Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཞོ་ཁྲོ་ངན་སོང་སྦྱོངས་བའི་ལྷན་ཐབས་གཞན་ཕན་ཐུགས་རྗེའི་འོད་ཟེར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousཞོ་ཁྲོ་ངན་སོང་སྦྱོངས་བའི་ལྷན་ཐབས་གཞན་ཕན་ཐུགས་རྗེའི་འོད་ཟེར།next

ཞོ་ཁྲོ་ངན་སོང་སྦྱོངས་བའི་ལྷན་ཐབས་གཞན་ཕན་ཐུགས་རྗེའི་འོད་ཟེར།

ཞི་ཁྲོ་ངན་སོང་སྦྱོངས་བའི་ཚེ་འདས་ཕན་གདག་གི་ཆོ་ག་དང་འབྲེལ་བའི་ལྷན་ཐབས་གཞན་ཕན་ཐུགས་རྗེའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་དཱི་པཾ་ག་ཧེ་ར་ཡེ༔ བསྐལ་མང་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །ཐུགས་རྗེ་ཆེན་པོའི་གདུལ་བྱའི་འགྲོ་བ་ལ། །གང་ལ་གང་འདུལ་ཐབས་ཀྱིས་ཕན་བདེ་སྒྲུབ། །ཀུན་མཁྱེན་རྒྱལ་བ་མཆོག་ལ་ཕྱག་འཚལ་ལོ། །གང་གི་ལེགས་གསུངས་གདུལ་བྱའི་རེ་སྐོངས་ནོར། །བཀའ་གཏེར་ཟུང་འཇུག་གཞན་ཕན་དྲྭ་བ་ཡི། །ལྷན་ཐབས་རྒྱས་སྤྲོས་ཅུང་ཟད་གསལ་བྱས་ལ། །ཆོས་བདག་དཔའ་བོ་མཁའ་འགྲོའི་གནང་བར་མཛོད། །ཀུན་མཁྱེན་ཡབ་སྲས་རིང་ལུགས་དྲི་མེད་དང་། །འོད་གསལ་རྫོགས་པ་རང་བྱུང་རྒྱུད་ཆེན་གྱི། །རྡོ་རྗེའི་ཚིག་ཚོགས་ཁྲིགས་སུ་སྡེབ་པའི་སླད། །རྟོག་གེ་ཕྱོགས་མིག་ཅན་དག་བག་ཟོན་མཛོད། །དེ་ལ་འདིར་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་སྐྱིན། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་མི་ཡི་རྫུ་ལ་ཞུགས་པ་རིག་འཛིན་ཆེན་པོ་འཇིགས་བྲལ་གླིང་པའི་དགོངས་གཏེར་ཞི་ཁྲོ་ངན་སོང་སྦྱོངས་བས་ཚེ་འདས་ཕན་གདག་གི་ཆོ་ག་དང་འབྲེལ་བའི་གནས་སྦྱོངས་རྒྱས་པར་སྤྲོ་ན་རྫོགས་པ་རང་བྱུང་ལས་ཤེས་པར་བྱ་ཞེས་གསུངས་བ་རྒྱུད་དེ་ལ་བརྟེན་ནས་ཅུང་ཟད་སྤྲོས་ན། དཀྱིལ་འཁོར་བཞེངས་བསྒྲུབ་དང་ཁྲུས་ལུང་སོགས་ཀྱི་ཤོམས་གཞུང་བཞིན་ལ། ཁྱད་པར་འདིར། རང་བྱུང་ལས། རིགས་དྲུག་གནས་ནས་དྲངས་བ་དང་། །སྐྱེ་བ་མེད་པར་ལམ་བསྟན་བྱ། །སངས་རྒྱས་སྲས་པོར་དབང་བསྐུར་ནས། །ཞིང་ཁམས་དེ་ལས་མི་གཡོ་བར། །རབ་ཏུ་གནས་པའི་ཆོ་གའོ། །ཞེས་པས་རིགས་དྲུག་གནས་འདྲེན་གྱི་དགོས་ཆོས་སུ། གཤེད་དང་ལྕགས་ལ་གཏོར་མ་ཤ་སྣའི་བརྒྱན་པ་དང་ཏིང་ལོ། འབྱུང་བཞིའི་དུག་བྱུང་རྒྱུ། ཐུབ་དྲུག་ལ་ཞལ་ཟས་དྲུག །ལྕགས་བྱེད་ལ་བགེགས་གཏོར་དྲུག །ཐུབ་དྲུག་གི་ཕྱག་མཚན་དྲུག །ས་བོན་དྲུག །བྲབ་རྫས། བུམ་པ་སོགས་དབང་རྫས་གཞུ་མོ་རྒྱུད་ལྡན་མདའ་དང་བཅས་མཐོང་བརྒྱུད་ལྟར་བཤམས་ལ། དེ་ནས་རྣལ་འབྱོར་ལ་གནས་པའི་ངང་ནས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་སོགས། གྱུར་ ཧཱུྃ༔ མདུན་དུ་རྟེན་བྱང་དངོས་པོ་ཉིད༔ ཡོངས་གྱུར་ཚེ་ལས་འདས་པའི་གཟུགས༔ ཞི་འཛུམ་མཛེས་པའི་ཉམས་དང་ལྡན༔ མཉེན་འཇམ་དར་གྱི་གོས་དཀར་ཅན༔ ལག་གཉིས་ཐལ་སྦྱར་མེ་ཏོག་འཛིན༔ པུས་བཙུག་གུས་པའི་ཚུལ་གྱིས་གནས༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ལས་ལྷ་འོད་ཟེར་ལྕགས་ཀྱུའི་དབྱིབས༔ ཚེ་འདས་རྣམ་ཤེས་ལ་ཕོག་པས༔ ཁམས་གསུམ་རིགས་དྲུག་སྐྱེ་གནས་བཞི༔ རྒྱུད་ལྔ་འཇིག་རྟེན་བདུན་གྱི་ཁམས༔ གང་ན་གནས་ཀྱང་དབང་མེད་པར༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིན༔ ཏིང་འཛིན་སྔགས་ཀྱི་སྟོབས་ཤུགས་ཀྱིས༔ བཀུག་ནས་མཚན་མའི་རྟེན་ཉིད་ལ༔ ཆུ་ལ་ཆུ་བཞག་ཅི་བཞིན་གྱུར༔ ཅེས་བརྗོད་ལ༔ ཨོཾ་པདྨ་ཀྲོ་ཏ་ཧྱ་གྷྲི་ཝ་རསྨི་ཨཾ་ཀུ་ཤ་ཛ༔ དེ་ནས་བདེན་བརྗོད་ལན་གསུམ་བྱས་ནས་རྟེན་ལ་བཅིང་ཞིང་བསྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ ཡེ་ཤེས་བསྲུང་བའི་འཁོར་ལོ་ནི༔ ཏིང་འཛིན་རྒྱས་འདེབས་ཆེན་པོ་ལས༔ ཐོགས་མེད་རྫུ་འཕྲུལ་ཤུགས་ལྡན་ཀྱང་༔ འདའ་བ་མེད་པའི་ཕྱག་རྒྱས་བཅིངས༔ བཛྲ་ཙཀྲ་རཀྵ་རཀྵ༔ དེ་ནས་རྟོག་སྒྲིབ་བསལ་བ་ནི༔ གཟུངས་སྔགས་ཅི་རིགས་བཟླས་ལ་བྲབ་རྫས་བྲབ༔ ཛཿཧཱུྃ་བྃ་ཧོ༔ ཞེས་བརྗོད་ལ་རྟེན་ལ་བཅིང་ཞིང་༔ སླར་ཡང་༔ དྷཱི༔ བདག་གི་ཐུགས་ལས་འོད་ཟེར་ནི༔ ཡི་གེའི་རྣམ་པར་འཕྲོས་པ་ཡིས༔ ཤེས་རབ་རིག་པའི་རྩ་སྒོ་ཕྱེས༔ དངངས་སྐྲག་འཇིགས་སྣང་རང་སར་གྲོལ༔ སྒྲིབ་པའི་དྲི་མའི་བག་སེལ་ནས༔ སྨྲར་ཤེས་དོན་ཀྱང་གསལ་བར་གྱུར༔ ཞེས་བརྗོད་ལ། དེ་ནས་ཆོས་བཤད་ངོ་སྤྲོད་ནི། ༼ འདི་ཡན་ཁ་བསྐང་། ༽ ཧཱུྃ༔ ༼ རང་བྱུང་ལས་ ༽ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། ཁྱོད་ཀྱི་རྣམ་རྟོག་ངས་སྦྱང་གིས། །ང་ལ་གུས་པས་ཕྱག་འཚོལ་ཞིག །སེམས་ཀྱི་ཐེ་ཚོམ་ཉིད་སོལ་ལ། །དགེ་བས་རྟེན་ལ་རབ་འདུག་ཅིང་། །སྔགས་འཆང་ང་ཡི་ངག་ལ་ཉོན། །འཁོར་བ་འདི་ན་སྡུག་བསྔལ་ཆེ། ཁ་བསྐང་། བདེ་བའི་གོ་སྐབས་སྤུ་ཙམ་མེད༔ ཅུང་ཟད་བདེ་ཡང་མི་རྟག་འགྱུར༔ ཆགས་དང་ཞེན་པས་མི་སྟོང་སྟེ༔ རང་བཞིན་རྐྱེན་གྱི་བརྟན་པ་བྲལ༔ དེ་ཕྱིར་མ་ཆགས་མ་ཞེན་པར༔ ད་རེས་འཆི་མེད་གཉུག་མ་སྦྱོངས༔ རང་སེམས་ཁོང་དུ་མ་ཆུད་ལ༔ བར་དོ་ཡིན་པར་ཤེས་པར་གྱིས༔ ཁམས་གསུམ་འཁོར་བའི་ཆོས་རྣམས་ཀུན༔ འདུས་བྱས་མཐའ་བཞིའི་བསྡུས་པས་ན༔ ཁྱོད་ལ་དགོས་སུ་བབས་པ་མིན༔ དེ་ཕྱིར་མ་འཇིགས་མ་དངངས་ཤིག༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱང་༔ གསང་སྔགས་ཆོ་ག་འདི་མཁྱེན་ནས༔ འཁོར་བའི་རྒྱ་མཚོ་བསྐམ་པ་ཡིན༔ དེ་ཕྱིར་སྣང་བ་དབང་བསྒྱུར་གྱི༔ རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི༔ ཁྱོད་ལ་གྲོགས་སུ་ད་བསྐྱེད་ཀྱི༔ བསྐལ་བ་གྲངས་མེད་འཆི་བ་ལས༔ ད་རེས་འཆི་བ་དོན་ཡོད་གྲུབ༔ དགའ་ཞིང་གུས་པས་སེམས་བསྐྱེད་ལ༔ ངེས་འབྱུང་སྐྱོ་ཤས་བྱང་ཆུབ་སེམས༔ རྗེས་དྲན་རྟོགས་པའི་རྩལ་ཤུགས་བསྐྱེད༔ ལོག་ལྟའི་རྒྱུ་འབྲས་བཅས་པ་སྤོངས༔ ཁྱོད་རང་སྣང་བ་མ་དག་པ༔ སྣང་སྲིད་དག་པ་རབ་འབྱམས་ལ༔ ཉེས་པའི་སྐྱོན་ཀུན་ཀ་ནས་དག༔ མིག་སྐྱོན་ཅན་གྱིས་རབ་རིབ་བཞིན༔ ཤེས་པར་གྱིས་ཤིག་རིགས་ཀྱི་བུ༔ སྒྲ་འོད་ཟེར་གསུམ་རང་སྣང་ཆོས༔ ཀུན་ཀྱང་སྡིག་སེམས་སྟོབས་ལས་བྱུང་༔ དཔེར་ན་རྨི་ལམ་ཅི་བཞིན་པ༔ ཤེས་པར་གྱིས་ལ་བག་ཕོབ་ཅིག༔ དེ་ནས་ལན་ཆགས་སྦྱོངས་བ་ནི༔ བ་ལིང་ཤ་སྣ་འདོད་རྒུར་བརླབས༔ ཞི་དྲག་སྦྱངས་བ་གཞུང་བཞིན་ལ༔ ཧཱུྃ༔ ༼ རང་བྱུང་ལས། ༽ ཉོན་ཅིག་ལྟོས་ཤིག་འབྱུང་པོ་རྣམས༔ ལན་ཆགས་རྐྱེན་གྱིས་ཟས་ནོར་ལོངས༔ ཚེ་འདས་རིགས་ཀྱི་བུ་འདི་དང་༔ ལུས་དང་གྲིབ་མར་མ་འགྲོགས་པར༔ ངན་སོང་གསུམ་གྱི་ལམ་མ་བསྟན༔ སྔགས་འཆང་བདག་གི་ངག་འདི་ཉོན༔ དབང་ཆེན་ཉིད་ཀྱི་བཀའ་མ་བཅག༔ ལན་ཆགས་མཆོད་པའི་ཕྱག་རྒྱ་ནི༔ གཏོར་མ་ཡེ་ཤེས་རྣམ་དག་དང་༔ ཟས་ཀྱི་རོ་མཆོག་སྣ་ཚོགས་པས༔ སྦྱངས་བས་ལན་ཆགས་བྲལ་གྱུར་ཅིག༔ གཏི་མུག་ལན་ཆགས་བྱང་གྱུར་ཅིག༔ འདབས་ཆགས་སྡེར་ཆགས་རྨིགས་ཆགས་སོགས༔ ཤ་སྣ་སྣ་ཚོགས་འདི་ཕུལ་བས༔ ལུས་ངག་ཡིད་གསུམ་ལན་ཆགས་དང་༔ འདོད་ཆགས་ལན་ཆགས་བྱང་གྱུར་ཅིག༔ ཇ་ཆང་ཁྲག་དང་འོ་མ་ཞོ༔ ཆུ་སྣ་དཀར་མངར་སྣ་ཚོགས་པས༔ ཞེ་སྡང་ལན་ཆགས་བྱང་གྱུར་ཅིག༔ ༼ ཁ་བསྐང་ནི། ༽ གཞན་ཡང་དངོས་པོ་གང་འདོད་སྤྲིན༔ རང་རང་གང་འཚམས་དགོས་དགུར་འབུལ༔ ཕྱིན་ཆད་གནོད་པར་མ་བྱེད་ཅིག༔ ཧཱུྃ༔ ༼ རང་བྱུང་ལས། ༽ ང་ནི་པདྨ་དབང་ཆེན་ཏེ། ཐམས་ཅད་ང་ཡི་དབང་དུ་སྡུད། །དྲེགས་པ་ཅན་རྣམས་སྤ་སྐོང་བྱེད། །གནོད་བྱེད་སྙིང་ལ་བྲོ་བརྡུང་ཏེ། །གཤེད་བྱེད་ཐལ་བར་བརླག་པའི་བྲོ། །སྲི་ཅན་དབང་དུ་སྡུད་པའི་བྲོ། །དྲེགས་པ་གནད་ལ་བོར་བའི་བྲོ། །ང་ཡི་བཀའ་འདི་མ་བཅག་པར། །ལན་ཆགས་གཏོར་མ་འདི་ལོངས་ལ། །རང་རང་གནས་སུ་བྱེར་བར་གྱིས། །རང་རང་གནས་སུ་བྱེར་ནས་ཀྱང། །ཚེ་འདས་གཤེད་དུ་མ་བྱེད་པར། །ངན་སོང་ལམ་གྱི་སྒོ་ཆོད་ཅིག །ཡོན་བདག་རིགས་བརྒྱུད་འདི་རྣམས་ལ། །ཕྱིན་ཆད་སྡང་བར་མ་བྱེད་ཅིག །ཨོཾ་པདྨནྟ་ཀྲིཏ་བཛྲ་ཀྲོ་ཏ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གཞུང་གི་བདེན་བརྗོད་ཀྱི། བདེན་པའི་མཐུས་དེང་འདིར་ཚེ་འདས་པའི་སྡིག་པ་སྦྱོངས་༴ དེངས་ཤིག༔ གལ་ཏེ་གནོད་པར་བྱེད་ན་བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་བྱིན་རླབས་ཀྱིས་ཐལ་བ་རྡུལ་བཞིན་དུ་གྱུར་ཅིག༔ ཨོཾ་བི་ཤྭ་ཀྲོ་དྷ་ཧ་ན་ཧ་ན་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ ཉུངས་ཀར་བྲན་ལ། ༼ མཁའ་འགྲོ་སྙིང་ཐིག་ལས། ༽ ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་མེའི་རྭ་བ་གཉིས་པས་འབར་བར་གྱུར༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་ཁྲུས་ལུང་ལ་བུམ་པ་རྫས་དང་ལྡན་པ་སྟེ། རྫོགས་པ་རང་བྱུང་ལས། བུམ་པ་དེ་དག་རྣམས་ལ་ཡང་། །སྨན་གྱི་ཡོ་བྱད་སྣ་ཚོགས་དང་། །ཀ་ར་བུ་རམ་སྣ་ཚོགས་དང་། །གསེར་དང་མན་ཤེལ་ནོར་བུ་དུང་། །རིན་ཆེན་དར་སྣ་ཇི་སྙེད་དང་། །རྒྱ་མཚོའི་ཚྭ་དང་ལན་ཚྭ་དང་། །ཚྭ་སྣ་ཇི་སྙེད་ཡོད་པ་དང་། །སྤོས་དང་ཙནྡན་གླ་རྩི་དང་། །དྲི་ཞིམ་པོ་ཡི་སྤོས་རྣམས་དང་། །མར་དང་ཤ་དང་རོ་ཞིམ་དང་། །འབྲས་དང་ནས་དང་འབྲུ་རྣམས་དང་། །ཤིང་ཏོག་ལ་སོགས་འབྲས་བུ་རྣམས། །བུམ་པ་དག་གི་སྙིང་པོར་བྱ། །རས་དཀར་དྲི་མེད་གཙང་མ་ཡི། །མགུལ་ཆིངས་དག་ཏུ་བྱ་བའོ། །གསུངས་པས་བུམ་པ་བཅུད་ལྡན་གྱིས། ལྷ་ཁྲུས་སྤྱི་འགྲོས་ལྟར་ལ། དེ་ནས་རྣམ་རྒྱལ་བུམ་པའི་ཆུ་ཡང་བསྲེས་ནས་ཚེ་འདས་ལ་དབང་བསྐུར་ཁྲུས་བྱེད་པ་ནི། བུམ་པ་སྤྱི་བོར་བཞག་ལ། ཚེ་ལས་འདས་པའི་སྤྱི་བོར་༴ སོགས་ནས། ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བར་གཞུང་གི་ཁྲུས་ཆོག་གི་མཇུག་ཏུ། ཆུ་བོ་དྲུག་གི་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱོངས་མཛད་ཅིང་། །གང་ལ་ཉེས་པ་མི་མངའ་བ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གི་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོངས་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པས། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པས། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་ནི་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཆྒཻ་མོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དྲུག་ཞི་ནས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག༔ ༼ རང་བྱུང་ལས་བསྟན་པ། ༽ཧཱུྃ༔ རྣམ་དག་དྲི་མེད་ཡེ་ཤེས་ཆུའི། །བཀྲུས་པས་རྣམ་རྟོག་སྡུག་བསྔལ་བྲལ། །རྣམ་རྟོག་དྲི་མ་ལས་སྦྱོངས་ཤིང་། །སངས་རྒྱས་ཞིང་ཁམས་རབ་འབྱམས་ཀྱི། །ཡེ་ཤེས་ཆུ་རྒྱུན་བབས་ནས་ནི། །ཁྱོད་ཀྱི་རྣམ་རྟོག་བྱང་གྱུར་ནས། །ཕྱི་དང་ནང་གི་སྡུག་བསྔལ་རྣམས། །ཐམས་ཅད་ཞི་བར་གྱུར་ནས་ཀྱང་། །ཡེ་ཤེས་སྣང་བ་གསལ་བར་སྟོན། །དག་པའི་ཡེ་ཤེས་བདུད་རྩི་འདིའི། །དྲི་མའི་སྐྱོན་རྣམས་བྱང་བ་དང་། །མི་གཙང་ལ་སོགས་ཉམས་པ་རྣམས། །ཤེལ་སྒོང་ལྟ་བུར་གྱུར་ནས་ནི། །རྣམ་འཇོམས་ཉིད་ཀྱི་སྐུ་གསུང་ཐུགས། །རིགས་ཀྱི་བུ་ལ་རྫོགས་པར་ཤོག །ཨོཾ་ཙནྜ་བཛྲ་ཀྲོ་ཏ་ཀཱ་ཡ་ཧཱུྃ་ཧཱུྃ་ཧྲཱི༔ དེ་ནས་དུག་ཕྱུང་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མདའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་དམ་ཆོས་དུག་མི་མདའ༔ དམ་ཆོས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་དགེ་འདུན་དུག་མི་མདའ༔ དགེ་འདུན་བདེན་པས་དུག་བཅོམ་མོ༔ ཡང་འབྱུང་བཞིའི་བཀྲུས་ལ། ས་ནི་དུག་གི་ཕ་ཡིན་ཏེ༔ ས་ནི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་གསུམ་ས་ཡི་ནང་དུ་སོང་༔ ཆུ་ནི་དུག་གི་ཕ་ཡིན་ཏེ༔ ཆུ་ནི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་གསུམ་ཆུ་ཡི་ནང་དུ་སོང་༔ མེ་ནི་དུག་གི་ཕ་ཡིན་ཏེ༔ མེ་ནི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་གསུམ་མེ་ཡི་ནང་དུ་སོང་༔ རླུང་ནི་དུག་གི་ཕ་ཡིན་ཏེ༔ རླུང་ནི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་གསུམ་རླུང་གི་ནང་དུ་སོང་༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཚེ་འདས་ཀྱི་འབྱུང་བཞིའི་དུག་ཐམས་ཅད་འབྱུང་བ་བཞིའི་ནང་དུ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པའི་རྗེས་སུ་གཟུངས་སྔགས་ཁྱད་པར་ཅན་གྱིས་བྲབ་ལ། དེ་ནས་དྲི་མ་འཛིན་པའི་མི་དག་གིས་གསོལ་བ་གདབས་པ་ནི། ༼ རང་བྱུང་ལས། ༽ ཧོ༔ མི་གནས་པའི་ཡེ་ཤེས་ཆེན་པོའི་ཞི་ཁྲོ་གསང་བའི་ལྷ་ཚོགས། བཅོམ་ལྡན་འདས་པདྨ་དབང་གི་དཀྱིལ་འཁོར་དང་བཅས་པས། ཚེ་འདས་འདི་ལ་ཞལ་བསྟན་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། མཐུ་བསྟན་དུ་གསོལ།།སྒྲིབ་པ་སྦྱངས་དུ་གསོལ། གནས་སྤར་པར་མཛད་དུ་གསོལ། སྐབས་འདིར་ཟུར་བཀོལ་གྱི་ལོ་རྒྱུས་སྤྱི་དང་ཁྱད་པར་བ་རྣམས་བཤད་ལ་སྤྲོ་བ་བསྐྱེད་ནས། འདིར་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་ལས། དང་བོ་དམྱལ་བའི་ཚེ་ལུང་ནི། ༼ ཁ་བསྐང་། ༽ བདག་གི་ཐུགས་ཀའི་འོད་ཟེར་གྱི་རེག་པས་དྲན་པ་ཉམས་པར་གྱུར༔ དེ་ནས་ཞེ་སྡང་གི་སྒོ་ནས་ལས་ངན་བསགས་པས་བསྐལ་བར་དམྱལ་བར་གནས་འགྱུར་གྱི་བག་ཆགས་ཐམས་ཅད་བསྐལ་མང་སྐད་ཅིག་དུ་བསྒྱུར་བའི་ཐབས་མཁས་ཀྱིས་སད་པར་བྱས་ལ་དམྱལ་བའི་སྣང་བ་ལམ་གྱིས་ཤར་བར་བསམ་མོ༔ ཚེ་འདས་ཀྱིས་གསོལ་བ་གདབས་པ་ནི༔ ཀྱཻ་མ༔ ༼ ཁ་བསྐང་། ༽ དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ༔ ཞེ་སྡང་རྒྱུད་ལ་གྲིམ་པའི་ལམ༔ ན་རཀ་དམྱལ་བའི་གནས་སུ་ལྟུང་༔ ཚ་གྲང་སྡུག་བསྔལ་བཟོད་གླགས་མེད༔ འདི་ལས་མྱུར་དུ་བསྒྲལ་དུ་གསོལ༔ བསྒྲལ་ནས་ཐར་པའི་ལམ་བསྟན་འཚལ༔ དེ་ནས་བསྐུལ་མ་གདབས་པ་ནི། ༼ རང་བྱུང་། ༽ ཀྱཻ་མ་ཚེ་འདས་རིགས་ཀྱི་བུ། །དམྱལ་བར་བྱ་བ་འཇིགས་རུང་པའི། །སྡུག་བསྔལ་རྣམ་པ་སྣ་ཚོགས་པ། །མི་བཟད་ཁྱོད་ཀྱིས་མྱོང་བ་འདི། །ཞེ་སྡང་བདག་ཏུ་བཟུང་བས་ལན། །ཞེ་སྡང་བདག་ཏུ་བཟུང་བས་ན། །ཞེ་སྡང་ཆེན་པོའི་རྒྱུ་བསགས་ནས། །ངུ་འབོད་གནས་སུ་འགྲོ་བར་འགྱུར། །སྡུག་བསྔལ་སྣ་ཚོགས་ཁྱོད་ཀྱི་མྱོང་། །བཙོ་བསྲེགས་གནས་ལས་ཐར་ཐབས་མེད། །མཚོན་ཆའི་ཆར་དང་མེ་ཆེན་འོབ། །འཆིང་དང་འཚོད་པའི་ལས་རྣམས་དང་། །འགུགས་བརྡུང་བསྡམས་པའི་ལས་རྣམས་ཀྱི། །ཡུན་རིང་ཐར་བའི་གནས་མེད་པས། །ཉམས་ཐག་སྡུག་བསྔལ་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །ཞེ་སྡང་བདག་ཏུ་མ་འཛིན་པར། ༼ ཁ་བསྐང་། ༽ མགོན་པོ་མཆོག་ལ་སྐྱབས་སུ་དོངས༔ རྗེས་དྲན་རྟོགས་པའི་རྩལ་ཤུགས་བསྐྱེད༔ ཞེས་དང་། སྤྲོ་ན༔ ༼ རང་བྱུང་། ༽ དེ་ཡང་ཉོན་མོངས་པ་ཞེ་སྡང་ལ་སྤྱོད་པའི་དབང་གིས་དམྱལ་བར་སྐྱེ་བ་ཡིན་པས། དེ་ན་ཞིང་ཁམས་དེ་འདུལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ཕྱག་ན་མེ་ཆུ་བསྣམས་པ་ཞིག་ཡོད་ཀྱི། དེའི་ཚེ་ཁྱོད་ཀྱི་དཀོན་མཆོག་གསུམ་དང་། བླ་མ་དང་ཡི་དམ་ཏིང་འཛིན་རྣམས་ཡིད་ལ་དྲན་པར་གྱིས་ལ་གསོལ་འདེབས་དང་སྐྱབས་འགྲོ་འདི་ལྟར་བརྗོད་ཅིག །༼ ཁ་བསྐང་། ༽ ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ དམྱལ་བ་འདུལ་བའི་ཐུབ་པ་རྒྱལ༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ གནས་ངན་འདི་ལས་དྲངས་དུ་གསོལ༔ ཞལ་ཟས་མཆོད་པའི་སྤྲིན་དུ་དམིགས། གནས་ནས་འདྲེན་པའི་ཡོན་དུ་འབུལ། ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་འདི༔ དཔག་མེད་མཆོད་པའི་ཕྱག་རྒྱར་འབུལ༔ བཅོམ་ལྡན་ཆོས་ཀྱི་རྒྱལ་པོ་ཡིས༔ ཚེ་འདས་དོན་དུ་བཞེས་སུ་གསོལ༔ བཛྲ་ནཻ་ཝི་ཏེ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ལས་ཀྱི་བུམ་པས་ཁྲུས་བགྱིས་ལ༔ ཧཱུྃ༔ ང་ནི་བཛྲ་ས་ཏྭ་སྟེ༔ སྤོར་བྱེད་ཐུབ་ཆེན་ཆོས་ཀྱི་རྒྱལ༔ དམྱལ་བའི་སྡུག་བསྔལ་ངས་བསྒྲལ་གྱི༔ བཟོད་པའི་ཆུ་བོ་འདི་ལོངས་ཤིག༔ རྡོ་རྗེའི་ཡིག་བརྒྱས་ཁྲུས་བྱས་ལ༔ དེ་ནས་གཤིན་ལྕགས་བརྔན་པའི་ཕྱིར༔ གཏོར་མ་བདུད་རྩིའི་རྒྱ་མཚོར་བརླབས༔ ཁཾ༔ ཟག་པ་མེད་པའི་ཏིང་ངེ་འཛིན༔ སྒྱུ་མ་ལྟ་བུའི་སྤྲུལ་བསྒྱུར་བཀོད༔ འཛད་མེད་ནམ་མཁའི་མཛོད་དུ་འབུལ༔ ཞེ་སྡང་ལན་ཆགས་འཁོར་བའི་བདུད༔ འདི་ལ་ལྕགས་སུ་མ་བྱེད་ཅིག༔ དཔལ་ལྡན་སངས་རྒྱས་བཀའ་མ་བཅག༔ ས་བོན་བསྲེགས་སྦྱོངས་འདི་ལྟ་སྟེ༔ ཧཱུྃ༔ དུག་གི་རྩ་བ་མ་རིག་པ༔ དུག་གི་དུག་ནི་ཞེ་སྡང་སྟེ༔ སེམས་དཔའ་ཆོས་རྒྱལ་བྱིན་བརླབ་ཀྱིས༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ རཾ༔ བཅོམ་ལྡན་ཐུགས་ཀའི་ཡི་གེ་ལས༔ འོད་ཟེར་དུས་མཐའི་མེ་ཡི་དབལ༔ དམྱལ་བའི་ས་བོན་ལ་ཕོག་པས༔ རང་བཞིན་མེད་པའི་དབྱིངས་སུ་བསྲེགས༔ གཟུངས་སྔགས་ཁྱད་པར་ཅན་མཐར་ནི༔ པྲཛྙཱ་ཛྙཱ་ན་རསྨི་ཛྭ་ལ་དུ་ད་ཧ་ད་ཧ་ཧཱུྃ་ཕཊ༔ དེ་ནས་བསྐལ་བ་བླུགས་པ་ནི༔ ཧཱུྃ༔ བཟོད་པའི་ཕྱིར་ན་ངོ་བོ་ཉིད༔ ཞེ་སྡང་རང་གྲོལ་སངས་རྒྱས་དཔལ༔ ཆོས་རྒྱལ་ཐུགས་མཚོན་མེ་ཆུ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དམྱལ་བའི་ཚ་གྲང་སྡུག་བསྔལ་གྲོལ༔ མངོན་དགའི་ཞིང་དུ་སྨིན་པར་ཤོག༔ ཨོཾ་ཀྵནྟི་མུ་ནེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ རྡོ་རྗེ་མི་འགྱུར་བུམ་པ་འདིའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་རང་སྟོབས་རྙེད༔ ཐུབ་ཆེན་ཐུགས་དང་ལྡན་པར་ཤོག༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གནས་ལུང་བྱ་བ་ནི༔ ཧཱུྃ༔ མ་རིག་འཁོར་བའི་རྩ་བ་སྟེ༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ འདི་ཡི་སྐྱོན་གང་ཁྱོད་མ་མཐོང་༔ མ་ཆགས་མཐོ་རིས་ཞིང་དུ་གཤེགས༔ ཞེ་སྡང་འདི་ཡིས་ཁྱོད་རེ་བསླུས༔ ཞེ་སྡང་ཁྱོད་ཀྱི་བདུད་ཡིན་པས༔ དང་པོ་སྲིད་པར་འཁྱམས་པ་ཡང་༔ ཞེ་སྡང་རང་དགར་སྤྱད་པས་ནོངས༔ ད་ལྟ་སྡུག་བསྔལ་མྱང་བ་ཡང་༔ ཞེ་སྡང་བདག་ཏུ་བཟུང་བས་ལན༔ སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་ལ༔ མངོན་དགའི་ཞིང་སྦྱོངས་འདུན་པ་བསྒྱུར༔ གཉིས་པ་ཡི་དྭགས་ཚེ་ལུང་ནི༔ བདག་གི་ཐུགས་ཀའི་འོད་ཟེར་གྱི་རེག་པས་དྲན་པ་ཉམས་པར་གྱུར༔ དེ་ནས་སེར་སྣའི་སྒོ་ནས་ལས་ངན་བསགས་པས་བསྐལ་བར་ཡི་དྭགས་སུ་གནས་འགྱུར་གྱི་བག་ཆགས་བསྐལ་མང་སྐད་ཅིག་དུ་བསྒྱུར་བའི་ཐབས་མཁས་ཀྱིས་སད་པར་བྱས་ལ༔ ཡི་དྭགས་ཀྱི་སྣང་བ་ལམ་གྱིས་ཤར་བར་བསམ་ལ༔ ཚེ་འདས་ཀྱི་གསོལ་བ་གདབས་པ་ནི༔ ཀྱཻ་མ༔ དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ༔ སེར་སྣ་རྒྱུད་ལ་གྲིམ་པའི་ལམ༔ པྲེ་ཏ་ཡི་དྭགས་གནས་སུ་ལྟུང་༔ བཀྲེས་སྐོམ་སྡུག་བསྔལ་བཟོད་གླགས་མེད༔ འདི་ལས་མྱུར་དུ་བསྒྲལ་དུ་གསོལ༔ བསྒྲལ་ནས་ཐར་བའི་ལམ་བསྟན་འཚལ༔ དེ་ནས་བསྐུལ་མ་གདབས་པ་ནི༔ ཀྱཻ་མ་ཚེ་འདས་རིགས་ཀྱི་བུ། །ཡི་དྭགས་འཇིག་རྟེན་བསམ་མི་ཁྱབ། །བཀྲས་ཤིང་སྐོམ་པའི་སྡུག་བསྔལ་ནི། །མི་བཟོད་ཁྱོད་ཀྱིས་མྱོང་བ་འདི། །སེར་སྣ་བདག་ཏུ་བཟུང་བས་ལན། །སེར་སྣ་བདག་ཏུ་བཟུང་བ་ན། །འདོད་ཆགས་ཡུལ་སྣང་དགྲར་ལངས་ནས། །བཀྲེས་སྐོམ་སྡུག་བསྔལ་གནས་སུ་སྐྱེ། །སྒྲིབ་པ་གསུམ་ལ་རྟག་ཏུ་གནས། །སེར་སྣའི་འཆིང་བ་མ་ཁྲོལ་བས། །ཟས་ཀྱི་གདུང་ཤིང་སྐོམ་མི་མྱོང་། །ཡིད་ནི་གཞན་འགྱུར་འདུག་དབང་མེད། །ཡུན་རིང་ཐར་བར་དཀའ་བའི་གནས། །དེ་རུ་ཁྱོད་ཀྱི་ཤེས་པ་ལྡང་། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་པར་བྱ་བའི་ཕྱིར། །སེར་སྣ་བདག་ཏུ་མ་འཛིན་པར། །མགོན་པོ་མཆོག་ལ་སྐྱབས་སུ་དོངས༔རྗེས་དྲན་རྟོགས་པའི་རྩལ་ཤུགས་བསྐྱེད༔ ཞེས་དང་སྤྲོ་ན། དེ་ཡང་ཉོན་མོངས་པ་སེར་སྣ་ལ་སྤྱོད་པའི་དབང་གིས་ཡི་དྭགས་སུ་སྐྱེ་བ་ཡིན་པས། དེ་ན་ཞིང་ཁམས་དེ་འདུལ་བའི་ཐུབ་པ་ཁ་འབར་དྷེ་ཝ་ཞེས་བྱ་བ་ཁ་ནས་མེ་འབར་བ་ཤིན་ཏུ་བཀྲེས་པའི་ངང་ཚུལ་ཅན་ཕྱག་ན་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ་ཞིག་བཞུགས་ཀྱི། དེའི་ཚེ་ཁྱོད་ཀྱིས་དཀོན་མཆོག་གསུམ་དང་། བླ་མ་དང་ཡི་དམ་ཏིང་འཛིན་རྣམས་ཡིད་ལ་དྲན་པར་གྱིས་ལ་གསོལ་འདེབས་སྐྱབས་འགྲོ་འདི་ལྟར་བརྗོད་ཅིག༔ ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ཡི་དྭགས་འདུལ་བའི་ཐུབ་པ་རྒྱལ༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ གནས་ངན་འདི་ལས་དྲངས་དུ་གསོལ༔ ཞལ་ཟས་མཆོད་པའི་སྤྲིན་དུ་དམིགས༔ གནས་ནས་འདྲེན་པའི་ཡོན་དུ་འབུལ༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་འདི༔ དཔག་མེད་མཆོད་པའི་ཕྱག་རྒྱར་འབུལ༔ བཅོམ་ལྡན་ཁ་འབར་དྷེ་ཝ་ཡིས༔ ཚེ་འདས་དོན་དུ་བཞེས་སུ་གསོལ༔ བཛྲ་ནཻ་ཝིཏྱ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ལས་ཀྱི་བུམ་པས་ཁྲུས་བགྱིས་ལ༔ ཧཱུྃ༔ ང་ནི་པདྨ་ས་ཏྭ་སྟེ༔ སྤོར་བྱེད་ཐུབ་ཆེན་ཁ་འབར་མ༔ ཡི་དྭགས་སྡུག་བསྔལ་ངས་བསྒྲལ་གྱི༔ སྦྱིན་པའི་ཆུ་བོ་འདི་ལོངས་ཤིག༔ པདྨའི་ཡིག་བརྒྱའི་ཁྲུས་བྱས་ལ༔ དེ་ནས་གཤིན་ལྕགས་བརྔན་པའི་ཕྱིར༔ གཏོར་མ་བདུད་རྩིའི་རྒྱ་མཚོར་བརླབས༔ ཁཾ༔ ཟག་པ་མེད་པའི་ཏིང་ངེ་འཛིན༔ སྒྱུ་མ་ལྟ་བུའི་སྤྲུལ་བསྒྱུར་བཀོད༔ འཛད་མེད་ནམ་མཁའི་མཛོད་དུ་འབུལ༔ སེར་སྣའི་ལན་ཆགས་འཁོར་བའི་བདུད༔ འདི་ལ་ལྕགས་སུ་མ་བྱེད་ཅིག༔ དཔལ་ལྡན་སངས་རྒྱས་བཀའ་མ་བཅག༔ ས་བོན་བསྲེགས་སྦྱོར་འདི་ལྟ་སྟེ༔ ཧཱུྃ༔ དུག་གི་རྩ་བ་མ་རིག་པ༔ དུག་གི་དུག་ནི་སེར་སྣ་སྟེ༔ མཐའ་ཡས་ཁ་རཾ་བྱིན་རླབས་ཀྱི༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ རཾ༔ བཅོམ་ལྡན་ཐུགས་ཀའི་ཡི་གེ་ལས༔ འོད་ཟེར་དུས་མཐའི་མེ་ཡི་དབལ༔ ཡི་དྭགས་ས་བོན་ལ་ཕོགས་པས༔ རང་བཞིན་མེད་པའི་དབྱིངས་སུ་བསྲེགས༔ གཟུངས་སྔགས་ཁྱད་པར་ཅན་མཐར་ནི༔ པྲཛྙཱ་ཛྙཱ་ན་རསྨི་ཛྭ་ལ་པྲེ་ད་ཧ་ད་ཧ་ཧཱུྃ་ཕཊ༔ དེ་ནས་བསྐལ་བ་བླུགས་པ་ནི༔ ཨཾ༔ སྦྱིན་པའི་ཕར་ཕྱིན་ངོ་བོ་ཉིད༔ སེར་སྣ་རང་གྲོལ་སངས་རྒྱས་དཔལ༔ བཅོམ་ལྡན་ཐུགས་མཚོན་རིན་ཆེན་སྒྲོམ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་གྲོལ༔ བདེ་ཆེན་ཞིང་དུ་སྨིན་པར་ཤོག༔ ཨོཾ་དཱ་ན་མུ་ནེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ པདྨ་ཆགས་མཆོག་བུམ་པ་འདིའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སོར་རྟོགས་ཡེ་ཤེས་རང་སྟོབས་རྙེད༔ ཐུབ་ཆེན་གསུངས་དང་ལྡན་པར་ཤོག༔ པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གནས་ལུང་བྱ་བ་ནི༔ ཧཱུྃ༔ མ་རིག་འཁོར་བའི་རྩ་བ་སྟེ༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ འདི་ཡི་སྐྱོན་གང་ཁྱོད་མ་མཐོང་༔ མ་ཆགས་མཐོ་རིས་ཞིང་དུ་གཤེགས༔ སེར་སྣ་འདི་ཡིས་ཁྱོད་རེ་བསླུས༔ སེར་སྣ་ཁྱོད་ཀྱི་བདུད་ཡིན་པས༔ བྱང་ཆུབ་སྙིང་པོར་སྒྲིབ་པའི་རྒྱུ༔ དང་པོ་འཁོར་བར་འཁྱམས་པ་ཡང་༔ ཡིད་དང་ཆོས་མེད་སྣང་བ་ལ༔ མེད་ལ་ཡོད་པར་སྤྱད་པས་བསླུས༔ སེར་སྣ་རང་དགར་བཟུང་བས་ལན༔ ད་ལྟ་ཆགས་པ་ཆེན་པོ་ཡང་༔ འདོད་ཆགས་ཡུལ་དུ་ཞེན་པའི་ནོངས༔ འཛིན་མེད་བྱང་ཆུབ་སེམས་བསྐྱེད་ལ༔ བདེ་ཆེན་ཞིང་ཁམས་སྦྱོང་བར་མཛོད༔ གསུམ་པ་དུད་འགྲོའི་ཚེ་ལུང་ནི༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས་རེག་པས་དྲན་པ་ཉམས་པར་གྱུར༔ དེ་ནས་གཏི་མུག་གི་སྒོ་ནས་བསགས་པའི་ལས་ཀྱིས་བསྐལ་བར་དུད་འགྲོར་གནས་འགྱུར་གྱི་བག་ཆགས་ཐམས་ཅད་བསྐལ་མང་སྐད་ཅིག་ཏུ་བསྒྱུར་བའི་ཐབས་མཁས་ཀྱིས་སད་པར་བྱས་ལ་དུད་འགྲོའི་སྣང་བ་ལམ་གྱིས་ཤར་བར་བསམ་ལ༔ ཚེ་འདས་ཀྱིས་གསོལ་བ་གདབས་པ་ནི༔ ཀྱཻ་མ༔ དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ༔ གཏི་མུག་རྒྱུད་ལ་གྲིམ་པའི་ལམ༔ ཏིརྱ་དུད་འགྲོའི་གནས་སུ་ལྟུང་༔ གླེན་ལྐུགས་བཀོལ་སྤྱོད་བཟོད་གླགས་མེད༔ འདི་ལས་མྱུར་དུ་བསྒྲལ་དུ་གསོལ༔ བསྒྲལ་ནས་ཐར་པའི་ལམ་བསྟན་འཚལ༔ དེ་ནས་བསྐུལ་མ་འདེབས་པ་ནི༔ ཀྱཻ་མ་ཚེ་འདས་རིགས་ཀྱི་བུ། །ང་ཡི་བསྟན་པ་འདི་ལ་ཉོན། །འདི་ནས་མངོན་སྣང་ཡུལ་འདི་ན། །བྱོལ་སོང་བྱ་བའི་སྡུག་བསྔལ་ན། །མི་བཟོད་ཁྱོད་ཀྱི་མྱོང་བ་འདི། །གཏི་མུག་རྨུགས་པར་མ་བྱེད་ཅིག །རྨུགས་ཤིང་ཐོས་པ་མེད་པ་ན། །ཐོས་བསམ་ཤེས་རབ་མ་ཤེས་པས། །བྱོལ་སོང་རྨུགས་པའི་གནས་སུ་འགྲོ། །རྨུགས་ཤིང་དྲན་པ་མེད་པར་འགྱུར། །གཅིག་ལ་གཅིག་ཟའི་སྡུག་བསྔལ་མྱོང་། །ཤིན་ཏུ་རྨུགས་པར་བྱེད་པ་ཡི། །ལུས་འདི་ཡང་ཡང་གཏོང་བར་འགྱུར། །དེ་རུ་ཁྱོད་ཉིད་སྐྱེས་གྱུར་ན། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །གཏི་མུག་བདག་ཏུ་མ་འཛིན་པར། །མགོན་པོ་མཆོག་ལ་སྐྱབས་སུ་དོངས༔ རྗེས་དྲན་རྟོགས་པའི་རྩལ་ཤུགས་བསྐྱེད༔ ཞེས་དང་སྤྲོ་ན༔ དེ་ཡང་ཉོན་མོངས་པ་གཏི་མུག་ཤས་ཆེར་སྤྱོད་པའི་དབང་གིས་དུད་འགྲོར་སྐྱེ་བ་ཡིན་པས། དེ་ན་ཞིང་ཁམས་དེ་འདུལ་བའི་ཐུབ་པ་རུ་རུ་རྨུགས་པ་ཞེས་བྱ་བ་སེང་གེའི་ངང་ཚུལ་ཅན་ཕྱག་ན་ཤེས་རབ་ཀྱི་པོ་ཏི་བསྣམས་པ་ཞིག་བཞུགས་ཀྱི། དེའི་ཚེ་ཁྱོད་ཀྱིས་དཀོན་མཆོག་གསུམ་དང་བླ་མ་དང་ཡི་དམ་ཏིང་འཛིན་རྣམས་ཡིད་ལ་དྲན་པར་གྱིས་ལ་གསོལ་འདེབས་སྐྱབས་འགྲོ་འདི་ལྟར་བརྗོད་ཅིག། ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བྱོལ་སོང་འདུལ་བའི་ཐུབ་པ་དང་༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ གནས་ངན་འདི་ལས་དྲངས་དུ་གསོལ༔ ཞལ་ཟས་མཆོད་པའི་སྤྲིན་དུ་དམིགས༔ གནས་ནས་འདྲེན་པའི་ཡོན་དུ་འབུལ༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་འདི༔ དཔག་མེད་མཆོད་པའི་ཕྱག་རྒྱར་འབུལ༔ བཅོམ་ལྡན་རབ་ཏུ་བརྟན་པ་ཡིས༔ ཚེས་འདས་དོན་དུ་བཞེས་སུ་གསོལ༔ བཛྲ་ནཻ་ཝི་ཏེ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ལས་ཀྱི་བུམ་པས་ཁྲུས་བགྱིས་ལ༔ ཧཱུྃ༔ ང་ནི་བུདྡྷ་ས་ཏྭ་སྟེ༔ སྤོར་བྱེད་ཐུབ་ཆེན་རུ་རུ་རྨུགས༔ བྱོལ་སོང་སྡུག་བསྔལ་ངས་བསྒྲལ་གྱི༔ ཤེས་རབ་ཆུ་བོ་འདི་ལོངས་ཤིག༔ བུདྡྷའི་ཡིག་བརྒྱའི་ཁྲུས་བྱས་ལ༔ དེ་ནས་གཤིན་ལྕགས་བརྔན་པའི་ཕྱིར༔ གཏོར་མ་བདུད་རྩིའི་རྒྱ་མཚོར་བརླབས༔ ཁཾ༔ ཟག་པ་མེད་པའི་ཏིང་ངེ་འཛིན༔ སྒྱུ་མ་ལྟ་བུའི་སྤྲུལ་བསྒྱུར་བཀོད༔ འཛད་མེད་ནམ་མཁའི་མཛོད་དུ་འབུལ༔ བཀོལ་མཉན་ལན་ཆགས་འཁོར་བའི་བདུད༔ འདི་ལ་ལྕགས་སུ་མ་བྱེད་ཅིག༔ དཔལ་ལྡན་སངས་རྒྱས་བཀའ་མ་བཅག༔ ས་བོན་བསྲེགས་སྦྱོངས་འདི་ལྟ་སྟེ༔ ཧཱུྃ༔ དུག་གི་རྩ་བ་མ་རིག་པ༔ དུག་གི་དུག་ནི་གཏི་མུག་སྟེ༔ སྣང་མཛད་རབ་བརྟན་བྱིན་རླབས་ཀྱིས༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ རཾ༔ བཅོམ་ལྡན་ཐུགས་ཀའི་ཡི་གེ་ལས༔ འོད་ཟེར་དུས་མཐའི་མེ་ཡི་དབལ༔ བྱོལ་སོང་ས་བོན་ལ་ཕོག་པས༔ རང་བཞིན་མེད་པའི་དབྱིངས་སུ་བསྲེགས༔ གཟུངས་སྔགས་ཁྱད་པར་ཅན་མཐར་ནི༔ པྲཛྙཱ་ཛྙཱ་ན་རསྨི་ཛྭ་ལ་ཏྲི་ད་ཧ་ད་ཧ་ཧཱུྃ་ཕཊ༔ དེ་ནས་བསྐལ་བ་བླུགས་པ་ནི༔ ཨོཾ༔ ཤེས་རབ་ཕར་ཕྱིན་ངོ་བོ་ཉིད༔ གཏི་མུག་རང་གྲོལ་སངས་རྒྱས་དཔལ༔ བཅོམ་ལྡན་ཐུགས་མཚོན་པུསྟ་ཀའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དུད་འགྲོའི་མུན་པའི་སྡུག་བསྔལ་སྦྱོངས༔ ལྷུན་སྡུག་ཞིང་དུ་སྨིན་པར་ཤོག༔ ཨོཾ་པྲཛྙཱ་མུ་ནེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ བརྟེན་པ་མཐར་ཕྱིན་བུམ་པ་འདིའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རང་སྟོབས་རྙེད༔ ཐུབ་ཆེན་ཐུགས་དང་ལྡན་པར་ཤོག༔ བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གནས་ལུང་བྱ་བ་ནི༔ ཧཱུྃ༔ མ་རིག་འཁོར་བའི་རྩ་བ་སྟེ༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ འདི་ཡི་སྐྱོན་གང་ཁྱོད་མ་མཐོང་༔ མ་ཆགས་མཐོ་རིས་ཞིང་དུ་གཤེགས༔ གཏི་མུག་རྨུགས་པས་རྒྱུ་འདིས་ནི༔ ཤེས་རབ་སྒྲིབ་པར་བྱེད་པ་སྟེ༔ གཏི་མུག་འདི་ལ་མ་སྤྱོད་ཅིག༔ དང་པོ་འཁོར་བར་འཁྱམས་པ་ཡང་༔ གཏི་མུག་མྱོས་པའི་དབང་གིས་འཁོར༔ ད་ལྟ་རང་སྣང་དངོས་མེད་ལ༔ གཏི་མུག་རང་གར་སྤྱད་པའི་ནོངས༔ ཤེས་རབ་བྱང་ཆུབ་སེམས་བསྐྱེད་ལ༔ སྟུག་པོའི་ཞིང་སྦྱོངས་འདུན་པ་བསྒྱུར༔ བཞི་བ་ལྷ་མིན་ཚེ་ལུང་ནི༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས་རེག་པས་དྲན་པ་ཉམས་པར་གྱུར༔ དེ་ནས་ཕྲག་དོག་གི་སྒོ་ནས་བསགས་པའི་ལས་ཀྱིས་བསྐལ་བ་ལྷ་མིན་དུ་གནས་འགྱུར་གྱི་བག་ཆགས་ཐམས་ཅད་བསྐལ་མང་སྐད་ཅིག་ཏུ་བསྒྱུར་བའི་ཐབས་མཁས་ཀྱིས་སད་པར་བྱས་ལ་ལྷ་མིན་གྱི་སྣང་བ་ལམ་གྱི་ཤར་བར་བསམ་ལ༔ ཚེ་འདས་ཀྱི་གསོལ་བ་གདབས་པ་ནི༔ ཀྱཻ་མ༔ དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ༔ ཕྲག་དོག་རྒྱུད་ལ་གྲིམ་པའི་ལམ༔ འཐབ་རྩོད་ལྷ་མིན་གནས་སུ་ལྟུང་༔ གསོད་གཅོད་སྡུག་བསྔལ་བཟོད་གླགས་མེད༔ འདི་ལས་མྱུར་དུ་བསྒྲལ་དུ་གསོལ༔ བསྒྲལ་ནས་ཐར་བའི་ལམ་བསྟན་འཚལ༔ དེ་ནས་བསྐུལ་མ་འདེབས་པ་ནི༔ ཀྱཻ་མ་ཚེ་འདས་རིགས་ཀྱི་བུ། །ལྷ་མིན་འཇིག་རྟེན་ཡ་རེ་ང་། །འཐབ་རྩོད་འདྲལ་གཅོད་སྡུག་བསྔལ་ནི། །མི་བཟོད་ཁྱོད་ཀྱི་མྱོང་བ་འདི། །ཕྲག་དོག་འཚུབ་པར་མ་བྱེད་ཅིག །འཚུབ་མ་ཐག་དུ་འཛིན་པས་ན། །རྩོད་ལྡན་འདི་ལ་རབ་ཆགས་ནས། །མི་བཟོད་སྡུག་བསྔལ་ཕྲག་དོག་གདུང་། །ཕམ་དང་འགྱུར་དང་སྡུག་བསྔལ་གཏུགས། །ཡུན་རིང་ཁྱོད་ཀྱི་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། མགོན་པོ་མཆོག་ལ་སྐྱབས་སུ་དོངས༔ རྗེས་དྲན་རྟོགས་པའི་རྩལ་ཤུགས་བསྐྱེད༔ ཅེས་དང་སྤྲོ་ན་དེ་ཡང་ཉོན་མོངས་པ་ཕྲག་དོག་ལ་ཤས་ཆེར་སྤྱོད་པའི་དབང་གིས་ལྷ་མིན་དུ་སྐྱེ་བ་ཡིན་པས། དེ་ན་ཞིང་ཁམས་དེ་འདུལ་བའི་ཐུབ་པ་ཐག་བཟང་རིས་ཞེས་བྱ་བ་ཚུལ་ཁྲིམས་ཀྱི་གོ་གྱོན་ནས་ཕྱག་ན་མདུང་ཐོགས་པ་ལྷ་མིན་གྱི་ངང་ཚུལ་ཅན་ཞིག་ཡོད་ཀྱི། དེའི་ཚེ་ཁྱོད་ཀྱིས་དཀོན་མཆོག་གསུམ་དང་བླ་མ་དང་ཡི་དམ་ཏིང་ངེ་འཛིན་རྣམས་ཡིད་ལ་དྲན་པར་གྱིས་ལ་གསོལ་འདེབས་དང་སྐྱབས་འགྲོ་འདི་ལྟར་བརྗོད་ཅིག། ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ལྷ་མིན་འདུལ་བའི་ཐུབ་པ་རྒྱལ༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ གནས་ངན་འདི་ལས་དྲངས་དུ་གསོལ༔ ཞལ་ཟས་མཆོད་པའི་སྤྲིན་དུ་དམིགས༔ གནས་ནས་འདྲེན་པའི་ཡོན་དུ་འབུལ༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་འདི༔ དཔག་མེད་མཆོད་པའི་ཕྱག་རྒྱར་འབུལ༔ བཅོམ་ལྡན་ཐག་བཟང་རྒྱལ་པོ་ཡིས༔ ཚེ་འདས་དོན་དུ་བཞེས་སུ་གསོལ༔ བཛྲ་ནཻ་ཝི་ཏེ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ལས་ཀྱི་བུམ་པས་ཁྲུས་བགྱིས་ལ༔ ཧཱུྃ༔ ང་ནི་ཀརྨ་ས་ཏྭ་སྟེ༔ སྤོར་བྱེད་ཐུབ་ཆེན་ཐག་བཟང་རིས༔ ལྷ་མིན་སྡུག་བསྔལ་ངས་བསྒྲལ་གྱི༔ ཚུལ་ཁྲིམས་ཆུ་བོ་འདི་ལོངས་ཤིག༔ ཀརྨའི་ཡིག་བརྒྱས་ཁྲུས་བྱས་ལ༔ དེ་ནས་གཤིན་ལྕགས་བརྔན་པའི་ཕྱིར༔ གཏོར་མ་བདུད་རྩིའི་རྒྱ་མཚོར་བརླབས༔ ཁཾ༔ ཟག་པ་མེད་པའི་ཏིང་ངེ་འཛིན༔ སྒྱུ་མ་ལྟ་བུའི་སྤྲུལ་བསྒྱུར་བཀོད༔ འཛད་མེད་ནམ་མཁའི་མཛོད་དུ་འབུལ༔ གསོད་གཅོད་ལན་ཆགས་འཁོར་བའི་བདུད༔ འདི་ལ་ལྕགས་སུ་མ་བྱེད་ཅིག༔ དཔལ་ལྡན་སངས་རྒྱས་བཀའ་མ་བཅག༔ ས་བོན་བསྲེགས་པ་འདི་ལྟ་སྟེ༔ ཧཱུྃ༔ དུག་གི་རྩ་བ་མ་རིག་པ༔ དུག་གི་དུག་ནི་ཕྲག་དོག་སྟེ༔ དོན་གྲུབ་ཐག་བཟང་བྱིན་རླབས་ཀྱིས༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ རཾ༔ བཅོམ་ལྡན་ཐུགས་ཀའི་ཡི་གེ་ལས༔ འོད་ཟེར་དུས་མཐའི་མེ་ཡི་དབལ༔ ལྷ་མིན་ས་བོན་ལ་ཕོག་པས༔ རང་བཞིན་མེད་པའི་དབྱིངས་སུ་བསྲེགས༔ གཟུངས་སྔགས་ཁྱད་པར་ཅན་གྱི་མཐར༔ པྲཛྙཱ་ཛྙཱ་ན་རསྨི་ཛྭ་ལ་སུ་ད་ཧ་ད་ཧ་ཧཱུྃ་ཕཊ ༔ དེ་ནས་བསྐལ་བ་བླུགས་པ་ནི༔ ཧ༔ ཚུལ་ཁྲིམས་ཕར་ཕྱིན་ངོ་བོ་ཉིད༔ ཕྲག་དོག་རང་གྲོལ་སངས་རྒྱས་དཔལ༔ བཅོམ་ལྡན་ཐུགས་མཚོན་གོ་མཚོན་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཁྲོ་འཁྲུགས་འཐབ་རྩོད་སྡུག་བསྔལ་གྲོལ༔ ལས་རབ་ཞིང་དུ་སྨིན་པར་ཤོག༔ ཨོཾ་ཤཱི་ལ་མུ་ནེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ གང་འདུལ་ཕྲིན་ལས་བུམ་པ་འདིའི༔ སྐལ་ལྡན་བུ་༴ བྱ་གྲུབ་ཡེ་ཤེས་རང་སྟོབས་བརྙེད༔ ཐུབ་ཆེན་ཕྲིན་ལས་ལྡན་པར་ཤོག༔ ཀརྨ་ཀ་ལ་ཤ་༴ དེ་ནས་གནས་ལུང་བྱ་བ་ནི༔ ཧཱུྃ༔ མ་རིག་འཁོར་བའི་རྩ་བ་སྟེ༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ འདི་ཡི་སྐྱོན་གང་ཁྱོད་མ་མཐོང་༔ མ་ཆགས་མཐོ་རིས་ཞིང་དུ་གཤེགས༔ ཕྲག་དོག་འདི་ཡི་ཁྱོད་རེ་བསླུས༔ དང་པོ་འཁོར་བར་འཁྱམས་པ་ཡང་༔ ཕྲག་དོག་རླུང་ལྟར་འཚུབས་པས་ནོངས༔ ད་ལྟ་མཉམ་ལ་ཕྲག་དོག་པས༔ རྟག་ཏུ་རྩོད་པ་རྒྱུན་མི་འཆད༔ དེ་ཡི་སྟེང་ན་ལྷ་ཡི་ཡུལ༔ ཉམས་དགའ་དྭངས་སྤྲོ་ཡིད་འོང་དང་༔ ལོངས་སྤྱོད་སྣ་ཚོགས་འདི་ན་ཡོད༔ རྒྱན་དང་རོལ་མོ་བསམ་མི་ཁྱབ༔ ལྷ་མིན་ཡུལ་དུ་མ་འདུག་པར༔ ལྷ་ཡི་ཡུལ་དུ་བདེ་བར་བྱོན༔ དྲི་མེད་བྱང་ཆུབ་སེམས་བསྐྱེད་ལ༔ ལས་རབ་ཞིང་དུ་འདུན་པ་བསྒྱུར༔ ལྔ་པ་ལྷ་ཡི་ཚེ་ལུང་ནི༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས་རེག་པས་དྲན་པ་ཉམས་པར་གྱུར༔ དེ་ནས་ང་རྒྱལ་གྱི་སྒོ་ནས་བསགས་པའི་ལས་ཀྱིས་བསྐལ་བར་ལྷར་གནས་འགྱུར་གྱི་བག་ཆགས་ཐམས་ཅད་བསྐལ་མང་སྐད་ཅིག་དུ་བསྒྱུར་བའི་ཐབས་མཁས་ཀྱིས་སད་པར་བྱས་ལ་ལྷའི་སྣང་བ་ལམ་གྱིས་ཤར་བར་བསམ་ལ༔ ཚེ་འདས་ཀྱི་གསོལ་བ་གདབས་བ་ནི༔ ཀྱཻ་མ༔ དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ༔ ང་རྒྱལ་རྒྱུད་ལ་གྲིམ་པའི་ལམ༔ དགའ་ལྡན་ལྷ་ཡི་གནས་སུ་ལྟུང་༔ འཕོ་ལྟུང་སྡུག་བསྔལ་བཟོད་གླགས་མེད༔ འདི་ལས་མྱུར་དུ་བསྒྲལ་དུ་གསོལ༔ བསྒྲལ་ནས་ཐར་པའི་ལམ་བསྟན་འཚལ༔ དེ་ནས་བསྐུལ་མ་འདེབས་པ་ནི༔ ཀྱཻ་མ་ཚེ་འདས་རིགས་ཀྱི་བུ། །ལྷ་ཡི་ཡུལ་ན་ཡ་མཚན་མེད། །འཆི་འཕོ་འགྱུར་བའི་སྡུག་བསྔལ་ནི། །མི་བཟོད་ཁྱོད་ཀྱི་མྱོང་བ་འདི། །ང་རྒྱལ་རྟོག་པ་མ་འཛིན་ཅིག །ང་རྒྱལ་རྟོག་པ་བཟུང་བ་ན། །ལོངས་སྤྱོད་འདི་ལ་རབ་ཏུ་ཆགས། །ལོངས་སྤྱོད་འདི་ལ་ཆགས་པའི་མཐུས། །འཕོ་དང་ལྟུང་དང་འགྱུར་བ་དང་། །ལྷ་མིན་གཡུལ་ལས་ཕམ་པ་དང་། །རྣམ་གཡེངས་ངང་ནས་དམ་ཆོས་ཤོར། །ཡུན་རིང་ཐར་བའི་གནས་མི་ཐོབ། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །མགོན་པོ་མཆོག་ལ་སྐྱབས་སུ་དོངས༔ རྗེས་དྲན་རྟོགས་པའི་རྩལ་ཤུགས་བསྐྱེད༔ ཞེས་དང་སྤྲོ་ན་དེ་ཡང་ཉོན་མོངས་པ་ང་རྒྱལ་ལ་ཤས་ཆེར་སྤྱོད་པའི་དབང་གིས་ལྷར་སྐྱེ་བ་ཡིན་པས། དེ་ན་ཞིང་ཁམས་དེ་འདུལ་བའི་ཐུབ་པ་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལྷའི་ཆ་བྱད་ཅན་ཕྱག་ན་དུང་དང་པི་ཝཾ་བསྣམས་པ་ཞིག་བཞུགས་ཀྱི། དེའི་ཚེ་ཁྱོད་ཀྱིས་དཀོན་མཆོག་གསུམ་དང་བླ་མ་དང་ཡི་དམ་ཏིང་ངེ་འཛིན་རྣམས་ཡིད་ལ་དྲན་པར་གྱིས་ལ་གསོལ་འདེབས་དང་སྐྱབས་འགྲོ་འདི་ལྟར་བརྗོད་ཅིག། ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ དགའ་ལྡན་འདུལ་བའི་ཐུབ་པ་རྒྱལ༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ གནས་ངན་འདི་ལས་དྲངས་དུ་གསོལ༔ ཞལ་ཟས་མཆོད་པའི་སྤྲིན་དུ་དམིགས༔ གནས་ནས་འདྲེན་པའི་ཡོན་དུ་འབུལ༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་འདི༔ དཔག་མེད་མཆོད་པའི་ཕྱག་རྒྱར་འབུལ༔ བཅོམ་ལྡན་དབང་པོ་བརྒྱ་བྱིན་གྱིས༔ ཚེ་འདས་དོན་དུ་བཞེས་སུ་གསོལ༔ བཛྲ་ནཻ་ཝི་ཏེ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ལས་ཀྱི་བུམ་པས་ཁྲུས་བྱས་ལ༔ ཧཱུྃ༔ ང་ནི་རིན་ཆེན་ས་ཏྭ་སྟེ༔ སྤོར་བྱེད་ཐུབ་པ་ཨིནྡྲ་ཡ༔ ལྷ་ཡི་སྡུག་བསྔལ་ངས་བསྒྲལ་གྱི༔ བསམ་གཏན་ཆུ་བོ་འདི་ལོངས་ཤིག༔ རཏྣའི་ཡིག་བརྒྱས་ཁྲུས་བྱས་ལ༔ དེ་ནས་གཤིན་ལྕགས་བརྔན་པའི་ཕྱིར༔ གཏོར་མ་བདུད་རྩིའི་རྒྱ་མཚོ་བརླབས༔ ཁཾ༔ ཟག་པ་མེད་པའི་ཏིང་ངེ་འཛིན༔ སྒྱུ་མ་ལྟ་བུའི་སྤྲུལ་བསྒྱུར་བཀོད༔ འཛད་མེད་ནམ་མཁའི་མཛོད་དུ་འབུལ༔ ཕམ་ལྟུང་ལན་ཆགས་འཁོར་བའི་བདུད༔ འདི་ལ་ལྕགས་སུ་མ་བྱེད་ཅིག༔ དཔལ་ལྡན་སངས་རྒྱས་བཀའ་མ་བཅག༔ ས་བོན་བསྲེགས་པ་འདི་ལྟ་སྟེ༔ ཧཱུྃ༔ དུག་གི་རྩ་བ་མ་རིག་པ༔ དུག་གི་དུག་ནི་ང་རྒྱལ་ཏེ༔ རིན་འབྱུང་བརྒྱ་བྱིན་བྱིན་རླབས་ཀྱིས༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ རཾ༔ བཅོམ་ལྡན་ཐུགས་ཀའི་ཡི་གེ་ལས༔ འོད་ཟེར་དུས་མཐའི་མེ་ཡི་དབལ༔ ལྷ་ཡི་ས་བོན་ལ་ཕོག་པས༔ རང་བཞིན་མེད་པའི་དབྱིངས་སུ་བསྲེགས༔ གཟུངས་སྔགས་ཁྱད་པར་ཅན་གྱི་མཐར༔ པྲཛྙཱ་ཛྙཱ་ན་རསྨི་ཛྭ་ལ་ཨ་ད་ཧ་ད་ཧ་ཧཱུྃ་ཕཊ༔ དེ་ནས་བསྐལ་བ་བླུགས་པ་ནི༔ སྭཱ༔ བསམ་གཏན་ཕར་ཕྱིན་ངོ་བོ་ཉིད༔ ང་རྒྱལ་རང་གྲོལ་སངས་རྒྱས་དཔལ༔ བཅོམ་ལྡན་ཐུགས་མཚོན་རོལ་མོ་འདིའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྣམ་གཡེངས་འགྱུར་བའི་སྡུག་བསྔལ་གྲོལ༔ དཔལ་ལྡན་ཞིང་དུ་སྨིན་པར་ཤོག༔ དྷྱ་ན་མུ་ནེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ མ་འདྲེས་ཡོངས་རྫོགས་བུམ་པ་འདིའི༔ སྐལ་ལྡན་བུ་༴ མཉམ་ཉིད་ཡེ་ཤེས་རང་སྟོབས་རྙེད༔ ཐུབ་ཆེན་ཡོན་ཏན་ལྡན་པར་ཤོག༔ རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གནས་ལུང་བྱ་བ་ནི༔ ཧཱུྃ༔ མ་རིག་འཁོར་བའི་རྩ་བ་སྟེ༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ འདི་ཡི་སྐྱོན་གང་ཁྱོད་མ་མཐོང་༔ མ་ཆགས་མཐོ་རིས་ཞིང་དུ་གཤེགས༔ ང་རྒྱལ་འདི་ཡིས་ཁྱོད་རེ་བསླུས༔ དང་པོ་སྲིད་པ་འཁྱམས་པ་ཡང་༔ ང་རྒྱལ་རི་བོ་བརྩེགས་པས་འཁོར༔ ད་ལྟ་ང་རྒྱལ་སྤྱད་པས་ན༔ དགའ་ལྡན་ལྷ་ཡི་ཡུལ་དུ་སྐྱེས༔ ལོངས་སྤྱོད་འཁོར་ལ་ཆགས་ཆགས་ནས༔ ངན་སོང་འཁོར་བའི་གནས་སུ་ལྟུང་༔ ལྷ་ཡི་གནས་ན་འདུག་ས་མེད༔ དེ་རུ་ཆགས་པར་མ་བྱེད་ཅིག༔ ཧཱུྃ༔ གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ༔ ལྷ་ཡི་ཡུལ་ན་ང་རྒྱལ་ཆེ༔ ང་རྒྱལ་རང་དགར་སྤྱོད་པའི་ཕྱིར༔ དཔལ་ལྡན་ཞིང་ཁམས་སྦྱོང་བར་མཛོད༔ འདི་ན་ཆ་མཉམ་བྱང་ཆུབ་ཉེ༔ ལྷ་བས་ལྷག་པའི་ལུས་སུ་གྲགས༔ ཆ་མཉམ་མི་ཡི་གནས་འདིར་བྱོན༔ རྣམ་ཞི་བྱང་ཆུབ་སེམས་མཆོག་བསྐྱེད༔ དྲུག་པ་མི་ཡི་ཚེ་ལུང་ནི༔ བདག་གི་ཐུགས་ཀའི་འོད་ཟེར་གྱི་རེག་པས་དྲན་པ་ཉམས་པར་གྱུར༔ དེ་ནས་ཉོན་མོངས་པ་ཁོང་ཁྲོ་དང་འདོད་ཆགས་ཀྱི་ལས་ངན་བསགས་པས་མིར་སྐྱེ་འགྱུར་གྱི་བག་ཆགས་ཐམས་ཅད་བསྐལ་མང་སྐད་ཅིག་དུ་བསྒྱུར་བའི་ཐབས་མཁས་ཀྱིས་སད་པར་བསམ་ལ༔ ཚེ་འདས་ཀྱིས་གསོལ་བ་གདབས་པ་ནི༔ ཀྱཻ་མ༔ དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ༔ ཁོང་ཁྲོ་རྒྱུད་ལ་གྲིམ་པའི་ལམ༔ ཆ་མཉམ་མི་ཡི་གནས་སུ་ལྟུང་༔ བཅུ་གཅིག་སྡུག་བསྔལ་བཟོད་གླགས་མེད༔ འདི་ལས་མྱུར་དུ་བསྒྲལ་དུ་གསོལ༔ བསྒྲལ་ནས་ཐར་པའི་ལམ་བསྟན་འཚལ༔ དེ་ནས་བསྐུལ་མ་གདབས་པ་ནི༔ ཀྱེ་མ༔ ཚེ་འདས་རིགས་ཀྱི་བུ། །མི་ཡི་ཡུལ་ན་བདེ་བ་མེད། །སྡུག་བསྔལ་རྣམས་པ་སྣ་ཚོགས་པ། །མི་བཟད་ཁྱོད་ཀྱི་མྱོང་བ་འདི། །ཁོང་ཁྲོ་བདག་ཏུ་བཟུང་བས་ལན། །བཟུང་ན་མི་ཡི་ཡུལ་དུ་སྐྱེ། །སྐྱེ་དང་རྒས་པ་ན་འཆི་དང་། །སྡུག་བསྔལ་འགྱུར་དང་འདུ་བྱེད་དང་། །དགྲ་སྡང་འཕྲད་དང་གཉེན་བྱམས་འབྲལ། །མི་འདོད་ཐོག་ཏུ་དབང་མེད་འབབས། །འདོད་པ་སྒྲུབ་ཀྱང་མ་ཁེལ་བས། །སྡུག་བསྔལ་བསམ་གྱིས་མི་ཁྱབ་པ། །ཡུན་རིང་ཁྱོད་ཀྱི་མྱོང་བར་ཟད། །དེ་བས་གྲོལ་བར་བྱ་བའི་ཕྱིར། །མགོན་པོ་མཆོག་ལ་སྐྱབས་སུ་དོངས༔ རྗེས་དྲན་རྟོགས་པའི་རྩལ་ཤུགས་བསྐྱེད༔ ཞེས་དང་སྤྲོ་ན༔ དེ་ཡང་ཉོན་མོངས་པ་ཁོང་ཁྲོ་ལ་ཤས་ཆེར་སྤྱད་པའི་དབང་གིས་མིར་སྐྱེ་བ་ཡིན་པས། ཞིང་ཁམས་དེ་འདུལ་བའི་ཐུབ་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཕྱག་ན་གསེགས་ཤིང་དང་པར་བུ་བསྣམས་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཞབས་ཀྱི་པདྨོ་ལས་སྤྲུལ་པ་ཞིག་བཞུགས་ཀྱི། དེའི་ཚེ་ཁྱོད་ཀྱིས་དཀོན་མཆོག་གསུམ་དང་བླ་མ་དང་ཡི་དམ་ཏིང་ངེ་འཛིན་རྣམས་ཡིད་ལ་དྲན་པར་གྱིས་ལ་གསོལ་འདེབས་དང་སྐྱབས་སུ་འགྲོ་བ་འདི་ལྟར་བརྗོད་ཅིག། ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ མི་རྣམས་འདུལ་བའི་ཐུབ་པ་རྒྱལ༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ གནས་ངན་འདི་ལས་དྲངས་དུ་གསོལ༔ ཞལ་ཟས་མཆོད་པའི་སྤྲིན་དུ་དམིགས༔ གནས་ནས་འདྲེན་པའི་ཡོན་དུ་འབུལ༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་འདི༔ དཔག་མེད་མཆོད་པའི་ཕྱག་རྒྱར་འབུལ༔ བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ཡིས༔ ཚེ་འདས་དོན་དུ་བཞེས་སུ་གསོལ༔ བཛྲ་ནཻ་ཝི་ཏེ་སརྦ་པཱུ་ཙ་ཁཱ་ཧི༔ དེ་ནས་ཁྲུས་ལུང་བྱ་བ་ལ༔ ལས་ཀྱི་བུམ་པས་རབ་བཀྲུས་ནས༔ ཧཱུྃ༔ ང་ནི་རྡོ་རྗེ་ཀུན་ཏུ་བཟང་༔ སྤོར་བྱེད་ཐུབ་ཆེན་ཤཱཀྱའི་དབང་༔ མི་ཡི་སྡུག་བསྔལ་ངས་བསྒྲལ་གྱི༔ བརྩོན་འགྲུས་ཆུ་བོ་འདི་ལོངས་ཤིག༔ ཧེ་རུའི་ཡིག་བརྒྱས་ཁྲུས་བྱས་ལ༔ དེ་ནས་གཤིན་ལྕགས་བརྔན་པའི་ཕྱིར༔ གཏོར་མ་བདུད་རྩིའི་རྒྱ་མཚོར་བརླབས༔ ཁཾ༔ ཟག་པ་མེད་པའི་ཏིང་འཛིན་ནི༔ སྒྱུ་མ་ལྟ་བུའི་སྤྲུལ་བསྒྱུར་བཀོད༔ འཛད་མེད་ནམ་མཁའི་མཛོད་དུ་འབུལ༔ ཤ་མཁོན་བུ་ལོན་འཁོར་བའི་བདུད༔ འདི་ལ་ལྕགས་སུ་མ་བྱེད་ཅིག༔ དཔལ་ལྡན་སངས་རྒྱས་བཀའ་མ་བཅག༔ ས་བོན་བསྲེགས་པ་འདི་ལྟ་སྟེ༔ ཧཱུྃ༔ དུག་གི་རྩ་བ་མ་རིག་པ༔ དུག་གི་དུག་ནི་ཁོང་ཁྲོ་སྟེ༔ ཀུན་བཟང་ཐུབ་མཆོག་བྱིན་རླབས་ཀྱིས༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ རྃ༔ བཅོམ་ལྡན་ཐུགས་ཀའི་ཡི་གེ་ལས༔ འོད་ཟེར་དུས་མཐའི་མི་ཡི་དབལ༔ མི་ཡི་ས་བོན་ལ་ཕོག་པས༔ རང་བཞིན་མེད་པའི་དབྱིངས་སུ་བསྲེགས༔ གཟུངས་སྔགས་ཁྱད་པར་ཅན་མཐར་ནི༔ པྲཛྙཱ་ཛྙཱ་ན་རསྨི་ཛྭ་ལ་ཎི་ད་ཧ་ད་ཧ་ཧཱུྃ་ཕཊ༔ དེ་ནས་བསྐལ་བ་བླུགས་པ་ནི༔ ཨཱ༔ བརྩོན་འགྲུས་ཕར་ཕྱིན་ངོ་བོ་ཉིད༔ ཁོང་ཁྲོ་རང་གྲོལ་སངས་རྒྱས་དཔལ༔ བཅོམ་ལྡན་ཐུགས་མཚོན་བསེགས་པར་འདིའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཅུ་གཅིག་སྡུག་བསྔལ་རང་སར་གྲོལ༔ འོག་མིན་ཞིང་དུ་སྨིན་པར་ཤོག༔ བཱིཏྱ་མུ་ནེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ དབྱིངས་རིག་དབྱེར་མེད་བུམ་པ་འདིའི༔ སྐལ་ལྡན་བུ་༴ གཞིར་གནས་ཡེ་ཤེས་རང་སྟོབས་རྙེད༔ ཐུབ་ཆེན་ཟག་མེད་ཆོས་ལྡན་ཤོག༔ ཨོཾ་ས་མནྟ་བྷ་དྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གནས་ལུང་བྱ་བ་ནི༔ ཧཱུྃ༔ མ་རིག་འཁོར་བའི་རྩ་བ་སྟེ། །ཚེ་འདས་བྱ་བ་རིགས་ཀྱི་བུ། །འདི་ལ་ཆགས་པར་མ་བྱེད་ཅིག །བདེ་ཆེན་དག་པའི་ཞིང་དུ་གཤེགས། །ཁོང་ཁྲོ་འདི་ཡིས་ཁྱོད་རེ་བསླུས། །དང་པོ་འཁོར་བར་ལྟུང་བ་ཡང་། །ཁོང་ཁྲོ་རང་དགར་སྤྱད་པས་ནོངས། །ད་ལྟ་ཁོང་ཁྲོ་ཉིད་སྤྱོད་ནས། །མི་ཡི་སྡུག་བསྔལ་ཉམས་སུ་མྱོང་། །དེ་ཡང་གནས་སྐབས་བདེ་བ་རེ། །ཡོད་ཀྱང་ཆགས་པའི་གནས་མ་ཡིན། །རྟག་བརྟན་མེད་པ་འཇའ་ཚོན་འདྲ། །སླད་ནས་སྡུག་བསྔལ་རྒྱུ་རུ་བས། །ལར་ནི་འཁོར་བ་མཐོ་དམན་ཀུན། །མེ་ཡི་འོབ་དང་འདྲ་བ་སྟེ། །ཆགས་པར་མི་རུང་སྲིད་མཚམས་སྦྱོར། །ཆགས་པའི་འོས་སུ་མ་གྱུར་ཏོ། །ཆ་མཉམ་བྱང་ཆུབ་ཉེ་བ་ལ། །ལེ་ལོ་ཕྱི་བཤོལ་དགྲ་རུ་སྡང་། །ཤེས་པར་གྱིས་ལ་བརྩོན་འགྲུས་བསྐྱེད། །རིན་ཆེན་གྱི་ནར་འདོར་མི་བྱ། །གང་གི་འདིར་ནི་བྱང་ཆུབ་སྤྱོད། །གྲོང་ཁྱེར་རྒྱུན་ཆོད་འཕུར་འགྲོར་ལྡན། །དཔག་ཆེན་མདའ་འཕང་ཅི་བཞིན་དུ། །སྐུ་གསུམ་ལྷུན་གྲུབ་ས་ལ་གནས། །ཁྱོད་ལ་གདུང་ཡུས་འབོད་པ་དང་། །ཚུར་ཤོག་ཟེར་ཞིང་ལམ་སྟོན་པ། །ཕྱིར་ལོག་བདུད་ཀྱི་ལུང་བསྟན་ལགས། །མངོན་ཤེས་ཕྲ་མོའི་གཞན་སེམས་དང་། །བླ་མ་མཆེད་ཀྱི་སྐྱོན་ཀྱང་མཐོང་། །འདི་ཡང་ཐར་ལམ་བར་ཆད་ཡིན། །དག་སྣང་སྦྱོངས་དང་སངས་རྒྱས་དངོས། །མེད་སྣང་འཁྲུལ་བའི་སེལ་ཞུགས་ནས། །རང་གིས་རང་བཅིང་འཁོར་བའི་འགྲོ། །རྣམ་ཀུན་དོང་ནས་སྤྲུགས་པ་ཡི། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས། །སངས་རྒྱས་མཛད་པ་རབ་འབྱམས་ཀྱི། །ཆབ་ཅིག་ཀུན་བཟང་དགོངས་ཀློང་དུ། །ཡོངས་གྲོལ་མཉམ་པ་ཆེན་པོ་རུ། །རྒྱུ་སྟོབས་གྲོགས་ཀྱི་བཟུང་བར་བསྐྱེད། །ཡེ་ཤེས་དག་པའི་ལྷར་བསྟན་པ། །རང་གི་སེམས་ལས་གཞན་དུ་མེད། །རྡོ་རྗེའི་དབང་འདི་ད་ལོངས་ལ། །སྒྲིབ་བྲལ་རིག་སྐུ་སྨིན་པར་མཛོད། ཞེས་ངོ་སྤྲོད་དོ། །དེ་ནས་ཡོན་ཏན་བསྐྱེད་པའི་དབང་། །ཞུ་བའི་ཡོན་དུ་མཎྜལ་ཕུལ། །མིག་དར་བཅིངས་ནས་མེ་ཏོག་གིས། །སྙིམ་པ་བཀང་ལ་འདི་སྐད་དོ། །དེ་ནས་གསོལ་བ་གདབས་པ་ནི། ཨེ་མ༔ དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །སོ་ཐར་བྱང་སེམས་སྔགས་སྡོམ་རྣམས། །ཐར་པའི་གྲོང་དུ་འཇུག་བྱའི་ཕྱིར། །མགོན་པོས་བདག་ལ་གནང་དུ་གསོལ། ལན་གསུམ་བརྗོད་ནས་ལན་སྦྱིན་པ། ཨེ་མ་སྣོད་ལྡན་རིགས་ཀྱི་བུ། །གསང་སྔགས་ཆོ་ག་ཁྱོད་ལ་བསྟན། །འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་མ་ལུས་ཐམས་ཅད་ཀྱང་། །གསང་སྔགས་ཆོ་ག་འདི་མཁྱེན་ནས། །རྫོགས་པའི་བྱང་ཆུབ་བརྙེས་པ་ཡིན། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡིས། །བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ། །དེ་ལྟར་ཁྱོད་ཀྱང་རྗེས་སུ་ཞུགས། །གསང་སྔགས་དངོས་གྲུབ་སྒྲུབ་པ་ལ། །འཇིག་རྟེན་ཚེ་འདིའི་ཞེན་པ་དོར། །ཕ་རོལ་ཏུ་ནི་འདུན་པ་བསྐྱེད། །འདི་འབྲས་གཉེར་ན་ཕྱི་མ་འཇིག །ཕྱི་མ་གཉེར་ན་འདི་འབྲས་འགྲུབ། །དེ་བས་རང་བཞིན་དོན་བྱའི་ཕྱིར། །བསམ་པ་བཟང་པོ་མཆོག་ལ་སྦྱོར། །གསང་སྔགས་རྡོ་རྗེའི་སྐལ་བ་སྦྱིན། དེ་ནས་སྡོམ་པ་སྦྱིན་པ་ན། །ལྷན་ཅིག་རྗེས་སུ་ཟློས་ཚུལ་གྱིས། །ཧོ༔ ཞི་ཁྲོ་རྒྱལ་བའི་སྤྱན་སྔ་རུ། །སྐྱེས་བུ་གསུམ་གྱིས་བློ་རྩལ་རྣམས། །གོང་ནས་གོང་དུ་སྤེལ་བའི་བློས། །སྐྱབས་ཀུན་འདུས་ཞལ་བླ་མ་དང་། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཉེ་བར་སྐྱབས་སུ་མཆི། །ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ། །འདི་བཟུང་བླ་མེད་བྱང་ཆུབ་བར། །གུས་པས་ཡིད་ཀྱིས་སྐྱབས་སུ་མཆི། །བླ་མ་ཀུན་བཟང་སྤྱན་སྔ་རུ། །ཐུན་མོང་ཁྱད་པར་བསླབ་བྱ་སློབ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་ལྡོག་དགེ་བ་སྒྲུབ། །དགེ་བསྙེན་དགེ་ཚུལ་དགེ་སློང་སྟེ། །སོ་སོར་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང་། ཅེས་པས་ཐུན་མོང་སྡོམ་པ་དང་། ཁྱད་པར་ཐེག་པ་ཆེན་པོ་ལ། ཧོ༔ བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དེ། །དེ་ཡི་བསླབ་པའི་གནས་རྣམས་བསྲུངས། དེ་ནས་འཇུག་པའི་སེམས་བསྐྱེད་པ། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོང་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །དམ་པ་བདག་གི་བསྐྱེད་པར་བགྱི། །ཕ་རོལ་ཕྱིན་དྲུག་སློབ་ཅིང་བསྒྲུབ། །ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བསྲུང་། །བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས། །མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། དེ་ནས་སྔགས་ཀྱི་སྡོམ་བཟུང་ནི། ཧོ༔ སངས་རྒྱས་རྣལ་འབྱོར་སེམས་བསྐྱེད་དེ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་མི་སྤང་ངོ་། །སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ། །སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་བསྙེན། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤངས་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་གྱི་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ཡར་མཆོད་གུས་དང་མར་ལ་བྱམས། །ལྷ་ཡི་ཕྱག་རྒྱ་བླ་མའི་གདན། །བཞོན་པ་ལ་སོགས་མི་འགོང་དང་། །བསྟན་པ་སྐྱོངས་ལ་བརྙས་མི་བྱ། །བླ་མ་སངས་རྒྱས་དྲན་བྱེད་ཅིང་། །བརྟན་གཡོ་ལྷ་དང་མཉམ་པར་སྦྱོར། །ཐ་མལ་སྣང་ཞེན་ཉེས་སྤྱོད་སྡོམ། །བསྐྱེད་རྫོགས་ཟབ་མོའི་དགེ་ཆོས་སྡུད། །རྩ་བ་ཡན་ལག་དམ་ཚིག་བསྲུང་། །མདོར་ན་རྒྱལ་བས་གང་བསྒྲག་པ། །དེ་དག་ཐམས་ཅད་བདག་གིས་བསྒྲུབས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །བདག་ནི་འབྲས་བུ་གསང་སྔགས་ཀྱི། །དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་གྱིས། །སྨིན་ཅིང་གྲོལ་བར་འདོད་པས་ན། །ཐུགས་རྗེའི་བདག་ལ་བཀའ་དྲིན་སྩོལ། དེ་ནས་གནང་བ་སྦྱིན་པ་ནི། ཨེ་མ་ཨེ་མ་རིགས་ཀྱི་བུ། །ཁྱོད་ནི་ལས་ཟད་འཁྲུལ་པ་ཞིག །རིགས་ཀྱི་བུ་མཆོག་ཁྱོད་ཡིན་པས། །ངས་ཁྱོད་ཀུན་བཟང་རིགས་ལྔ་ཡི། །དཀྱིལ་འཁོར་འཇུག་ཅིང་ཡེ་ཤེས་དབབ། །དངོས་གྲུབ་ཐམས་ཅད་ཁྱོད་ལ་སྦྱིན། དེ་ནས་དཀྱིལ་འཁོར་འཇུག་པ་ནི། ཀྱཻ༔ རིགས་ལྔ་བདེ་བར་གཤེགས་པ་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། ཞེས་པས་ཞུ་བ་ཕུལ་བའི་མཐར། རིག་པའི་ཡེ་ཤེས་སྒོ་ཕྱེ་བ། ཧཱུྃ༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །རིག་པའི་ཡེ་ཤེས་སྒོ་འབྱེད་ཀྱིས། །ཤེས་རབ་ཆེན་པོའི་སྒོ་ཕྱེས་ཤིག །རིག་པའི་ཡེ་ཤེས་སྒོ་ཕྱེ་བས། །རྣམ་རྟོག་སེམས་ཀྱི་དྲི་མ་བྲལ། །ཙིཏྟའི་དཀྱིལ་འཁོར་སྒོ་ཕྱེ་བས། །ཡེ་ཤེས་སྣང་བ་ཕྱོགས་བཅུར་གསལ། །སྒྲོན་མ་མིག་གི་སྒོ་ཕྱེ་བས། །རིག་པའི་ཡེ་ཤེས་རྟོག་མེད་གསལ། །སེམས་ཀྱི་རྣམ་ཤེས་ནྲ་གནས་པ། །གསལ་བའི་ཡེ་ཤེས་མིག་ཕྱེ་བས། །རིག་པའི་ཡེ་ཤེས་ཧཱུྃ་དུ་གྱུར། །ཡེ་ཤེས་གསལ་བའི་སྒོ་ཕྱེ་བས། །དཀྱིལ་འཁོར་ཕོ་བྲང་མངོན་པར་གསལ། །འདིར་ནི་དཀྱིལ་འཁོར་གསལ་བར་གྱུར། །ཡེ་ཤེས་ཐམས་ཅད་དབབ་ཏུ་གསོལ། །ས་མནྟ་བཛྲ་ས་ཏྭ་ཧཱུྃ། ཨ་ཁཾ་ཝེ་ར་ཧཱུྃ༔ ཞེས་བརྗོད་སྒོ་བཞི་ཤག་གིས་ཕྱེས། །ཚེ་འདས་ཡི་དམ་ལྷ་ཚོགས་ལ། །སྐུ་གསུང་ཐུགས་ཕྱག་བྱེད་པར་བསམ། སློབ་མའི་གནས་གསུམ་དུ་ཐལ་མོ་སྦྱར་བའི་སྐུ་གསུང་ཐུགས་ཕྱག་བྱེད་བཞིན་པར། ཨེ་མ་ཧོ༔ སྐུ་གསུམ་ཡེ་ཤེས་ངོ་བོ་ཉིད༔དུག་གསུམ་ཡེ་གྲོལ་རྫོགས་སངས་རྒྱས༔ དབྱིངས་ཡེ་སྣང་སྟོང་འདུ་འབྲལ་མེད༔ ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ༔ ཡེ་ཤེས་ལྔ་ལྡན་ངོ་བོ་ཉིད༔ དུག་ལྔ་ཁམས་ལྔ་མངོན་སངས་རྒྱས༔ ཐབས་དང་ཤེས་རབ་འདུ་འབྲལ་མེད༔ རིགས་ལྔ་ཡབ་ཡུམ་ལ་ཕྱག་འཚལ༔ ཡེ་ཤེས་བཅུ་དྲུག་ངོ་བོ་ཉིད༔ ཚོགས་ཡུལ་བཅུ་དྲུག་མངོན་སངས་རྒྱས༔ སྟོང་ཉིད་བཅུ་དྲུག་དམ་པའི་དོན༔ སེམས་དཔའ་བཅུ་དྲུག་ལ་ཕྱག་འཚལ༔ ཚད་མེད་བརྒྱད་ཀྱི་ངོ་བོ་ཉིད༔ སྐྱེ་བཞི་མུ་བཞི་མངོན་སངས་རྒྱས༔ རྣམ་ཐར་བརྒྱད་ལྡན་དམ་པའི་དོན༔ སྒོ་བ་ཡབ་ཡུམ་ལ་ཕྱག་འཚལ་༔ ཕར་ཕྱིན་དྲུག་གི་ངོ་བོ་ཉིད༔ ཚོགས་དྲུག་འགྲོ་དྲུག་མངོན་སངས་རྒྱས༔ ཡེ་ཤེས་དྲུག་གི་ཐུགས་རྗེའི་བཀོད༔ བཅོམ་ལྡན་ཐུབ་དྲུག་ལ་ཕྱག་འཚལ༔ ཞི་ལས་ཡེ་ཤེས་རྣམ་འཕྲོས་པ༔ འཇིགས་གཟུགས་ཁྲོ་བོའི་དཀྱིལ་འཁོར་ནི༔ ལྔ་བཅུ་རྩ་བརྒྱད་འབར་བའི་སྐུ༔ དབྱིངས་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག༔ དཀོན་མཆོག་རྒྱ་མཚོའི་ངོ་བོ་ཉིད༔ ཞིང་ཁམས་རྒྱ་མཚོའི་འདྲེན་པའི་མགོན༔ བླ་མ་ལ་ཡང་ཕྱག་འཚལ་ལོ༔ ཨོཾ་ན་མ་ཏེ་ཧཱུྃ༔ ན་མ་མེ་ཧཱུྃ༔ ན་མོ་ན་མ་ཧཱུྃ༔ དེ་ནས་བྱིན་དབབས་མེ་ཏོག་དོར༔ མ་ཧཱ་བྷ་ལཱ༔ ཞེས་ལྷག་ལྷ་སྤྱི་བོར་བཅིངས་ལ༔ མེ་ཏོག་གང་ལ་བབས་པ་འདི༔ རྟག་ཏུ་བསྒོམ་དང་བསྒྲུབ་པར་གྱིས༔ སྔོན་ནས་ཁྱོད་ཀྱི་ཡི་དམ་ལྷ༔ ཡིན་པར་བྱིན་རླབས་དངོས་གྲུབ་ཉེ༔ ཞེས་བརྗོད་དེ་ནས་གདོང་གཡོག་ཕྱེ་བ་ནི། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས༔ ཞེས་སོགས་ནས་རྣམ་བུམ་གྱི་མགོར་ཁྲུས་གཞུང་གི་བུམ་པ་སྤྲོད་པ་ལས་གཞན་ཁྱད་མེད་པའི་དབང་བཞི་ཡོངས་རྫོགས་གཏོར་དབང་མཐའ་རྟེན་དང་བཅས་རྫོགས་མཐར། གསུར་བསྔོ་ལོ་རྒྱུས་སྤྲོ་ན་བྱ། བསྡུས་ན་འདི་ལྟར་བསྔོ་བར་བྱ། ཧཱུྃ། ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱིས། །རང་གི་ཚེ་རབས་ཡུན་གྱི་རྒྱགས། །ལོངས་སྤྱོད་ཚེ་ཡི་བརྒྱགས་འདི་ལོངས། །འདི་ནི་སྔོན་གྱི་དམ་ཚིག་སྟེ། །དེ་ཕྱིར་ཁྱོད་ཀྱིས་ཟས་འདི་ལོངས། །ཧཱུྃ༔ ཡེ་ཤེས་དག་པའི་ངང་གིས་སྦྱངས། །སྟོང་པ་ཉིད་ཀྱི་གཞོང་པ་རུ། །ཚེ་འཛིན་ཟས་དང་རོ་མཆོག་ཤ །མར་དང་ཁུར་བ་ཟས་སྣ་དང་། །འབྲུ་བཅུད་ཆང་དང་བཏུང་བའི་ཚོགས། །སྣ་ཚོགས་ཡིད་འོང་ཐམས་ཅད་ནི། །ཚེ་འདས་ཁྱོད་ལ་གཏེར་འདི་འབུལ། །ལན་ཆགས་ཕྱིར་ན་ཟས་འདི་ལོངས། །མཉམ་པའི་དཀྱིལ་འཁོར་འདི་ཉིད་ལ། །ཆགས་པའི་ས་མེད་གནས་སུ་བཞུད། །དྲི་མེད་རྣམ་དག་རྫས་འདི་ལོངས། །ཆོས་ཉིད་ཐབས་ལ་མཁས་པ་ཡིས། །སྟོང་པ་ཉིད་དུ་མཉམ་སྦྱོར་ལ། །ཚེ་འདས་ཁྱོད་ལ་ཟས་གཏད་ཀྱིས། ཁོང་ཁྲོའི་སེམས་སུ་མ་བྱེད་པར། །ཟས་འདི་ལོངས་ལ་རང་སེམས་ལྟོས། །འདི་ནི་ཁྱོད་ཀྱི་གཏན་སྲིད་ཡིན། །བུ་དང་བུ་མོ་གཉིས་ཀྱིས་ཀྱང་། །གདུང་བའི་ཤུགས་ཕྱུང་ཟན་འདི་ལོངས། །གདོང་ནས་མཆི་མ་བཏོན་ནས་ནི། །བུ་ཡི་ཟས་གཏད་ཟས་འདི་ལོངས། །བརྩེ་བས་སྨྲེ་སྔགས་འདི་བཏོན་པས། །ངག་འདི་ཉོན་ལ་གནས་སུ་དེངས། །འཁོར་བ་འདི་ནི་སྡུག་བསྔལ་ཆེ། །བྱས་པས་མི་ཟིན་ལས་ཡོད་པས། །འཁོར་བ་འདི་རུ་མ་གནས་པར། །རང་གི་ཆོས་ཉིད་འོད་རེ་གསལ། །བདེ་བ་ཅན་གྱི་ཞིང་ཁམས་ན། །སྟོང་པ་ཆེན་པོ་ཡུལ་རེ་ཡངས། །འཁོར་བ་འདི་ན་གཅོང་རེ་ཆེ། །ཡངས་པ་ཅན་གྱི་ཞིང་ཁམས་ན། །ཆོས་ཉིད་འོད་གསལ་ལྷུན་རེ་འཐུག །ཟས་འདི་ལོངས་ལ་དབྱིངས་སུ་དེངས། ཨོཾ་ལཾ་སྥ་ར་ཎ། ཧཱུྃ་ལཾ་སྥ་ར་ཎ། སྭཱ་ལཾ་སྥ་ར་ཎ། ཧཱ་ལཾ་སྥ་ར་ཎ། ཧྲཱིཿལཾ་སྥ་ར་ཎ། ཏྲཾ་ལཾ་སྥ་ར་ཎ། བྷྲཱུྃ་ལཾ་སྥ་ར་ཎ་དུཥྚཾ་བཛྲ་ཨཱ༔ ཧཱུྃ་སྥ་ར་ཎ་ཕཊ་སྭཱ་ཧཱ། ཨཱ་ཨཱ་ཨཱཿ དེ་ནས་སློབ་དཔོན་གསང་བ་དེའི་སྤྲོ་ན་སྐབས་འདིར་ཚིག་བཤད་བརྗོད། ཡང་ན་ལམ་བསྟན་བསྒོམ་པའི་ལུང་། ཧོཿ རིག་པའི་རྒྱལ་པོ་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། སོགས། བཞུད་ཅིག །བར་བརྗོད་ལ། དེས་ནི་དབང་དང་གདམས་པས་གྲོལ། །ཕོ་ལ་གཞུ་མོ་རྒྱུད་བཟང་གི །མཆོག་མ་དག་ལ་དར་སྣ་བཏགས། །གཞུ་བརྡུང་མདའ་ཡང་རབ་ཏུ་བཏང་། །མོ་ལ་འཕང་གསོལ་བཙན་ཐབས་སུ། །གནས་ནས་སྤར་བའི་གླུ་འདི་བླངས། ཧཱུྃ༔ སྟོང་པ་ཉིད་ཀྱི་ཀློང་དཀྱིལ་དུ། །ཕ་རོལ་ཕྱིན་བཅུའི་ཤེས་རབ་དབྱིངས། །ཅང་ཤེས་འཕྲུལ་གྱི་ཏིང་འཛིན་གཞུ། །བརྒྱན་པའི་རིན་ཆེན་མཆོག་མ་གཏེར། །གསུང་ནི་ཀ་ལ་པིང་ཀའི་རྒྱུད་སྦྲེངས་བཞིན། །མཐའ་གཉིས་བྲལ་བའི་ཡེ་ཤེས་གཉུག་མ་ལས། །ཡིད་བཞིན་ནང་དུ་སྒྲོན་མའི་ཡེ་ཤེས་ཞགས། །ཚུལ་བཞིན་ཐུགས་ལས་བྱུང་བའི་ཡར་གསུམ་མ། །ང་དང་བདག་ཏུ་ལྟོས་པའི་དབང་པོ་བཅོམ། །རྒྱུད་དྲུག་ཉོན་མོངས་འཁོར་བའི་གནས་བསྒྲལ་ཏེ། །བྱང་ཆུབ་སྙིང་བསྒྲིལ་ཡིག་དྲུག་བྱིན་རླབས་ཏེ། །སྐུ་ལ་ཐིམ་ནས་རྒྱལ་བའི་སྲས་སུ་གྱུར། །ཡེ་ཤེས་མཆོག་གི་ས་ལ་གནས་ཐོབ་ནས། །རིགས་ལྔ་གསང་བའི་གྲལ་དུ་གཟུད་བར་བྱ། །ཨེ་མ་རིགས་ཀྱི་བུ་ཁྱོད་ཉོན། །ཁྱོད་ཀྱི་རྣམ་ཤེས་ནྲི་བཅས་པ། །བདག་ཉིད་བཅོམ་ལྡན་དཔལ་ཆེན་གྱིས། །རྣམ་ཤེས་ཧཱུྃ་དུ་བསྡུས་ནས་ནི། །ཕཊཿཀྱི་གསང་བའི་དབྱིངས་སུ་འཕང་། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཧྲཱིཿསརྦ་ཏ་ན་ཤོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཏིཥྛ་ལྷན༔ དེ་ནས་ཕུང་བོ་བསྟབས་པ་ཡིས། །ཚེ་འདས་རིགས་ལྔའི་སྲས་མཆོག་ཏུ། །སྦྱོར་བའི་གླུ་ཆེན་འདི་སྐད་དོ། །ཧཱུྃ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་ལ། །ཚེ་འདས་ཡིད་ཆོས་གཉིད་བསྟབས་པས། །སྐུ་ལ་ཐིམ་ནས་གཉིས་མེད་སྦྱོར། །ས་བོན་ཧཱུྃ་ལས་སྐུར་བསྐྱེད་ཅིག །ཕཊཿ ཚེ་འདས་ཀྱི་ཡིད་ཆོས་ཀྱི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་མངོན་དུ་སད་ནས་བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱི་ངོ་བོར་སངས་རྒྱས་པར་གྱུར་ཅིག། ཨོཾ༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །ཚེ་འདས་ཕུང་པོ་ལྔ་བསྟབས་པས། །སྐུ་ལ་ཐིམ་ནས་གཉིས་མེད་སྦྱོར། །ས་བོན་ཧཱུྃ་ལས་སྐུར་བསྐྱེད་ཅིག །ཧཱུྃ༔ ཡུམ་ཆེན་དབྱིངས་ཕྱུག་ལྔ་རྣམས་ལ། །ཚེ་འདས་འབྱུང་བ་ལྔ་བསྟབས་པས། །སྐུ་ལ་ཐིམ་ནས་གཉིས་མེད་སྦྱོར། །མཁའ་དབྱིངས་ཧཱུྃ་ལས་སྐུར་བསྐྱེད་ཅིག །ཕཊ༔ ཚེ་འདས་ཀྱི་ཕུང་ཁམས་རང་བཞིན་གྱིས་རྣམ་པར་དག་པ་མངོན་དུ་སད་ནས་བཅོམ་ལྡན་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་སངས་རྒྱས་པར་གྱུར་ཅིག། ཨོཾ༔ སེམས་དཔའ་ཆེན་པོ་བརྒྱད་རྣམས་ལ། །ཚེ་འདས་རྣམ་ཤེས་བརྒྱད་བསྟབས་པས། །སྐུ་ལ་ཐིམ་ནས་གཉིས་མེད་སྦྱོར། །ས་བོན་ཧཱུྃ་ལས་སྐུར་བསྐྱེད་ཅིག །ཧཱུྃ༔ སེམས་མ་ཆེན་མོ་བརྒྱད་རྣམས་ལ། །ཚེ་འདས་ཡུལ་ཆེན་བརྒྱད་བསྟབས་པས། །སྐུ་ལ་ཐིམ་པས་གཉིས་མེད་སྦྱོར། །མཁའ་དབྱིངས་ཧཱུྃ་ལས་སྐུར་བསྐྱེད་ཅིག །ཕཊཿཚེ་འདས་ཀྱི་ཚོགས་ཡུལ་རང་བཞིན་གྱིས་རྣམ་པར་དག་པ་མངོན་དུ་སད་ནས་སེམས་དཔའ་ཡབ་ཡུམ་གྱི་ངོ་བོར་སངས་རྒྱས་པར་གྱུར་ཅིག། ཨོཾ༔ ཁྲོ་བོ་ཆེན་པོ་བཞི་རྣམས་ལ། །ལུས་ཀྱི་སྐྱེ་མཆེད་བཞི་༴ སྐུ་ལ་ཐིམ་པས་གཉིས་མེད་སྦྱོར༔ ས་བོན་ཧཱུྃ་ལས་སྐུར་བསྐྱེད་ཅིག །ཕཊ༔ ཧཱུྃ༔ ཁྲོ་མོ་ཆེན་མོ་བཞི་རྣམས་ལ། །ཕྱིན་ཅི་ལོག་རྟོག་བཞི་བསྟབས་པས། །སྐུ་ལ་ཐིམ་པས་གཉིས་མེད་སྦྱོར། །མཁའ་དབྱིངས་ཧཱུྃ་ལས་སྐུར་བསྐྱེད་ཅིག །ཕཊཿཚེ་འདས་ཀྱི་ལུས་ཀྱི་སྐྱེ་མཆེད་བཞི་དང་ཕྱིན་ཅི་ལོག་རྟོག་བཞི་རང་བཞིན་གྱིས་རྣམ་པར་དག་པ་མངོན་དུ་སད་ནས་ཏ་ཀྲིཏ་སྒོ་བ་ཡབ་ཡུམ་གྱི་ངོ་བོར་སངས་རྒྱས་པར་གྱུར་ཅིག། ཨོཾ༔ བཅོམ་ལྡན་ཐུབ་པ་དྲུག་རྣམས་ལ། །ཚེ་འདས་ཉོན་མོངས་དྲུག་བསྟབས་པས། །སྐུ་ལ་ཐིམ་པས་གཉིས་མེད་སྦྱོར། །ཐུགས་དཀྱིལ་ཧཱུྃ་ལས་བསྐྱེད་གྱུར་ཅིག། ཕཊཿ ཚེ་འདས་ཀྱི་ཉོན་དྲུག་རང་བཞིན་གྱིས་རྣམ་པར་དག་པ་མངོན་དུ་སད་ནས་བཅོམ་ལྡན་ཐུབ་ཆེན་དྲུག་གི་ངོ་བོར་སངས་རྒྱས་པར་གྱུར་ཅིག། ཨཱ༔ ལྔ་བཅུ་རྩ་བརྒྱད་ཤེས་རབ་སྐུར། །ཀུན་རྟོག་ལྔ་བཅུ་བརྒྱད་བསྟབས་པས། །དབྱིངས་ཡེ་སྟངས་དཔྱལ་མཁའ་དབྱིངས་ལས། །གཉིས་མེད་སྤྲུལ་བའི་སྐུར་བསྐྱེད་ཅིག །ཧཱུྃ༔ མུ་ཏིག་དཀར་པོ་དྲི་མེད་དང་། །ཙནྡན་དམར་པོ་ཆགས་མེད་གཉིས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་གསུམ། །རྟོགས་པའི་ཀློང་དུ་འདྲེས་པ་ལ། །རང་རིག་ཡེ་ནས་སངས་རྒྱས་ཡིན། །སངས་རྒྱས་གཞན་ནས་མ་ཚོལ་ཞིག །བཙལ་ཀྱང་རང་གི་དོན་མི་རྙེད། །རྟོག་མེད་མཉམ་ཉིད་དབྱིངས་ཀྱི་ངང་། །རིག་པ་སྟོང་གསལ་འཇའ་ཚོན་སྐུ། །གསང་བའི་དཀྱིལ་འཁོར་འོད་ལྔར་གསལ། །གནས་ལུགས་མཆོག་གྱུར་རྫོགས་པ་ཆེ། །དཀྱིལ་འཁོར་ཐམས་ཅད་འདི་ལ་རྫོགས། །དཔེར་ན་མུན་ལ་སྣང་འབྱུང་བཞིན། །ཆོས་ཉིད་རང་སྣང་འདིར་བལྟས་པས། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀུན། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ངན་སོང་འཁོར་བའི་ལྟ་བ་བསལ། །རྣམ་པར་རྟོག་པའི་འདོད་པ་བཅོམ། །རང་གི་ཡེ་ཤེས་ལུང་གིས་གསལ། །ཨེ་མ༔ བྱང་ཆུབ་སེམས་ཀྱི་ཀློང་བརྡལ་བས། །ཀུན་བཟང་རིག་པའི་རང་བཞིན་ལས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ལྷ་དང་ལྷ་མིན་འདྲེ་ཡང་མེད། །འཁོར་བ་མེད་ཅིང་མྱང་འདས་མེད། །རིག་པ་ཡེ་ཤེས་གཅིག་པུ་ཉིད། །འཁོར་འདས་གཉིས་སུ་བཏགས་པ་མེད། །ང་དང་བདག་མེད་མངོན་སངས་རྒྱས། །དེ་ཕྱིར་སངས་རྒྱས་སྲས་ཉིད་དོ། །སྔར་འདས་སངས་རྒྱས་བཞུགས་པ་བཞིན། །རྒྱལ་བའི་ས་ལས་མི་གཡོ་ཞིང་། །རང་གི་ས་ལ་གཏན་དུ་འདུག །སྟོང་པ་ཆེན་པོ་ཡུལ་རེ་ཡངས། །ཡངས་པ་ཆེན་པོའི་ཞིང་ཁམས་ན། །ཆོས་ཉིད་འོད་གསལ་ལྷུན་རེ་འཐུག །སྔོན་གྱི་དེ་བཞིན་དབང་ནུས་ཤོག །ཕཊཿ ཚེ་འདས་ཀྱི་ཀུན་རྟོག་ལྔ་བཅུ་རྩ་བརྒྱད་རང་བཞིན་གྱིས་རྣམ་པར་དག་པ་མངོན་དུ་སད་ནས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ངོ་བོར་སངས་རྒྱས་པར་གྱུར་ཅིག། ཧཱུྃ༔ སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། །རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར། །ཚོན་གང་འོད་འབར་སྐུ་རུ་བཏོན། །འོད་ཟེར་རྡུལ་སྙེད་ཁམས་སུ་འཕྲོས། །འཁོར་བ་དོང་སྤྲུགས་དཔལ་ཐོབ་ཤོག །ཕཊཿ ཚེ་འདས་ཀྱི་རང་དོན་དུ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ས་ཐོབ་ནས་གཞན་དོན་ཕྲིན་ལས་གང་འདུལ་གྱིས་འཁོར་བ་དོང་ནས་སྤྲུགས་པའི་དབང་འབྱོར་ཕུན་སུམ་ཚོགས་པ་ཡོངས་སུ་གྲུབ་པར་གྱུར་ཅིག །ཅེས་བརྗོད་རྣམ་ཤེས་དབྱིངས་སུ་སྤར། །ཕྱིར་མི་ལྡོག་པའི་རྒྱས་གདབས་པོ། །དེ་ནས་མིང་བྱང་བསྲེགས་པ་ནི། །སྭ་བྷ་ཝ་ཡིས་སྟོང་བར་སྦྱངས། །སྟོང་པའི་ངང་ལས་སྐད་ཅིག་གིས། །ཧྲཱི༔ ཡེ་ཤེས་རིག་པའི་ངང་ལས་སྐྱེས་པའི་ལྷ། །རང་བྱུང་ཐུགས་རྗེའི་བདག་ཉིད་རྟ་མགྲིན་རྒྱལ། །ཆོས་དབྱིངས་མཁའ་ལ་སྐར་ཚོགས་སྤྲས་པའི་སྐུ། །རྟ་སྐད་དྲག་པོ་ཐེང་གསུམ་བརྗོད་པར་གསལ། །དེ་ཡི་ལྟོ་བར་ཞི་བ་བཞི་བཅུ་གཉིས། །དུང་ཁང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་གསལ། །དབྱིངས་ནས་ལས་ལྷ་སྤྱན་དྲངས་གཉིས་མེད་གྱུར། །ཛྙཱ་ན་དེ་ཝཱ་ག་ན་ཙཀྲ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོ༔ ཨརྒྷཾ་ནས་ཤབྟའི་བར་རཱུ་པ་ནས་ སྤརྴེ་སརྦ་པཉྩ་རཀྟ་བྷ་ལིངྟ་ཏ་ན་ག་ན་ས་ར་མརྠ་པུཉྩ་ཁཱ་ཧི༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་ཐབས་ཀྱི་ཕྱག་རྒྱར་ཤར། །རྣམ་པ་གང་འདུལ་ཞི་ཁྲོ་ཕྲ་མེན་གཟུགས། །ཐུགས་རྗེ་ཆེན་པོ་བཅོམ་ལྡན་དཀྱིལ་དང་འཁོར། །མྱ་ངན་འདས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་པས་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ཚོགས་པའི་རྣམ་པས་ཚེ་འདས་ཀྱི་རྣམ་སྨིན་རྒྱུ་འབྲས་དང་བཅས་པ་ཐམས་ཅད་ཆོས་ཉིད་ངང་གི་ཁྲོས་པའི་མེའི་བསྲེགས་པར་བསམ་ལ། ཧཱུྃ༔ མཐའ་དབུས་ཟླུམ་པོའི་ཧོམ་ཁུང་ནས། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ལས། །ཡེ་ཤེས་ལྔ་ཡི་མེ་བྱུང་བས། །དུག་ལྔའི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །འཁོར་དབུས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་དབྱིངས་ཕྱུག་ལྔ་རྣམས་ལ། །རིགས་ལྔ་ཁྲོས་པའི་མེ་བྱུང་བས། །ཡིད་སེམས་འཛིན་ཞེན་ཚོགས་བརྒྱད་རྟོག །མ་ལུས་ཐམས་ཅད་བསྲེགས་སྦྱངས་བསྟིམ། །ཕྱོགས་བཞི་དབུས་དང་རྣམ་པ་ལྔ། །ཟླ་གམ་འབར་བའི་ཧོམ་ཁུང་དུ། །དབང་གི་ཚོགས་ཆེན་ཁྲོས་པའི་མེའི། །ངན་རྟོག་མཚན་མ་བསྲེགས་སྦྱངས་བསྟིམ། །ཧཱུྃ༔ དཀྱིལ་འཁོར་གྲུ་གསུམ་ཧོམ་ཁུང་དུ། །བཅོམ་ལྡན་ཁྲག་འཐུང་རིགས་ལྔ་ལས། །རིན་ཆེན་འདུས་པའི་མེ་བྱུང་བས། །ཉོན་མོངས་བརྒྱད་ཁྲི་ཛྭ་ལ་རཾ། །ཧཱུྃ༔ ཆོས་སྐུ་མཁའ་ཁྱབ་དག་པའི་བྱིན་རླབས་ལས། །མ་རིག་འཇོམས་པའི་མེ་ནི་སྣ་ཚོགས་འབར། །ཞེ་སྡང་འཇོམས་པའི་མེ་ནི་དཀར་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །དུར་ཁྲོད་མེ་རི་སྣ་ཚོགས་ཀུན་ཏུ་འབར། །ཤིན་ཏུ་བསྡུས་པར་འདོད་པ་ན། ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཐབས་ཤེས་གཉིས་སུ་མེད་པའི་མེ་བྱུང་བས། །སྣ་ཚོགས་མེ་ཡིས་ཁྱོད་ཀྱི་སྡུག་བསྔལ་སྦྱོངས། །འཁོར་བའི་རྣམ་རྟོག་ཡེ་ཤེས་ཆེན་པོར་བསླང་། །སྒྲིབ་དང་ཉོན་མོངས་ནད་རྣམས་ཞི་བར་མཛོད། །ཨེ་ཨགྣི་སྥ་ར་ཎ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨ་ཨ་རཾ་རཾ་སྭཱ་ཧཱ། གཞན་ཡང་གཟུངས་སྔགས་བྱིན་རླབས་ཅན། །བཟླས་ནས་མེར་བསྲེགས་ཁྲུས་ཀྱི་སྦྱང་། །བསྔོ་བ་སྨོན་ལམ་བརྒྱ་ཡིས་གདབས། །དེ་ནས་སཙྪ་གདབ་པ་ནི། །ས་ཉིད་བརྐོ་པའི་སྔགས་འདིའོ། །ཨོཾ་བཻ་རོ་ཙ་ན་ཨོཾ། ཧཱུྃ༔ ཡི་གེ་ཨོཾ་ལས་འོད་འཕྲོས་པས། །ས་ཡི་སྐྱོན་རྣམས་དག་པར་གྱུར། །དེ་ནས་འདག་པ་བརྫི་བའི་སྔགས། ཨོཾ་བཛྲ་བྷི་ར་ཧཱུྃ་ཕཊ༔ ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་བསྟིམས། །རྟོག་མེད་འོད་དུ་རྣམ་པར་བསམ། །དེ་ནས་འབི་འབི་བྱ་བའི་སྔགས། ཨོཾ་ཨཱཿཧཱུྃ༔ ཡི་གེ་འབྲུ་གསུམ་འོད་འབར་བས། །སྐུ་གསུང་ཐུགས་ཀྱི་སྙིང་པོར་བསྒོམ། །དེ་ནས་སཙྪ་གདབ་པའི་སྔགས། ཨོཾ་ཨཱཿཧཱུྃ་བཻ་རོ་སྭཱ་ཧཱ་ཡཱ་ཧཱུྃ་ཕཊ༔ དེ་ནས་རབ་ཏུ་གནས་པའི་སྔགས། ཨོཾ་ཨེ་དྷརྨ་ཤ་ཏ་ཐཱ་ག་ཏ། ཡོ་ནི་ཨེ་བམ་ཏིཥྛ་ལྷན། སི་ཏི་ཧཱུྃཧཱུྃ།དེ་ནས་ཁྱུང་གཤོག་ལྟ་བུ་ཡི། །ཕྱག་རྒྱའི་དབང་བསྐུར་ཆུ་ལ་བསྐྱལ། ཁྱད་པར་ཅན་གྱི་གནས་སྦྱོངས་གི །མཚམས་མེད་ལྔ་པོ་བྱས་པ་ཡང་། །འདི་ཡིས་བཙན་ཐབས་ཉིད་དུ་གྲོལ། །རྡོ་རྗེ་འཆང་གི་ཁྱད་ཆོས་སུ། །མ་བསྒོམ་སངས་རྒྱས་ཆོས་ལྔ་ལས། །འདི་ནི་ཐོས་པས་གྲོལ་བའི་ཆོས། །ཡིན་ཕྱིར་སྐུར་གདབས་བྱར་མི་རུང་། །ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ རང་བྱུང་རྒྱུད་ཀྱི་དོན་བསྡུས་ནས༔ ག་ག་ཨ་བྷྱེའི་བཙས་སུ་བཞག༔ སྙིམས་མ་ལྔ་བདོའི་དུས་ཀྱི་ཚེ༔ ཐབས་མཆོག་མྱུར་ལམ་ཟབ་མོ་འདིས༔ གདམས་པའི་སྒོ་འཕར་དམ་པ་འབྱེད༔ སྐྱེས་བུ་སུམ་སྟོང་གྲུབ་པ་ཐོབ༔ ས་མ་ཡཱ༔ སླར་སྨྲས་པ། ཀུན་མཁྱེན་རྒྱལ་བ་གཉིས་པའི་ཞལ་གྱི་ཆབ། །ཐིག་ལེ་རང་བྱུང་རྒྱུད་ཆེན་རྒྱ་མཚོའི་བསྐྱེད། །གཅུས་དཀྲུགས་གབ་པའི་གནད་རྣམས་ལེགས་གསལ་བ། །རྗེས་སུ་གནང་པའི་བཀའ་བས་ཕོ་བཟོ་མིན། །ལར་ནི་རྟོག་གེ་ཕྱོགས་རེས་མིག་ཅན་རྣམས། །ཚིག་ལ་འཁྲིས་ནས་དོན་བཟང་ཡལ་བར་དོར། །རིགས་དྲུག་རིམ་གྱིས་སྦྱོངས་ལ་ཚིག་གཞར་འདེབས། །རང་གཞན་རྒྱུད་ལ་དངོས་ཤུགས་ལོག་པར་བལྟས། །མཁྱེན་སྤྱན་ཕྱོགས་མེད་ཤེས་བྱར་ལྡོང་བའི་ལན། །རང་མཚངས་སྟོན་པའི་སྨེ་ངན་ཤོར་བ་ལ། །ཕྱིར་ཞིང་ཁྲེལ་བའི་གད་མོ་རིན་གྱིས་ཉོས། །འོན་ཀྱང་སྙིམས་མའི་དབང་གིས་མཁས་པར་བརྩི། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཆོས་ཉིད་དུ། །ཇི་ལྟ་ཇི་སྙེད་མཁྱེན་པ་རབ་རྒྱས་པའི། །གྲགས་ཆེན་སྟོན་པ་བཅུ་གཉིས་ཁྱད་ཆོས་འདི། །སོ་སྐྱེས་རྗེས་དཔག་རྣམ་རྟོག་སྤྱོད་ཡུལ་མིན། །དེ་ཉིད་མན་ངག་ཁྲིགས་སུ་སྡེབ་པ་འདི། །མཁས་པའི་བྱ་བ་གསུམ་གྱི་མཆོག་གྱུར་བ། །བདག་འདྲ་ངན་པའི་བློ་ཡིས་འཁྱུད་མིན་ཡང་། །དམ་ལྡན་གྲོགས་ཀྱིས་བསྐུལ་བ་དོན་ཡོད་ཅིང་། །རང་གི་བློ་གྲོས་རྒྱུད་ལ་གོམས་པའི་སླད། །སྙིང་ཐིག་བསྟན་ལ་ལྷག་པའི་བསམ་ཆེན་གྱིས། །དུས་མཐའི་སྔགས་ལ་ཅུང་ཟད་སྦྱངས་སྟང་ཅན། །པདྨ་མཁའ་ཀློང་ཡངས་པའི་མིང་ཅན་གྱིས། །སྣང་གསལ་སྒྲོན་མའི་ངོགས་ལ་སུག་བྲིས་བགྱིས། །སྨྲ་གཞི་རྡོ་རྗེའི་ཚིག་ལ་བརྟེན་པའི་སླད། །འདི་ལ་དགེ་བའི་རྩ་བ་ཡོད་ཀྱང་སྲིད། །ཡོད་ན་མཁའ་ཁྱབ་འགྲོ་བའི་དོན་དུ་བསྔོ། །ཀུན་ཀྱང་ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག །ཅེས་རིག་པ་འཛིན་པ་མཉྫུ་གོ་ཥ་རསྨིའི་བཀའ་གསུང་མ་ལྡོག་པས་ཀྲོདྷ་ན་སྟེ་ཁྲོ་བོ་ཞེས་ཤིང་མོ་གླང་གི་ལོར་དབྱར་འབྲིང་པོའི་ཚེས་བཅུ་གཅིག་ལ་གྲུབ་པར་བགྱིས་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །


previousཞོ་ཁྲོ་ངན་སོང་སྦྱོངས་བའི་ལྷན་ཐབས་གཞན་ཕན་ཐུགས་རྗེའི་འོད་ཟེར།next