Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
བསྐང་བ་རིན་ཆེན་ཕྲེང་མཛེས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousབསྐང་བ་རིན་ཆེན་ཕྲེང་མཛེས།next

བསྐང་བ་རིན་ཆེན་ཕྲེང་མཛེས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱིས༔ ཚོགས་གཉིས་སྙིང་པོ་དྲིལ་བ་ཡི༔ བསྐང་བ་རིན་ཆེན་ཕྲེང་མཛེས་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བསྐང་རྫས་སྤྱི་དང་ ༼ ཉེར་སྤྱོད་ ༽ བྱེ་བྲག་ ༼ འདོད་ཡོན་ ༽ ནང་ ༼ སྨན་གཏོར་རཀྟ་མར་མེ་ ༽ གསང་ ༼ རིགས་ལྔའི་རིག་མ་ ༽ ཆོས༔ དམ་རྫས་ཚོགས་གཙང་འབྱོར་ཚད་ཐམས་ཅད་བཤམས༔ ཟག་མེད་ཡེ་ཤེས་རོལ་མོར་བྱིན་རླབས་ཏེ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བསྐང་ཕྱིར་འབུལ༔ འདི་ལའང་ནང་ཚན་ས་བཅད་རྣམ་པ་གསུམ༔ དངོས་པོ་དང་ནི་རང་བཞིན་གནས་ལུགས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་རང་རང་སོ་སོ་ཡི༔ ཐུགས་དམ་གཉན་བསྐང་སྙིང་པོའི་བཤགས་པའོ༔ ས་མ་ཡཱ༔ དང་པོ་ལའང་རྣམ་གྲངས་འདི་ལྟ་སྟེ༔ ཐུན་མོང་སྤྱི་ལྟར་ཐུགས་དམ་བསྐང་བ་དང་༔ ནང་གསང་གར་བསྐོར་ཐུགས་དམ་བསྐང་བ་ལས༔ སྔོན་དུ་མཐུན་པའི་རྫས་ཀྱི་བསྐང་བ་ནི༔ ཨོཾ་ཨཱཿཧཱུྃ༔ རྒྱལ་བ་ཞི་ཁྲོ་ཀུན་ལ་མཆོད་པ་ནི༔ རང་བཞིན་ཡེ་ནས་མ་སྐྱེད་རྫོགས་པ་ཡི༔ ཡེ་ཤེས་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལ༔ སེམས་ཅན་དོན་ཕྱིར་བདག་གིར་བཞེས་ཤིག་རོལ༔ ཧཱུྃ༔ དག་གཙང་རྒྱུན་བཟང་ཡན་ལག་ཕུན་སུམ་ཚོགས༔ བྲོ་མཆོག་རཀྟའི་རྦ་ཀློང་མཆོད་ཡོན་སྤྲིན༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཧཱུྃ༔ ཡིད་སིམ་རེག་བདེ་དྲི་བྲལ་རྒྱུན་བསིལ་དང་༔ ནང་གི་ཆུ་བཞིའི་མཚོན་པའི་ཞབས་བསིལ་གཙང་༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཧཱུྃ༔ མཛེས་བརྗིད་བཀྲག་འཚེར་ཚར་དངར་ཁ་དོག་བཀྲ༔ ཡོན་ཏན་འབུམ་ལྡན་དབང་པོའི་མེ་ཏོག་བཅས༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཧཱུྃ༔ སྤོས་དང་རྒྱ་སྤོས་དང་ནི་ཙནྡན་དང་༔ དྲི་མཆོག་ལ་སོགས་དྲི་སྣ་ཚོགས་ཚད་ཀྱི༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཧཱུྃ༔ སྟོང་གསུམ་གསལ་བའི་འོད་ལྡན་སྣ་ཚོགས་སྒྲོན༔ ཞུན་ཆེན་མར་མེ་གསང་བའི་དམ་རྫས་བཅས༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཧཱུྃ༔ སྣང་སྲིད་གདུགས་ཀྱིས་རྒྱས་འགེབས་བདེ་ཆེན་བྱུག༔ མཁྲིས་པའི་དྲི་ཆབ་མཁའ་འགྲོ་འདུ་བའི་དཔལ༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཧཱུྃ༔ ཞིམ་མངར་བཅུད་ཆེན་རོ་བརྒྱ་ནུས་སྟོང་འབར༔ དུག་གསུམ་དབྱིངས་སྒྲོལ་ཤ་རུས་ཞལ་ཟས་སོགས༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཧཱུྃ༔ དུང་དང་ཆ་ལང་རྔ་གླང་སྙན་པའི་རིགས༔ རུ་ཏྲའི་རྔེའུ་ཆུང་རྐང་ཆེན་གླང་བུའི་མཚོན༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཨོཾ༔ རས་མཆོག་དར་དང་དྲོ་འཇམ་རེག་སྣ་ཚོགས༔ དྲག་པོ་བགོ་བའི་གོས་གསུམ་དང་བཅས་པ༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཧཱུྃ༔ རྟ་དང་གླང་ཆེན་རཏྣའི་རིགས་བྱེད་དང་༔ རྒྱན་དང་དྲག་པོ་ཐོད་སྦྲུལ་ཕྲེང་བར་བཅས༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཧཱུྃ༔ ཡོ་བྱད་སྣ་ཚོགས་ཆ་མ་ཆོ་དགུ་ཡང་༔ སེམས་ཅན་ཀུན་གྱིས་ཚོགས་གཉིས་རྫོགས་ཕྱིར་དུ༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྣལ་འབྱོར་ཚོགས་རྫོགས་ཉམས་ཆགས་བྱང་གྱུར་ཅིག༔ ཨོཾ་བཛྲ་སརྦ་པཱུ་ཛ་ཁཱ་ཧི༔ གཉིས་པ་ནང་གི་མཆོད་པས་བསྐང་བ་ནི༔ ཨོཾ༔ ནམ་མཁའི་མཐའ་ཀླས་སེམས་ཅན་གྱི༔ གཟུགས་སུ་སྣང་བ་ཇི་སྙེད་པ༔ སྣ་ཚོགས་ཕྱག་རྒྱའི་དཀྱིལ་འཁོར་ཏེ༔ སྐུ་མཆོག་མཆོད་པ་བླ་ན་མེད༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆགས་ཀུན་བྱང་ནས༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཨཱ༔ སྟོང་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྒྲ་གྲགས་ཐམས་ཅད་སྔགས་ཀྱི་ངང་༔ གསུང་མཆོག་མཆོད་པ་བླ་ན་མེད༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆགས་ཀུན་བྱང་ནས༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ སྟོང་གསུམ་སེམས་ཅན་ཐམས་ཅད་ཀྱི༔ རྟོག་ཚོགས་བསམ་ཡས་ཏིང་འཛིན་ཏེ༔ ཐུགས་མཆོག་མཆོད་པ་བླ་ན་མེད༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆགས་ཀུན་བྱང་ནས༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱ༔ སྟོང་གསུམ་སེམས་ཅན་ཐམས་ཅད་ཀྱི༔ དགེ་དང་མི་དགེའི་ལས་རྣམས་ཀུན༔ ཐམས་ཅད་སངས་རྒྱས་མཛད་སྤྱོད་དེ༔ ཕྲིན་ལས་མཆོད་པ་བླ་ན་མེད༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆགས་ཀུན་བྱང་ནས༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ སྭཱ༔ ཀུན་ནས་ཀུན་ཏུ་ཐམས་ཅད་པའི༔ བརྟན་གཡོའི་དངོས་པོ་ཐམས་ཅད་ཀྱང་༔ ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཏེ༔ བདེ་གཤེགས་མཆོད་པ་བླ་ན་མེད༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆགས་ཀུན་བྱང་ནས༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ གསུམ་པ་གསང་བའི་མཆོད་པ་ལས༔ དང་པོ་བདུད་རྩི་སྨན་མཆོད་ནི༔ ཧཱུྃ༔ བདེ་གཤེགས་རིགས་ཀྱི་ཐུགས་དམ་བསྐང་བ་ནི༔ དྲི་ཆེན་ངད་ལྡན་སྤོས་ཀྱི་བསུང་ཞིམ་འདིའི༔ གཏི་མུག་ཤེས་རབ་འབར་བར་བྱིན་རླབས་སླད༔ བུདྡྷ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ༔ མུ་ཏིག་དཀར་པོ་དྲི་མེད་བྱང་ཆུབ་སེམས༔ ཐམས་ཅད་བསྐྱེད་པའི་རྒྱུ་སྟེ་འཁོར་བ་འཛིན༔ ཞེ་སྡང་བདུད་སྡེ་འཇོམས་སླད་རྩི་ཆེན་འདིའི༔ རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ༔ ཤ་ཆེན་ཤེས་རབ་འབར་བའི་བྱིན་རླབས་ཅན༔ ཁམས་གསུམ་མ་ལུས་དབང་དུ་བསྡུས་ནས་ཀྱང་༔ ང་རྒྱལ་བདུད་སྡེ་འཇོམས་སླད་རྩི་ཆེན་འདིའི༔ རིན་ཆེན་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ༔ རཀྟ་ཟླ་གམ་དྲི་བྲལ་བྱང་ཆུབ་སེམས༔ ཐམས་ཅད་བསྐྱེད་པའི་རྒྱུ་སྟེ་འཁོར་བ་འཛིན༔ འདོད་ཆགས་བདུད་སྡེ་འཇོམས་སླད་རྩི་ཆེན་འདིའི༔ པདྨ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ༔ རྡོ་རྗེ་ལས་ཀྱི་ཆུ་སྟེ་ཨ་མྲི་ཏ༔ རང་བཞིན་ངོ་བོ་ངང་དངས་འཁོར་བ་སྐྱོབས༔ ཕྲག་དོག་ཆེན་པོའི་ལས་ཀྱི་རྒྱུད་སྦྱངས་རྩའི༔ ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ༔ བདུད་ནི་ཉོན་མོངས་ལྔ་ལྡན་ཏེ༔ རྩི་ནི་ཡེ་ཤེས་རྣམ་ལྔའོ༔ ར་ནི་ང་བདག་རྣམ་གཉིས་ཏེ༔ ས་ནི་བདག་བཅོམ་ཆོས་ཉིད་སྟོན༔ ཡ་ནི་ཐེག་པ་རིམ་པ་དགུ༔ ན་ནི་རྫོགས་ཆེན་ཀློང་དུ་གྲོལ༔ ཨ་ལ་ལ་ཧོ༔ གཉིས་པ་རཀྟའི་མཆོད་པ་ནི༔ ཧཱུྃ༔ ཁམས་གསུམ་འཁོར་བའི་འདོད་སྲིད་ཆགས༔ རྩ་བརྒྱད་སྟོང་སྦྱར་ངོ་བོར་བསྡུས༔ ཆོས་ཉིད་སྟོང་པའི་ཀུན་འགྲོའི་ཕྱིར༔ མི་དགེ་མེད་པའི་མཆོད་པ་འབུལ༔ སྣང་བ་ཁ་དོག་ཡུམ་གྱི་ཆ༔ འཁོར་འདས་རྒྱུ་ཡི་རཀྟ་ནི༔ ཡུམ་ཆེན་ལྔ་ཡི་དཀྱིལ་འཁོར་ཏེ༔ བདེ་སྟོང་མཉམ་སྦྱོར་མཆོད་པ་འབུལ༔ རྩི་བཅུད་དམར་པོའི་རིགས་བྱེད་ཀུན༔ རྒྱུ་འབྲས་མཐུན་སྣང་རཀྟ་སྟེ༔ དངོས་བཟང་ནུས་ལྡན་དྲི་རོ་བསུང་༔ བསོད་ནམས་དག་ཕྱིར་མཆོད་པ་འབུལ༔ ཞིང་བཅུའི་སྲོག་གི་རཀྟ་ནི༔ གུ་ཧྱ་མུ་ལ་དྲག་པོའི་རྫས༔ སྲིད་རྩ་དྲུངས་འབྱིན་རྒྱུར་བརླབས་ཏེ༔ ཆགས་རྟོག་བྲལ་བའི་མཆོད་པ་འབུལ༔ སེམས་ཅན་ཀུན་གྱི་རཀྟ་ནི༔ སྲིད་པ་གཞི་ཡི་དམ་རྫས་ཏེ༔ ཕྱིན་ཆད་ལུས་རྟོག་དབྱིངས་བསྒྲལ་ཕྱིར༔ སྙིང་རྗེ་ཆེན་པོའི་མཆོད་པ་འབུལ༔ མངལ་འགྲུབ་བསྐྱེད་རྒྱུའི་དཀར་དམར་ནི༔ སྐྱེ་གནས་རྒྱུ་ཡི་རཀྟ་སྟེ༔ ཕུང་བདུད་ཟག་པ་གཅོད་པའི་ཕྱིར༔ བརྟུལ་ཞུགས་རོ་སྙོམས་མཆོད་པ་འབུལ༔ ཆོས་འབྱུང་པདྨའི་རཀྟ་ནི༔ ལྷ་ཚོགས་དགྱེས་བསྐྱེད་དམ་རྫས་ཏེ༔ རྣམ་དག་མཁའ་འགྲོ་འདུ་བའི་རྟེན༔ གཙང་རྨེའི་འཁྲུལ་གཞིག་མཆོད་པ་འབུལ༔ ཁྃ༔ བསིལ་ཞིམ་ཡིད་འོང་ཆུ་ཁམས་མ་མ་ཀིའི༔ རྡོ་རྗེ་རིགས་ཀྱི་ཞི་ཁྲོའི་ཐུགས་དམ་བསྐང་༔ རྣལ་འབྱོར་ཁམས་འཛིན་རྟོག་སྒྲིབ་བདུད་བཅོམ་སྟེ༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ལཾ༔ མཛེས་གཟུགས་རྡུལ་བརྩེགས་ས་ཁམས་སངས་རྒྱས་སྤྱན༔ རིན་ཆེན་རིགས་ཀྱི་ཞི་ཁྲོའི་ཐུགས་དམ་བསྐང་༔ རྣལ་འབྱོར་ཁམས་འཛིན་རྟོག་སྒྲིབ་བདུད་བཅོམ་སྟེ༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ རཾ༔ དབང་གི་ཁ་དོག་མེ་ཁམས་གོས་དཀར་མོའི༔ པདྨའི་རིགས་ཀྱི་ཞི་ཁྲོའི་ཐུགས་དམ་བསྐང་༔ རྣལ་འབྱོར་ཁམས་འཛིན་རྟོག་སྒྲིབ་བདུད་བཅོམ་སྟེ༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཡཾ༔ ཆགས་བྲལ་བདེ་བསྐྱེད་ཕྲིན་ལས་དམ་ཚིག་སྒྲོན༔ ཀརྨ་རིགས་ཀྱི་ཞི་ཁྲོའི་ཐུགས་དམ་བསྐང་༔ རྣལ་འབྱོར་ཁམས་འཛིན་རྟོག་སྒྲིབ་བདུད་བཅོམ་སྟེ༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཨེ༔ ཐོགས་མེད་ཤེས་ཉོན་བདུད་འཇོམས་དབང་ཕྱུག་རྩིའི༔ སངས་རྒྱས་རིགས་ཀྱི་ཞི་ཁྲོའི་ཐུགས་དམ་བསྐང་༔ རྣལ་འབྱོར་ཁམས་འཛིན་རྟོག་སྒྲིབ་བདུད་བཅོམ་སྟེ༔ བསྐང་གྱུུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ མ་ནི་འཁོར་འདས་འཕགས་བཞིའི་ཡུམ༔ ཧཱ་ནི་སྣ་ཚོགས་དབྱིངས་ཀྱི་འཁོར༔ རཀ་ནི་ཀུན་རྨོངས་ཆུ་ཡི་ལོན༔ ཏ་ནི་སྐྱོབས་པའི་གསང་སྔགས་མཆོག༔ ཁཱ་ཧི་དངོས་པོ་ཡེ་ཤེས་རྩི༔ ཁཱ་ཧི་རྒྱུ་ཡི་གནས་ངན་ལེན༔ ཁཱ་ཧི་འབྲས་བུ་ངན་སོང་བ༔ ཤུགས་སྒྲོལ་ཐུགས་རྗེའི་འཛིན་པའི་མཆོག༔ སྐུ་ལྔ་ལྷུན་གྲུབ་ཞི་ཁྲོའི་ཚོགས༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ གསུམ་པ་གཏོར་མའི་བསྐང་བ་ནི༔ ཨོཾ༔ གཞོང་བ་རྣམ་དག་ཆོས་ཀྱི་དབྱིངས༔ གཏོར་མ་ཡེ་ཤེས་ཕྱག་རྒྱར་འབར༔ རཀྟ་དམར་གྱི་ཐིག་བཏབ་སྟེ༔ འབུལ་ནི་བླ་མ་ལྷ་ལ་འབུལ༔ མཆོད་འདི་གསང་བའི་དཀྱིལ་འཁོར་མཆོད༔ ཤ་ཁྲག་ཟན་འབྲུལ་རྫས་ཀྱི་མཆོད༔ ཐུགས་དམ་གཉན་པོ་ཡར་བསྐང་ལ༔ ཉམས་ཆགས་སྐོངས་ལ་དངོས་གྲུབ་སྩོལ༔ འཇིག་རྟེན་གསེར་དངུལ་ཟངས་ལྕགས་སྣོད༔ ནང་བཅུད་སྐྱེ་འགྲོ་གཏོར་མའི་རྫས༔ ཟག་རྫས་རང་བྱུང་བདུད་རྩིའི་བྲན༔ རཀྟ་དམར་གྱི་ཐིག་བཏབ་པས༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ རྣམ་ཤེས་ལྔ་ཉིད་གཏོར་མའི་རྫས༔ དབང་པོ་ལྔ་ནི་གཏོར་མའི་རྒྱན༔ དུག་གསུམ་སྐུར་རྫོགས་ཕབས་ཀྱིས་བསྒྲིལ༔ ཉོན་མོངས་ཡེ་ཤེས་རཀྟས་གདབས༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཕུང་པོ་ལྔ་ནི་གཏོར་མའི་རྫས༔ དྭངས་མ་ལྔ་ཉིད་གཏོར་མའི་རྒྱན༔ རྡོ་རྗེ་སྐུ་ལྔའི་ཕབས་ཀྱིས་བྲན༔ ཤེས་རབ་ལྔ་ཡི་རཀྟས་གདབས༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཙིཏྟ་ཁམས་ལྔའི་ཤི་ར་ལ༔ འཁོར་ལོ་ལྔ་ཡི་རྒྱན་གྱིས་སྤྲས༔ ཡི་གེ་ལྔ་ཡི་ཐིག་གདབས་ཏེ༔ མཁའ་འགྲོ་ལྔ་ཡི་རཀྟས་བྲན༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ འདོད་ཡོན་ལྷ་མོར་བཞེངས་པའི་ཡུམ་ཆེན་ལྔས༔ གནས་སུ་སྟོབ་པའི་རང་བྱུང་གཏོར་མ་འདིའི༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐངས༔ འགྲོ་བའི་དོན་དུ་བདག་གིར་མཛད་དུ་གསོལ༔ སྐྱེ་བས་མ་རིག་ཡུལ་དང་བཅས༔ སྐྱེ་བ་མེད་པར་བྱིན་གྱིས་རློབས༔ བརྟགས་ཆགས་ཞེན་པའི་འཁོར་འདས་ཆོས༔ མཉམ་གྲོལ་ཆེན་པོར་བྱིན་གྱིས་རློབས༔ གཏིང་རྟོག་བློ་ཡིས་བྱས་ཆོས་ཀུན༔ བློ་འདས་རང་དངས་བྱིན་གྱིས་རློབས༔ སྣ་ཚོགས་སྤྲོས་པའི་བག་ཆགས་ལས༔ ཐག་ཆོད་ཆོས་སྐུར་བྱིན་གྱིས་རློབས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀུན༔ སྡུག་བསྔལ་ཀ་དག་བྱིན་གྱིས་རློབས༔ ཨོཾ༔ འཛིན་ཆགས་མེད་པས་གཏོར་ཞེས་བྱ༔ ཀུན་ལ་ཁྱབ་སྙོམས་མ་མ་སྟེ༔ འགྲོ་དྲུག་ཕུལ་བས་གཏོར་ཞེས་བྱ༔ གཡང་ས་ཆོད་པས་མ་ཡིན་ནོ༔ གཉིས་སྣང་ཕུལ་བས་གཏོར་ཞེས་བྱ༔ གཉིས་མེད་ཐོབ་པས་མ་མའོ༔ མ་འགགས་འབྱུང་བས་གཏོར་ཞེས་བྱ༔ རྩིས་གདབ་མེད་པས་མ་ཡིན་ནོ༔ རིག་རྩལ་སྣང་བས་གཏོར་ཞེས་བྱ༔ གཞི་ལ་རྩལ་ཐིམ་མ་ཞེས་བྱ༔ གཏོར་བས་འཁྲུལ་འཁོར་དབྱིངས་སུ་སད༔ རྫོགས་ཆེན་དོན་གྱི་མ་དང་སྤྲོད༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བཞི་བ་གསང་བའི་གར་མཆོད་ནི༔ ཧཱུྃ༔ སྤྱན་ལས་མཆོད་པའི་ལྷ་འཕྲོས་པས༔ གཟུགས་ཀྱི་མཆོད་པ་སྣ་ཚོགས་པ༔ ལག་གཉིས་གར་བསྒྱུར་མེ་ལོང་མས༔ རྒྱལ་བ་མཆོད་ནས་སྤྱན་ལ་ཐིམ༔ སྙན་ལས་མཆོད་པའི་ལྷ་འཕྲོས་པས༔ སྒྲ་ཡི་མཆོད་པ་སྣ་ཚོགས་པ༔ ལག་གཉིས་གར་བསྒྱུར་རོལ་མོ་མས༔ རྒྱལ་པ་མཆོད་ནས་སྙན་ལ་ཐིམ༔ ཤངས་ལས་མཆོད་པའི་ལྷ་འཕྲོས་པས༔ དྲི་ཡི་མཆོད་པ་སྣ་ཚོགས་པ༔ ལག་གཉིས་གར་བསྒྱུར་རེང་བུ་མས༔ རྒྱལ་བ་མཆོད་ནས་ཤངས་ལ་ཐིམ༔ ལྗགས་ལས་མཆོད་པའི་ལྷ་འཕྲོས་པས༔ རོ་ཡི་མཆོད་པ་སྣ་ཚོགས་པ༔ ལག་གཉིས་གར་བསྒྱུར་ནེ་ཝི་ཏེས༔ རྒྱལ་བ་མཆོད་ནས་ལྗགས་ལ་ཐིམ༔ སྐུ་ལས་མཆོད་པའི་ལྷ་འཕྲོས་པས༔ རེག་བྱའི་མཆོད་པ་སྣ་ཚོགས་པ༔ ལག་གཉིས་གར་བསྒྱུར་པཉྩ་ལིས༔ རྒྱལ་བ་མཆོད་ནས་སྐུ་ལ་ཐིམ༔ གར་གྱིས་ཐམས་ཅད་ཚིམ་པར་མཛད༔ གར་གྱིས་འཁོར་བ་ཆོས་སྐུར་བསྒྱུར༔ མཆོད་པ་བླ་ན་མེད་པ་འདིའི༔ ཞི་ཁྲོའི་ཚོགས་དང་སེམས་དཔའ་ལ༔ གཉིས་སུ་མེད་པར་མཆོད་པ་འབུལ༔ ཆོས་དང་སེམས་དང་ཡིད་ཀྱིས་མཆོད༔ ཨེ་མ་སངས་རྒྱས་ཀུན་སྦྱོར་བའི༔ མཉམ་པའི་མཆོད་པ་ཆེན་པོས་མཆོད༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཧ་ཧ༔ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་ལ༔ སྒེགས་ཁྲོས་རྔམས་པའི་གར་གྱིས་བསྐོར་བ་ནི༔ སྲིད་གསུམ་འཇོམས་མཛད་མཛོད་ལྡན་ཀཽ་རི་མ༔ དམ་ཚིག་དབྱིངས་མཆོག་བསྐུལ་བྱེད་ཙོའུ་རི་མ༔ སྟོང་གསུམ་རྒྱལ་མཛད་རྒྱས་བྱེད་པྲ་མོ་ཧ༔ མ་ལུས་ཟ་བྱེད་རྡོར་འཕྱར་བེ་ཏ་ལི༔ བདེ་ལྡན་ཞིང་དུ་འདྲེན་མཛད་པུསྐ་སི༔ བསྒྲལ་ནས་ཞལ་དུ་སྟོབ་མཛད་གྷསྨ་རི༔ ཐུགས་རྗེའི་འཇིག་རྟེན་སྒྲོལ་མཛད་སྨ་ཤ་ནི༔ སྟོང་གསུམ་སྟོངས་མཛད་འབར་མ་ཙནྡྷ་ལི༔ གར་དང་གླུ་དབྱངས་བསྐོར་འདྲེན་མཆོད་པ་འདིའི༔ ཆེ་མཆོག་དཔལ་དགུའི་ཐུགས་དམ་བསྐངས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་གཡར་དམ་གཉན་པོ་བསྐངས༔ རྣམ་དག་དམ་རྫས་ཏིང་འཛིན་ཆུད་མ་ཟ༔ ཧེ་ཧེ༔ ཁྲག་འཐུང་མངོན་རྫོགས་ཁྲོ་རྒྱལ་རིགས་ལྔ་དང་༔ འབར་བའི་རྒྱལ་མོ་ཀྲོ་ཏི་ཡུམ་རྣམས་ལ༔ ཕྲ་མེན་ཤེས་ཐབས་གར་གྱིས་བསྐོར་བ་ནི༔ འགྲོ་བའི་སྡུག་བསྔལ་གཅོད་མཛད་སེང་ཧ་མ༔ འཆི་བདག་བདུད་ཀྱི་སྡེ་འཇོམས་བྱ་ཀྲི་མ༔ དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་སྲི་ལ་མ༔ རྡོ་རྗེ་བདུད་འདུལ་ཟ་བྱེད་ཤྭ་ན་མ༔ མགྱོགས་མ་ཁྲག་འཐུང་རྙོགས་མཛད་གྷྲི་ཏ་མ༔ འཁོར་བའི་སྡུག་བསྔལ་ཚེ་འཕྲོག་ཀཾ་ཀ་མ༔ ཡོན་ཏན་ཡིད་བཞིན་བདག་ཉིད་ཁ་ཁ་མ༔ འགྲོ་བའི་དོན་མཛད་ཁྲག་འཐུང་ཨུ་ལུ་མ༔ གར་དང་གླུ་དབྱངས་བསྐོར་འདྲེན་མཆོད་པ་འདིའི༔ ཆེ་མཆོག་དཔལ་དགུའི་ཐུགས་དམ་བསྐངས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་གཡར་དམ་གཉན་པོ་བསྐངས༔ རྣམ་དག་དམ་རྫས་ཏིང་འཛིན་ཆུད་མ་ཟ༔ ཛ༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཡབ་ཡུམ་འཁོར༔ སྒོ་མ་ཆེན་མོའི་གར་གྱིས་བསྐོར་བ་ནི༔ རྒྱལ་ཀུན་ཐུགས་རྗེ་བསྐུལ་བྱེད་ལྕགས་ཀྱུ་མ༔ ལྷན་སྐྱེས་ངར་འཛིན་འཆིང་བྱེད་ཞགས་པ་མ༔ འགྲོ་བ་ཐུགས་རྗེའི་འཆིང་ཕྱིར་ལྕགས་སྒྲོག་མ༔ ལྟ་མིན་དབྱིངས་སུ་མྱོས་བྱེད་དྲིལ་བུ་མ༔ གར་དང་གླུ་ཡི་མཆོད་པ་དམ་པ་འདིའི༔ ལྷ་ཚོགས་ཐུགས་དམ་གཉན་པོ་ཡར་བསྐངས༔ རྣལ་འབྱོར་བདག་གི་གཡར་དམ་བསྐང་གྱུར་ནས༔ མཆོག་ཐུན་དངོས་གྲུབ་མི་བསྒྲིབ་ཚེ་འདིར་སྩོལ༔ བྷྱོ༔ དཔལ་ཆེན་རྔམ་པ་སྙིང་རྗེའི་ཆོ་རོལ་ལ༔ སྐུ་ལ་འཁྲིལ་པའི་རྒྱལ་བྱེད་ཆས་ཀྱིས་བརྒྱན༔ ལྔ་ལྔ་བརྒྱད་ཀྱིས་རིན་ཆེན་པདྨ་རྒྱས༔ ཐིམ་པའི་ཚུལ་གྱིས་བདེ་སྟོང་བདུད་རྩི་སྤེལ༔ ཕྲ་མེན་ཆ་ལུགས་སྣ་ཚོགས་གར་བསྐོར་ཏེ༔ བདག་ཅག་རྣལ་འབྱོར་ཡེ་ཤེས་རང་རྩལ་ལས༔ སེམས་ཅན་ཀུན་དོན་བྱང་ཆུབ་སེམས་སྟོབས་དང་༔ ནམ་མཁའ་མཛོད་ཀྱི་ཏིང་འཛིན་རླབས་པོ་ཆེའི༔ གར་དང་ཡེ་ཤེས་བསྐོར་པའི་མཆོད་པ་འདིའི༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་གྱུར་ཅིག༔ རྣལ་འབྱོར་བདག་གི་གཡར་དམ་གཉན་བསྐང་ནས༔ མཆོག་ཐུན་དངོས་གྲུབ་མི་བསྒྲིབ་ཚེ་འདིར་སྩོལ༔ ཞེས་གར་གྱི་མཆོད་པ་བྱའོ༔ དེ་ཡི་རྫས་ཀྱི་བསྐང་བ་རྫོགས༔ གཉིས་པ་གནས་ལུགས་དོན་བསྐང་ནི༔ ཨཱ༔ ཨ་ཏི་མ་སྐྱེས་བདེ་ཆེན་འོད་གསལ་ལ༔ སྐྱེ་བའི་སྣང་བ་མ་འགགས་ངོ་མཚར་ཅན༔ མ་འགགས་མི་གནས་སྣང་དུས་རང་སྟོང་པའི༔ བཅོམ་ལྡན་ཞི་ཁྲོའི་ཐུགས་དང་གཉིས་མེད་བསྐངས༔ བརྟན་གཡོའི་ངོ་བོ་ཡེ་ནས་སྤྱི་བླུགས་ལས༔ བཟང་བྱའི་རྩོལ་བས་འདུས་བྱས་མ་ཤོང་བའི༔ ཕྲག་དོག་ཆེན་པོའི་ཐུགས་གསུང་སྐུ་ཡི་ངང་༔ གཉིས་མེད་སྙོམས་འཇུག་མཆོད་པས་ཐུགས་དམ་བསྐངས༔ མཚོན་མཚན་གཞི་གསུམ་སྣང་བའི་བརྟགས་ཆོས་ཀུན༔ ངང་ཁྲོའི་གཉེན་པོའི་བཅོམ་ལྡན་ཞེ་སྡང་ཆེ༔ རྡོ་རྗེ་སེམས་དཔའི་རིགས་ཀྱི་འབྲས་བུའི་དབྱིངས༔ གཉིས་མེད་སྙོམས་འཇུག་མཆོད་པས་ཐུགས་དམ་བསྐངས༔ སྟོང་བར་ལྟ་བའི་ཕྱོགས་ཀྱིས་མ་རེག་པར༔ ཀུན་སྣང་རིས་མེད་མི་ཕྱེད་གཏི་མུག་ཆེ༔ སྣང་མཛད་རིགས་ཀྱི་ཐུགས་གསུང་སྐུ་ཡི་དབྱིངས༔ གཉིས་མེད་སྙོམས་འཇུག་མཆོད་པས་ཐུགས་དམ་བསྐངས༔ གང་སྟོང་མེད་པའི་ཡོན་ཏན་སྒོ་ཡངས་པས༔ དཔང་མཐོ་ལྷུན་སྟུག་ང་རྒྱལ་ཆེན་པོ་ནི༔ རིན་ཆེན་སེམས་དཔའི་ཐུགས་གསུང་སྐུ་ཡི་དབྱིངས༔ གཉིས་མེད་སྙོམས་འཇུག་མཆོད་པས་ཐུགས་དམ་བསྐངས༔ གཉིས་འཛིན་རྟོག་པ་ཡུལ་ལ་རྩེན་པའི་བློ༔ འོད་གསལ་གཤིས་སུ་གཞི་བྲལ་འདོད་ཆགས་ཆེ༔ པདྨ་སེམས་དཔའི་ཐུགས་གསུང་སྐུ་ཡི་དབྱིངས༔ གཉིས་མེད་སྙོམས་འཇུག་མཆོད་པས་ཐུགས་དམ་བསྐངས༔ སྣང་སྲིད་སྣང་མེད་ཆོས་སྐུ་གདལ་བོ་ཆེ༔ དུས་དང་རྐྱེན་གྱིས་མ་བསྒྲིབ་ཟང་ཐལ་བ༔ མཁའ་གསལ་འདུས་མ་བྱས་པའི་རིན་ཆེན་སྦུབས༔ གཉིས་མེད་སྙོམས་འཇུག་མཆོད་པས་ཐུགས་དམ་བསྐངས༔ རང་སྣང་གཞན་གོལ་ཡེ་ཤེས་ལྷར་རྟོགས་ཀྱི༔ དབྱེན་བྱེད་ཀུན་ཉོན་མ་རིག་ཡུལ་དང་བཅས༔ མཁའ་དང་གཞའ་ཚོན་ལྟ་བུར་རྟོགས་རྩལ་གྱིས༔ གཉིས་མེད་སྙོམས་འཇུག་མཆོད་པས་ཐུགས་དམ་བསྐངས༔ ཧཱུྃ༔ ཚོགས་བརྒྱད་དུག་ལྔའི་སྣང་གཟུགས་འཁོར་བའི་ཆོས༔ གཟོད་ནས་འོད་གསལ་ཡེ་ཤེས་ཆོས་ཀྱི་སྐུར༔ མངོན་སངས་རྒྱས་བའི་ངང་མཐོང་བསྐང་རྫས་འདིའི༔ གཉིས་མེད་སྙོམས་པར་འཇུག་པས་ཐུགས་དམ་བསྐང་༔ རྣལ་འབྱོར་བདག་གི་གཡར་དམ་སོར་ཆུད་ནས༔ མི་བསྒྲིབ་ཚེ་འདིར་མཆོག་ཐུན་དངོས་གྲུབ་སྩོལ༔ གསུམ་པ་ལྷ་ཡི་བསྐང་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྤྱི་གཟུགས་སྟངས་དཔྱལ་ཡེ་ཤེས་སྐུ༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐངས༔ འཁོར་འདས་མཁའ་རུ་སྦྲུམ་པའི་ཡུམ༔ ཀུན་ཏུ་བཟང་མོའི་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་འདུས་རིན་ཆེན་གསང་བའི་མཛོད༔ བུདྡྷ་སེམས་དཔའི་ཐུགས་དམ་བསྐངས༔ སྐུ་འདུས་རིན་ཆེན་གསང་བའི་མཛོད༔ རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང༔ ཡོན་ཏན་འདུས་པ་གསང་བའི་སྐུ༔ རིན་ཆེན་སེམས་དཔའི་ཐུགས་དམ་བསྐངས༔གསུང་མཆོག་འདུས་པ་གསང་བའི་སྐུ༔ པདྨ་སེམས་དཔའི་ཐུགས་དམ་བསྐངས༔ ཕྲིན་ལས་འདུས་པ་གསང་བའི་སྐུ༔ ཀརྨ་སེམས་དཔའི་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་འོད་ཀྱི་སྐུ༔ ནམ་མཁའི་བདག་མོའི་༴ དབྱིངས་ཆེན་གསལ་བའི་འོད་ཀྱི་སྐུ༔ ས་ཡི་དབང་མོའི་ཐུགས་དམ་བསྐངས༔ དབྱིངས་ཀྱི་ཡེ་ཤེས་འོད་ཀྱི་མཛོད༔ ཆུ་ཡི་དབང་མོའི་ཐུགས་དམ་བསྐངས༔ མ་འདྲེན་རྫོགས་དབྱིངས་འོད་ཀྱི་མཛོད༔ མེ་ཡི་དབང་མོའི་ཐུགས་དམ་བསྐངས༔ གཉིས་མེད་དབྱིངས་བསྐྱོད་འོད་ཀྱི་མཛོད༔ རླུང་གི་དབང་མོའི་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ མེ་ལོང་ཆེན་པོའི་ཡེ་ཤེས་སྐུ༔ རྡོ་རྗེ་མཐོང་བྱེད་ཐུགས་དམ་བསྐངས༔ རྟོག་མེད་དྭངས་པའི་ཡེ་ཤེས་སྐུ༔ རྡོ་རྗེ་མཐོང་དབང་ཐུགས་དམ་བསྐངས༔ རྟོགས་མེད་གསལ་བའི་ཡེ་ཤེས་སྐུ༔ རྡོ་རྗེ་མཐོང་བྱའི་ཐུགས་དམ་བསྐངས༔ གསལ་བ་འཛིན་མེད་ཡེ་ཤེས་སྐུ༔ རྡོ་རྗེ་མཐོང་དུས་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ མཉམ་ཉིད་མ་འགགས་ཡེ་ཤེས་སྐུ༔ རྡོ་རྗེ་ཐོས་བྱེད་ཐུགས་དམ་བསྐངས༔ མཉམ་ཉིད་མ་འདྲེས་ཡེ་ཤེས་སྐུ༔ རྡོ་རྗེ་ཐོས་དབང་ཐུགས་དམ་བསྐངས༔ མཉམ་ཉིད་མི་གཡོའི་ཡེ་ཤེས་སྐུ༔ རྡོ་རྗེ་ཐོས་བྱའི་ཐུགས་དམ་བསྐངས༔ མཉམ་ཉིད་མི་གནས་ཡེ་ཤེས་སྐུ༔ རྡོ་རྗེ་ཐོས་དུས་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ དོན་རྣམས་འབྱེད་པའི་ཡེ་ཤེས་སྐུ༔ རྡོ་རྗེ་བསྣམ་བྱེད་ཐུགས་དམ་བསྐངས༔ སྒྲ་རྣམས་སེལ་པའི་ཡེ་ཤེས་སྐུ༔ རྡོ་རྗེ་བསྣམ་དབང་ཐུགས་དམ་བསྐངས༔ སྐད་ཅིག་སྐྱེ་བའི་ཡེ་ཤེས་སྐུ༔ རྡོ་རྗེ་བསྣམ་བྱའི་ཐུགས་དམ་བསྐངས༔ ཚིག་ལས་འདས་པའི་ཡེ་ཤེས་སྐུ༔ རྡོ་རྗེ་བསྣམ་དུས་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ བྱ་བ་འབྱེད་པའི་ཡེ་ཤེས་སྐུ༔ རྡོ་རྗེ་མྱོང་བྱེད་ཐུགས་དམ་བསྐངས༔ སྒྲོ་འདོགས་ཆོད་པའི་ཡེ་ཤེས་སྐུ༔ རྡོ་རྗེ་མྱོང་དབང་ཐུགས་དམ་བསྐངས༔ བྱ་བར་མི་གནས་ཡེ་ཤེས་སྐུ༔ རྡོ་རྗེ་མྱང་བྱའི་ཐུགས་དམ་བསྐངས༔ བྱ་བ་བཏང་བའི་ཡེ་ཤེས་སྐུ༔ རྡོ་རྗེ་མྱང་དུས་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུས་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ སྐྱེས་དགའི་བདུད་བཅོམ་བྱམས་དབང་ཕྱུག༔ གཏིང་གསལ་ཡབ་ཡུམ་༴ རྒ་ཕུང་བདུད་འཇོམས་ཆགས་དབང་ཕྱུག༔ ངང་དྭངས་ཆེན་པོའི་ཐུགས་དམ་བསྐངས༔ ནད་ཉོན་བདུད་འཇོམས་དགའ་དབང་ཕྱུག༔ རང་དངས་ཡབ་ཡུམ་ཐུགས་དམ་བསྐངས༔ འཆི་བདག་བདུད་འཇོམས་སྙོམས་དབང་ཕྱུག༔ དྲི་མེད་ཡབ་ཡུམ་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ བསམ་གཏན་ཕ་རོལ་ཕྱིན་པ་པོ༔ ལྷ་ཡི་ཐུབ་པའི་ཐུགས་དམ་བསྐངས༔ བརྩོན་འགྲུས་ཕ་རོལ་ཕྱིན་པ་པོ༔ མི་ཡི་ཐུབ་པའི་ཐུགས་དམ་བསྐངས༔ ཚུལ་ཁྲིམས་ཕ་རོལ་ཕྱིན་པ་པོ༔ ལྷ་མིན་ཐུབ་པའི་ཐུགས་དམ་བསྐངས༔ ཤེས་རབ་ཕ་རོལ་ཕྱིན་པ་པོ༔ བྱོལ་སོང་ཐུབ་པའི་ཐུགས་དམ་བསྐངས༔ སྦྱིན་པའི་ཕ་རོལ་ཕྱིན་པ་པོ༔ ཡི་དྭགས་ཐུབ་པའི་ཐུགས་དམ་བསྐངས༔ བཟོད་པའི་ཕ་རོལ་ཕྱིན་པ་པོ༔ དམྱལ་བའི་ཐུབ་པའི་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ ཁྲོ་བས་ལོངས་སྤྱོད་མཛད་པའི་སྐུ༔ སྤྱི་དཔལ་ཆེན་པོའི་ཐུགས་དམ་བསྐངས༔ ཆོས་ཉིད་ངང་གིས་ཁྲོས་པའི་དབྱིངས༔ གནམ་ཞལ་མ་ཡི་ཐུགས་དམ་བསྐངས༔ གཏི་མུག་ཚུལ་གྱིས་གཏི་མུག་འཇོམས༔ བུདྡྷ་ཧེ་རུའི་ཐུགས་དམ་བསྐངས༔ ཞེ་སྡང་ཚུལ་གྱི་ཞེ་སྡང་འཇོམས༔ བཛྲ་ཧེ་རུའི་ཐུགས་དམ་བསྐངས༔ ང་རྒྱལ་ཚུལ་གྱི་ང་རྒྱལ་འཇོམས༔ རཏྣ་ཧེ་རུའི་ཐུགས་དམ་བསྐངས༔ འདོད་ཆགས་ཚུལ་གྱི་འདོད་ཆགས་འཇོམས༔ པདྨ་ཧེ་རུའི་ཐུགས་དམ་བསྐངས༔ ཕྲག་དོག་ཚུལ་གྱི་ཕྲག་དོག་འཇོམས༔ ཀརྨ་ཧེ་རུའི་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧཱུྃ༔ རྨོངས་པའི་ཡུལ་མེད་མཐིང་ཀའི་དབྱིངས༔ བུདྡྷ་ཀྲོ་ཏིའི་ཐུགས་དམ་བསྐངས༔ རྟོག་པའི་ཡུལ་མེད་དཀར་པོའི་དབྱིངས༔ བཛྲ་ཀྲོ་ཏིའི་ཐུགས་དམ་བསྐངས༔ ཁེངས་པའི་ཡུལ་མེད་སེར་པོའི་དབྱིངས༔ རཏྣ་ཀྲོ་ཏིའི་ཐུགས་དམ་བསྐངས༔ ཆགས་པའི་ཡུལ་མེད་དམར་པོའི་དབྱིངས༔ པདྨ་ཀྲོ་ཏིའི་ཐུགས་དམ་བསྐངས༔ ཕྲག་དོག་ཡུལ་མེད་ལྗང་གུའི་དབྱིངས༔ ཀརྨ་ཀྲོ་ཏིའི་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧ༔ མེ་ལོང་ཡེ་ཤེས་རང་རྩལ་ཁྲོས༔ མཛོད་ལྡན་མ་ཡི་ཐུགས་དམ་བསྐངས༔ མཉམ་ཉིད་ཡེ་ཤེས་རང་རྩལ་ཁྲོས༔ རྐུན་མཽ་མ་ཡི་ཐུགས་དམ་བསྐངས༔ སོར་རྟོགས་ཡེ་ཤེས་རང་རྩལ་ཁྲོས༔ རྨོངས་བྱེད་མ་ཡི་ཐུགས་དམ་བསྐངས༔ བྱ་གྲུབ་ཡེ་ཤེས་རང་རྩལ་ཁྲོས༔ ཐལ་བྱེད་མོ་ཡི་ཐུགས་དམ་བསྐངས༔ ཀློང་གྱུར་ཡེ་ཤེས་རང་རྩལ་ཁྲོས༔ སྦོས་མོ་མ་ཡི་ཐུགས་དམ་བསྐངས༔ འདའ་དཀའ་ཡེ་ཤེས་རང་རྩལ་ཁྲོས༔ གཏུམ་མོ་མ་ཡི་ཐུགས་དམ་བསྐངས༔ དབྱིངས་གྲོལ་ཡེ་ཤེས་རང་རྩལ་ཁྲོས༔ སྨ་ཤ་ཅན་གྱི་ཐུགས་དམ་བསྐངས༔ མཐའ་གྲོལ་ཡེ་ཤེས་རང་རྩལ་ཁྲོས༔ མ་ཚོགས་མ་ཡི་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཧེ༔ སྐྱེ་བའི་གནས་ཡུལ་མཐའ་དང་བྲལ༔ སེང་གདོང་མ་ཡི་ཐུགས་དམ་བསྐངས༔ རྟག་པའི་གནས་ཡུལ་མཐའ་དང་བྲལ༔ སྟག་གདོང་མ་ཡི་ཐུགས་དམ་བསྐངས༔ འགགས་པའི་གནས་ཡུལ་མཐའ་དང་བྲལ༔ ཝ་གདོང་མ་ཡི་ཐུགས་དམ་བསྐངས༔ ཆད་པའི་གནས་ཡུལ་མཐའ་དང་བྲལ༔ ཁྱི་གདོང་མ་ཡི་ཐུགས་དམ་བསྐངས༔ འོང་བའི་གནས་ཡུལ་མཐའ་དང་བྲལ༔ རྒོད་གདོང་མ་ཡི་ཐུགས་དམ་བསྐངས༔ ཐ་དད་གནས་ཡུལ་མཐའ་བྲལ་སྐུ༔ དུར་བྱའི་གདོང་མའི་ཐུགས་དམ་བསྐངས༔ འགྲོ་བའི་གནས་ཡུལ་མཐའ་བྲལ་སྐུ༔ བྱ་རོག་གདོང་མའི་ཐུགས་དམ་བསྐངས༔ དོན་གཅིག་གནས་ཡུལ་མཐའ་བྲལ་སྐུ༔ འུག་པའི་གདོང་ཅན་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཛ༔ སྟོང་པ་ཉིད་ཀྱི་རྣམ་ཐར་གཟུགས༔ འགུགས་བྱེད་མ་ཡི་ཐུགས་དམ་བསྐངས༔ སྨོན་པ་མེད་པའི་རྣམ་ཐར་གཟུགས༔ འཆིང་བྱེད་མ་ཡི་ཐུགས་དམ་བསྐངས༔ མཚན་མ་མེད་པའི་རྣམ་ཐར་གཟུགས༔ སྡོམ་བྱེད་མ་ཡི་ཐུགས་དམ་བསྐངས༔ འདུས་མ་བྱས་པའི་རྣམ་ཐར་གཟུགས༔ མྱོས་བྱེད་མ་ཡི་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ བྷྱོ༔ སྡུག་བསྔལ་སྲིད་པ་ཞི་བའི་ཕྱིར༔ ཤར་གྱི་མ་བདུན་ཐུགས་དམ་བསྐངས༔ ལམ་གྱི་ཡེ་ཤེས་རྒྱས་པའི་ཕྱིར༔ ལྷོ་ཡི་མ་བདུན་ཐུགས་དམ་བསྐངས༔ ཀུན་འབྱུང་ཡེ་ཤེས་དབང་མཛད་ཕྱིར༔ ནུབ་ཀྱི་མ་བདུན་ཐུགས་དམ་བསྐངས༔ འགོགས་བདེན་མངོན་གྱུར་བཅོམ་ལྡན་ཕྱིར༔ བྱང་གི་མ་བདུན་ཐུགས་དམ་བསྐངས༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཡང་ན་ཞི་བ་ལ༔ ཧཱུྃ༔ གཞན་དོན་ཐུགས་རྗེའི་འགྲོ་བ་འཛིན༔ ཞི་བའི་ལྷ་ཚོགས་ཐུགས་དམ་བསྐངས༔ རང་དོན་རྟོགས་པའི་བདུད་བཞི་བཅོམ༔ ཁྲོ་བོ་རོལ་པའི་ཐུགས་དམ་བསྐང་༔ ཉམས་ཆགས་རྟོག་སྒྲིབ་ཀུན་དག་ནས༔ དབང་དང་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ཞེས་ཀྱང་འདྲའོ༔ དེ་ནས་གཞུང་ལ་འཇུག་པར་བྱ༔ འདིའི་ནི་ཚོགས་རྫོགས་སྒྲིབ་པ་དང་༔ རང་གི་ཉམས་དང་ཟླས་ཉམས་དང་༔ ཞར་ཉམས་ལ་སོགས་ཀུན་དག་ནས༔ ཏིང་འཛིན་གསུམ་ལ་རང་དབང་དང་༔ མཐར་ཐུགས་སངས་རྒྱས་འབྲས་བུ་ཐོབ༔ ས་མ་ཡཱ༔ པདྨ་མ་ཏིའི་བསྐུལ་བའི་ངོར༔ ག་ག་ཨ་བྷྱེ་དེ་ཡིས་སྨྲས༔ འགྲོ་དོན་འཁོར་བ་དོང་སྤྲུགས་པར༔ མི་ནུབ་གོང་འཕེལ་བཀྲ་ཤིས་ཤོག༔ ཡི་གེའི་འདུ་བྱེད་འཕྲུལ་བསྒྱུར་བོ༔ ཤེས་རབ་བློ་འཕེལ་ཞེས་བྱའོ༔ དགེའོ། །དགེའོ། །དགེའོ། །མངྒ་ལཾ། །


previousབསྐང་བ་རིན་ཆེན་ཕྲེང་མཛེས།next