཚོན་ཁམས་གསུམ་དུས་གཅིག་ལ་བསྒྲལ་ནས༔ ལས་ངན་གྱི་སྐྱེ་རྒྱུན་བཅད༔ རྣམ་སྨིན་གྱི་སྡུག་ཡུན་བསྟུང་༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲངས་ནས་ལས་རབ་གྲུབ་པའི་ཕྲིན་ལས་ཡོངས་སུ་རྫོགས་ནས༔ སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀརྨའི་རིགས་ཀྱི་དཀྱིལ་འཁོར་དུ་འཁོད་པར་བསམ་ལ༔ རྩ་སྔགས་མཐར༔ ཨོཾ་སརྦ་བིགྣན་ཤ་ཏྲུཾ་མ་ར་ཡ་ཕཊ༔ ཅེས་སོ༔ ཡང་ན་གཅིག་པོ་འདིའི་ཀྱང་ཆོག་སྟེ༔ བདག་མདུན་གྱི་ཐུགས་ཀའི་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་ཏེ་ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྐུ་དེ་བཞིན་གཤེགས་པའི་ཕྱག་རྒྱ་སྙིང་པོའི་བརྒྱན་པའི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བྱུང་ནས་བདག་ལ་ཐིམ་པས་ཞི་རྒྱས་དབང་དྲག་ཐུན་མཆོག་གི་ཕྲིན་ལས་ཐམས་ཅད་ལ་རང་སྟོབས་རྙེད་དེ༔ སླར་ཡང་བདག་གི་ཐུགས་ཀའི་འོད་ཟེར་དང་བཅས་པས་སེམས་ཅན་གྱི་གནས་ཐམས་ཅད་ཁྱབ་ཅིང་བརྡལ་ནས་གནས་སྐབས་ཀྱི་འགལ་རྐྱེན་ཐམས་ཅད་བསལ༔ མཐུན་རྐྱེན་མཐའ་དག་བསྒྲུབ་པ་དང་ཆབ་གཅིག་ཏུ་ཁྱད་པར་བའི་ཡོན་ཏན་འོད་ཟེར་འབར་བའི་འཇུ་འདུལ་བྱིན་བརླབས་ཀྱིས་འགྲོ་ཀུན་རིགས་ལྔའི་དཀྱིལ་འཁོར་ཆེན་པོར་བཀོད་པས༔ གསང་སྔགས་ཀྱི་རང་སྒྲས་སྲིད་པ་གཞི་ལ་བཤིགས་པར་བསམ་ལ༔ རྩ་སྔགས་མཐར༔ ཨོཾ་སརྦ་ཀརྨ་ཨ་མོ་གྷ་སིདྡྷི་ཕ་ལ༔ ཞེས་བྱའོ༔ དེ་ནས་བསྒྲུབ་པ་ཆེན་པོ་ནི༔ ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་དངོས་གྲུབ་མཆོག་ཐུན་ཐམས་ཅད་འོད་ཟེར་མཐིང་ཀའི་རྣམ་པར་བྱུང་ནས་བདག་དང་སེམས་ཅན་ཐམས་ཅད་ལ་ཐིམ་པས་སྒྲིབ་པ་བཞི་དག༔ དབང་མཆོག་བཞི་ཐོབ༔ རིག་འཛིན་བཞིར་སྨིན༔ ཡེ་ཤེས་བཞི་མངོན་དུ་གྱུར༔ སྐུ་བཞིའི་ཡོན་ཏན་རྫོགས་པར་བསམ་ལ༔ ཞེས་རྩ་སྔགས་མཐར་ཨོཾ་ཨཱཿཧཱུྃ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་སོ༔ ཉི་མ་བདུན་དང་བཅུ་ལ་སོགས༔ དངོས་གྲུབ་ཞུ་བ་ཉིད་ཡིན་ནོ༔ དེ་ལྟར་གནད་དང་ལྡན་པ་ན༔ ལྷ་ཚོགས་དབང་བྱིན་དངོས་གྲུབ་ཀུན༔ ལག་བཅིངས་ཡིན་པར་གདོད་མི་ཟ༔ གཉིས་པ་ཚོམ་བུ་ཚོགས་བསྒྲུབ་བམ༔ མིན་ཀྱང་ཕྱག་སྲོལ་ཡོད་པས་ན༔ ཚོགས་ཀྱི་འཁོར་ལོ་བསྐོར་འདོད་པས༔ ཕུན་ཚོགས་ལྔ་ཡི་གཞི་བཟུང་ལ༔ བརྡ་དང་བརྡ་ལན་མཁས་པ་ཡིས༔ ནང་གཞུགས་བསླབ་རིམ་རིགས་གྲལ་སོགས༔ མ་ནོར་གྲལ་ཚུལ་ཕྱག་བཅས་འཁོད༔ དེ་ནས་དཀྱིལ་འཁོར་གཞུང་བསྲང་རྟིང་༔ ལས་ཀྱི་རྡོ་རྗེས་འདི་སྐད་ཞུ༔ ཧོ༔ མི་གནས་པའི་ཡེ་ཤེས་ཆེན་པོའི་མངའ་བདག་བླ་མ་རྡོ་རྗེའི་སློབ་དཔོན་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བུམ་པ་དབུར་བཞུགས་པའི༔ རྣལ་འབྱོར་བ་མཆེད་དང་ལྕམ་དྲལ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ དེང་ཚོགས་ཀྱི་སྤྱོད་པ་རྨད་དུ་བྱུང་བས་ས་ལམ་ཐོད་རྒལ་དུ་བསྒྲོད་པའི་ཕྱིར་དང་༔ སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་སྒྲིབ་གཉིས་རྣམ་པར་དག་ནས༔ སྐུ་གཉིས་མངོན་དུ་བྱ་བའི་སླད་དུ་ཕུན་སུམ་ཚོགས་པ་ལྔའི་གཞི་བཟུང་སྟེ༔ ཆོ་ག་ལྔ་རྫོགས་པར་བྱས༔ སྤྱི་དང་ཁྱད་པར་གྱི་དམ་རྫས་མཐའ་དག་ཚོགས་ཟིན་ན༔ ག་ཎའི་མཆོད་པ་བྱིན་གྱིས་རློབས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཐུགས་ལ་བཏགས་པར་ཞུ༔ དེ་ནས་ཚོགས་བསྒྲལ་འགོར༔ ཚོགས་སྣོད་དེ་ཉིད་ལས་ཀྱི་གཤིན་རྗེ་འབར་བའི་ཧོམ་ཁུང་དུ་ཚོགས་ཐ་མ་དགྲ་བགེགས་དངོས་སུ་གསལ་ལ༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་ཅན་ཆོས་ཉིད་བདེན་གཉིས་བསླུ་བ་མེད་པའི་བདེན་སྟོབས་དང་༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ཀྱིས༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཞིང་བཅུ་ཚང་བ་ཉམས་པ་བདུན་ལ་གཏོགས་པ༔ སངས་རྒྱས་ཀྱི་བསྟན་པ་བཤིགས་པ༔ སེམས་ཅན་གྱི་བདེ་སྐྱིད་འཕྲོགས་པ༔ གསང་སྔགས་རྡོ་རྗེ་ཐེག་པ་ལ་ལོག་པར་ལྟ་བ༔ དམ་ཚིག་གི་སེལ་བྱེད་པ༔ བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཚོགས་ཐ་མ་བསྒྲལ་བའི་རྫས་སུ་བཅད་པ་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཞེས་སོ༔ དེ་ནས་བསྐང་རྫས་བྱིན་རླབས་ནི༔ སྭ་བྷ་ཝས་སྟོང་བར་སྦྱངས༔ སྟོང་པའི་ངང་ལས་ཞིང་ཁམས་རྣམ་པར་དག་པའི་དབུས་སུ་ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཧཱུྃ་རྣམས་ལས་འོད་འཕྲོས་ཏེ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཀྱི་དཔལ་ཡོན་དང་སྲིད་པ་གསུམ་གྱི་དྭངས་མ་ཐམས་ཅད་བསྡུས་ཏེ་བསྐང་རྫས་རྣམས་ལ་ཐིམ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ འཕྲོ་འདུས་ཡོངས་སུ་གྱུར་བ་ལས༔ ཞིང་ཁམས་བསམ་གྱིས་མི་ཁྱབ་པ་བསྒྲང་བ་ལས་འདས་པའི་དཀྱིལ་འཁོར་སོ་སོ་ལ༔ གསེར་གྱི་ཕྱེ་མ༔ གཡུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཀྲམ་ཁྲོད༔ བདུད་རྩིའི་ཆུ་ཀླུང་༔ དཔག་བསམ་གྱི་ཤིང་༔ རིན་ཆེན་དང་དྲིལ་གཡེལ་གྱི་ཙོང་ཙོང་གིས་བརྒྱན་པ༔ དར་ཟབ་སྣ་ཚོགས༔ ནོར་བུ་ཆ་བདུན༔ རྒྱལ་སྲིད་བདུན༔ བཀྲ་ཤིས་པའི་རྫས་རྟགས་བརྒྱད༔ ནོར་བུའི་རྡུལ་བརྩེགས་པའི་ལྷུན་པོ་ལ་སོགས་པ་དང་༔ བཟའ་བཅའ་བཏུང་བ་རྒྱན་གོས་ནོར་དང་རྐང་འགྲོའི་སྣ་དགུ༔ འཇིག་རྟེན་ན་གྱ་ནོམ་པའི་དངོས་པོ་ཡོད་རིགས་དང་༔ རྣམ་པར་དག་པའི་རང་སྣང་གི་ཉེར་སྤྱོད་དང་༔ ཕྱག་རྒྱའི་ལྷ་མོས་འདོད་ཡོན་སྣ་ཚོགས་ཐོགས་པ༔ གླུ་གར་བདེ་ཆེན་གྱི་རང་སྒྲ་སྒྲོགས་པ༔ དྲག་པོའི་མཆོད་པ་སྣ་དགུ་སོགས་ཚང་ཞིང་༔ ཡིད་དུ་འོང་བར་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ནམ་མཁའི་མཛོད་སྔགས་དང་མཆོད་པའི་སྤྲིན་གཟུངས་ཀྱིས་སྤེལ་ལོ༔ དེ་ནས་ལྷག་ཞུས་ནི༔ ཧོ༔ མི་གནས་པའི་ཡེ་ཤེས་ཀྱི་མངའ་བདག་ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་སྐུར་བཞེངས་པ་བླ་མ་རྡོ་རྗེ་འཛིན་པ་རིག་མཆོག་གཟུངས་ཀྱི་ལྷ་མོ་དང་བཅས་པ་དབུར་བཞུགས༔ བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་ཚོམ་བུ་གཅིག་ཏུ་འཚོགས་པའི་རྣལ་འབྱོར་མཆེད་ལྕམ་རྣམས་སྙན་གསན་ཅིང་དགོངས་སུ་གསོལ༔ དེང་ཡར་གྱི་གནས་རྣམས་མཆོད་ཟིན་ནས་སླས་སུ་འཁོད་པའི་དམ་ཚིག་ལྡན་པའི་འདུ་བ་རྣམས་ཀྱི་བཞེད་པའི་ཕྱིར་དུ་ལྷག་མ་བྱིན་གྱིས་བརླབས་པ་ལ་ཐུགས་གཏད་བར་ཞུ༔ དེ་ནས་རྣལ་འབྱོར་རྣམས་ཀྱིས༔ ཨོཾ་སྭཱ་བྷ་ཝས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ལྷག་གཏོར་ཨཱཿལས་བྷནྡྷ་ལྕང་ལོ་ཅན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་རྫས་ཤ་ལྔ་བདུད་རྩི་ལྔ་དང་འདོད་ཡོན་གྱི་ལོངས་སྤྱོད་མ་ཚང་བ་མེད་པ་ལ་དབང་ཆེན་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་འོད་ཟེར་འབར་བའི་ཕབས་ཀྱིས་བྲན་པས་ཕྱོགས་བཅུའི་ཞིང་གི་བདུད་རྩི་ཐམས་ཅད་པའི་ཁ་དོག་དྲི་རོ་ནུས་ལྡན་དུ་བྱིན་གྱིས་བརླབས་པར་གྱུར༔ ཨོཾ་ཨུཥྩི་ཌ་བྷིང་ཏ་པཉྩ་ཨ་མྲི་ཏ་ཨཱཿཧཱུྃ༔ ཞེས་དང་༔ ཨཱཿཀ་རོས་བརླབས་ལ༔ དེ་ནས་གླུ་ཞུས་ནི༔ ཧོ༔ མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་དགོངས་སུ་གསོལ༔ སྤྱོད་པ་ཀུན་གྱི་གྲོགས་བླ་ན་མེད་པ་རྡོ་རྗེའི་གླུ་གར་དུ་བསྔགས་པའི་མེ་ཏོག་གི་མཆོད་པས་རྒྱས་པ༔ གྲགས་སྟོང་ཆོས་ཉིད་ཀྱི་སྒྲ་བསམ་མི་ཁྱབ་པའི་གསང་བ་ཆེན་པོ་ལ་ཐུགས་གཏད་པར་ཞུ༔ ཞེས་སོ༔ དེ་ནས་ཆད་མདོ་བྱིན་བརླབས་ནི༔ སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་གཅིག་དུ་གྱུར༔ ཞེས་དང་༔ བརྟན་གཏོར་ལ་བཤལ་ཆུ་མེད་ན་བརྟན་མ་མི་ཚིམ་པས་ན་གཏོར་སྣོད་བཤལ་ལ༔ ཏྲཾ་རཏྣ་ཏྲེ་ལོ་ཀྱ༔གཏོར་མའི་རྡུལ་ཕྲན་རེ་རེའང་རིན་པོ་ཆེའི་ཁང་བ་ཀ་ཆ་དཀོར་ཆ་སྤྱན་གཟིགས་འདོད་ཡོན་གྲངས་མེད་པ་འཕྲོ་བའི་རང་བཞིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་མཐར་བརྟན་མ་མཆོད་དོ༔ དེ་ནས་བྲོ་མནན་ནི༔ གཏོར་གཞོང་ཁ་སྦུབས་པས་དམ་ཆོས་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་ཐམས་ཅད་ནུབ་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོངས་སྲུང་མའི་སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཀའ་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པའི་༴ རྟེན་འབྲེལ་བསླུ་བ་མེད་པའི་༴ ཁྱད་པར་དུ་ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདེན་པས༔ སངས་རྒྱས་བསྟན་པའི་སྤྱི་དགྲ༔ རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ༔ རྣལ་འབྱོར་བདག་གི་དགོས་དགྲ༔ སེམས་ཅན་ཀུན་གྱི་ཕུང་སྲི༔ རྣལ་འབྱོར་རྣམས་ཀྱི་དམ་སྲི༔ སྐྱེ་རྒྱུད་ཡོངས་ཀྱི་རྒབ་འདྲེ༔ ལམ་བྱང་ཆུབ་གཉན་པོ་ལས་ལོག་པར་འདྲེན་པ༔ ཉམས་ཏིང་ངེ་འཛིན་ལ་བསླུ་བྲིད་སྦྱོར་བ༔ ས་ལམ་གྱི་བར་ཆད་བྱེད་པ་གཟུགས་ཅན་གཟུགས་མེད་གནོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་རོལ་དུ་ཁུག་ཅིག༔ ནྲི་ཨ་ཀརྴ་ཡ་ཛ་ཛ༔ ཏྲི་ཨ་ཀརྴ་ཡ་ཛ་ཛཿ དྲག་རོལ་མཐར་རྟ་བྲོ་བརྡུང་ངོ་༔ དེ་ནས་མཆོད་པ་བྱིན་བརླབས་ནི༔ རང་ཉིད་ལས་ཀྱི་སེམས་དཔར་གསལ་བའི་ཐུགས་ཀ་ནས་ཡི་གེ་ཨ་དྷུ་པུ་ཧྲཱིཿ་གན་ཨོཾ་ཨཱ་ཧཱུྃ་ར་ཏྲཾ་རྣམས་འཕྲོས༔དེ་ནས་འོད་ཟེར་དཔག་ཏུ་མེད་པས་འཁོར་འདས་གཉིས་ཀྱི་མཆོད་རྫས་ཐམས་ཅད་ཀྱི་དྭངས་བཅུད་བསྡུས་ཏེ་མཆོད་པའི་རྫས་ལ་ཐིམ་པར་བསམ༔ ཨོཾ་མ་ཧཱ་སུ་ཁ་ས་མནྟ་བྷ་དྲ་པཱུ་ཛ་ཧཱུྃ༔ ཨོཾ་མ་ཧཱ་སུ་ཁ་དེ་ཝ་དྷུཔྤེ་དྷུ༔ པུཥྤེ་པཱུ༔ ཨ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ཨོཾ་མ་ཧཱ་པཉྩ་ཨ་མྲི་ཏ་ཧཱུྃ༔ མ་ཧཱ་རཀྟ་ར༔ བྷ་ལིངྟ་ཨོཾ༔ ཨོཾ་མ་ཧཱ་སུ་ཁ་བྷོ་དྷི་ཙིཏྟ་ཏ་ན་ག་ཎ་ཀྲོ་ཏ་ཨིནྜ་པཉྩ་པཱུ་ཛ་མ་ཧཱུ་སུ་ཁ་ཛྙཱ་ན་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཞེས་བྱིན་གྱིས་རླབས་པས་མ་དག་པའི་སྐྱོན་ཐམས་ཅད་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་མཆོད་རྫས་ཟད་མི་ཤེས་ཤིང་གོང་དུ་འཕེལ་བའི་རང་བཞིན་དུ་གྱུར༔ མཆོད་པའི་མཇུག་ཏུ༔ ཨོཾ་མ་ཧཱ་སུ་ཁ་ས་མནྟ་བྷ་དྲ་པཱུ་ཛ་ཁཱ་ཧི༔ ཞེས་གོང་གི་མཆོད་སྔགས་ལ་ཁཱ་ཧི་བཏགས་པས་མཆོད་ཅིང་དེའི་མཐར་བསྟོད་པ་ལ༔ སླར་ཡང་མཆོད་པའི་ལྷ་མོ་དཔག་ཏུ་མེད་པའི་ཕྱག་ནས་རོལ་མོའི་སྒྲ་སྣ་ཚོགས་དང་བསྒྲགས་ནས་ལྷ་ཚོགས་རྣམས་ཀྱི་ཡོན་ཏན་རྗེས་སུ་བརྗོད་པའི་བསྟོད་པ་གླུ་ཡི་མཆོད་པ་འབུལ་བར་བསམ་ལ༔ གཞུང་གི་བསྟོད་པའི་མཐར་རོལ་མོ་དང་བཅས་པས་བསྟོད་དོ༔ གཏོར་གཞོང་ཡར་བསྟན་པས་རྣལ་འབྱོར་བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཟླ་བ་ཡར་གྱི་ངོར་ལྟར་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག༔ ཨོཾ་བྷྲཱུཾ་ཨ་ཡུཿཥེ་པུཎྱེ་ཛྙཱ་ན་གུ་ཎ་ཀརྨ་པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སོ༔ དེ་ནས་ལུས་བསྲུང་ནི༔ ཨོཾ༔ ལུས་ནི་ཡེ་ནས་རྒྱལ་བའི་སྐུ༔ མ་རྟོགས་སྐྱེ་འཇིག་དངོས་པོར་འཁྲུལ༔ ད་ནི་གནས་ལུགས་མངོན་བྱས་ནས༔ འགྱུར་མེད་རྡོ་རྗེའི་རྒྱས་གདབས་པོ༔ ཨོཾ་བཛྲ་ཀ་ཡ་མུ་དྲ་ཧོ་ཏིཥྛ་ལྷན༔ ཨཱ༔ ངག་ནི་ཡེ་ནས་རྡོ་རྗེའི་གསུང་༔ མ་རྟོགས་རྟག་ཆད་དངོས་པོར་འཁྲུལ༔ ད་ནི་གནས་ལུགས་མངོན་བྱས་ནས༔ གཞོམ་མེད་རྡོ་རྗེའི་རྒྱས་གདབས་པོ༔ ཨཱ་བཛྲ་ཝཀྐ་མུ་དྲ་ཏིཥྛ་ལྷན༔ ཧཱུྃ༔ སེམས་ནི་ཡེ་ནས་རྒྱལ་འི་ཐུགས༔ མ་རྟོགས་དམིགས་མཚན་དངོས་པོར་འཁྲུལ༔ ད་ནི་གནས་ལུགས་མངོན་བྱས་ནས༔ རྟོག་མེད་རྡོ་རྗེའི་ཕྱག་རྒྱས་གདབས༔ ཧཱུྃ་བཛྲ་ཙིཏྟ་མུ་དྲ་ཏིཥྛ་ལྷན༔ ཞེས་བརྗོད་ནས་འཁོར་ལོ་དང་པདྨ་རྡོ་རྗེའི་ཕྱག་རྒྱས་རྒྱས་གདབས་ཅིང་༔ ཨོཾ་བཛྲ་ཙཀྲ་རཾ་བྷྲཱུྃ༔ ཞེས་བརྗོད་པས་འཁོར་ལོ་ཚར་རྣོན་མེ་འབར་བའི་སྦུབས་སུ་ཚུད་དེ་ཅེས་ཀྱང་གཞོམ་གཞིག་དང་བྲལ་ཞིང་ཉེ་བར་མི་ནུས་པའི་རང་བཞིན་དུ་གྱུར༔ ཨོཾ་བཛྲ་ཡོ་ག་ས་པ་རི་ཝ་ར་རཀྵ་རཀྵ༔ ཨོཾ་བཛྲ་ཛྭ་ལ་ཙཀྲ་ཏིཀྵ་སརྦ་ཤ་ཏྲུཾ་ཚེ་དཱ་ན་ཧཱུྃ་བྷྲཱུྃ༔ ཞེས་སོ༔ དེ་ནས་བཀྲ་ཤིས་ནི༔ མདུན་གྱི་ནམ་མཁར་རྒྱལ་བ་སྲས་དང་བཅས་པས་སྐུ་ཡི་གཟི་བྱིན་གྱིས་འཁྲུལ་སྣང་དུས་གཅིག་དུ་འགོགས་བཞིན་པའི་གར་བསྒྱུར་ནས་མེ་ཏོག་གི་སིལ་མ་ཕྱོགས་བཅུ་ཀུན་ཏུ་བསྙིལ༔ ཐུགས་ཀྱི་དགོངས་པ་ཡིད་བཞིན་སྤྲིན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ༔ གསུང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་བདེན་ཚིག་གིས་ཤེས་བརྗོད་རྒྱུད་མང་སྙན་པའི་རོལ་མོ་དི་རི་རི་དཀྲོལ་བར་མོས་ལ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་སོགས་ཞེས་པས་སྣ་དྲངས་ཏེ་བཀྲ་ཤིས་བརྗོད་དོ༔ དེ་ལྟར་ལས་གཞུང་གསེར་གྱི་མཆོད་སྡོང་འདི༔ དུས་གསུམ་བྱོན་བཞུགས་ཀུན་གྱི་ཕྱག་གི་ཡུལ༔ ལྷན་ཐབས་རཏྣའི་ཕྲ་ཚོམ་གྱིས་བརྒྱན་ན༔ ཕུན་ཚོགས་ཡན་ལག་ཡིན་པའང་ལྟ་ཅི་སྟེ༔ གཞན་ཡང་སྤྲོས་པ་མེད་པའི་རྣལ་འབྱོལ་ལ༔ གཞུང་གིས་རང་རྐྱང་སྲ་བར་ཐུབ་པའི་ཕྱིར༔ འདི་མེད་ནའང་ཆད་པར་མི་བསམ་ཏེ༔ གང་ཞིག་རང་ལ་འཐད་པ་དེ་བཞིན་བྱ༔ ཚུལ་འདི་སྔགས་ཀྱི་རྣལ་འབྱོར་ཆེན་པོ་ནི༔ པདྨ་མ་ཏི་ཞེས་བྱས་བསྐུལ་བའི་ངོར༔ དུས་མཐའི་སྔགས་ལ་མོས་པས་སྤྱོད་པ་ཅན༔ ག་ག་ཨ་བྷྱེ་དེ་ཡིས་སྨྲས་ནས་ཐལ༔ སྒྲ་མེད་གཞན་ལ་གསང་སྔགས་འདོམས་པ་ཡི༔ རྒྱལ་བའི་ཕྲིན་ལས་ཐུགས་དགོངས་རྣམ་པའི་གཏོད༔ བཟོ་རིགས་ཀུན་གྱི་རྩེ་རྒྱལ་རྨད་དུ་བྱུང་༔ འགྱུར་མེད་རྡོ་རྗེའི་ཕྱག་གི་རྒྱ་རྟགས་འདི༔ གང་ན་གསུམ་ལྡན་གནས་བརྟན་ཚུལ་འཆང་བ༔ ཤེས་རབ་བློ་འཕེལ་ཞེས་བྱས་འཕེལ་བར་བྱས༔ དགེ་བ་འདི་ཡིས་འཁོར་བ་དོང་སྤྲུག་ནས༔ དྲུག་པ་རྡོ་རྗེ་འཆང་གི་གནས་ཐོབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྣ་རི་འགོ་ཙམ་གྱི་བཀྲ་ཤིས་ཤོག༔

བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེའི་དགོངས༔ གང་གི་གསུང་གསང་རབ་འབྱམས་མཐའ་ཡས་དོན༔ ཡོངས་སུ་སྦྱོངས་ནས་གདུང་གསོབ་འདོད་པ་ལ༔ བར་དོ་དྲུག་གི་འཛིན་པ་རང་དག་ཤོག༔ ཁྱད་པར་ ༼ ཆེ་གེའི་ ༽ བར་དོའི་འོད་གསལ་གྱི༔ སྣང་སྟོང་བདེན་པ་དབྱེར་མེད་སྐུ་བཞིར་གྲོལ༔ གང་ལྟར་སྦྱོངས་བ་དེ་ལྟར་གྲུབ་པ་ཡི༔ དངོས་གྲུབ་མཆོག་གིས་དབུགས་དབྱུང་སྩལ་དུ་གསོལ༔ ཅེས་ཀྱང་བུདྡྷའི་ངོར་ག་གཱས་སོ། །


previousལྷན་ཐབས་དོན་གཉིས་ལྷུན་གྲུབ།next