Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
ཞི་ཁྲོའི་རྩ་བའི་རྒྱུན་ཁྱེར་སྐུ་གསུམ་ལྷུན་གྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousཞི་ཁྲོའི་རྩ་བའི་རྒྱུན་ཁྱེར་སྐུ་གསུམ་ལྷུན་གྲུབ།next

ཞི་ཁྲོའི་རྩ་བའི་རྒྱུན་ཁྱེར་སྐུ་གསུམ་ལྷུན་གྲུབ།

ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ ཞི་ཁྲོའི་རྩ་བའི་རྒྱུན་ཁྱེར་སྐུ་གསུམ་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཨྠཿ འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་རྣམ་པ་བདུན་དུ་བཤད༔ ན་མོ༔ རང་གནས་ཞི་ཁྲོའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ འགྲོ་ཀུན་དེ་ལས་མི་འདའ་བའི༔ ངོ་བོ་སད་ཕྱིར་བྱང་སེམས་བསྐྱེད༔ ཧཱུྃ༔ རང་བྱུང་ཡེ་ཤེས་རང་རྩལ་ལས༔ བགེགས་ཀྱི་མཚན་མ་ཀ་ནས་དག༔ ལྟ་བ་ཤེས་མཐོང་གདེངས་ལྡན་པས༔ ཕྱིན་ཆད་འཁྲུལ་མེད་མཚམས་ཀྱི་རྒྱལ༔ ཧཱུྃ༔ རྡོ་རྗེ་དབྱིངས་ཀྱི་སྐུ་གསུང་ཐུགས༔ ཡེ་ཡིན་སད་ཕྱིར་བྱིན་ཆེན་ཕོབ༔ ཡེ་ཤེས་རྒྱན་གྱི་སྣང་བ་ལས༔ འདོད་ཡོན་ལྷ་མོར་རྫོགས་སངས་རྒྱས༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཛྙཱ་ན་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་རྣམ་པ་བདུན༔ ཨཱ༔ ངོ་བོ་ཀ་དག་དེ་བཞིན་ཉིད༔ རང་བཞིན་ཀུན་སྣང་སྙིང་རྗེ་ཆེ༔ ཐུགས་རྗེ་ཤར་གྲོལ་ཡི་གེ་ཨོཾ༔ རྩ་བ་སྐུ་རིགས་ཡེ་ཤེས་འོད༔ རྩ་བཞི་དག་པའི་གཞལ་ཡས་སུ༔ ཐིག་ལེ་ཉི་མ་ཟླ་བའི་གདན༔ མདངས་ཀྱི་སྐུ་ནི་རྣམ་པ་ལྔ༔ རྣམ་སྣང་རྡོར་སེམས་རིན་ཆེན་འབྱུང་༔ མཐའ་ཡས་དོན་ཡོད་གྲུབ་པར་ཤར༔ ཐུགས་ཀར་རིགས་ཆུང་ཚོམ་བུ་བཞི༔ དབུས་སུ་ཀུན་བཟང་རང་རང་མདོག༔ གཙུག་ཏོར་ཆེ་མཆོག་ཡབ་ཡུམ་བཞུགས༔ གཡས་གཡོན་སེམས་དཔའ་སེམས་མ་འཁྲིལ༔ མཐའ་བསྐོར་ཐུབ་པ་དྲུག་ཕྲག་དྲུག༔ ཕྱོགས་བཞིར་འཇོམས་པ་བཞི་རེར་ལྡན༔ དུང་ཁང་གཡས་འཁྱིལ་རྩ་ཁུག་དབུས༔ གདངས་ཀྱི་ཁྲོ་བོ་ཆེན་པོ་ལྔ༔ ཡབ་ཡུམ་ཟུང་སྦྱོར་མཐའ་བསྐོར་དུ༔ ཁྲོ་མོ་བརྒྱད་དང་ཕྲ་མེན་འཁོར༔ སྲས་མོ་བཞི་དང་ཕྱི་མོར་བཅས༔ མ་འདྲེས་ཡོངས་རྫོག་ཆེན་པོར་གསལ༔ གནས་གསུམ་ཡི་གེ་འབྲུ་གསུམ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ དེ་ནས༔ ཧཱུྃ༔ བཟང་ངན་ཕྱོགས་ལྷུང་ཞེན་པའི་ངོར༔ རང་སྣང་སྟོན་པར་མངོན་འདུ་གསོལ༔ ཡེ་གདན་ལྷུན་གྲུབ་ཆེན་པོ་ལ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་དེ་ཝ་མཎྜ་ལ་ཛ་ཛ༔ ས་མ་ཡཱ་ཏིཥྛ་ལྷན༔ ཧོ༔ དོན་ལ་རང་བཞིན་མཉམ་པ་ཉིད༔ གཉིས་མེད་ལྟ་བ་མཇལ་ཕྱག་འཚལ༔ རྩལ་སྣང་རང་གྲོལ་མཆོད་པའི་སྤྲིན༔ འཁོར་གསུམ་དམིགས་པ་མེད་པར་འབུལ༔ པཱུ་ཙ་ཁཱ་ཧི༔ ཧཱུྃ༔ ཐིག་ལེ་ཉག་གཅིག་བདེ་ཀློང་འཁྱིལ༔ མི་གཡོ་རང་རིག་བྱང་ཆུབ་སེམས༔ ཐབས་ཤེས་སྐུ་ལྔའི་སྒྱུ་འཕྲུལ་གར༔ ཡེ་ཤེས་ལྔ་ཡི་མདངས་ཤར་བ༔ ཕྲིན་ལས་ཚད་མེད་ཞི་ཁྲོའི་ངང་༔ ཡོངས་རྫོགས་ཆེན་པོར་ཕྱག་འཚལ་བསྟོད༔ ཧཱུྃ༔ སེམས་དཔའ་སུམ་བརྩེགས་སྙིང་པོ་ལས༔ འོད་འཕྲོས་དོན་གཉིས་ཡོངས་སུ་གྲུབ༔ སླར་འདུས་རང་ཐིམ་སྣང་སྲིད་ལྷའི༔ རོལ་པ་ཆེན་པོར་བྱིན་རླབས་བསམ༔ ས་མ་ཡཱ༔ ཞི་ཁྲོའི་སྤྱི་དྲིལ་སྔགས་བཟླས་སམ༔ ཡང་ན་ཡེ་ཤེས་སུམ་བརྩེགས་ནི༔ ངང་ལས་མི་འདའ་ཐུགས་དམ་བསྐྱང་༔ དུས་གསུམ་རྒྱལ་བའི་སྟོང་སྲོག་ཐོབ༔ ས་མ་ཡཱ༔ སླར་ཡང་གསུམ་པ་རྗེས་ཆོག་རྣམ་པ་དྲུག༔ ཧཱུྃ༔ ཉོན་མོངས་རྒྱུ་འབྲས་བྱ་བར་བཅས༔ བདག་ཉིད་ཆེན་པོར་མངོན་སངས་རྒྱས༔ དངོས་གྲུབ་རང་གནས་རང་དབང་ཐོབ༔ གཞན་དོན་ཕྲིན་ལས་ཡོངས་གྲུབ་ཤོག༔ ཧཱུྃ༔ སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེ༔ སྒྱུ་མ་མཉམ་ཉིད་ང་རྒྱལ་གསལ༔ གཞི་ལམ་འབྲས་བུའི་ཡོན་ཏན་ཀུན༔ མཐར་ཕྱིན་ཆེན་པོའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དེ་ལྟར་རྒྱུན་ཁྱེར་ཟབ་མོ་འདི༔ དྷརྨཱ་མུ་ནེ་དམ་པ་ཡི༔ རྡོ་རྗེའི་གསུང་ལ་གདོང་བཟློག་ཏུ༔ མ་ཕོད་ག་ག་ཨ་བྷྱེའི་སྨྲས༔ རྣམ་རིག་སྣ་ཚོགས་གཟུགས་དོན་ཅན༔ ངག་གི་དབང་ཕྱུག་དེ་ཡིས་སོ། །དགེའོ། །


previousཞི་ཁྲོའི་རྩ་བའི་རྒྱུན་ཁྱེར་སྐུ་གསུམ་ལྷུན་གྲུབ།next