Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཚེ་འདས་གནས་སྦྱོང་གི་ཆོ་ག་གཞན་ཕན་ཐུགས་རྗེའི་ཟླ་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousཚེ་འདས་གནས་སྦྱོང་གི་ཆོ་ག་གཞན་ཕན་ཐུགས་རྗེའི་ཟླ་བ།next

ཚེ་འདས་གནས་སྦྱོང་གི་ཆོ་ག་གཞན་ཕན་ཐུགས་རྗེའི་ཟླ་བ།

ཚེ་འདས་གནས་སྦྱོང་གི་ཆོ་ག་ཤིན་ཏུ་བསྡུས་པ་གཞན་ཕན་ཐུགས་རྗེའི་ཟླ་བ་ཞེས་བྱ་བ་བཞུགས་སོ༔

འདི་ལ་ཤོམས་སུ་བཀོད་པ་ནི༔ ཁྲུས་ཆོག་གཞུང་བཞིན་པས་བུམ་དབང་གི་འགོར་འདོན་པ་ལས༔ གཤེད་དང་ལྕགས་ལ་གཏོར་མ་གཅིག༔ ཐུབ་པ་དྲུག་ལ་ཞལ་ཟས་གཅིག༔ ས་བོན་བསྡུས་སྤོམ་བྲབ་རྫས་བཅས༔ ཕྱག་མཚན་བསྡུས་པ་དང་བཅས་པ༔ བུམ་པ་ལ་སོགས་དབང་རྫས་བཀོད༔ ཡང་ན་བུམ་པ་གཅིག་གིས་འཐུས༔ མར་མེའི་མ་རིག་མུན་བསལ་རྫས༔ ཚོགས་པར་བྱས་ལ་འདི་སྐད་དོ༔ དང་པོ་གསོལ་བ་འདེབས་པ་ནི༔ ཀྱཻ་མ༔ དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ༔ དུག་ལྔ་རྒྱུད་ལ་གྲིམ་པ་ལས༔ རྒྱུད་ལྔ་འཁོར་བས་ཆུ་བོར་བྱིང་༔ སྣ་ཚོགས་སྡུག་བསྔལ་བཟོད་གླགས་མེད༔ འདི་ལས་མྱུར་དུ་བསྒྲལ་དུ་གསོལ༔ བསྒྲལ་ནས་ཐར་བའི་ལམ་བསྟན་འཚལ༔ དེ་ནས་སྐུལ་མ་གདབས་པ་ནི༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་ན་གཅོང་རེ་ཆེ༔ སྡུག་བསྔལ་ཚ་གྲང་བཀྲེས་སྐོམ་བཀོལ༔ ཕམ་ལྟུང་སྐྱེ་རྒ་ན་འཆི་བ༔ མི་བཟད་ཁྱོད་ཀྱིས་མྱོང་བ་འདི༔ དུག་ལྔ་བདག་ཏུ་བཟུང་བས་ལན༔ ཡུན་རིང་ཐར་པའི་སྐབས་མེད་པས༔ དེ་ལས་གྲོལ་བར་བྱ་བའི་སླད༔ དུག་ལྔ་བདག་ཏུ་མ་འཛིན་པར༔ མགོན་པོ་མཆོག་ལ་སྐྱབས་སུ་དོངས༔ རྗེས་དྲན་རྟོགས་པའི་རྩལ་ཤུགས་བསྐྱེད༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ཀྱཻ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ རིགས་དྲུག་འདུལ་བའི་ཐུབ་པ་རྒྱལ༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ གནས་ངན་འདི་ལས་དྲངས་དུ་གསོལ༔ ཞལ་ཟས་མཆོད་པའི་སྤྲིན་དུ་གཏིབས༔ གནས་ནས་འདྲེན་པའི་ཡོན་དུ་ཕུལ༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་འདི༔ དཔག་མེད་མཆོད་པའི་ཕྱག་རྒྱར་འབུལ༔ བཅོམ་ལྡན་ཐུབ་དྲུག་ལྷ་ཚོགས་ཀྱིས༔ ཚེ་འདས་དོན་དུ་བཞེས་སུ་གསོལ༔ བཛྲ་ནེ་ཝི་ཏེ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ལས་ཀྱི་བུམ་པས་ཁྲུས་བགྱིས་ལ༔ ཧཱུྃ༔ ང་ནི་རིགས་ལྔ་རིགས་མཆོག་རྒྱལ༔ སྤོར་བྱེད་བཅོམ་ལྡན་ཐུབ་པ་དྲུག༔ རིགས་དྲུག་སྡུག་བསྔལ་ངས་བསྒྲལ་གྱི༔ ཕྱིན་དྲུག་ཆུ་བོ་ད་ལོངས་ཤིག༔ ཡི་གེ་བརྒྱ་པས་ཁྲུས་བྱས་ལ༔ དེ་ནས་གཤིན་ལྕགས་བརྔན་པའི་ཕྱིར༔ གཏོར་མ་བདུད་རྩིའི་རྒྱ་མཚོར་བརླབས༔ ཁཾ༔ ཟག་པ་མེད་པའི་ཏིང་ངེ་འཛིན༔ སྒྱུ་མ་ལྟ་བུའི་སྤྲུལ་བསྒྱུར་བཀོད༔ འཛད་མེད་ནམ་མཁའ་མཛོད་དུ་འབུལ༔ རྒྱུད་དྲུག་ལན་ཆགས་འཁོར་བའི་བདུད༔ འདི་ལ་ལྕགས་སུ་མ་བྱེད་པར༔ དཔལ་ལྡན་སངས་རྒྱས་བཀའ་མ་བཅག༔ ས་བོན་བསྲེགས་སྦྱོང་འདི་ལྟ་སྟེ༔ ཧཱུྃ༔ དུག་གི་རྩ་བ་མ་རིག་པ༔ དུག་གིས་དུག་ནི་དུག་ལྔ་སྟེ༔ རིགས་ལྔ་ཐུབ་དྲུག་བྱིན་རླབས་ཀྱིས༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ རཾ༔ བཅོམ་ལྡན་ཐུགས་ཀའི་ཡི་གེ་ལས༔ འོད་ཟེར་དུས་མཐའི་མེ་ཡི་དབལ༔ རིགས་དྲུག་ས་བོན་ལ་ཕོག་པས༔ རང་བཞིན་མེད་པའི་དབྱིངས་སུ་བསྲེགས༔ གཟུངས་སྔགས་ཁྱད་པར་ཅན་གྱི་མཐར༔ པྲཛྙཱ་ཛྙཱ་ན་རསྨི་ཛྭ་ལ་ཨ་ནྲ་སུ་ཏྲི་པྲེ་དུ་ད་ཧ་ད་ཧ་ཧཱུྃ་ཕཊ༔ དེ་ནས་བསྐལ་བ་བླུགས་པ་ནི༔ ཧཱུྃ༔ ཕ་རོལ་ཕྱིན་པའི་ངོ་བོ་ཉིད༔ ཉོན་དྲུག་རང་གྲོལ་སངས་རྒྱས་དཔལ༔ ཐུགས་རྟགས་མཚོན་པ་ཕྱག་མཚན་དྲུག༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིགས་དྲུག་འཁོར་བའི་སྡུག་བསྔལ་གྲོལ༔ དབུགས་འབྱིན་ཞིང་དུ་སྨིན་པར་མཛོད༔ ཨོཾ་པ་རཱ་མི་ཏ་མུ་ནེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ ཀློང་རྫོགས་མཐར་ཁྱབ་བུམ་པ་འདིའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡེ་ཤེས་དྲུག་གི་རང་སྟོབས་རྙེད༔ ཐུབ་ཆེན་ཐུགས་དང་ལྡན་པར་ཤོག༔ ཀ་ལ་ཤ་པཉྩ་ཨ་བྷི་ཥེཉྩ་ཧཱུྃ༔ དེ་ནས་གནས་ལུང་བྱ་བ་ནི༔ ཧཱུྃ༔ མ་རིག་འཁོར་བའི་རྩ་བ་སྟེ༔ འདྲིལ་བ་ཉོན་མོངས་བརྒྱད་ཁྲི་དང་༔ གྱེས་པ་རྒྱུད་ལྔ་སྐྱེ་གནས་བཞི༔ སྨིན་པ་སྡུག་བསྔལ་འཁོར་བའི་ནད༔ ལས་ཉོན་འདི་ཡིས་ཁྱོད་རེ་བསླུས༔ གང་ལའང་ནི་བདག་འཛིན་སྤོངས༔ འཁོར་བ་མེ་ཡི་འོབ་དང་འདྲ༔ བདེ་བའི་གོ་སྐབས་སྤུ་ཙམ་མེད༔ ཅུང་ཟད་བདེ་ཡང་མི་རྟག་འགྱུར༔ ལམ་སྟོན་མིང་ནས་འབོད་པ་ཀུན༔ ཕྱིར་ལོག་བདུད་ཀྱི་ལུང་བསྟན་པས༔ མ་ཆགས་དག་སྣང་སྦྱོང་བར་གྱིས༔ བླ་མེད་བྱང་ཆུབ་སེམས་བསྐྱེད་ལ༔ རང་སེམས་སངས་རྒྱས་སྨིན་པའི་ཕྱིར༔ རྡོ་རྗེའི་དབང་འདི་ད་ལོངས་ཤིག༔ དེ་ནས་དབང་བསྐུར་བྱ་བ་ནི༔ ཐོག་མར་གསོལ་བ་གདབ་པ་ནི༔ ཨེ་མ༔ ཐར་པ་ཆེན་པོའི་གྲོང་འཇུག་ཕྱིར༔ མགོན་པོའི་བདག་ལ་དབང་བསྐུར་སྩོལ༔ དེ་ནས་ལན་སྦྱིན་སྡོམ་པ་དབོག༔ ཨེ་མ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་༔ གསང་སྔགས་ཆོ་ག་མཁྱེན་ནས་སུ༔ རྫོགས་པའི་བྱང་ཆུབ་བདུད་འཇོམས་བརྙེས༔ ཁྱོད་ཀྱང་འཇུག་སླད་རང་གཞན་དོན༔ སྡོམ་བཟུང་རྡོ་རྗེའི་སྐལ་བ་སྦྱིན༔ དེ་ནས་སྡོམ་པ་སྦྱིན་པ་ནི༔ ལྷན་ཅིག་རྗེས་སུ་ཟློས་ཚུལ་གྱིས༔ ཧཱུྃ༔ བླ་མ་ཀུན་བཟང་སྤྱན་སྔ་རུ༔ སྡོམ་གསུམ་ཡོངས་རྫོགས་བདག་གི་བཟུང་༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཐམས་ཅད་བདག་གིས་བསྲུངས༔ སྔགས་ཀྱི་ཆོ་གའི་བསྡམ་པར་བྱ༔ སྔགས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ དེ་ནས་གནང་བ་སྦྱིན་པ་ནི༔ ཨེ་མ༔ ཁྱོད་ནི་ལས་ཟད་འཁྲུལ་བ་ཞིག༔ རིགས་ཀྱི་བུ་སྟེ་དངོས་གྲུབ་སྦྱིན༔ བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྒོ་ཕྱེས་ཐར་པའི་གྲོང་བསྟན་འཚལ༔ ན་མོ་ཏེ་མེ་ན་མ་ཧཱུྃ༔ སློབ་མ་ལྷར་བསྐྱེད་བྱིན་དབབ་བརྟན༔ ཨོཾ་པུཥྤེ་སིདྡྷི་ཧཱུྃ༔ པྲ་ཏི་གྷིརྷ་ན་ཨེ་མཾ་ས་ཏྭ་མ་ཧཱ་བྷ་ལ༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་མཐོང་བ་བསྟན་པ་ནི༔ ཧཱུྃ༔ རང་བཞིན་དཀྱིལ་འཁོར་རང་གནས་པ༔ མཚོན་བྱེད་གཟུགས་བརྙན་འདི་ཉིད་ཡིན༔ ཏིང་འཛིན་དཀྱིལ་འཁོར་དལ་བཀྲམ་པས༔ བྱིན་གྱིས་བརླབས་པ་འདི་ལ་ལྟོས༔ བརྡ་རྟགས་དོན་ལ་འབྱོར་བར་གྱིས༔ སྡིག་ཟད་དོན་ཐོབ་སྔགས་ལ་བརྩོན༔ དེ་ནས་ཐུན་མོང་ཁྱད་པར་དབང་༔ བསྐུར་བའི་རིམ་པ་འདི་ལྟ་སྟེ༔ ཧཱུྃ༔ ཕུང་པོ་ལྔ་སྦྱོང་དུག་ལྔ་འཇོམས༔ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་༔ འབྲས་ཆོས་ལྔ་ཡི་དབང་བསྐུར་རོ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱད་པར་དབང་བཞིའི་བུམ་པ་ནི༔ གཞུང་བཞིན་ཕྱག་རྒྱ་ལྷ་ཡི་སྐུ༔ རྒྱས་པར་སྤྲོ་ན་གཞུང་བཞིན་ལ༔ བསྡུ་ན་འདི་བཞིན་ཤེས་པར་བྱ༔ ཧཱུྃ༔ རྟོགས་པའི་ཡན་ལག་རང་བཞིན་གྱི༔ ལྷ་ཡི་དཀྱིལ་འཁོར་ཞི་དང་ཁྲོའི༔ རྣམ་པའི་རྟགས་ཀྱི་དབང་བསྐུར་བས༔ རྩ་དག་སྤྲུལ་སྐུར་སྨིན་པར་ཤོག༔ ཨོཾ་དཱེ་ཝ་ཤིནྟཾ་ཀྲོ་ཏ་གྷ་ན་སནྟི་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ གསང་བ་གསུང་གི་དབང་བསྐུར་ནི༔ ཧཱུྃ༔ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །དཀར་དམར་བྷནྡྷའི་ནང་དུ་བསྐྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་ཁམས་ཡི་གེའི་རྣམ་པར་སྨིན། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང་། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ ཤེས་རབ་ཡེ་ཤེས་ཐུགས་ཀྱི་དབང་། ཧོ༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚིག་གི་མཚོན་པ་དོན་དམ་དབང་། ཧོ༔ ཀ་དག་མེ་ལོང་གཙང་མའི་ངོར། །ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ། །བརྡ་རྟགས་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང་། དྷརྨ་དྷརྟུ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་གཏོང་དབང་བསྡུས་པ་ནི༔ ཨོཾ་ཨཱཿཧཱུྃ༔ གཏོར་མ་ཡེ་ཤེས་དཀྱིལ་འཁོར་རྫོགས༔ སྐལ་ལྡན་སྐུ་བཞིར་སྨིན་བྱེད་འདིའི༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ཆུ་ལྔའི་རྒྱུན་བཅད་སྐུ་ལྔར་སྨིན༔ ཡེ་ཤེས་མཛད་པ་ལྷུན་གྲུབ་ཤོག༔ བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་བཀྲ་ཤིས་དབང་༔ ཧཱུྃ༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད༔ ད་ལྟ་ཉིད་དུ་ཐོབ་པར་ཤོག༔ མངྒ་ལཾ་སབྟ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཟས་བསྔོ་བྱ་བ་ནི༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ རང་གི་ཚེ་རབས་ཡུན་གྱི་བརྒྱགས༔ ལོངས་སྤྱོད་ཚེ་ཡི་རྒྱགས་འདི་ལོངས༔ འདི་ནི་སྔོན་གྱི་དམ་ཚིག་སྟེ༔ དེ་ཕྱིར་ཁྱོད་ཀྱིས་ཟས་འདི་ལོངས༔ ཞེས་བསྔོས་དེ་ནས་ལམ་བསྟན་པ། ཁྲུས་གཞུང་ཅི་ལྟ་བ་བཞིན་བྱ། བསྲེགས་སྦྱོངས་བསྡུས་པ་སྦྱོར་བར་བྱ། དེ་ལྟར་ཤིན་ཏུ་སྤྲོས་མེད་པའམ། ཡང་ན་རྒྱུན་གྱི་རྣལ་འབྱོར་བས། དུས་དང་འཚམ་པར་སྤྲོས་པ་བསྐྱུང་། ཨེ་མ༔ ཟབ་ལས་ཆེས་ཟབ་མཐར་ཐུག་དོན༔ རང་བྱུང་ཐིག་ལེའི་དོན་བསྡུས་ནས༔ སྔགས་མིང་ག་ག་ཨ་བྷྱེ་ཡིས༔ རང་གཞན་ཀུན་ལ་ཕན་སླད་དུ༔ སྣང་གསལ་སྒྲོན་མེའི་ངོས་ལ་གསལ༔ དགེ་བས་མཐའ་ཡས་སེམས་ཅན་ཀུན༔ ཕྱམ་གཅིག་རྫོགས་སངས་རྒྱས་པར་སྨོན༔ དགེའོ། །


previousཚེ་འདས་གནས་སྦྱོང་གི་ཆོ་ག་གཞན་ཕན་ཐུགས་རྗེའི་ཟླ་བ།next