Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།


   
   
   
   
   
   
   
   
   
   
   
དངོས་གྲུབ་བསྐུལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདངོས་གྲུབ་བསྐུལ་བ།next

དངོས་གྲུབ་བསྐུལ་བ།

དེ་ནས་དངོས་གྲུབ་བསྐུལ་བ་ནི༔

གཞུང་གི་ལྷག་མ་བསྐྱང་ནས་སུ༔ བྱིན་ཆེན་དབབས་ནས་ཐུགས་དམ་བསྐུལ༔ དེ་མཐར་འདི་ལྟར་གསོལ་བ་གདབས༔ ཧཱུྃ༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་༔ གང་ཟག་སྙན་བརྒྱུད་ཤོག་སེར་ཚིག་བརྒྱུད་ཀྱི༔ དཔལ་མགོན་བླ་མ་བརྒྱུད་ལྡན་ཐམས་ཅད་ཀྱིས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ རྒྱ་གར་རིག་འཛིན་དབང་པོ་མཆོག་བརྒྱད་དང་༔ གྲུབ་ཆེན་བརྒྱད་ཅུ་བོད་ཀྱི་གྲུབ་ཐོབ་རིགས༔ ས་བཀའ་དགེ་རྙིང་ཞི་བྱེད་མཛོད་འཆང་གིས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཉན་རང་བྱང་སེམས་ཀྲི་ཡོག་རྣལ་འབྱོར་དང་༔ བླ་མེད་གཞི་ལམ་འབྲས་བུའི་དཀྱིལ་འཁོར་སྒོ༔ གང་གང་རིག་ངེས་ས་ལམ་བརྟན་ཐོབ་པས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གསང་སྔགས་རིགས་སྔགས་གཟུངས་སྔགས་ཕྱི་ནང་གིས༔ དབྱིབས་སྔགས་ཆོས་ཀྱིས་རྣམ་ཐར་སྒོ་གསུམ་ལས༔ འབྲས་བུ་བྱིན་རློབས་དབང་ཆེན་གྲུབ་པའི་ཚོགས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཆེན་པོ་རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་༔ ཤིན་ཏུ་རྣལ་འབྱོར་རྒྱུད་དང་སྒྲུབ་སྡེ་དང་༔ མན་ངག་དོན་གྱི་ལུང་གི་སྒོ་བཞིའི་ལྷས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཁྱད་པར་བསྒྲུབ་བརྟེན་ལས་ཀྱི་འབྲེལ་བ་ཡི༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་༔ འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱིས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གནས་ཡུལ་ཕྱི་ནང་རྡོ་རྗེ་ཕུང་པོའི་གྲོང་༔ ཞིང་སྔགས་ལྷན་སྐྱེས་རིགས་ལྔའི་མཁའ་འགྲོ་མ༔ སྐུ་གསུམ་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱིས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཁྱེད་རྣམས་ཐུགས་རྗེ་ཆེན་པོའི་མངའ་བདག་སྟེ༔ རྫུ་འཕྲུལ་མངོན་ཤེས་ཆགས་ཐོགས་བྲལ་བའི་ཕྱིར༔ གནད་བསྐུལ་རེ་ལྟོས་བདག་ལ་མཁྱེན་བརྩེའི་དགོངས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ རང་སེམས་འོད་གསལ་ལྷ་ཡི་ངོ་བོར་གྲོལ༔ རིགས་ཆེན་འབྱེད་པའི་རྣམ་སྨིན་ཆོས་སྐུ་རུ༔ ལྷག་མར་བཅས་ཀྱང་མྱང་འདས་དངོས་གྲུབ་དེའི༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ རྐྱེན་སྨོན་སྟོབས་སམ་གཞན་བརྟེན་འཛོམ་པ་ཡི༔ རང་ལུས་འོད་གསལ་འཕོ་ཆེན་དྭངས་མ་རུ༔ ཚེ་ལ་དབང་ཐོབ་དབུགས་འབྱིན་དངོས་གྲུབ་དེའི༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱག་རྒྱ་ལྔ་ཡི་རྩལ་སྟོབས་ཡོངས་སུ་རྫོགས༔ ཆེ་འབྲིང་ཆུང་ངུའི་སྒོམ་སྤངས་རྣམ་གྲོལ་གྱི༔ རིམ་སྤག་ཕྱེད་སྤྲུལ་ལུང་ཆེན་དངོས་གྲུབ་ཀྱིས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ སྐུ་ལྔ་རྡོ་རྗེ་འཆང་གི་ཆ་ལུགས་ཀྱིས༔ མི་སློབ་ལམ་གནས་དགོངས་པའི་རྩལ་ཆེན་རྫོགས༔ སངས་རྒྱས་རྣམ་པ་གཉིས་པའི་དངོས་གྲུབ་དེའི༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ དངོས་གྲུབ་དམ་པའི་དབུགས་དབྱུང་སྩལ་ནས་ཀྱང་༔ མགོན་པོ་ཁྱེད་ཀྱི་དགོངས་ཀློང་སྤངས་རྟོགས་ཀྱིས༔ དོན་གཉིས་ལྷུན་གྲུབ་ཡོན་ཏན་དྲུག་བཅུ་བཞི༔ ད་ལྟ་ཉིད་དུ་བདག་ལ་རྫོགས་གྱུར་ཅིག༔ རྩ་སྔགས་མཐར༔ ཀ་ཡ་ཝཀྐ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་ཅི་འགྲུབ་ཀྱིས་དངོས་གྲུབ་བསྐུལ་ལོ༔ དེ་ནས་བཀྲ་ཤིས་བརྗོད་ལ་མཆོད་སྒོ་འདན༔ ཆད་བརྟན་ལ་སོགས་སྔ་མུ་བཞིན༔ སང་ཉིན་ཚོགས་བསྟབས་རྗེས་སུ་དངོས་གྲུབ་བླང་བ་ནི༔ གསོལ་འདེབས་ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ་བྱིན་ཕབས་མདང་དགུང་བཞིན་ཐུགས་དམ་བསྐུལ་ཏེ་དེའི་རྗེས་སུ༔ ཞེས་བརྗོད་པས་རིགས་ཀྱི་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད༔ ཡུམ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པས་དབང་བསྐུར༔ སེམས་དཔའ་རྣམས་ཀྱི་ཤིས་པ་བརྗོད༔ ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་བླང་༔ ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད༔ འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ༔ ཀུན་ཀྱང་དབང་དང་དངོས་གྲུབ་སྩོལ་བའི་བྱ་བ་ལ་ཞུགས་པར་མོས་ཏེ༔ སྤྲོས་ན་ཞི་ཁྲོའི་དབང་ཆོག་གང་ཡིན་གྱི་བུམ་དབང་མན་ཆད་འདོན༔ ཡང་བསྡུས་ན་རང་གཞུང་གི་དངོས་གྲུབ་ལེན་ཆོག་གིས་བླང་ངོ་༔ ཡང་༔ ཇི་ལྟར་བལྟམས་པ་༴ དེ་བཞིན་བདག་གིས་དབང་བསྐུར་རོ༔ ཀ་ཡ་ཨ་བྷི་༴ དེ་ནས་ཁྲུས་གཞུང་བསྡུས་པའི་གསང་ཤེར་ཙམ་གྱི་མཐར་རང་གཞུང་གི་དངོས་གྲུབ་ལྟར་དང་༔ ཅེས་དབང་བསྐུར་དེ་ལྷ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་གློ་བུར་བྲལ་དག་ཆེན་པོ་མངོན་དུ་གྱུར་པར་བསམ་ལ༔ བཀྲ་ཤིས་བརྗོད་དོ༔ དེ་རྗེས་རྫས་རྟགས་བཀྲ་ཤིས་བརྗོད་དེ༔ ཚོགས་ལ་རོལ་བ་མན་ལས་བྱང་ལྟར་བསྐྱང་ངོ་༔ ༼ འདི་མན་ཆད་ཀྱི་མཆོད་བསྟོད་སོགས་བདག་བསྐྱེད་དབང་བཙན་དུ་བྱས་པའོ༔ མདུན་བསྐྱེད་དང་ཡེ་ཤེས་བའི་གཤེགས་གསོལ་ནི་འདིའི་སོང་ངོ་༔ མཆན༔ ༽ འདི་ཡང་ཤེས་རབ་པདྨ་བློ་གྲོས་གཉིས་བཀའ་བཙན་ལྕིད་ལས་ག་གཱས་མར་ཁུ་བསྐྱུག༔ དགེ་བས་རང་གཞན་སེམས་ཅན་ཐམས་ཅད་ཀུན༔ བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ དགེའོ༔ གཞི་ཡི་བཀྲ་ཤིས་སྐུ་གསུམ་རང་ཆས་ལྡན༔ ལམ་གྱི་བཀྲ་ཤིས་རྩོལ་མེད་ངང་གིས་གྲུབ༔ འབྲས་བུའི་བཀྲ་ཤིས་རང་གྲོལ་མངོན་སངས་རྒྱས༔ འོད་གསལ་ལྷུན་གྲུབ་ཆེན་པོའི་བཀྲ་ཤིས་ཤོག༔ དགེའོ། །


previousདངོས་གྲུབ་བསྐུལ་བ།next