Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
དམ་ཚིག་ཉམས་ཆགས་བཤགས་པའི་ལུང་བྱང་བསྡུས་པ་རྟོག་སྒྲིབ་རང་གྲོལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousདམ་ཚིག་ཉམས་ཆགས་བཤགས་པའི་ལུང་བྱང་བསྡུས་པ་རྟོག་སྒྲིབ་རང་གྲོལ།next

དམ་ཚིག་ཉམས་ཆགས་བཤགས་པའི་ལུང་བྱང་བསྡུས་པ་རྟོག་སྒྲིབ་རང་གྲོལ།

ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ལས༔ དམ་ཚིག་ཉམས་ཆགས་བཤགས་པའི་ལུང་བྱང་བསྡུས་པ་རྟོག་སྒྲིབ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གཞིར་གནས་ཡེ་ཤེས་གསུམ་ལྡན་གྱི༔ སེམས་ཅན་ཀུན་ལ་ཁྱབ་བརྡལ་བའི༔ ཐམས་ཅད་ཆོས་སྐུའི་རང་བཞིན་ཏེ༔ ཉམས་ཆགས་རྟོག་སྒྲིབ་གཞི་ནས་མཉམ༔ ཆོས་སྐུའི་རང་རྩལ་འགགས་མེད་ནས༔ སྣ་ཚོགས་རྣམ་པའི་སྒྱུ་འཕྲུལ་ཀུན༔ དོན་གྱི་ཕྱག་རྒྱ་ཟབ་མོ་སྟེ༔ སྤང་བླང་མེད་པར་གཞི་ནས་དག༔ འོན་ཀྱང་མ་རྟོགས་འཁྲུལ་ངོ་རུ༔ ཉམས་ཆགས་རྟོག་སྒྲིབ་ལ་སོགས་བྱུང་༔ དེ་ཉིད་རང་སར་གྲོལ་བའི་ཕྱིར༔ རྣལ་འབྱོར་ཟབ་མོའི་ཐབས་ལམ་བསྟན༔ ས་མ་ཡཱ༔ སྟོབས་བཞི་ཚང་བའི་གཉེན་པོ་ཡི༔ མཆོག་གྱུར་ཆོས་ཅན་ཆོས་ཉིད་ཀྱི༔ རང་བཞིན་དཀྱིལ་འཁོར་རང་གནས་བཞིན༔ ཏིང་འཛིན་དཀྱིལ་འཁོར་གསལ་གདབ་ལ༔ གཟུགས་བརྙན་དཀྱིལ་འཁོར་དལ་བཀྲམ་སྟེ༔ བཤགས་སྦྱོངས་དཀྱིལ་འཁོར་འདི་ལྟར་བྱ༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་ཡེ་ནས་ཆོས་ཀྱི་སྐུ་མངའ་བ༔ ལྷུན་གྲུབ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཏེ༔ དེ་ཕྱིར་རྡོ་རྗེའི་ལུས་ཀྱི་བཀོད་པ་ལ༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་རྫོགས༔ རང་ཞལ་མ་མཇལ་མ་དག་སུམ་བརྩེགས་ཀྱིས༔ དབྱིངས་སུ་འཕོས་པའི་རྣམ་དག་རང་བཞིན་ལྷ༔ བརྡའ་རྟགས་ཏིང་འཛིན་དཀྱིལ་འཁོར་ཆེན་པོ་ནི༔ རང་མདུན་གཟུགས་བརྙན་བཀོད་པའི་ངོ་བོ་ལ༔ ཨེ་མ་ཧོ༔ སྙིང་དབུས་མི་ཤིགས་ཐིག་ལེ་དབྱེར་མེད་པའི༔ ཡེ་ཤེས་ཆོས་སྐུ་ཀ་དག་ཀུན་ཏུ་བཟང་༔ ཆོས་ཉིད་དབྱིངས་ཀྱི་ངོ་བོར་སྙོམས་ཞུགས་པའི༔ རང་རྩལ་ཞི་ཁྲོ་ལོངས་སྐུའི་བཀོད་པར་ཤར༔ དབུས་སུ་ཀུན་བཟང་མཐིང་ནག་མཉམ་བཞག་སྐུ༔ བྱ་བ་ཀུན་ཏུ་བཟང་མོ་གཉིས་མེད་འཁྲིལ༔ ཡིད་དང་ཆོས་ཁམས་དག་པའི་རང་བཞིན་དུ༔ ཡེ་རྫོགས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ༔ དགོངས་བརྒྱུད་ཡེ་ཤེས་རྒྱ་མཚོའི་དལ་འཁོར་ནི༔ མདུན་དུ་རྣམ་པར་སྣང་མཛད་གངས་ཅན་མཚོ༔ རྣམ་ཤེས་རྣམ་དག་མེ་ལོང་ཡེ་ཤེས་དངོས༔ དབྱིངས་ཀྱི་དབང་ཕྱུག་ནམ་མཁའ་དག་པར་སྦྱོར༔ ཐུགས་ཀྱི་རིགས་མཆོག་རྣམས་ལ་ཕྱག་འཚལ་ལོ༔ ཤར་དུ་རྡོ་རྗེ་སེམས་དཔའ་གངས་ཅན་མཚོ༔ གཟུགས་ཁམས་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་༔ སངས་རྒྱས་སྤྱན་མ་ས་ཁམས་དག་པར་སྦྱོར༔ སྐུ་ཡི་རིགས་མཆོག་རྣམས་ལ་ཕྱག་འཚལ་ལོ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་གངས་ཅན་མཚོ༔ ཚོར་ཕུང་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་༔ བདེ་ཆེན་མ་ཀི་ཆུ་ཁམས་དག་པར་སྦྱོར༔ ཡོན་ཏན་རིགས་མཆོག་རྣམས་ལ་ཕྱག་འཚལ་ལོ༔ ནུབ་ཏུ་སྣང་བ་མཐའ་ཡས་གངས་ཅན་མཚོ༔ མཚན་འཛིན་རྣམ་དག་སོར་རྟོགས་ཡེ་ཤེས་ངང་༔ ན་བཟའ་དཀར་མོ་མེ་ཁམས་དག་པར་སྦྱོར༔ གསུང་གི་རིགས་མཆོག་རྣམས་ལ་ཕྱག་འཚལ་ལོ༔ བྱང་དུ་གདོད་མི་ཟ་བ་གངས་ཅན་མཚོ༔ འདི་བྱེད་རྣམ་དག་བྱ་གྲུབ་ཡེ་ཤེས་ངང་༔ ལས་ཀྱི་ལྷ་མོ་རླུང་ཁམས་དག་པར་སྦྱོར༔ ཕྲིན་ལས་རིགས་མཆོག་རྣམས་ལ་ཕྱག་འཚལ་ལོ༔ ཡེ་ཤེས་བཞི་ཡི་རྩལ་ལས་རང་ཤར་ཞིང་༔ རྣམ་ཤེས་བརྒྱད་དང་དབང་ཡུལ་དུས་བཞིར་བཅས༔ དུས་གསུམ་མཉམ་པ་ཉིད་དུ་རོལ་བའི་ལྷ༔ སེམས་དཔའ་སེམས་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཡེ་ཤེས་དྲུག་གི་ཕྲིན་ལས་ཅིར་ཡང་བསྒྱུར༔ འགྲོ་བ་དྲུག་གི་གནས་སུ་འོད་ཟེར་འཕྲོས༔ ཉོན་མོངས་དྲུག་དང་ཆུ་དྲུག་རྒྱུན་གཅོད་པའི༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ རྟག་ཆད་བདག་མཚན་ལྟ་བ་གནས་དག་ཅིང་༔ མུ་བཞིར་སྐྱེ་བཞི་དབྱིངས་སུ་སྦྱོངས་བའི་ལྷ༔ ཚད་མེད་རྣམ་ཐར་བཞི་ལྡན་ངོ་བོ་ཉིད༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་ལོ༔ ཉོན་མོངས་མ་རིག་ཀུན་གཞི་རྣམ་པར་དག༔ ཞི་བའི་རང་འོད་ཡེ་ཤེས་ཁྲོ་བོའི་སྐུ༔ ཤེས་རབ་དབྱིངས་ཀྱི་གནམ་ཞལ་དགྱེས་པར་འཁྲིལ༔ བཅོམ་ལྡན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཤེས་རབ་ལྔ་ཡི་རང་བཞིན་ལྷར་ཤར་བའི༔ དུག་ལྔ་རྣམ་པར་གྲོལ་བའི་ཡེ་ཤེས་སྐུ༔ རིགས་ལྔ་ཁྲོས་པ་ཡབ་ཡུམ་རྣམ་པར་རོལ༔ ཁྲག་འཐུང་རིགས་མཆོག་ལྔ་ལ་ཕྱག་འཚལ་ལོ༔ སེམས་དཔའ་སེམས་མ་བཅུ་དྲུག་ཁྲོས་པ་ལས༔ དཀར་སེར་དམར་ལྗང་རིགས་འདྲེས་ཁ་དོག་ཅན༔ ཅིར་ཡང་བསྒྱུར་བའི་རྣམ་འགྱུར་དཔག་ཏུ་མེད༔ ཀོ་རི་མ་མོ་འབུམ་ལ་ཕྱག་འཚལ་ལོ༔ དོན་གྱི་ཕྲ་མེན་དབྱིངས་ཡེ་བྱེད་པར་སྤེལ༔ རྟགས་ཀྱི་ཕྲ་མིན་མགོ་བརྙན་ཅིར་ཡང་བསྒྱུར༔ གདུལ་བྱའི་ཕྲ་མེན་མ་རུང་འདུལ་མཛད་པ༔ སེངྷ་ཕྲ་མེན་འབུལ་ལ་ཕྱག་འཚལ་ལོ༔ ཁམས་གསུམ་རིགས་དྲུག་ཁོར་བ་དོང་ནས་སྤྲུགས༔ རྒྱུ་ ༼ རུ་ ༽ དྲུག་སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ༔ ཡེ་ཤེས་དམིགས་དྲུག་ཐིག་ལེ་དྲུག་གི་ངང་༔ སྤོར་བྱེད་ཁྲོ་མོ་དྲུག་ལ་ཕྱག་འཚལ་ལོ༔ ཡེ་ཤེས་རང་རྩལ་སྦྱོར་སྒྲོལ་ལྷ་མོ་བཞི༔ དམ་ཚིག་སྲོག་རླུང་ཡན་ལག་རྣམ་བཞིར་ཤར༔ ཤེས་རབ་དོན་གྱི་སྒོ་གཏན་སྲ་ཞིང་བརྟན༔ ཚད་མེད་སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ སླས་སུ་བཀོད་པས་ཕྱི་མོའི་ཚུལ་དུ་བཟུང་༔ ཡེ་ཤེས་རྒྱ་མཚོ་ཕྲ་མེན་གཟུགས་སུ་བཀོད༔ རྣལ་འབྱོར་དཀྱིལ་འཁོར་རྡོ་རྗེ་དལ་འཁོར་བརྟེན༔ དབང་ཕྱུག་མ་མོའི་ཚོགས་ལ་ཕྱག་འཚལ་ལོ༔༔ ཨེ་མ་ཧོ༔ སྤྱི་བོར་འཇམ་དཔལ་སྐུ་ཡི་ལྷ་ཚོགས་བཞུགས༔ མགྲིན་པར་པདྨ་གསུང་གི་དཀྱིལ་འཁོར་ལྷ༔ སྙིང་ཁར་ཡང་དག་ཐུགས་ཀྱི་རང་བཞིན་ལ༔ ལྟེ་བར་བདུད་རྩི་ཡོན་ཏན་རོལ་བའི་དལ༔ བདེ་སྐྱོང་ཕྲིན་ལས་ཕུར་པའི་ལྷ་ཚོགས་བཞུགས༔ འཁོར་མདུད་བར་མཚམས་བཞི་རུ་རིགས་འདྲེས་པས༔ རིག་འཛིན་བླ་མ་དྲག་སྔགས་མ་མོ་དང་༔ འཇིག་རྟེན་མཆོད་བསྟོད་ཚོགས་ཆེན་འདུས་པའི་ལྷ༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ༔ གཞན་ཡང་ཕྱི་ནང་གསང་བ་ཡང་གསང་གི༔ རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་ལྷ་ཡི་ཚོགས༔ ལྷུན་གྲུབ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ༔ རྩ་རླུང་ཐིག་ལེ་རྫོགས་ལ་ཕྱག་འཚལ་ལོ༔ དེ་ལྟར་སྒྱུ་མ་ལུས་ལ་གྲུབ་པ་བཞིན༔ གསང་བ་བྱང་ཆུབ་སེམས་སུ་འུབ་ཆུབ་རོལ༔ ཡེ་ནས་དྲི་མེད་ཀུན་བཟང་དཀྱིལ་འཁོར་ཆེ༔ ཡེ་ཤེས་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔༔ ཆོས་ཉིད་གཞི་ལས་རང་མདངས་ཁྲོ་བོར་བཞེངས༔ རྒྱལ་བའི་བསྟན་ལ་གཅེས་པར་འཛིན་པའི་ཚུལ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་བྱ་ར་བ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ༔དགོངས་བརྡ་སྙན་ཁུང་བཀའ་བབས་ལུང་བསྟན་གྱི༔ བརྒྱུད་པ་དགུ་ལྡན་ཆུ་བོ་བཞི་རྫོགས་ཅིང་༔ གསང་སྔགས་སྣང་བ་གསུམ་གྱི་དབུ་འདྲེན་པའི༔ ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ༔ རིག་དང་རྐང་བར་ལྡན་པའི་ལུང་རྟོགས་ཀྱི༔ ཡོན་ཏན་རྒྱ་མཚོ་འདུས་དང་འདུས་མ་བྱས༔ རྣམ་དག་བསླབ་པའི་མཛོད་འཆང་ཐེག་གསུམ་གྱི༔ རིག་འཛིན་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ དེ་ལྟར་རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་ལྷ༔ བདག་གི་མོས་སྔར་ཏིང་འཛིན་སྒྱུ་མ་རུ༔ མགྲོན་ཐབས་རྟོག་སྒྲིབ་སྦྱངས་པའི་དཔང་པོར་རོལ༔ སྟོབས་བཅུ་མངའ་བའི་ཐུགས་རྗེའི་ཤུགས་ཕྱུང་ལ༔ ད་ལྟ་ཉིད་དུ་དག་ཚངས་མངོན་གྱུར་ནས༔ མཆོག་ཐུན་དངོས་གྲུབ་མི་སྒྲིབ་ཚེ་ལུས་འདིར༔ དཀའ་བ་མེད་པར་མྱུར་དུ་ལྷུན་གྲུབ་སྟེ༔ བཅོ་ལྔ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཞེས་བརྗོད་གཉེན་པོ་རྟེན་གྱི་སྟོབས༔ མ་གསལ་བར་དུ་ཡང་ཡང་བསྐྱེད༔ དེ་ནས་ལྷ་ཚོགས་སྤྱན་སྔ་རུ༔ གནོང་འགྱོད་དྲག་པོས་འདི་སྐད་དོ༔ ཀྱཻ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ལྷ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོའི༔ གསང་སྔགས་རྡོ་རྗེའི་དམ་མནོས་ཏེ༔ སྐུ་གསུང་ཐུགས་སུ་སྒྲུབ་པར་འཆེས༔ དེ་ལྟ་ནའང་མ་རིག་པས༔ དང་པོ་ལྟུང་བའི་སྒོ་མ་འཚལ༔ བར་དུ་ཐུན་དང་དུས་ཚོད་འདས༔ ཐ་མ་ལྐོག་གྱུར་བག་མེད་པས༔ རྡོ་རྗེ་རྒྱལ་པོའི་སྐུ་གསུང་ཐུགས༔ བསྒྲུབ་བསྲུང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆགས་རྟོག་སྒྲིབ་ཀྱིས༔ གོས་པར་གྱུར་བ་མཐོལ་ལོ་བཤགས༔ རིགས་ལྔ་སྤྱི་ཡི་དམ་ཚིག་དང་༔ དབང་བཞི་ནང་གི་དམ་ཚིག་དང་༔ རྫོགས་ཆེན་གསང་བའི་དམ་ཚིག་ལ༔ འགལ་ཞིང་ཉམས་པ་མཐོལ་ལོ་བཤགས༔ སོ་སོའི་རྒྱུད་སྡེའི་རྩ་ལྟུང་དང་༔ ཁྱད་པར་བླ་ན་མེད་པ་ཡི༔ རྩ་བའི་ལྟུང་བ་བཅུ་བཞི་དང་༔ ཡན་ལག་དམ་ཚིག་སྦོམ་པོར་བཅས༔ འགལ་ཞིང་ཉམས་པ་མཐོལ་ལོ་བཤགས༔ མ་ཁྲེལ་བ་ནི་རྣམ་པ་བཞི༔ དགྲ་བཞི་གཞོམ་དང་བདུད་བཞི་འདུལ༔ གལ་མདོ་ངེས་པའི་དམ་ཚིག་ལ༔ འགལ་ཞིང་ཉམས་པ་མཐོལ་ལོ་བཤགས༔ དུག་གསུམ་རྩི་བསྒྱུར་སྐུ་གསུམ་དུ༔ ཤེས་དང་དག་པར་བྱེད་པ་དང་༔ ཁམས་གསུམ་ཞིང་དུ་བསྒྱུར་བ་ལ༔ མི་ཤེས་རྨོངས་པའི་དབང་གྱུར་པས༔ འགལ་ཞིང་ཉམས་པ་མཐོལ་ལོ་བཤགས༔ ཆེན་པོ་བརྒྱད་ཀྱི་དམ་ཚིག་དང་༔ ཕྲ་མོ་བཅོ་ལྔ་གྲངས་ཀྱི་སྟེ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ཉི་ཤུ་རྩ་བདུན་ལ་སོགས་པ༔ རྫོགས་ཆེན་དམ་ཚིག་ཉམས་པ་བཤགས༔ ཐ་མ་འགྱོད་ཚངས་ཆུང་བ་ཡིས༔ རང་གནོང་མ་འཚལ་བཤགས་ཚད་འདས༔ གཞུང་བཞིན་རྔོ་མ་ཐོག་པ་དང་༔ རྟེན་གྱི་སྟོབས་ལ་མ་བརྟེན་པས༔ བྱེད་འབྲས་འཕེལ་བར་གྱུར་བ་ལས༔ འགལ་ཞིང་ཉམས་པ་མཐོལ་ལོ་བཤགས༔ དཀྱིལ་འཁོར་གསུམ་ལས་འདས་པ་ཡིས༔ ཐ་མལ་སྣང་བ་བདག་བཟུང་སྟེ༔ དག་དང་མཉམ་པའི་དོན་ལས་གོལ༔ རྟོག་སྒྲིབ་བག་ཆགས་མཐོལ་ལོ་བཤགས༔ གྲངས་མེད་དེ་བཞིན་གཤེགས་པ་ལ༔ དཀའ་ཐུབ་སྨྱུང་བར་གནས་པ་དང་༔ ཐེག་པ་དམན་པའི་ཕྱོགས་ལྷུང་དང་༔ མཚན་མར་གོལ་པ་མཐོལ་ལོ་བཤགས༔ ལྟ་བ་གདེངས་སུ་མ་གྱུར་དང་༔ བསྒོམ་པ་བག་མེད་བྱིང་རྒོད་གྱུར༔ སྤྱོད་པ་དུས་ཚོད་མ་འབྲེལ་དང་༔ ཤེས་བཅུར་རྣམ་པར་ཉམས་མ་འཆུན༔ འགལ་ཉམས་རྟོག་སྒྲིབ་མཐོལ་ལོ་བཤགས༔ ལེ་ལོ་རྣམ་པར་གཡེངས་བ་དང་༔ བརྗེད་ངེས་གཉིད་འཐུག་ཉོན་མོངས་རགས༔ མ་རིག་མ་ཚོར་བག་མེད་པས༔ འགལ་ཞིང་ཉམས་པ་མཐོལ་ལོ་བཤགས༔ མཐོལ་བཤགས་དང་དུ་མ་བཞེས་ན༔ ཐུགས་རྗེ་ཆེན་པོའི་དམ་ཚིག་གང་༔ བཤགས་སྦྱངས་དག་པར་མ་གྱུར་ན༔ འདུས་བྱས་ཆོས་ཀྱི་དམ་ཚིག་དང་༔ མ་བཤགས་སྒྲིབ་པར་མ་གྱུར་ན༔ བདག་ཉིད་ཆེན་པོའི་བཀའི་བཅད་གང་༔ ཡེ་ནས་ཉམས་མེད་མ་གྱུར་ན༔ ཕྱག་རྒྱ་ཆེན་པོའི་དམ་ཚིག་གང་༔ དག་ཚངས་མཆོག་ཏུ་མ་གྱུར་ན༔ ཡེ་ཤེས་རྒྱན་གྱི་དམ་ཚིག་གང་༔ དེ་བས་ཉམས་ཆགས་རྟོག་སྒྲིབ་ཀུན༔ རང་གྲོལ་ཆེན་པོར་བྱིན་གྱིས་རློབས༔ ཡི་གེ་བརྒྱ་བ་གྲངས་མང་བཟླ༔ ཅེས་བརྗོད་བསྲུང་དུ་ཡོད་པ་ཡི༔ དམ་ཚིག་འགལ་འཁྲུལ་ཉམས་ཆགས་ཀུན༔ དྲི་མ་ཆུ་ཡི་བཀྲུས་བཞིན་ནོ༔ དག་ཚངས་གནང་བ་སྦྱིན་པར་བསམ༔ དེ་ནས་ལྟ་བའི་དམ་ཚིག་ནི༔ ཨེ་མ་ཧོ༔ རྫོགས་ཆེན་ལྟ་བའི་དམ་ཚིག་ནི༔ སྣང་དང་སྟོང་པའི་ཡུལ་ལས་འདས༔ སེམས་དང་ཡིད་དང་ཆོས་ལས་འདས༔ ཡིན་དང་མིན་པ་གཉིས་ལས་འདས༔ བཟང་དང་ངན་པའི་ལྟ་བ་མེད༔ དེ་ལྟར་མ་རྟོགས་མཐོལ་ལོ་བཤགས༔ བསྒོམ་དང་མི་སྒོམ་གཉིས་སུ་མེད༔ དགེ་དང་མི་དགེ་གཉིས་སུ་མེད༔ རང་རིག་རྟོགས་པ་བྲལ་བའི་ཕྱིར༔ སྐྱོན་གྱིས་མཐའ་ནས་རབ་དག་ཀྱང་༔ དེ་ལྟར་མ་རྟོགས་མཐོལ་ལོ་བཤགས༔ རང་བྱུང་རྟོགས་པའི་དམ་ཚིག་ནི༔ གཉིས་དང་གསུམ་དང་བསྒྲངས་དུ་མེད༔ ཐ་སྙད་དུ་མ་མེད་པ་སྟེ༔ གཅིག་གི་དོན་ཉིད་རབ་རྟོགས་ན༔ ཐམས་ཅད་དོན་ཉིད་རྟོགས་པར་སྤྱད༔ དེ་ལྟར་མ་རྟོགས་མཐོལ་ལོ་བཤགས༔ ཡང་དག་ཉིད་ལ་དམ་ཚིག་མེད༔ ཡིན་དང་མིན་པ་གཉིས་དང་བྲལ༔ དེ་ཡང་བསྲུང་བར་བྱེད་པ་མེད༔ དེ་ལྟར་མ་རྟོགས་མཐོལ་ལོ་བཤགས༔ སངས་རྒྱས་རྣམས་ཀྱི་དམ་ཚིག་ནི༔ དོན་ལ་མེད་པ་ཉིད་དུ་བཤད༔ རང་རིག་རྫོགས་པ་ཆེན་པོ་ལ༔ དམ་ཚིག་ལུང་དུ་བསྟན་པ་མེད༔ ཨེ་མ་ཧོ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ མ་རིག་གཏི་མུག་འབྱེད་པ་མེད༔ ཆོས་ཀྱི་དབྱིངས་ཀྱི་དམ་ཚིག་སྟེ༔ བསྐྱེད་པར་མ་ནུས་མཐོལ་ལོ་བཤགས༔ ཞེ་སྡང་རང་གསལ་མུན་པ་བསྲེགས༔ མེ་ལོང་ལྟ་བུའི་དམ་ཚིག་སྟེ༔ རྡོ་རྗེ་སེམས་དཔའ་སྐུ་ཡི་དབྱིག༔ བསྐྱེད་པར་མ་ནུས་མཐོལ་ལོ་བཤགས༔ ང་རྒྱལ་མཐོ་ཁེངས་ཞུམ་པ་བསལ༔ མཉམ་ཉིད་ཡོན་ཏན་དམ་ཚིག་སྟེ༔ རིན་ཆེན་འབྱུང་ལྡན་ཡོན་ཏན་དབྱིག༔ རྒྱ་ཆེར་མ་བསྐྱེད་མཐོལ་ལོ་བཤགས༔ འདོད་ཆགས་ཐུགས་རྗེས་རྣམ་པར་འཛིན༔ སོར་རྟོགས་གསུང་གི་དམ་ཚིག་སྟེ༔ པདྨ་སེམས་དཔའ་གསུང་གི་དབྱིག༔ རྒྱ་ཆེར་མ་བསྐྱེད་མཐོལ་ལོ་བཤགས༔ ཉོན་མོངས་ཕྲག་དོག་རྟོག་པར་འཁུ༔ ཕྲིན་ལས་ལྷུན་གྲུབ་དམ་ཚིག་སྟེ༔ ཀརྨ་སེམས་དཔའ་ཕྲིན་ལས་དབྱིག༔ རྒྱ་ཆེར་མ་བསྐྱེད་མཐོལ་ལོ་བཤགས༔ འགྲོ་བ་ཀུན་གྱི་སྲོག་བཅད་ན༔ ཆོས་ཉིད་དམ་ཚིག་ཆེན་པོ་ཡིན༔ སློབ་དཔོན་རྒྱ་མཚོ་ཆེན་པོར་བསྐྱིལ༔ རྡོ་རྗེའི་མཆེད་ལྕམ་དོང་དུ་གཞུག༔ ཕ་དང་མ་གཉིས་ཐང་ལ་བཏོན༔ མཆོད་རྟེན་ཕྱགས་ནས་ཆུ་ལ་ཕོ༔ དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས༔ དུས་གསུམ་སངས་རྒྱས་བསྒྲལ་ནས་ཀྱང་༔ ཆོས་རྣམས་མེར་བསྲེག་ཆུ་ལ་ཕོ༔ སེམས་ཅན་ཐམས་ཅད་དུས་གཅིག་བསྒྲལ༔ རང་སྲོག་རང་གིས་བཅད་པར་བྱ༔ དཀྱིལ་འཁོར་ལྷ་ཚོགས་བཙོན་དུ་བཟུང་༔ དེས་ནི་དངོས་གྲུབ་ཉེ་བར་གསུངས༔ དེ་ལྟར་མ་རྟོགས་མཐོལ་ལོ་བཤགས༔ མེད་པ་ལ་ཡང་མེད་པ་དང་༔ གཅིག་པུ་ལ་ནི་གཅིག་པུ་དང་༔ ཕྱལ་བ་ལ་ནི་ཕྱལ་བ་ཡི༔ ལྷུན་གྲུབ་ལ་ནི་ལྷུན་གྲུབ་རོལ༔ དམ་ཚིག་བསྲུང་བས་དམྱལ་བར་ལྟུང་༔ དམ་ཚིག་རལ་བས་རྫོགས་སངས་རྒྱས༔ ཚུལ་ཁྲིམས་བསྲུང་བས་འཁོར་བར་ལྟུང་༔ ཚུལ་ཁྲིམས་འཆལ་བས་གྲུབ་པ་ཐོབ༔ དེ་ལྟར་མ་རྟོགས་མཐོལ་ལོ་བཤགས༔ མཚན་འཛིན་བདུད་ཀྱིས་བསླུས་པ་ཡི༔ གཉིས་འཛིན་འཁོར་བའི་འཆིང་ཐག་ཡིན༔ ཆོས་ཉིད་རྒྱལ་པོའི་དམ་ཚིག་ཡིན༔ མངོན་གྱུར་སྐུ་གསུམ་ས་ཐོབ་ཤོག༔ ཅེས་བརྗོད་ཆོས་ཉིད་ངང་ལ་བཞག༔ གལ་ཏེ་མངོན་དུ་མ་གྱུར་ན༔ དེ་ནི་རྣལ་འབྱོར་སྤྱོད་ཡུལ་མིན༔ དེ་ཕྱིར་ཕྱིན་ཆད་འགྱོད་སྡོམ་དང་༔ ཀུན་ཏུ་སྤྱོད་པའི་སྟོབས་འདི་བརྟེན༔ ཧོ༔ རྣམ་སྨིན་བག་ཆགས་སྒྱུ་མའི་ལུས༔ གྲངས་མེད་ཞིང་གི་རྡུལ་དུ་སྤྲུལ༔ ངག་གིས་གནོང་འགྱོད་ཚིག་ཏུ་བརྗོད༔ སེམས་ཀྱིས་བླང་སྟེ་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་དུས་གསུམ་གྱི༔ བདག་ཏུ་བཟུང་བའི་དངོས་པོ་ཀུན༔ བློ་ཡིས་བླངས་ཏེ་མཆོད་པ་འབུལ༔ བདག་གི་དོན་དུ་བཞེས་སུ་གསོལ༔ རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱི༔ བསོད་ནམས་ཡེ་ཤེས་དགེ་ཚོགས་ཀུན༔ བསྡོམས་ཏེ་དགའ་བའི་སེམས་ཀྱིས་སུ༔ རྗེས་སུ་ཡི་རང་དགེ་བར་འབུལ༔ སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི༔ སྣང་བ་གསུམ་གྱི་ཆོས་འཁོར་ཆེ༔ ཀུན་ཏུ་བླ་མེད་རྡོ་རྗེ་ཐེག༔ རྒྱ་ཆེར་བསྐོར་བར་བདག་གིས་བསྐུལ༔ ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས༔ མྱ་ངན་འདའ་བའི་ཚུལ་བསྟན་པས༔ འགྲོ་བ་འདུལ་བར་དགོངས་པ་ལ༔ བསྐལ་བ་རྒྱ་མཚོའི་རྡུལ་སྙེད་དུ༔ མི་འདའ་བཞུགས་པར་གསོལ་བ་འདེབས༔ དུས་གསུམ་བསགས་དང་ཡོད་པ་ཡི༔ དགེ་བའི་རྩ་བ་ཐམས་ཅད་ཀུན༔ སེམས་ཅན་ཀུན་གྱི་དོན་དུ་བསྔོ༔ ཕྱམ་གཅིག་རྫོགས་སངས་རྒྱས་ནས་སུ༔ ཀུན་བཟང་དགོངས་པར་རོ་གཅིག་རོལ༔ ཞེས་བརྗོད་སྟོང་ཉིད་མངོན་དུ་བྱ༔ འདི་ལྟར་བཤགས་སྦྱོངས་སུས་བྱས་པ༔ འདི་ན་མི་གནས་མྱ་ངན་འདའ༔ སངས་རྒྱས་ཀུན་དང་དགོངས་པ་མཉམ༔ འདི་ནི་རྫོགས་པ་ཆེན་པོ་ཡི༔ རྒྱུད་སྡེ་ཀུན་གྱི་སྙིང་པོ་བས༔ བརྡའ་ཆེན་ལྟ་བའི་སེང་གེ་ལ༔ བདེན་མྱུར་ཐབས་ཀྱི་སེང་གེའི་འགྲོས༔ ཀྱཻ་མ༔ དེང་སང་སྙིགས་མའི་དབང་གྱུར་པས༔ ཆོས་བཞིན་སྤྱོད་ལ་ཐུན་དུ་བརྩི༔ མཁས་པས་ང་རྒྱལ་ཐུགས་དམ་བྱེད༔ བཙུན་པས་མཆོག་འཛིན་སྙིང་ལ་བཅག༔ བཟང་པོའི་རྣམ་ཐར་ཟོལ་གྱི་བསྒྲུབ༔ གྲུབ་ཐོབ་ཕྲ་མེན་རྫས་ཀྱིས་བྱེད༔ སྒོམ་ཆེན་འཁོར་བའི་ཆོས་ཀྱིས་བསླུས༔ འདི་ནས་ཕོངས་བ་སུ་ཡིས་སྐྱོབས༔ འོན་ཀྱང་པདྨའི་རིང་ལུགས་འདི༔ རྡོ་རྗེ་བདུད་འཇོམས་གླིང་བ་ཡི༔ ཁོ་བོའི་བཙས་སུ་བཞག་པ་ཡིན༔ ས་མ་ཡཱ༔ དེ་ནས་བསྐང་བཤགས་མཆོད་པའི་དུས༔ སྨན་རག་གཏོར་མ་སྒྲོན་མེ་བཅས༔ པདྨ་པཉྩ་བསེ་ཕོར་ནི༔ བཀྲ་ཤིས་འཁྱིལ་བའི་ནང་དུ་བཀོད༔ ཐོག་མར་བདུད་རྩིའི་བསྐང་བ་ནི༔ ཨཱ༔ རྨད་བྱུང་ཡེ་ཤེས་རྒྱན་གྱི་མཆོད་པ་ནི༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་དུ་སྦྱར༔ མཆོད་པའི་མཆོག་ཆེན་དགྱེས་བསྐོང་དམ་ཚིག་རྫས༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཙནྡན་རང་བྱུང་སྦྲུལ་གྱི་སྙིང་པོ་ཅན༔ རྩ་བརྒྱད་ཡན་ལག་སྟོང་གི་ནུས་པ་རྫོགས༔ མཆོད་པའི་མཆོག་ཆེན་དགྱེས་སྐོང་དམ་ཚིག་རྫས༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ མཆོག་ཆེན་མཆོག་ཕྲན་རྣམ་པའི་སྒྱུ་འཕྲུལ་བརྡོ༔ རྩ་བརྒྱད་ཡན་ལག་སྟོང་གི་ངོ་བོར་རྫོགས༔ མཆོད་པའི་མཆོག་ཆེན་དགྱེས་བསྐོང་དམ་ཚིག་རྫས༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཡེ་རྫོགས་རྡོ་རྗེ་ལུས་ཀྱི་མཆོད་པ་ནི༔ རྩ་ཆེན་རང་བྱུང་ཐིག་ལེ་འབར་བས་བསྐངས༔ མཆོད་པའི་མཆོག་ཆེན་དགྱེས་བསྐོང་དམ་ཚིག་རྫས༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ རོ་རྐྱང་དྷཱུ་ཏཱི་ཡེ་ཤེས་རྩ་ཁམས་ལ༔ དྭངས་མ་བདུད་རྩི་དགྱེས་མཉམ་བདེ་བ་ཆེ༔ མཆོད་པའི་མཆོག་ཆེན་དགྱེས་བསྐོང་དམ་ཚིག་རྫས༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཤིན་ཏུ༵་གསང་བ་སྲོག་འདུས་ཟུར་བཞིའི་སྦུབས༔ རབ་ཏུ༵་མི་གནས་ཡེ་ཤེས་སྐུ་ཐིག་འོད༔ འགྱུར་དུ༵་མེད་པའི་ཟུག་རྔུ་རྣམ་སྤངས་པའི༔ མཆོད་དུ༵་མེད་པའི་དགྱེས་སྐོང་དམ་ཚིག་རྫས༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཕྱི་ལྟར་མཆོད་ཡུལ་ཐུགས་དམ་དགྱེས་པ་བསྐངས༔ དམ་ཚིག་གཉན་པོ་བསྲེ་པའི་གསང་རྫས་འབར༔ ནང་ལྟར་མཆོད་འབུལ་མ་དག་དག་པར་བརླབ༔ རླུང་སེམས་དྷཱུ་ཏཱིར་དག་པའི་དངོས་གྲུབ་སྩོལ༔ གསང་བ་རང་བྱུང་བདེ་བ་ཆེན་པོས་མཆོད༔ ཚུལ་ཁྲིམས་ཀུན་སྦྱོར་ཡོངས་སུ་དག་པ་དང་༔ ཡང་གསང་རང་གྲོལ་མཆོག་གི་མཆོད་པ་ཡི༔ སྲིད་གསུམ་གཞིར་བཞེངས་ཞིང་བསྒྱུར་དངོས་གྲུབ་སྩོལ༔ དེ་ལྟར་བདུད་རྩི་དམ་པའི་ཟིལ་ཐིག་གིས༔ སངས་རྒྱས་ཞིང་ཁམས་ཡོངས་ལ་སྤྲིན་ཆགས་ཏེ༔ མ་ལུས་བདེ་སྟོང་དབྱེར་མེད་དཔའ་བོའི་རོས༔ དགྱེས་སྐོང་དངོས་གྲུབ་མཆོག་ཐུན་བདག་ལ་སྩོལ༔ མ་ཧཱ་སརྦ་པཉྩ་མ་ཧཱ་སུ་ཁ་སིདྡྷི་ཕ་ལ་ཧོ༔ དེ་ནས་རཀྟའི་མཆོད་པ་ནི༔ ཧཱུྃ༔ ཞིང་བཅུ་བསྒྲལ་བ་ཕྱི་ཡི་རཀྟ་ནི༔ བཅོམ་ལྡན་ཞི་ཁྲོ་རོལ་པའི་ཚོགས་ལ་འབུལ༔ ཚར་གསུམ་ཤ་ཁྲག་དམར་གྱི་སྤྲིན་ཕུང་པོ༔ དགྱེས་སྤྱོད་རུ་ཏྲ་དབྱིངས་སྒྲོལ་དངོས་གྲུབ་སྩོལ༔ སྣང་བ་དམར་ཆ་གིརྟི་དམར་མོའི་མདངས༔ གུ་ཧྱ་མུ་ལ་རཀྟའི་རྩ་བ་ནི༔ ཆགས་བྲལ་མཉམ་ཉིད་དབྱིངས་ཀྱི་སྤྲིན་ཕུང་པོ༔ ཚར་གསུམ་དུག་གསུམ་ལྗོན་པའི་རྩི་རུ་སྨིན༔ བཅོམ་ལྡན་ཞི་ཁྲོ་རོལ་པའི་ཚོགས་ལ་འབུལ༔ ཡུལ་འཛིན་རུ་ཏྲ་དབྱིངས་སྒྲོལ་དངོས་གྲུབ་སྩོལ༔ པདྨ་རཀྟ་བདེ་ཆེན་གསང་བའི་རྫས༔ སྲིད་རྩ་གཞི་ཡི་རཀྟ་རྩ་བའི་བཅུད༔ བསྐྱེད་བྱེད་རྒྱུ་ཡི་རཀྟའི་བ་གམ་ཅན༔ བཅོམ་ལྡན་ཞི་ཁྲོ་རོལ་བའི་ཚོགས་ལ་འབུལ༔ བཅུད་འབྲས་དབྱིངས་སུ་དག་པའི་དངོས་གྲུབ་སྩོལ༔ ཤེས་རབ་རྐྱང་མ་བཅུད་ཀྱི་སྨིན་སོ་རུ༔ རྣམ་གྲོལ་ཡོན་ཏན་ལ྄ྔ་ལྡན་རཀྟས་བསྐངས༔ ཡུམ་ཆེན་ཀུན་བཟང་རིགས་ལྔའི་ངོ་བོ་འདི༔ བཅོམ་ལྡན་ཞི་ཁྲོ་རོལ་བའི་ཚོགས་ལ་འབུལ༔ ལས་རྟོག་དབྱིངས་སུ་སྦྱོར་བའི་དངོས་གྲུབ་སྩོལ༔ ཡེ་ཤེས་དབྱིངས་ཆེན་སྟོང་པའི་བྷཉྫ་ལྔར༔ ཤེས་རབ་ལྷ་མོ་རཀྟས་ངོ་བོ་ལྔ༔ རང་བྱུང་སྟོང་བ་རང་གྲོལ་བཅུད་དུ་འདྲིལ༔ བཅོམ་ལྡན་ཞི་ཁྲོ་རོལ་པའི་ཚོགས་ལ་འབུལ༔ དབབ་ལྡོག་རང་དབང་ཐོབ་པའི་དངོས་གྲུབ་སྩོལ༔ ཡེ་ཤེས་གསང་བ་ཤེར་སྦུབས་བྷནྡྷ་རུ༔ སྟོང་ཉིད་བཅུ་དྲུག་ངོ་བོའི་རཀྟས་བསྐང་༔ གཉིས་སྣང་དབྱིངས་སུ་ཞི་བའི་ཟིལ་བཀྲམ་སྟེ༔ བཅོམ་ལྡན་ཞི་ཁྲོ་རོལ་པའི་ཚོགས་ལ་འབུལ༔ འཁོར་འདས་མཚན་འཛིན་དག་པའི་དངོས་གྲུས་སྩོལ༔ ཕྱི་ལྟར་རཀྟའི་མཆོད་པ་ཕུལ་བ་ཡི༔ སྡེ་གསུམ་རུ་ཏྲ་སྒྲོལ་བར་ནུས་པ་དང་༔ ནང་ལྟ་གུ་ཧྱ་དམར་ཆེན་ཟིལ་བ་ཡི༔ སྲིད་རྩ་དྲུངས་ནས་འབྱིན་པའི་དངོས་གྲུས་སྩོལ༔ གསང་བ་རཀྟའི་མཆོད་པ་ཕུལ་བ་ཡི༔ འཁོར་འདས་སྟོང་ཆེན་ཀློང་དུ་རྒྱས་གདབ་ཅིང་༔ ཡང་གསང་རཀྟ་དམར་གྱི་དགྱེས་སྐོང་ནས༔ སྦུབས་གསུམ་གཅིག་ཏུ་འདྲིལ་བའི་དངོས་གྲུབ་སྩོལ༔ ཀུན་བཟང་ཡངས་པ་གསང་ཆེན་ནམ་མཁའ་ལ༔ སྲིད་གསུམ་ཀ་དག་དགོངས་པར་མཉམ་གྱུར་ཅིག༔ ཅེས་ཚར་དགུ་བསྒྲངས་སོ༔ དེ་ནས་གཏོར་མའི་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་བཤམས༔ ཡོངས་གྲུབ་ཀུན་ཏུ་བཟང་པོའི་མཆོད་པ་འདི༔ བཅོམ་ལྡན་ཞི་ཁྲོ་རོལ་པའི་ཚོགས་ལ་འབུལ༔ འཁོར་བ་གཞི་ནས་དག་པའི་དངོས་གྲུབ་སྩོལ༔ ལྤགས་པ་གདལ་ཡངས་ངོ་མཚར་གཏོར་གཞོང་དུ༔ ཤ་ཁྲག་རུས་གསུམ་མ་བཤམས་མཆོད་པ་ལ༔ སྒྲོན་མ་མིག་གི་དབང་པོའི་གཏོར་རྒྱན་སྤྲས༔ བཅོམ་ལྡན་ཞི་ཁྲོ་རོལ་པའི་ཚོགས་ལ་འབུལ༔ དུག་གསུམ་རྒྱན་དུ་ཤར་བའི་དངོས་གྲུབ་སྩོལ༔ གསང་འདུས་རིན་ཆེན་ཟུར་བརྒྱད་གཏོར་གཞོང་དུ༔ རང་བྱུང་ཡེ་ཤེས་རྒྱ་མཚོའི་གཏོར་མར་ཤར༔ སྒྲོན་མ་རང་གསལ་དྲུག་གི་རྒྱན་གྱི་སྤྲས༔ བཅོམ་ལྡན་ཞི་ཁྲོ་རོལ་པའི་ཚོགས་ལ་འབུལ༔ རྟོག་ཚོགས་རང་སར་གྲོལ་བའི་དངོས་གྲུབ་སྩོལ༔ ཕྱི་ལྟར་བྷ་ལིང་གཏོར་མའི་ལྷ་མོ་བརྒྱད༔ གནས་སུ་སྟོབས་པའི་རང་བྱུང་སྤྲིན་དུ་གཏིབ༔ ཏིང་འཛིན་རྣམ་པར་དག་པའི་རྒྱན་གྱིས་བརྒྱན༔ བཅོམ་ལྡན་ཞི་ཁྲོ་རོལ་པའི་ཚོགས་ལ་འབུལ༔ སྤྲོས་བཅས་གཟུང་འཛིན་དག་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ དམ་རྫས་དངོས་སུ་འབྱོར་བའི་མཆོད་པ་ཡིས༔ བསོད་ནམས་དམ་པའི་ཚོགས་ཆེན་རྫོགས་པ་དང་༔ གཟུང་ཡུལ་ཡུམ་དུ་ཤར་བའི་མཆོད་པ་འདིས༔ མི་རྟོག་ཡེ་ཤེས་སྨིན་པའི་དངོས་གྲུབ་སྩོལ༔ དབང་ཤེས་རྣམ་པར་དག་པའི་མཆོད་པ་ཡིས༔ འཛིན་རྟོག་རང་སར་གཞི་ལ་མཐར་ཕྱིན་ཅིང་༔ ཡེ་ཤེས་ཀུན་ཏུ་བཟང་པོའི་མཆོད་པ་འདིས༔ བདེ་སྟོང་ཀློང་རྒྱས་འདེབས་པའི་དངོས་གྲུབ་སྩོལ༔ མཆོད་ཆེན་དམ་པས་ཚོགས་གཉིས་རབ་རྫོགས་ཏེ༔ སྒྲིབ་གཉིས་རྣམ་དག་སྐུ་གཉིས་མངོན་དུ་གྱུར༔ དོན་གཉིས་ལྷུན་གྲུབ་སངས་རྒྱས་སར་ཕྱིན་ཤོག༔ དེ་ནས་སྣང་གསལ་སྒྲོན་མེའི་མཆོད་པ་ནི༔ ཧཱུྃ༔ གསེར་དངུལ་རིན་ཆེན་ཀོང་བུ་སྟོང་གསུམ་ཁྱོན༔ ཕྱོགས་བཞི་རྒྱ་མཚོའི་རྡུལ་མཉམ་མར་ཁུའི་གཏམས༔ ལྷུན་པོའི་ཆེ་ཐང་འཕྲོག་པའི་སྡོང་བུ་བཙུག༔ ཉི་ཟླའི་འོད་ལ་འཁུ་བའི་སྒྲོན་མེ་སྦར༔ བཅོམ་ལྡན་སྤྲུལ་པ་སྐུ་ཡི་ཐུགས་དམ་བསྐང་༔ དུག་གསུམ་མུན་པ་དབྱིངས་སངས་དངོས་གྲུབ་སྩོལ༔ སྣང་བ་སྣོད་ཀྱི་འཇིག་རྟེན་ཀོང་བུ་རུ༔ རོལ་མཚོ་མལ་དྲོའི་བཅུད་ཀྱི་མར་ཁུས་གཏམས༔ རི་བརྒྱད་བརྟན་རྩ་རིན་ཆེན་སྡོང་བུ་གཟུགས༔ པདྨའི་རྩ་ལག་ཆུ་ཤེལ་སྒྲོན་མེ་སྦར༔ བཅོམ་ལྡན་སྲས་སྤྲུལ་ཡང་འཁོར་ཐུགས་དམ་བསྐང་༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཧཱུྃ༔ སྤྱི་བོར་བདེ་ཆེན་ཙཀྲའི་ཀོང་བུ་རུ༔ བདེ་ཆེན་ཐིག་ལེ་རང་བྱུང་བཅུད་དུ་འདྲིལ༔ ཡེ་ཤེས་བཞི་སྦྱོར་འོད་ཀྱི་སྡོང་བུ་བཙུག༔ རྟོག་མེད་རྣམ་དག་ཤེས་རབ་སྒྲོན་མེ་སྦར༔ བཅོམ་ལྡན་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་ཡེ་ཤེས་མིག་གཅིག་དངོས་གྲུབ་སྩོལ༔ རོ་འབབ་བཅུ་དྲུག་འཁོར་ལོའི་ཀོང་བུ་རུ༔ ཐིག་ལེ་མཁའ་འགྲོ་རྔམ་མའི་བཅུད་དུ་དྲིལ༔ དྭངས་མ་ལམ་གྱི་འོད་རྩའི་སྡོང་བུ་བཙུག༔ ཟུག་རྔུ་རྣམ་དག་ཡེ་ཤེས་སྒྲོན་མེ་སྦར༔ བཅོམ་ལྡན་གསུང་གི་ལྷ་ཚོགས་ཐུགས་དམ་བསྐངས༔ ཆགས་མེད་ཡེ་ཤེས་སྤྱན་གྱི་དངོས་གྲུབ་སྩོལ༔ དྲན་པ་རྣམ་པར་བཀོད་པའི་ཀོང་བུ་རུ༔ ཀུན་བཟང་གཞི་ཡི་ཐིག་ལེའི་མར་ཁུས་གཏམས༔ ཆོས་ཉིད་རྣམ་དག་རྩ་ཡི་སྡོང་བུ་བཙུག༔ སུམ་བརྩེགས་མཁྱེན་པ་གཉིས་ཀྱི་སྒྲོན་མེ་སྦར༔ བཅོམ་ལྡན་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐངས༔ སྒྲིབ་མེད་ཆོས་ཀྱི་སྤྱན་གྱི་དངོས་གྲུབ་སྩོལ༔ བསྐྱེད་བྱེད་དྲུག་བཅུ་འཁོར་མའི་ཀོང་བུ་རུ༔ སྟོང་ཆེན་ཀུན་ཏུ་བཟང་མོའི་ཐིག་ལེ་འཁྱིལ༔ ཡེ་ཤེས་སྟོང་བཞི་རྩ་ཡི་སྡོང་བུ་བཙུག༔ མི་གཡོ་བསམ་གཏན་འོད་གསལ་སྒྲོན་མེ་སྦར༔ བཅོམ་ལྡན་ཡོན་ཏན་ལྷ་ཚོགས་ཐུགས་དམ་བསྐངས༔ ཤེས་རབ་སྤྱན་གྱི་རྣམ་དག་དངོས་གྲུབ་སྩོལ༔ ལྷན་སྐྱེས་བདེ་བ་སྐྱོང་བའི་ཀོང་བུ་རུ༔ དཀར་དམར་ཞལ་འདྲེས་ཨེ་ཝཾ་མར་ཁུས་གཏམས༔ བདེ་སྟོང་ཟུང་དུ་འདྲིལ་བའི་སྡོང་བུ་བཙུག༔ དཔེ་དོན་འོད་གསལ་འཛིན་མེད་སྒྲོན་མེ་སྦར༔ བཅོམ་ལྡན་ཕྲིན་ལས་ལྷ་ཚོགས་ཐུགས་དམ་བསྐངས༔ ལྷ་ཡི་སྤྱན་བཟང་རྣམ་མཛེས་དངོས་གྲུབ་སྩོལ༔ ཨཱ༔ ཨ་ཏི་རང་བྱུང་ཀ་དག་འོད་ཟེར་ལས༔ གསེར་གྱི་རྩ་ཆེན་གཞི་ལྔའི་ཀོང་བུ་རུ༔ ནང་གསལ་གཞོན་ནུ་བུམ་སྐུ་བཅུད་དུ་འཁྱིལ༔ དར་དཀར་ཕྲ་ལ་འཁྲིལ་གྱི་སྡོང་བུ་བཙུག༔ འབྲས་བུ་བཟང་པོའི་རྒྱན་ལྡན་སྒྲོན་མེ་སྦར༔ བཅོམ་ལྡན་ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐངས༔ རྡོ་རྗེའི་མངོན་སྤྱན་རྣམ་དག་དངོས་གྲུབ་སྩོལ༔ དེ་ལྟར་ཕྱི་ནང་གསང་བ་ཡང་གསང་གི༔ དཱི་བམ་རང་གསལ་ཆེན་པོའི་མཆོད་པ་ཡིས༔ ཞེན་གོལ་མ་རིགས་གསུམ་པོ་དྲུངས་ཕྱུང་ནས༔ གཞིར་གནས་ཡེ་ཤེས་བཙན་ས་ཟིན་པར་ཤོག༔ དེ་ནས་མར་མེའི་སྨོན་ལམ་ནི༔ ཨེ་མ་ཧོ༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་ནས༔ དཔའ་བོ་རྡོ་རྗེ་རྒྱལ་པོ་ཆེན་པོ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེ་ལྕམ་དྲལ་དང་༔ ཡི་གེ་ཕཊ་གྲལ་དབང་སྦྱིན་གཟུངས་ཀྱི་རྒྱལ༔ ངོ་བོ་རྣམ་དག་རྫས་ཀྱི་དལ་བཀྲམ་སྟེ༔ དགོངས་ཀློང་ཡེ་ཤེས་འཁོར་ལོ་དམ་པའི་ཆོས༔ མ་ངེས་དུས་གསུམ་རྒྱུད་འདས་རྒྱུད་དུ་སྣང་༔ ཐུགས་རྗེ་ཆེ་ལྡན་སངས་རྒྱས་དཀྱིལ་འཁོར་དུ༔ ཚོགས་ཀྱི་སྤྱོད་པ་རྨད་བྱུང་དུས་ལ་བབས༔ སྨོན་ལམ་འགྲུབ་པའི་དབང་དུ་མཁྱེན་བརྩེའི་རོལ༔ ཤེས་རབ་མུན་སེལ་རྟགས་ཀྱི་ཨ་དརྴ༔ མཚན་མ་རྫས་ཀྱི་རྟེན་འབྲེལ་བཟང་པོ་འདིས༔ ངོ་བོ་སྟོང་ཉིད་སྣང་བར་ཤར་བ་ཡིས༔ བདག་ཉིད་གཅིག་པུའི་མ་རིག་མུན་པ་སེལ༔ རང་བཞིན་འོད་ཀྱི་རྣམ་པར་སྣང་བ་ཡིས༔ ལྷན་ཅིག་སྐྱེས་པའི་བདུད་ཀྱི་འཐིབ་པོ་བཅོམ༔ ཐུགས་རྗེ་ཕྱོགས་བཅུར་ཁྱབ་པའི་ཟེར་འོད་ཀྱིས༔ ཀུན་བརྟགས་རྨུན་པོའི་འགྲོ་བ་ལམ་རྒྱུད་བསལ༔ ནམ་མཁའ་རྣམ་དག་གཞི་ཡི་འོད་གསལ་ཟིན༔ ཀ་དག་ཆོས་སྐུའི་རང་ཞལ་མཇལ་བར་ཤོག༔ གལ་ཏེ་བསྒྲུབ་པོའི་བརྟན་པ་མ་ཐོབ་ན༔ སྟོང་འདེབས་ཡེ་ཤེས་སྒྲོན་མེའི་བྱེད་པར་ཤོག༔ འོད་གསལ་ལྷུན་གྲུབ་ཆེན་པོའི་སྣང་བ་ལ༔ རང་གདང་རང་ངོ་ཤེས་པའི་ཤེས་རབ་ཀྱིས༔ མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག༔ གལ་ཏེ་བསྒྲུབ་པོའི་བརྟན་པ་མ་ཐོབ་ན༔ རང་མདངས་དཀར་པོས་བརྒྱན་པའི་མར་མེ་འདིས༔ ཞེ་སྡང་མུན་པ་དབྱིངས་སུ་བསལ་ནས་ཀྱང་༔ མེ་ལོང་ཡེ་ཤེས་སྣང་བར་རབ་ཟིན་ནས༔ འོད་གསལ་སྦུབས་འཇུག་དགོངས་པའི་སྟོང་ཐེབ་སྟེ༔ སངས་རྒྱས་རིགས་ཀྱི་ཐུགས་ལ་བྱང་ཆུབ་ཤོག༔ རང་མདངས་མཐིང་ཀའི་བརྒྱན་པའི་མར་མེ་འདིས༔ གཏི་མུག་མུན་པ་དབྱིངས་སུ་བསལ་ནས་ཀྱང་༔ ཆོས་དབྱིངས་ཡེ་ཤེས་སྣང་བ་རབ་ཟིན་ནས༔ འོད་གསལ་སྦུབས་འཇུག་དགོངས་པའི་སྟོང་ཐེབ་སྟེ༔ རྡོ་རྗེ་རིགས་ཀྱི་ཐུགས་ལ་བྱང་ཆུབ་ཤོག༔ རང་མདངས་སེར་པོའི་བརྒྱན་པའི་མར་མེ་འདིས༔ ང་རྒྱལ་མུན་པ་དབྱིངས་སུ་བསལ་ནས་ཀྱང་༔ མཉམ་ཉིད་ཡེ་ཤེས་སྣང་བ་རབ་ཟིན་ནས༔ འོད་གསལ་སྦུབས་འཇུག་དགོངས་པའི་སྟོང་ཐེབ་སྟེ༔ རིན་ཆེན་རིགས་ཀྱི་ཐུགས་ལ་བྱང་ཆུབ་ཤོག༔ རང་མདངས་དམར་པོའི་བརྒྱན་པའི་མར་མེ་འདིས༔ འདོད་ཆགས་མུན་པ་དབྱིངས་སུ་བསལ་ནས་ཀྱང་༔ སོར་རྟོགས་ཡེ་ཤེས་སྣང་བ་རབ་ཟིན་ནས༔ འོད་གསལ་སྦུབས་འཇུག་དགོངས་པའི་སྟོང་ཐེབ་སྟེ༔ པདྨ་རིགས་ཀྱི་ཐུགས་ལ་བྱང་ཆུབ་ཤོག༔ རང་མདངས་ལྗང་གུའི་བརྒྱན་པའི་མར་མེ་འདིས༔ ཕྲག་དོག་མུན་པ་དབྱིངས་སུ་བསལ་ནས་ཀྱང་༔ བྱ་གྲུབ་ཡེ་ཤེས་སྣང་བ་རབ་ཟིན་ནས༔ འོད་གསལ་སྦུབས་འཇུག་དགོངས་པའི་སྟོང་ཐེབ་སྟེ༔ ལས་ཀྱི་རིགས་ཀྱི་ཐུགས་ལ་བྱང་ཆུབ་ཤོག༔ རང་མདངས་སྣ་ཚོགས་བརྒྱན་པའི་མར་མེ་འདིས༔ གཞི་སྣང་ཆེན་པོའི་རང་ཞལ་མངོན་མཚོན་ཏེ༔ བརྒྱད་ཁྲི་བཞི་སྟོང་ཉོན་མོངས་མུན་པ་བསལ༔ དུས་གསུམ་རྒྱལ་བའི་ཐུགས་ལ་བྱང་ཆུབ་ཤོག༔ གལ་ཏེ་བསྒྲུབ་པོའི་བརྟན་པ་མ་ཐོབ་ན༔ ཟུང་འཇུག་ཚོམ་བུ་དྲུག་ཕྲག་དྲུག་ཏུ་ཤར༔ སྒྲ་འོད་ཟེར་གསུམ་སྣང་བས་སྐྱི་བུང་བྱེད༔ ཡེ་ཤེས་སྒྲོན་མའི་ཟེར་གྱིས་སྟོང་ཐེབ་ནས༔ མི་འགྱུར་གསེར་གྱི་ཐུར་མ་བྱེད་པར་ཤོག༔ གལ་ཏེ་བསྒྲུབ་པོའི་བརྟན་པ་མ་ཐོབ་ན༔ སྣར་མ་ཐིག་ལེའི་བརྒྱན་པའི་འོད་ལམ་ལ༔ དངངས་སྐྲག་གཞན་གོལ་འཇིགས་པ་མི་འབྱུང་བར༔ ཡེ་ཤེས་སྒྲོན་མའི་མདངས་ཀྱིས་སྟོང་ཐེབ་སྟེ༔ སྔར་འདྲིས་གོམས་པའི་རྩལ་གྱིས་གྲོལ་པར་ཤོག༔ ཁྲག་འཐུང་རོལ་པའི་སྣང་བ་ཤར་བའི་ཚེ༔ འཇིགས་སྣང་ཡུལ་འཛིན་རྟོག་པ་རང་གྲོལ་ཏེ༔ ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་དུ༔ ཡེ་ཤེས་མར་མེའི་སྒྲ་འོད་ཟེར་གསུམ་གྱིས༔ བརྡའ་རྟགས་དོན་ལ་འབྱོར་བའི་གཟུངས་ཐོབ་སྟེ༔ དཔའ་བོ་རྡོ་རྗེ་སློབ་དཔོན་གསུང་ཐོས་ཤིང་༔ རྗེས་དྲན་རྟོགས་པའི་རྩལ་གྱིས་འཕོ་བར་ཤོག༔ གལ་ཏེ་སྲིད་པ་བར་དོ་མཐོང་ན་ཡང་༔ ཚོམ་བུ་ཚོགས་ཀྱི་བསྒྲུབ་པའི་ལས་སད་དེ༔ སྣང་གསལ་སྒྲོན་མའི་འོད་ཀྱིས་ཤུལ་མཚོན་ཞིག༔ རྡོ་རྗེའི་མཆེད་ལྕམ་གཟུངས་ཀྱི་རྒྱབ་བརྟེན་ཞིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་མདུན་བསུས་ཤིག༔ རབ་ཏུ་དགའ་བའི་ས་ལ་བརྟན་ཐོབ་ཅིང་༔ ཁ་དོག་འོད་ལྔ་ལྷུན་གྲུབ་མར་མེ་འདིས༔ རྡོ་རྗེ་རིན་ཆེན་པདྨ་རལ་གྲི་དང་༔ འཁོར་ལོའི་རིག་པ་འཛིན་པ་རྣམ་པ་ལྔར༔ བསྒོམ་ལམ་ཐོད་བརྒལ་མི་སློབ་གྲལ་ཟིན་ཤོག༔ ཁ་དོག་ཡུམ་གྱི་ངོ་བོར་སངས་རྒྱས་པས༔ སྣང་གསལ་སྒྲོན་མེ་མཆོག་གི་རྟེན་འབྲེལ་གྱིས༔ འབྱུང་ལྔ་རང་རྒྱུད་ཞེན་པའི་སྦུབས་འབྱེད་དེ༔ རིན་ཆེན་སྦུབས་ལ་བརྟན་པ་མཐར་ཕྱིན་ནས༔ རང་བྱུང་སངས་རྒྱས་ས་ཡི་ཡེ་ཤེས་དྲུག༔ མངོན་གྱུར་རིགས་དྲུག་གཡང་ས་མི་མཐོང་ཞིང་༔ འོད་གསལ་རྫོགས་ཆེན་སྦྱངས་བསྒྲོད་མེད་པའི་ས༔ གཅིག་ཏུ་ཉི་ཤུ་རྩ་བཞི་ལྷུན་གྲུབ་ནས༔ ཆོས་སྐུ་ལམ་དུ་སྣང་བས་མདུན་བསུས་ཤིག༔ ལོངས་སྐུ་ལམ་དུ་སྣང་བས་ཤུལ་མཚོན་ཞིག༔ སྤྲུལ་སྐུ་ལམ་དུ་སྣང་བས་རྒྱབ་བརྟེན་ཞིག༔ མངོན་བྱང་ལམ་དུ་སྣང་བས་དཔུང་བསྐྱེད་དེ༔ རྡོ་རྗེ་མི་འགྱུར་ཆོས་ཉིད་རྒྱལ་ས་རུ༔ དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པར༔ ངོ་བོ་ཆོས་ཀྱི་སྐུ་རུ་བྱང་ཆུབ་སྟེ༔ རང་བཞིན་གངས་ཆེན་མཚོ་ཡི་བསྐལ་བ་བཀོད༔ གང་འདུལ་ཐུགས་རྗེའི་འོད་ཟེར་འགྱེད་པ་རུ༔ སྣང་གསལ་སྤྲུལ་པ་སྐུ་ཡི་རྟེན་མཆོག་གིས༔ མཚམས་སྦྱོར་སྨོན་ལམ་བཟང་པོའི་རྒྱུད་སྦྲེལ་ཏེ༔ དོན་གཉིས་ལྷུན་གྲུབ་འཁོར་བ་དོང་སྤྲུགས་ཤོག༔ རིག་འཛིན་རྒྱལ་བ་རྒྱ་མཚོའི་བདེན་པ་དང༵་༔ དབང་ཕྱུག་བླ་མ་དམ་པའི་བྱིན་རླབས་དང༵་༔ ལྷག་པའི་ལྷ་མཆོག་ཞི་ཁྲོའི་ཐུགས་རྗེ་དང༵་༔ དམ་ཚིག་གཅིག་པའི་རིག་འཛིན་དཔུང་བྱིན་དང༵་༔ ངོ་མཚར་རྟེན་འབྲེལ་ལྔ་བྱུང་བསླུ་མེད་དང༵་༔ རང་བཞིན་རྣམ་དག་ཆོས་ཉིད་ནུས་མཐུ་དང༵་༔ མཚམས་སྦྱོར་བསྐྱེད་རྫོགས་རྣལ་འབྱོར་སྟོབས་ཤུགས་ཀྱི༔ གེགས་མེད་ཡོངས་སུ་འགྲུབ་པའི་བཀྲ་ཤིས་ཤོག༔ འདི་ལྟར་བསྐྱེད་རྫོགས་གནད་དང་ལྡན་པའི་གྲྭལ༔ སྨོན་ལམ་མཐུན་པར་གང་གིས་བཏབ་པ་ཡིས༔ ལས་མ་སྦྱངས་བའི་སོ་སོའི་སྐྱེ་བོ་ཡང་༔ མཉན་པས་ཆུ་བོ་ཆེ་ལས་སྒྲོལ་བ་ན༔ ཕ་རོལ་སེམས་མེད་བེམ་པོའི་རྫས་ཉིད་ཀྱང་༔ བདག་པོའི་འདོད་པའི་ཡུལ་དུ་ཕྱིན་པ་ལྟར༔ ཐར་པའི་སྐམ་སར་ཕྱིན་པའི་ཁྱད་ཆོས་འདིར༔ མ་སྒོམ་སངས་རྒྱས་ཡིན་པར་གོར་མ་ཆགས༔ ས་མ་ཡཱ༔ ཉམས་ཆགས་བཤགས་པ་ལུང་གི་རྒྱལ་པོ་འདི༔ རྡོ་རྗེ་འཆང་གིས་ཐུགས་རྗེས་འོད་ཟེར་འཕྲོས༔ དགའ་རབ་དཔའ་བོའི་མངོན་སྣང་ཡུལ་འདིར་བཀོད༔ དེ་ལས་བྱས་ཏེ་བསྐལ་བ་དགེ་བའི་ངོར༔ དུས་མཐའི་སྔགས་ལ་དད་པ་ཐོབ་པ་ཡི༔ ག་ག་ཨ་བྷྱེའི་ནམ་མཁའ་མཛོད་ཀྱི་བརྡ༔ རང་གྲོལ་རྒྱལ་པོ་འོད་གསལ་ལུ་གུ་རྒྱུད༔ གོམས་པའི་ཆུན་པོ་ཉེར་གཅིག་གོ་བར་ནས༔ རིན་ཆེན་ཐིག་ལེ་ཆེན་པོའི་གསོས་སུ་སྨིན༔ འདི་ལ་རྟོག་གེ་བྱེད་པའི་གང་ཟག་ལ༔ ཕན་པ་འབྱུང་སྙམ་རེ་བ་བདག་ལ་མེད༔ འོན་ཀྱང་སྐལ་བཟང་གྲོགས་ཀྱིས་བསྐུལ་བའི་ངོར༔ སེལ་མ་ཞུགས་པའི་ཆུ་འགོ་གསར་པ་འདི༔ ཤོག་བུའི་གྲོན་དུ་གྱུར་སྙམ་བདག་ལ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་ཀྱང་པདྨ་མ་ཏིའི་བསྐུལ་བ་དོན་ཡོད་པར་བྱས་སོ། །དགེའོ། །དགེའོ། །དགེའོ། །བཀྲ་ཤིས་ཤོག །རྣམ་པར་འཕྲུལ་བའི་བཟོ་ཡི་རྒྱུ་རྩལ་འདི། །ཨཀྵ་ར་ཡི་མིང་གི་བགྱིས་པའོ། །


previousདམ་ཚིག་ཉམས་ཆགས་བཤགས་པའི་ལུང་བྱང་བསྡུས་པ་རྟོག་སྒྲིབ་རང་གྲོལ།next