Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཞི་ཁྲོ་རྣམ་པར་རོལ་པའི་བསྲེག་བླུགས།
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousཞི་ཁྲོ་རྣམ་པར་རོལ་པའི་བསྲེག་བླུགས།next

ཞི་ཁྲོ་རྣམ་པར་རོལ་པའི་བསྲེག་བླུགས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཞི་ཁྲོ་རྣམ་པར་རོལ་པའི་བསྲེག་བླུགས་མཆོད་སྦྱིན་སྙིང་པོ་ཞེས་བྱ་བ་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཐབས་མཁས་རྨད་བྱུང་གསང་བ་སྔགས༔ ཐབས་མང་ཚེགས་ཆུང་སྒོ་ཡངས་བས༔ འདི་ཙམ་གྱིས་ཀྱང་དོན་ཀུན་འགྲུབ༔ སྤྱིར་ནི་གནས་རྫས་ཐབ་བཟུང་དང་༔ གཙོ་སེམས་སྒྲུབ་བྱ་ཕུར་བུ་ལྷ༔ དུས་དང་ལས་རིམ་ལྷག་མ་སྟེ༔ རྩ་བ་གཅིག་རིམ་གསུངས་ཀྱང་༔ ཞི་རྒྱས་དབང་དྲག་བཞིའི་རིམ་བཞིན༔ གནས་ནི་རི་རྩེ་ཆུ་རླུང་འཛོམ༔ ཚལ་དང་སྨན་ལྗོངས་ཕུན་སུམ་ཚོགས༔ ལུང་མདའ་ཆུ་འདུས་ཆོང་དུས་འཛོམ༔ དུར་ཁྲོད་རྔམ་པ་དག་ཏུའོ༔ བསྲེག་ཤིང་རྩེ་མོ་ཡལ་ག་དང་༔ སྡོང་བོ་རྩ་བའོ་ཡམ་ཤིང་ཀྱང་༔ ཙནྡན་བ་ལུ་དཀར་པོ་དང་༔ འོམ་བུ་འོ་སེ་ཨ་ཀ་རུ༔ ཙནྡན་ཤུག་པ་དམར་པོ་དང་༔ དུག་ཤིང་ཚིལ་ཆེན་བྱུག་པའོ༔ རྣམ་པ་ཕྲིན་ལས་བཞི་ཡི་དབྱིབས༔ མཚན་མ་ཕྱག་མཚན་རང་ས་བོན༔ དུང་ཅན་ཧསྟ་པད་རི་དྭགས༔ སྣ་ཚོགས་མ་དང་བཅས་པའོ༔ དྭངས་དགའ་ཆགས་རྔམ་གཙོ་སེམས་ཏེ༔ བསྒྲུབ་བྱ་ལས་མཐུན་མིང་གཟུགས་བྲི༔ སོར་དྲུག་ལས་དབྱིབས་ཕུར་བུ་ལ༔ མེ་ལྷ་བསྲེགས་པའི་ཞི་ཁྲོར་འདུས༔ དབྱར་སྟོན་དགུན་དཔྱིད་ཉིན་མཚན་གྱི༔ དུས་བཞིར་ལས་གཞུང་གང་ཡང་རུང་༔ བསྲེང་ཞིང་བསྲེགས་རྫས་ལྷག་མའང་བསྐྱངས༔ ༼ འདི་ལུགས་གཅིག་ལ་ཚོགས་ལྷག་གི་དུམ་གཅིག་སྦྱིན་སྲེག་གི་ལྷག་མ་ལ་བསྲེས་ནས་མེ་ནང་དུ་འབུལ་སྲོལ་ཡོད་པའོ། མཆན་ ༽ དེ་དག་སྤྱི་རྣམ་མ་བཤད་ན༔ མཁས་པར་རང་སྟོབས་འདྲེན་ཐུབ་ཀྱང་༔ བླུན་པོ་དག་ལ་ཕན་དཀའ་བས༔ ཚེགས་ལ་མ་འཛེམ་ཅུང་ཟད་སྨྲས༔ ས་མ་ཡ༔ འདི་ན་ལྷུན་གྲུབ་ལས་བསྒྲུབ་ཕྱིར༔ ཐམས་ཅད་ཚོགས་པའི་རྫས་དགོས་ཀྱང་༔གང་གིས་ཀྱང་ནི་མི་སྟོངས་མིན༔ ཁྱད་པར་ཐབ་ཀྱི་རྣམ་པ་ནི༔ མདའ་གང་གྲུ་བཞི་ལོགས་བརྒྱད་བརྩིགས༔ སྟེང་དུ་ཐིག་ཆེན་བརྒྱད་གདབས་ལ༔ དབུས་སུ་གྲུ་གསུམ་མཐིང་ནག་ལ༔ དེ་ཕྱིར་ཟླ་གམ་དམར་པོ་དང་༔ དེ་ཕྱིར་གྲུ་བཞི་སེར་པོ་སྟེ༔ དེའི་ཕྱིར་དཀར་པོ་ཟླུམ་པོའི་མཐར༔ གྲུ་བཞི་སྒོར་བཅས་གཞལ་ཡས་གཟུགས༔ དེ་མཐར་རྡོ་ར་འོད་ཕྲེང་བྲི༔ དཀྱིལ་དུ་རིགས་བརྒྱའམ་རིགས་ལྔ་ཡི༔ ཕྱག་མཚན་ལྟེ་བར་ས་བོན་བྲི༔ ཁ་དོག་དཀར་སེར་དམར་ལྗང་ནི༔ མཆོད་རྫས་རྣམ་པ་སྣ་ཚོགས་དང་༔ འདུག་སྟངས་ཞི་བར་རྡོར་སྐྱིལ་ཀྲུང་༔ རྒྱས་པར་པད་སྐྱིལ་དབང་སེམས་སྐྱིལ༔ མངོན་སྤྱོད་ལ་ནི་རུས་སྦལ་སྟབས༔ ཕྱོགས་ཀྱི་རིམ་འཁོད་རྣལ་འབྱོར་བས༔ གོས་ལ་སོགས་པའང་ཤེས་པར་བྱ༔ ས་མ་ཡཱ༔ དེ་ནས་དེ་དག་གང་ལའང་༔ དང་པོ་ཆོ་གའི་གཞུང་བསྲེང་ནས༔ བསྒྲལ་བ་བསྟབས་པ་ཚོགས་ལ་རོལ༔ མཆོད་སྲེག་རྫས་རློབས་མེ་སྦོར་དང་༔ ལྷ་གཉིས་གསལ་བསྐུར་བསྟིམས་བརྟན་ནས༔ སྐྱེམས་མཆོད་བསྟོད་དང་གཏང་རག་འབུལ༔ ཕྲིན་བཅོལ་གཤེགས་གསོལ་སྨོན་ལམ་དང་༔ བཀྲ་ཤིས་བརྗོད་པས་ལས་རིམ་བསྡུས༔ དེ་ནས་མཆོད་རྫས་ཐམས་ཅད་ཀྱི༔ ཐོག་མར་རྡོར་དྲིལ་བྱིན་རླབས་ནི༔ གཞུང་བཞིན་བྱས་ལ་དེ་ནས་ནི༔ སྟེགས་ལ་གོང་འོག་མཆོད་རྫས་བཤམས༔ མཆོད་པ་བྱིན་རླབས་ལྷན་ཐབས་བཞིན༔ བསྲེག་རྫས་རྣམས་ལ་འདི་ལྟ་སྟེ༔ སྭ་བྷ་ཝ་༴ ཡིས་སྟོང་བར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བསྲེག་རྫས་རྣམས་སོ་སོར་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པའི་སྟེང་དུ་ཨོཾ་གསལ་བ་ལས་འོད་འཕྲོས་ཏེ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཆགས་རྟོག་ཕུང་ལྔའི་ཉེར་ལེན་སྡིག་སྒྲིབ་ལས་ཉོན་བག་ཆགས་ལོངས་སྤྱོད་དང་བཅས་པ་དང་༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཀྱི་ཚེ་བླ་སྲོག་གསུམ་མཐུ་ནུས་སྟོབས་དཔལ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ཏེ་མཆོད་རྫས་ལ་ཐིམ་པས་འཁོར་བ་དབྱིངས་སྒྲོལ་གྱི་མཆོད་པ་ཆེན་པོ་འདོད་པའི་ཡོན་ཏན་ཐམས་ཅད་རྫོགས་པར་གྱུར༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ སླར་ཡང་འོད་ཟེར་ཡར་འཕྲོས་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་བསྲེགས་རྫས་ལ་ཐིམ་པས་བདུད་རྩི་དམ་པའི་མཆོད་སྤྲིན་དུ་གྱུར༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ རྃ་ཡྃ་ཁྃ་གིས་བསྲེགས་སྦྱངས་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧ་ཧོ་ཧྲཱི༔ ཡིས་མང་དུ་སྤེལ་ཏེ་རྡོ་རྗེ་གཅིག་གི་རྒྱས་རེག་ལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་རིགས་ལྔའི་དམ་རྫས་སུ་བྱིན་གྱིས་བརླབས༔ ཡང་སྤྲོ་ན་མར་ཁུ་ལ༔ ཨོཾ་པཉྩ་ཨ་མྲི་ཏ་ཨརྒྷཾ་སྭཱ་ཧཱ༔ ཡམ་ཤིང་ལ༔ ཨོཾ་ཨཱཿསྭཱ་ཧཱ༔ འབྲུ་ཐམས་ཅད་ལ༔ ཨོཾ་ཛཾ་སྭཱ་ཧཱ༔ རྫས་གཞན་རྣམས་ལ༔ ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་ལན་བདུན་རེ་བརྗོད་ལ་བྱིན་གྱིས་བརླབས་སོ༔ དེ་ནས་ ཨོཾ་བཛྲ་ཛྭ་ལ་རཾ༔ གྱིས་མེ་སྦར་ལ༔ ཨོཾ་ཨགྞེ་ཡེ་ཧཱུྃ་སྭཱ་ཧཱ༔ ཅེས་རླུང་གཡབ་ཀྱི་གཡབ་ནས༔ ཨོཾ་ཨ་མྲ་ཏ་མ་ཧཱ་ཛྭ་ལ༔ ཞེས་པས་དགང་བླུགས་ཀྱི་མར་ཁུས་མེ་གསོས༔ དེ་ནས༔ སྭཱ་བྷ་ཝས་སྟོང་བར་སྦྱངས་ལ༔ ཧཱུྃ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ མེ་ཐབ་ཞིང་ཁམས་ཁྱོན་ཡངས་པར༔ རྣམ་པ་གཞལ་ཡས་ཁང་པ་ནི༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ དེ་དབུས་རྃཿཡིག་ཡོངས་གྱུར་ལས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེ༔ འདོད་པ་ཐམས་ཅད་བསྒྲུབ་པ་རུ༔ རྒྱལ་དང་མཁའ་འགྲོའི་མངའ་གསོལ་བ༔ སྐུ་མདོག་དཀར་པོ་འོད་ལྔ་འཕྲོ༔ ར་སྐྱེས་སྟེང་ན་འགྱིང་བག་ཅན༔ ཞལ་གཅིག་ཞི་མ་ཁྲོ་འཛུམ་ཉམས༔ ཐུགས་རྗེས་སེམས་ཅན་དོན་ལ་དགོངས༔ དྲང་སྲོང་ཆས་ཅན་ཕྱག་བཞི་པ༔ གཡས་ཀྱི་དང་པོའི་རྩ་ཕྱག་གིས༔ གུནྡྷེ་འོག་མས་ནོར་བུའི་ཕྲེང་༔ གཡོན་ཕྱག་ཞགས་པ་ཏྲི་ཤུལ་འཛིན༔ ཐུགས་ཀའི་འོད་ཟེར་རབ་འཕྲོས་པས༔ གནས་ནས་མེ་ལྷ་སྤྱན་དྲངས་གྱུར༔ ༼ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དབང་བསྐུར༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། མཆན་ ༽ དེ་ནས་རྡོར་དྲིལ་དང་བཅས་པས༔ ཧཱུྃ༔ མེ་ཡི་ཤེས་རབ་གོས་དཀར་མོ༔ མེ་ཡི་ཐབས་མཆོག་སྣང་མཐའ་ཡས༔ མེ་ཡི་རང་བཞིན་བྱིན་ཟ་བསྲེགས༔ མེ་ཡི་ངོ་བོ་གསལ་ཞིང་འབར༔ མེ་ཡི་ལྷ་ནི་ཨགྞེ་ར༔ མེ་ལྷ་ཁྲོས་པ་རྟ་མཆོག་རྒྱལ༔ རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་དཔལ༔ ཐུགས་བསྐྱེད་འདུལ་དབང་ཐབས་མཁས་པའི༔ གཟི་བརྗིད་འབར་བས་འདོད་དོན་བསྒྲུབ༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ བསྲེག་བླུགས་མཆོད་པ་བཞེས་སླད་དུ༔ ད་ལྟ་ཉིད་དུ་འདིར་གཤེགས་ཤིག༔ ཞེས་མདའ་དར་སྣ་ཚོགས་ཀྱིས་གཡབ་ལ་རོལ་མོ་བསྒྲགས༔ ཨོཾ་མ་ཧཱ་ཏེ་ཛ་ཨགྞེ་དེ་ཝཱ་ས་མ་ཡ་ཛ་ཛ༔ ཞེས་སྤྱན་དྲངས་ལ༔ ཨགྞེ་ཡེ་པདྨ་ཀ་མ་ལ་ཡ་སྟྭཾ༔ ཞེས་གདན་ཕུལ་ནས༔ བྱོན་སྐྱེམས་ནི༔ ཨོཾ་ཨགྞེ་ཡེ་སྭཱ་ཧཱ༔ ༼ ལན་བདུན་ ༽ རྣལ་འབྱོར་བ་བདག་ཅག་འཁོར་དང་བཅས་པའི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་བདུན་གྱིས་ཕུལ་ཞིང་༔ ཨོཾ་ཨགྞེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་མ་ཧཱ་ན་ཡེ་རྣལ་འབྱོར་བ་བདག་ཅག་གི་རྐྱེན་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་བཟློག་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འབད་མེད་ལྷུན་གྱིས་གྲུབ་པར་མཛོད་ཅིག༔ ཡང་དེ་ལྟར་བདུན་ཚན་གཉིས་ལ་འདོད་གསོལ་ཡང་གདགས་ལ་བྱིན་ཟན་ཕུལ་བའི་རྗེས་སུ༔ ཧཱུྃ༔ བཅུད་ལྡན་གཙང་སྦྱར་བདུད་རྩི་ཡི༔ ལྷ་རྫས་དངར་བོའི་མཆོད་ཡོན་འདི༔ འཁོར་འདས་མེ་ལྷ་ཀུན་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཞེས་པའི་མཐར༔ ཨོཾ་མ་ཧཱ་ཨགྣེ་དེ་ཝ་ཛྙཱ་ན་ལོ་ཀ་སརྦ་ཨརྒྷཾ་པྲ་ཏིཙྪ་པཱུ་ཙ་མེ་གྷ་ས་མུ་ཊ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་པའི་མཐར༔ ཡམ་ཤིང་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་བྷོ་དྷི་བྷྲིཀྵ་ཡེ་སྭཱ་ཧཱ༔ ཞེས་དང་༔ མར་ཁུ་ལ༔ ཨོཾ་ཨགྞེ་ཡེ་སྭཱ་ཧཱ༔ ཏིལ་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཉུངས་དཀར་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་བཛྲ་སིདྡྷི་ཡེ་སྭཱ་ཧཱ༔ ཞོ་ཟན་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་སརྦ་སཾ་བྷ་ཏེ་སྭཱ་ཧཱ༔ འབྲས་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་པུཥྚ་ཡེ་སྭཱ་ཧཱ༔ ཞེས་དང་༔ ནས་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ༔ གྲོ་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ སོ་བ་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ༔ སྲན་མ་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨ་པྲ་ཏི་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ དུར་ཝ་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་བཛྲ་ཨ་ཡུརྵ་སྭཱ་ཧཱ༔ ཤིང་ཐོག་ལ༔ རྃ་ཨགྞེ་དེ་ཝ་ཁཱ་ཧི༔ ཨོཾ་ག་ག་ན་ག་ག་ན་བེ་ལོ་ཀི་ཏེ་སྭཱ་ཧཱ༔ ཞེས་སྔགས་ཉེར་གཅིག་རེའི་ཕུལ་ལོ༔ དེའི་རྗེས་སུ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་རཱུ་པ་ནས་སྤརྴེ་ཨཱཿཧཱུྃ༔ ཞེས་མཆོད་བཀྱགས་སོ་སོར་ཕུལ་ལོ༔ དེ་བཞིནདུ༔ མ་ཧཱ་པཉྩ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བྷ་ལིངྟ་ཁཱ་ཧི༔ ཞེས་བྱིན་གྱིས་བརླབས་པའི་སྨན་རཀ་གཏོར་གསུམ་ཀྱང་ཕུལ་ལོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ འཇིག་རྟེན་གནས་ཀྱང་མྱ་ངན་འདས༔ མྱ་ངན་འདས་ཀྱང་ཐུགས་རྗེའི་གཟུགས༔ འབྱུང་པོ་ཀུན་ལ་མི་འཇིགས་སྐྱོབས༔ རྣལ་འབྱོར་རྣམས་ཀྱི་རེ་བ་སྐོངས༔ མཁའ་འགྲོ་ཀུན་གྱིས་མངའ་གསོལ་བ༔ རིག་སྔགས་མཐའ་དག་གྲུབ་པའི་དབང་༔ འཁྲུལ་རྟོག་བག་ཆགས་དབྱིངས་བསྲེགས་པའི༔ ཤེས་རབ་ཆེན་པོའི་གཟི་བརྗིད་ལྷ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ ཉེས་སྐྱོན་བྲལ་ཕྱིར་དྲང་སྲོང་ཆས༔ ཞི་བསིལ་འགྲོ་བའི་གདུང་བ་སེལ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད་ལ་ཡུངས་དཀར་ཐབ་ཏུ་དོར་ཏེ༔ ཧོ༔ རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་གྲུབ་པ་དང་༔ བསྲེག་རྫས་རྣམས་དཀྱིལ་འཁོར་གྱི་ལྷ་ལ་བསྟབས་ནས༔ བདག་དང་སེམས་ཅན་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དམ་པ་སྩལ་བར་མཛད་དུ་གསོལ༔ ཞེས་བརྗོད་ལ་འཕྲིན་ལས་བཅོལ་ལོ༔ དེ་ནི་མེ་ལྷ་མཆོད་པའོ༔ ཞེས་བརྗོད་པས་མེ་ལྷ་འབར་བའི་རྣམ་པ་ཅན་དུ་གྱུར་བར་བསམ་ལ༔ ཨོཾ་ཨགྞེ་ཡེ་ཛྭ་ལ་རྃ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཏེ་ལྷན༔ ཧཱུྃ༔ འབར་བ་མེ་ཡི་ཞིང་ཁམས་སུ༔ ཐིག་ལེ་ཉི་མ་ཟླ་བའི་དབུས༔ ཡང་སྤྲོས་ན༔ སྐད་ཅིག་དྲན་རྫོགས་ངང་ཉིད་ལས༔ རྡོ་རྗེ་ཀུན་བཟང་ཡབ་ཡུམ་གྱི༔ ཞེས་པ་ནས་བསྡུ་ན༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཅེས་དང་༔ སྤྲོས་ན་ལྷན་ཐབས་ཀྱི་ནང་བཞིན་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་བྱ་བ་དང་༔ སྤྲོས་མེད་ཀྱི་དམིགས་པས་ཀྱང་ཆོག༔ ཡང་བསྡུ་ན་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ ཞེས་རྒྱ་དང་༔ ཅེས་པས་ཀྱང་འཐུས་སོ༔ དེ་ནས་ལྷན་ཐབས་ཀྱི་སྤྱན་འདྲེན་ནམ་གཞུང་གང་ཡིན་གྱི་སྤྱན་འདྲེན་བཞུགས་གསོལ་གཉིས་ཀྱི་མཐར༔ བྱོན་སྐྱེམས་རྩ་སྔགས་མཐར༔ ཨོཾ་བཛྲ་ཨ་མྲ་ཏ་ཡེ་ཁཱ་ཧི༔ ཞེས་ལན་ཉེར་གཅིག་རེའི་ཕུལ་ལ་བདུན་མཚམས་སུ༔ ཧོ༔ ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་རྣལ་འབྱོར་བ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སྦྱོངས་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་ཤིང་ལུས་པ་མེད་པ་དང་༔ ཁྱད་པར་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་སྦྱོར་བར་མཛད་དུ་གསོལ༔ ཞེས་སོ༔ འོག་མ་ཀུན་ལའང་འདྲེས་སོ༔ དེ་ནས༔ ཧཱུྃ༔ རྩི་བཅུད་འབྲུ་སྨན་དྭངས་མ་ནི༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ༔ བསོད་ནམས་ཞིང་དུ་བཞུགས་སུ་གསོལ༔ དེ་ནས་ཕྱག་འཚལ་མཆོད་བསྟོད་དང་བཅས་པའི་མཐར༔ ཧཱུྃ༔ དབུས་ཕྱོགས་ཟུར་བརྒྱད་ཧོམ་ཁུང་དུ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ སངས་རྒྱས་རིགས་ཀྱི་འབར་བའི་མེ༔ ཀུན་གཞི་མ་རིག་འཇོམས་པའི་སྐུ་མདོག་མཐིང་༔ སྣ་ཚོགས་ལས་འགྲུབ་གསལ་ལ་འཚེར༔ བཅོམ་ལྡན་རྣམ་པར་སྣང་མཛད་དང་༔ བུདྡྷ་ཧེ་རུ་ལ་སོགས་པའི༔ དབུས་ཕྱོགས་ཐུགས་ཀྱི་ལྷ་ཚོགས་ཀུན་ཀྱི་ཞལ༔ སེམས་ཅན་ཀུན་གྱི་རྣམ་སྨིན་དང་༔ བདག་ཏུ་བཟུང་བའི་གཞི་གསུམ་བཅས༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ རྣལ་འབྱོར་མཆོད་པ་དམ་པར་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ བསྲེག་སྦྱངས་སྐུ་ལ་བསྟིམས་ནས་ཀྱང་༔ སྡིག་སྒྲིབ་ཉེས་ལྟུང་ཀུན་དག་ཅིང་༔ མཆོག་ཐུན་རང་རིག་ཕྲིན་ལས་གྲུབ༔ ལྷ་ཚོགས་ངོ་བོར་མཉམ་གྲོལ་ཏེ༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་རྫས་སྐོར་གཅིག་དང་དེ་བཞིན་དུ༔ ཧཱུྃ༔ ཤར་ཕྱོགས་ཟླུམ་པོའི་ཧོམ་ཁུང་དུ༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་རིགས་ཀྱི་འབར་བའི་མེ༔ རྣམ་ཤེས་ཞེ་སྡང་འཇོམས་པའི་སྐུ་མདོག་དཀར༔ ཞི་བའི་ལས་འགྲུབ་གསལ་ལ་འཚེར༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང་༔ བཛྲ་ཧེ་རུ་ལ་སོགས་པའི༔ སྐུ་ཡི་དབང་ཕྱུག་ཀུན་གྱི་ཞལ༔ སེམས་ཅན་ཀུན་གྱི་རྣམ་སྨིན་དང་༔ བདག་ཏུ་བཟུང་བའི་གཞི་གསུམ་བཅས༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ རྣལ་འབྱོར་མཆོད་པ་དམ་པར་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ བསྲེག་སྦྱངས་སྐུ་ལ་བསྟིམས་ནས་ཀྱང་༔ སྡིག་སྒྲིབ་ཉེས་ལྟུང་ཀུན་དག་ཅིང་༔ མཆོག་ཐུན་རང་རིག་ཕྲིན་ལས་གྲུབ༔ ལྷ་ཚོགས་ངོ་བོར་མཉམ་གྲོལ་ཏེ༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་རྫས་སྐོར་གཅིག་དང་༔ ཧཱུྃ༔ ལྷོ་ཕྱོགས་གྲུབ་བཞིའི་ཧོམ་ཁུང་དུ༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་རིགས་ཀྱི་འབར་བའི་མེ༔ ཡིད་དང་ང་རྒྱལ་འཇོམས་པའི་སྐུ་མདོག་སེར༔ རྒྱས་པའི་ལས་འགྲུབ་གསལ་ལ་འཚེར༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་དང་༔ རཏྣ་ཧེ་རུ་ལ་སོགས་པའི༔ ཡོན་ཏན་ལྷ་ཚོགས་ཀུན་གྱི་ཞལ༔ སེམས་ཅན་ཀུན་གྱི་རྣམ་སྨིན་དང་༔ བདག་ཏུ་བཟུང་བའི་གཞི་གསུམ་བཅས༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ རྣལ་འབྱོར་མཆོད་པ་དམ་པར་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ བསྲེག་སྦྱངས་སྐུ་ལ་བསྟིམས་ནས་ཀྱང་༔ སྡིག་སྒྲིབ་ཉེས་ལྟུང་ཀུན་དག་ཅིང་༔ མཆོག་ཐུན་རང་རིག་ཕྲིན་ལས་གྲུབ༔ ལྷ་ཚོགས་ངོ་བོར་མཉམ་གྲོལ་ཏེ༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་རྫས་སྐོར་གཅིག་དང་༔ ཧཱུྃ༔ ནུབ་ཕྱོགས་ཟླ་གམ་ཧོམ་ཁུང་དུ༔ སོར་རྟོགས་ཡེ་ཤེས་ངོ་བོ་ཉིད༔ པདྨ་རིགས་ཀྱི་འབར་བའི་མེ༔ ཉོན་ཡིད་འདོད་ཆགས་འཇོམ་པའི་སྐུ་མདོག་དམར༔ དབང་གི་ལས་འགྲུབ་གསལ་ལ་འཚེར༔ བཅོམ་ལྡན་སྣང་བ་མཐའ་ཡས་དང་༔ པདྨ་ཁྲག་འཐུང་ལ་སོགས་པའི༔ གསུང་གི་ལྷ་ཚོགས་ཀུན་གྱི་ཞལ༔ སེམས་ཅན་ཀུན་གྱི་རྣམ་སྨིན་དང་༔ བདག་ཏུ་བཟུང་བའི་གཞི་གསུམ་བཅས༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ རྣལ་འབྱོར་མཆོད་པ་དམ་པར་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ བསྲེག་སྦྱངས་སྐུ་ལ་བསྟིམས་ནས་ཀྱང་༔ སྡིག་སྒྲིབ་ཉེས་ལྟུང་ཀུན་དག་ཅིང་༔ མཆོག་ཐུན་རང་རིག་ཕྲིན་ལས་གྲུབ༔ ལྷ་ཚོགས་ངོ་བོར་མཉམ་གྲོལ་ཏེ༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་རྫས་སྐོར་གཅིག་དང་༔ ཧཱུྃ༔ བྱང་ཕྱོགས་གྲུ་གསུམ་ཧོམ་ཁུང་དུ༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ལས་ཀྱི་རིགས་ཀྱི་འབར་བའི་མེ༔ འཇུག་ཤེས་ཕྲག་དོག་འཇོམས་པའི་སྐུ་མདོག་ལྗང་༔ དྲག་པོའི་ལས་འགྲུབ་གསལ་ལ་འཚེར༔ བཅོམ་ལྡན་དོན་ཡོད་གྲུབ་པ་དང་༔ ཀརྨ་ཁྲག་འཐུང་ལ་སོགས་པའི༔ ཕྲིན་ལས་ལྷ་ཚོགས་ཀུན་གྱི་ཞལ༔ སེམས་ཅན་ཀུན་གྱི་རྣམ་སྨིན་དང་༔ བདག་ཏུ་བཟུང་བའི་གཞི་གསུམ་བཅས༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ རྣལ་འབྱོར་མཆོད་པ་དམ་པར་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ བསྲེག་སྦྱངས་སྐུ་ལ་བསྟིམས་ནས་ཀྱང་༔ སྡིག་སྒྲིབ་ཉེས་ལྟུང་ཀུན་དག་ཅིང་༔ མཆོག་ཐུན་རང་རིག་ཕྲིན་ལས་གྲུབ༔ ལྷ་ཚོགས་ངོ་བོར་མཉམ་གྲོལ་ཏེ༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་རྫས་སྐོར་གཅིག་དང་༔ ཧཱུྃ༔ གཟུགས་ཕུང་འཇོམས་པའི་མེ་ནི་སྨུག་ནག་འབར༔ རྣམ་ཤེས་དག་པའི་མེ་ནི་དཀར་ནག་འབར༔ ཚོར་བ་དག་པའི་མེ་ནི་སེར་ནག་འབར༔ འདུ་ཤེས་དག་པའི་མེ་ནི་དམར་ནག་འབར༔ འདུ་བྱེད་བསྲེགས་པའི་མེ་ནི་ལྗང་ནག་འབར༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ༔ འཁོར་དང་ཡང་འཁོར་བཅས་པའི་ཞལ༔ སེམས་ཅན་ཀུན་གྱི་རྣམ་སྨིན་དང༔ བདག་ཏུ་བཟུང་བའི་གཞི་གསུམ་བཅས༔ ཡེ་ཤེས་བདུད་རྩི་བྱིན་རླབས་ཏེ༔ རྣལ་འབྱོར་མཆོད་པ་དམ་པར་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ བསྲེག་སྦྱངས་སྐུ་ལ་བསྟིམས་ནས་ཀྱང་༔ སྡིག་སྒྲིབ་ཉེས་ལྟུང་ཀུན་དག་ཅིང་༔ མཆོག་ཐུན་རང་རིག་ཕྲིན་ལས་གྲུབ༔ ལྷ་ཚོགས་ངོ་བོར་མཉམ་གྲོལ་ཏེ༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཞེས་རྫས་སྐོར་གཅིག་དང་༔ དེ་ནས་སྨད་ཀྱི་བཤགས་པ༔ ཀྱཻ༔ ཡེ་ཤེས་འབར་བའི་༴ ནས་ཚངས་པར་སྩོལ༔ ཞེས་དང་རྩ་སྔགས་མཐར༔ ཨོཾ་བྷོ་དྷི་བྷྲིཀྵ་ཡེ་སྭཱ་ཧཱ༔ ཞེས་ཡམ་ཤིང་དང་༔ རྩ་སྔགས་ལ་བཏགས་ཏེ༔ ཨོཾ་ཨགྞེ་ཡེ་སྭཱ་ཧཱ༔ ཞེས་མར་ཁུ་དང་༔ ཏིལ་ལ༔ ཨོཾ་སརྦ་པ་པཱཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཉུངས་དཀར་ལ༔ ཨོཾ་བཛྲ་སིདྡྷི་ཡེ་སྭཱ་ཧཱ༔ ཞོ་ཟན་ལ༔ ཨོཾ་སརྦ་སཾ་བྷ་ཏེ་སྭཱ་ཧཱ༔ འབྲས་ལ༔ ཨོཾ་པུཥྚ་ཡེ་སྭཱ་ཧཱ༔ ཞེས་དང་༔ ནས་ལ༔ ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ༔ གྲོལ༔ ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ སོ་བ་ལ༔ ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ༔ སྲན་མ་ལ༔ ཨོཾ་བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ༔ ཨ་པྲ་ཏི་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ དུར་ཝ་ལ༔ ཨོཾ་བཛྲ་ཨ་ཡུརྵ་སྭཱ་ཧཱ༔ ཤིང་ཐོག་ལ༔ ཨོཾ་ག་ག་ན་ག་ག་ན་བེ་ལོ་ཀི་ཏེ་སྭཱ་ཧཱ༔ ཞེས་སྔགས་ཉེར་གཅིག་རེའི་ཕུལ་ལོ༔ དེ་ལྟར་རྫས་སྐོར་ལན་བདུན་བསྐྱལ་བའི་རྗེས་སུ༔ ཨོཾ་བཛྲ་ཝཥྚ་ཡེ་སྭཱ་ཧཱ༔ ཞེས་གོས་ཟུང་དང་༔ ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ༔ ཞེས་སོ་རྩི་ཕུལ་ལོ༔ དེ་ནས་ཚོགས་མཆོད་གང་རུང་བསྐྱང་༔ ལྷག་མའང་བསྲེག་བླུགས་ཀྱི་ནང་དུ་འབུལ་ལོ༔ དེ་ནས་བསྟན་མ་བསྐྱང་ངམ་ཡང་༔ ཀྱཻ༔ ཚོགས་མཆོག་དཀྱིལ་འཁོར་ཆེན་པོ་ལ༔ ཕྱི་ནང་གསང་བ་བླ་ན་མེད༔ ཐམས་ཅད་རྣམ་དག་ཀུན་ཏུ་བཟང་༔ ཡེ་ཤར་ཡེ་ཡིན་ངང་དུ་མཆོད༔ འཕགས་ནོར་དབང་བཅུའི་གཏེར་མཛོད་ལ༔ དགོས་གལ་དངོས་པོའི་རྣམ་རྟོག་གིས༔ ཉེ་བར་ལེན་པ་ཡོངས་དག་ཀྱང་༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་ཊ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཞེས་མཆོད་ཡོན་བསྒྲེངས༔ དེ་བཞིན་དུ་ཉེར་སྤྱོད་བདུན་ཆ་ཚང་དང་༔ གཟུངས་ཀྱི་ལྷ་མོ་སོགས་ ༼ ཨོཾ་བཛྲ་མ་ཧཱ་མུ་ཊ་ག་ན་པཱུཙྪ་ཁཱ་ཧི༔ ཨོཾ་བཛྲ་ཏ་ར་ཏ་ན་པཱུཙྪ་ཁཱ་ཧི༔ ༽ སྐུ་བྲིས་པ་མཆོད་ལ༔ ཨོཾ་མ་ཧཱ་བཛྲ་སརྦ་པཉྩ་ཨ་མྲ་ཏ་ཁཱ་ཧི༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ ཨོཾ་མ་ཧཱ་བ་ལིངྟ་ཁཱ་ཧི༔ ཞེས་སྨན་རག་གཏོར་མ་དང་བཅས་པས་མཆོད་དོ༔ དེ་ནས་བསྟོད་པ་ནི་གཞུང་བཞིན་ནམ་ཡང་ན༔ ཨོཾ༔ མི་གཡོ་རྡོ་རྗེའི་ཆོས་བདུན་ལྡན༔ སྟོང་པ་ཉིད་ལ་མཚན་དཔེ་རྫོགས༔ ཅིར་ཡང་བསྒྱུར་བའི་སྒྱུ་མ་ཡང་༔ མངོན་ལ་མི་མངོན་ཨེ་མ་ཧོ་ཧོ༔ ཧྲཱི༔ ནམ་མཁའ་རྣམ་དག་མཚན་མ་མེད༔ དགོངས་པ་མི་འགྱུར་རང་གིས་གསལ༔ ཡན་ལག་མེད་ལ་ཡན་ལག་བཀྲ༔ སྣང་ལ་མི་སྣང་ཨེ་མ་ཧོ་ཧོ༔ ཧཱུྃ༔ སྲིད་ཞི་ཀ་དག་རྣམ་མེད་ལ༔ ཟུག་རྔུའི་སྨོན་མེད་དཔྱིད་ཆེན་སྤྱོད༔ དཀྱིལ་འཁོར་ཀུན་བཟང་མི་བཟང་མེད༔ གསལ་བྱེད་གསལ་བྱེད་མིན་ལ་བསྟོད༔ ཏྲཱྃ༔ འདུས་མ་བྱས་ཤིང་ལྷུན་གྱི་གྲུབ༔ དྲུག་ཅུ་རྩ་བཞི་མཐའ་དབུས་མེད༔ སྣ་ཚོགས་དཔལ་ལྡན་རིན་ཆེན་དབང་༔ ལྡན་ལ་མི་ལྡན་ཨེ་མ་ཧོ་ཧོ༔ ཨཱ༔ ཏིང་འཛིན་ངང་གིས་རང་འོད་གསལ༔ རྩོལ་མེད་ཀུན་འབྱུང་མཉམ་པ་ཉིད༔ ཐམས་ཅད་སྐྱོབས་པའི་མཛད་པ་ཡང་༔ མཛད་ལ་མ་མཛད་ཨེ་མ་ཧོ་ཧོ༔ ཞེས་བསྟོད་མཐར༔ ཨོཾ་མ་ཧཱ་ཨ་མྲ་ཏ་གྷརྦྷ་ཁཱ་ཧི༔ ཞེས་ལན་བདུན་གསུམ་ཉེར་གཅིག་གིས་འདོད་གསོལ་དང་བཅས་པའི་མཐར༔ དངོས་གྲུབ་བླངས་པ་ནི་གཞུང་གི་བདག་འཇུག་བསྡུས་པ་ལྟར་གྱི་མཇུག་ཏུ༔ འཇིག་རྟེན་ལས་འདས་པའི་ཏིང་འཛིན་དང་ཡེ་ཤེས་པའི་དཀྱིལ་འཁོར་ཐམས་ཅད་འོད་དུ་ཞུ་ནས་བདག་མདུན་རྣམས་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ༔ ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཡོ་ག་ས་མ་ཏི་ཏིཥྛ་བཛྲ་ཧོ༔ ཅེས་ཡེ་ཤེས་པ་གཤེགས་ནས༔ སླར་ཡང་འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་ལ༔ གཏང་རག་གི་ཚུལ་དུ༔ ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ ཞེས་ལན་གསུམ་པ་གསུམ་གྱི་མཐར༔ ཧཱུྃ༔ བཅུད་ལྡན་གཙང་སྦྱར་༴ ནས་བཟུང་སྟེ་རྫས་ཆེན་ཐམས་ཅད་ཚར་བདུན་བདུན་གྱིས་ཕུལ་མཐར༔ གོས་ཟུང་ནི་ཡང་ན་སྤརྴེ་ཞེས་པ་ལ་ཕུལ་ཀྱང་ཅོག༔ གཞན་དུ༔ ཨོཾ་བཛྲ་ཝཥྚ་ཡེ་སྭཱ་ཧཱ༔ སོ་རྩི༔ ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ༔ ཞེས་ཕུལ་ལ༔ གཞན་ཡང་སྨན་གཏོར་རཀྟར་བཅས་པའི་མཐར༔ ཧཱུྃ༔ མེ་ལྷའི་རྒྱལ་པོ་ཆེན་པོ་ནི༔ སངས་རྒྱས་ཐམས་ཅད་མཆོད་པའི་ཞལ༔ གསང་བ་བསམ་མི་ཁྱབ་པའི་དབྱིངས༔ ཐབས་ལ་མཁས་པའི་དབང་པོར་བསྟོད༔ ཅེས་བསྟོད་ལ༔ ཨོཾ་བཛྲ་གྷརྦྷ་ཨ་མྲ་ཏ་ཁཱ་ཧི༔ ལན་གསུམ་པ་གསུམ་གྱིས་ཕུལ་ལོ༔ དེ་ནས༔ ཀྱཻ༔ ཡེ་ཤེས་འབར་བའི་དཀྱིལ་འཁོར་དུ༔ ལྟ་བསྒོམ་སྤྱོད་པ་དེང་མ་ལོན༔ བཟླས་བརྗོད་ཆད་ལྷག་མཆོད་ཚོགས་དམན༔ ལོག་པའི་དམ་ཚིག་ཉམས་ཆགས་ཀུན༔ མི་འཆབ་མི་བགྱིད་འགྱོད་སྡོམ་གྱིས༔ མཐོལ་ལོ་བཤགས་སོ་ཚངས་པར་སྩོལ༔ ཡི་གེ་བརྒྱ་བས་བཤགས་ལ༔ དེ་ནས་མེ་ལྷ་གཤེགས་གསོལ་ཡེ་ཤེས་པ་ལ༔ ཡེ་ཤེས་མེ་ལྷ་རང་ལ་ཐིམ༔ པདྨའི་རིག་པ་འཛིན་ཐོབ་ཤོག༔ དམ་ཚིག་ཏིང་འཛིན་དབྱིངས་སུ་གཤེགས༔ གྱ་ནོམ་ལྷར་ཞེན་མཚན་འཛིན་དག༔ སེམས་ཅན་དོན་དུ་གསོལ་འདེབས་དུས༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨོཾ་ཛྙཱ་ན་ཨགྞེ་དེ་ཝ་ཡོ་ག་ཏིཥྛ་སིདྡྷི་ཕ་ལ༔ ཨོཾ་ལོ་ཀ་ས་མ་ཡ་དྷརྨ་དྷརྟུ་གཙྪ༔ ཅེས་བརྗོད་པའི་མཐར༔ ལས་མི་འཇིག་པའི་ཆེད་དུ་བྲོ་བརྡུང་བྱས་ན་བཟང་ངོ་༔ དེ་ནས་དགེ་བ་བསྔོ་བ་ནི༔ ཧཱུྃ༔ འབར་བ་མེ་ཡི་དཀྱིལ་འཁོར་དུ༔ བསོད་ནམས་ཡེ་ཤེས་ཚོགས་བསགས་པས༔ བདག་དང་མཁའ་ཁྱབ་སེམས་ཅན་ཀུན༔ རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཨོཾ༔ བཀྲ་ཤིས་དམ་པ་མཐའ་དག་མངོན་གྱུར་ཞི་ཁྲོའི་ལྷ༔ བཀྲ་ཤིས་འཇིག་རྟེན་གཉེན་མཛད་དྲང་སྲོང་གསང་སྔགས་བཅས༔ བཀྲ་ཤིས་མཐུ་ལ་ལྟོས་བཅས་བདག་གཞན་ཡིད་ཅན་ཀུན༔ བཀྲ་ཤིས་དེ་དག་མངོན་གྱུར་རྒུད་པ་མཐར་བྱེད་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར་རོ༔ གཞུང་དང་སྦྱིན་སྲེག་གི་དཀྱིལ་འཁོར་སྟབས་གཅིག་ཏུ་བྱས་པ་ཡིན་ན༔ ལས་བྱང་ཡན་གར་བ་མེད་ནའང་འདིའི་རང་སྐྱ་ཐུབ་དགོས་པས་ན་ལྷག་མ་དང་ཆད་བསྟན་བསྲེག་བླུགས་ལ་སྦྲེལ་བཏང་སྟེ༔ འོན་ཀྱང་དེ་ལྟར་བྱས་ན༔ འདིའི་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་སོགས་ལ་གཞུང་གི་དེ་དག་སྦྲེལ་དགོས་སོ༔ མགོར་ཡང་མཆོད་པ་བྱིན་རླབས་ཡན་ཆད་གྲུབ་ནས་མཆོད་སྲེག་བྱིན་རླབས་དགོས༔ དེ་ནས་བརྡ་སྒོ་བརྡ་ཕྱག་གི་གཞུགས་ཐོག་ཏུ༔ བདག་མདུན་དཀྱིལ་འཁོར་བསྙེན་པ་ཡན་ཆད་གྲུབ་པ་དང་༔ མཆོད་བསྟོད་བྱས་ལ༔ མེ་སྦོར་ནས་བཟུང་བསྲེག་བླུགས་གི་གཞུང་བཞིན་བསྲང་ངོ་༔ དེ་ནི་རྣལ་འབྱོར་པས་ཉེ་ཆར་དུ་བྱ་བདེ་བའི་ཕྱིར་རོ༔ གཞན་དུ་ལྷག་མ་དང་ཆད་བརྟན་གྱི་དཀྱིལ་འཁོར་ཀྱང་འཇིག་འདས་ཀྱི་མེ་ལྷའི་འཁོར་ཡིན་པས་ན༔ མེ་ནང་དུ་གསལ་བ་ལ་བསྐྱང་བ་ཡིན་ཏེ༔ ད་ནང་སྔ་ཆོག་གི་ལྷག་མ་ཆད་བསྟན་བྲོ་བརྡུང་སོགས་སླར་ཡང་སྤྱི་འགྲོས་ལྟར་དགོས་སོ༔ འདིར་བཤད་པ་ལས་གཞན་བསྙེན་མཚམས་ནས་རྡོ་དྲིལ་བྱིན་རླབས་ལ་ཞུགས་ཏེ༔ དེ་མན་ཆད་ཀྱི་མཇུག་སྦྱིན་སྲེག་གི་བཤད་པ་ལྟར་བྱས་ནས༔ ཚོགས་རྐྱང་བ་ལས་སྦྱིན་སྲེག་དང་མ་བསྒྲགས་ཀྱང་རུང་ངོ་༔ དེ་ལྟར་བརྒྱུད་གསུམ་མན་ངག་བདུད་རྩིའི་ཀླུང་༔ ཀུན་གྱིས་གཅིག་འབྲེལ་གཅིག་ལ་ཀུན་ཚང་བ༔ ཕྱག་བཞེས་འབྲེལ་བ་བཞི་ལྡན་དམ་པའི་ལུགས༔ འདི་མེད་མྱ་ངམ་ཐང་དུ་སྐོམ་པས་གདུང་༔ གཞན་ཡང་དགོས་པ་མེ་པྲ་བརྟགས་པ་སོགས༔ བདེ་མཆོག་སྡོམ་འབྱུང་སྒྱུ་འཕྲུལ་དྲྭ་བ་སོགས༔ ཀུན་ནས་ཇི་བཞིན་ཡང་དག་ལྷུར་མཛོད་ཅིག༔ འདིར་ནི་ཡི་གེས་ངལ་བ་མི་བསྐྱེད་དོ༔ དེ་ལྟར་བསོད་ནམས་བསགས་པའི་ཐབས་མཁས་འདི༔ གང་ན་གསང་བ་སྔགས་ཀྱི་རིག་པ་འཛིན༔ པདྨ་མ་ཏིའི་གསུང་བ་དོན་ཡོད་ཕྱིར༔ དུས་མཐའི་སྔགས་མིང་ག་ག་ཨ་བྷྱེས་བྲིས༔ ཡི་གེའི་འདུ་བྱེད་བསྒྲུབ་པའི་བརྩོན་འགྲུས་ཅན༔ སྔོན་དུས་བདེ་མཆོག་གྲུབ་པའི་ཡང་སྐྱེས་མཐའ༔ བསླབ་གསུམ་རྣམ་པར་དག་པའི་རྒྱན་འཆང་བ༔ ཤེས་རབ་བློ་འཕེལ་ཞེས་བྱའི་མཚན་གྱིས་སོ༔ ཅེས་ཀྱང་སྐུ་གསུང་ཐུགས་ཀྱི་རྒྱ༔ ཨྠི༔ གུ་ཧྱ༔ བཀའ་སྲུང་དབང་གི་རྒྱལ་པོ་ཁྱོད་ལ་གཏད༔ ཐུབ་པར་བསྲུང་ལ་སྒྲོ་སྐུར་འཆོས་བྱེད་མཁན༔ སྲོག་དབང་བསྣུབས་ལ་བསྟན་པའི་ཆེ་བ་སྟོན༔ ཉམས་ལེན་སྐྱེས་བུའི་སྡོང་གྲོགས་ཡིད་བཞིན་བསྒྲུབ༔ འཇའ་ལུས་ཆོས་སྐུར་གཟུད་པའི་ཕྲིན་ལས་མཛོད༔ དགེའོ། །དགེའོ། །དགེའོ། །མངྒ་ལཾ། །


previousཞི་ཁྲོ་རྣམ་པར་རོལ་པའི་བསྲེག་བླུགས།next