Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཙུག་ཏོརའཁོར་ལོའི་དབང་བསྒྱུར་བཅིང་གྲོལ་སྙིང་པོ།
  
  
  
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousགཙུག་ཏོརའཁོར་ལོའི་དབང་བསྒྱུར་བཅིང་གྲོལ་སྙིང་པོ།next

གཙུག་ཏོརའཁོར་ལོའི་དབང་བསྒྱུར་བཅིང་གྲོལ་སྙིང་པོ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གཙུག་ཏོར་འཁོར་ལོའི་དབང་བསྒྱུར་བཅིང་གྲོལ་སྙིང་པོ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག །རྣལ་འབྱོར་དམ་ཚིག་ལྡན་པ་ཡི༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས༔ མཚན་དོན་ཡང་དག་བཟུང་བའི་ཟབ༔ མ་བཅོས་བཞི་ལྡན་གདེངས་གི་བཅིང་༔ འདི་ལ་དང་བོ་སྔོན་འགྲོའི་ཆོས༔ དཀྱིལ་འཁོར་བཞེངས་བསྒྲུབ་ལ་སོགས་པ༔ ཆོ་ག་སྤྱི་དང་བབ་བསྟུན་ནས༔ གྲངས་དུས་རྟགས་ཀྱི་བསྙེན་པ་བསྒྲངས༔ ཐོར་གཙུག་ཅོད་པཎ་གླེགས་བམ་ལ༔ སངས་རྒྱས་བྱིན་རླབས་བསྟིམ་བརྟན་དབབས༔ དེ་ནས་ཁྲུས་བྱས་བགེགས་བསྐྲད་ཅིང་༔ བསྲུང་འཁོར་བསྒོམ་ཞིང་ཆོས་བཤད་དོ༔ དེ་ནས་རྡོ་རྗེའི་སློབ་མ་དེའི༔ ཐལ་སྦྱར་གུས་པས་གསོལ་བ་འདེབས༔ ཀྱཻ༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ཕྱི་ལྟར་གཙུག་ཏོར་མཚན་གྱི་དབང་༔ ནང་དུ་ཅོད་པན་དབང་རྟགས་ཆས༔ གསང་བ་ཆོས་སྐུ་དམ་པའི་དབང་༔ མ་ལུས་བདག་ལ་སྩལ་དུ་གསོལ༔ ཞེས་པའི་ལན་དུ་བླ་མས་ནི༔ འོ༔ འདི་ནི་གསང་གསུམ་འདུས་པ་ཡི༔ རྟགས་དོན་རང་བཞིན་བྱིན་རླབས་ཆེ༔ ཐོབ་པ་ཙམ་ཞིག་མི་གཙོ་སྟེ༔ ལམ་བསྒྲུབ་དམ་ཚིག་བསྲུང་དགོས་པས༔ དེ་དག་ཁྱོད་ཀྱི་ནུས་སམ་སྟེ༔ དེ་བས་ཁེ་ཉེན་བརྟགས་པར་མཛོད༔ དེ་ལས་དུ་གསོལ་བ་ནི༔ ཀྱཻ༔ དོན་མེད་དཀའ་ཐུབ་བཙན་པོ་ཞིག༔ མུ་སྟེགས་ཅན་དང་སྐྱེ་བོ་ཡི༔ སྐྱོ་བ་མེད་པར་གྲངས་མེད་བཟོད༔ འདིར་ནི་དོན་ཆེན་སངས་རྒྱས་ཀྱི༔ འབྲས་བུ་བླ་མེད་ཡང་དག་པའི༔ དོན་དུ་བདག་ལྟ་སྨོས་ཅི་འཚལ༔ དེ་ནས་བླ་མས་འདི་སྐད་དོ༔ འོ༔ དེ་ལྟ་ན་ནི་བདག་གི་སྦྱིན༔ སངས་རྒྱས་ཕྲིན་ལས་རྒྱུན་མ་བཅད༔ དམ་ཚིག་སྡོམ་ལ་རྟག་ཏུ་གནས༔ དེ་ཡང་གང་དང་གང་ཞེ་ན༔ ཕྱི་ལྟར་རྡོ་རྗེའི་བླ་མ་ལ༔ བཀུར་བསྟི་རིམ་གྲོ་རབ་ཏུ་བརྩོན༔ དེ་ཡིས་རྡོ་རྗེ་གཙུག་ཏོར་ཐོབ༔ ནང་ལྟར་སྡོམ་གསུམ་དམ་ཚིག་རྣམས༔ ཤིན་ཏུ་ཞིབ་པའི་སྒོ་ནས་སྤྱོད༔ གསང་བ་སྐུ་གསུང་ཐུགས་གསུམ་ལས༔ ནམ་ཡང་མི་འདའ་ཕྱག་རྒྱ་བརྟེན༔ དེ་ཡིས་རྡོ་རྗེ་གཙུག་ཏོར་ཐོབ༔ སངས་རྒྱས་རྡོ་རྗེ་གཙུག་ཏོར་ཏེ༔ གཞི་རུ་སེམས་ཅན་ཀུན་ལ་ཡོད༔ ནམ་ཡང་བྲེགས་པར་མི་བྱ་སྟེ༔ དེ་འཆང་བ་ལ་སྨད་མི་བྱ༔ ལྕང་ལོ་ཐོད་བཞིན་གུས་པས་བརྟེན༔ ཞེས་བརྗོད༔ དེ་ནས་ལན་གསོལ་བ༔ ཀྱེ༔ ཉིད་ཀྱིས་གང་ལྟར་བསྒྲགས་པ་བཞིན༔ དེ་དག་ཐམས་ཅད་བདག་གིས་བསྲུང་༔ སྒོ་གསུམ་སྐུ་གསུང་ཐུགས་གསུམ་དུ༔ བྱིན་གྱིས་རླབས་པའི་དམ་ཚིག་རྫས༔ ཁྲེལ་དང་ངོ་ཚའི་རྟེན་གྱུར་བ༔ རིགས་ཀྱི་བདག་པོའི་བཀའ་རྟགས་བཀོད༔ དཔའ་བོའི་བདག་ལ་བཀའ་དྲིན་སྩོལ༔ དེ་ནས་དམ་ཚིག་སྦྱིན་པ་ནི༔ ཧོ༔སོ་བྱང་སྔགས་ཀྱི་སྡོམ་དམ་ཚིག༔ མ་ལུས་རྡོ་རྗེའི་ཆོ་གས་སྦྱིན༔ ད་ལྟ་ཉིད་དུ་ཐོབ་པ་ཡིན༔ མ་ཉམས་བརྩོན་འགྲུས་དྲག་པོའི་བསྲུང་༔ ས་མ་ཡ་དྷ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱིན་ཆེན་དབབས་པ་ནི༔ སློབ་མ་སྐད་ཅིག་གིས་རྡོ་རྗེ་ཀུན་ཏུ་བཟང་པོར་གསལ་བའི་གནས་གསུམ་འབྲུ་གསུམ་གྱི་མཚན་པ་དང་༔ སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབྱིངས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བརྒྱུད་གསུམ་རིག་འཛིན་གྱི་བླ་མ་རྣམས་དང་༔ ཡི་དམ་རྒྱུད་སྡེ་བཞི་དྲུག༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་སྐར་ཚོགས་བཀྲ་བ་བཞིན་དུ་བྱོན་པར་བསམ་ལ༔ གཞུང་གི་བྱིན་འབེབས་མཐར་སློབ་མ་ལྷར་གསལ་བ་ལ་བརྟན་པར་བཞུགས་སུ་གསོལ་བས་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་སིབ་སིབ་ཐིམ་པར་བསྒོམ་ལ༔ སུ་པྲ་ཏིཥྛ་བཛྲ་ཞེས་པས་ཕྱག་རྒྱའི་བཅིང་༔ དེ་ནས༔ བཛྲ་པྲ་ཝན་ཙ་པྲ་ཝེ་ཤ་ཕཊ༔ ཅེས་བརྗོད་ནས་མ་རིག་གཉིས་འཛིན་གྱི་སྒྲིབ་པ་ཕྲལ་ཞིང་༔ མདུན་བསྐྱེད་དཀྱིལ་འཁོར་གྱི་མཐོང་བ་བསྟན་པ་ནི༔ ཧཱུྃ༔ ཆོས་ཉིད་བསམ་བརྗོད་བྲལ་བ་ནི༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་པས༔ རང་བྱུང་ཡེ་ཤེས་ཕྱག་རྒྱ་ཆེ༔ མཚོན་བྱ་གཙུག་ཏོར་བལྟར་མི་མངོན༔ ཐོབ་བྱ་རྒྱུ་དང་སད་བྱེད་དབང་༔ ཐེག་པའི་མཆོག་འདིར་ཡེ་གནས་གཞི༔ མངོན་དུ་གྱུར་ལས་ལྷུན་གྲུབ་པས༔ དེ་ཕྱིར་སྐུ་ཡི་མཚན་མཆོག་གི༔ ས་བོན་རྒྱུད་གསུམ་འབྲེལ་བ་ཉིད༔ དཀྱིལ་འཁོར་འདི་ནི་བལྟ་བར་གྱིས༔ སྐུ་གསུམ་སྐུ་གསུང་ཐུགས་རྡོ་རྗེ༔ ཟབ་རྒྱས་ཆོས་སྐུ་མཐར་ཐུག་གི༔ རང་སྲིད་འབྱུང་བ་འདི་ལས་ཡིན༔ དེ་ལས་གཞན་གྱི་དོན་མཛད་པས༔ སྤྲུལ་པའི་རོལ་བ་འདི་ལས་བྱུང་༔ དེ་ཕྱིར་གུས་པས་བཅིང་བར་གྱིས༔ རྟགས་དོན་མཚོན་བྱེད་འདི་ཉིད་ཀྱི༔ འབྲས་བུ་མངོན་དུ་མ་གྱུར་བར༔ ཆ་ལུགས་ནམ་ཡང་མ་བཏང་ཞིག༔ དེ་ནས་དངོས་ཀྱི་དབང་བསྐུར་ནི༔ སྐུ་གསུང་ཐུགས་ཀྱི་རྣམ་པ་གསུམ༔ དང་པོ་སྐུ་ཡི་དབང་བསྐུར་ནི༔ རྡོ་རྗེའི་གཙུག་ཏོར་སྤྱི་བོར་བཀོད༔ ཧཱུྃ༔ ཁྱོད་ནི་གཞི་ཡི་ཀུན་ཏུ་བཟང་༔ འབྲས་བུ་བྲལ་སྨིན་མངོན་གྱུར་ཕྱིར༔ ལྕང་ལོ་རལ་པའི་ཅོད་པཎ་འདི༔ ཕྱི་ལྟར་གཙུག་ཏོར་དམ་པ་མཚོན༔ ནང་ལྟར་ཡི་དམ་དཀྱིལ་འཁོར་གྱི༔ རིག་འདུས་རྡོ་རྗེ་བླ་མའི་སྐུ༔ འབྲས་བུ་ཀུན་ཏུ་བཟང་པོར་བཞུགས༔ རིགས་ཀྱི་བདག་པོའི་ཚུལ་དུ་སྦྱིན༔ ཞི་ཁྲོ་རྒྱལ་བའི་བུམ་པ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྤྲུལ་བ་སྐུ་ཡི་དབང་ཐོབ་ནས༔ ལུས་ཀྱི་སྡིག་སྒྲིབ་ཀུན་དག་ཤོག༔ ཐོར་ཅོག་ཏོ་ཀེར་བྱས་པ་འདིས༔ འཁོར་བའི་སྐྱོན་གྱིས་མ་གོས་ཤིང་༔ ཤེས་པས་སྲིད་ལ་མི་གནས་བར༔ རང་དོན་མཐར་ཕྱིན་དབང་ཐོབ་ཤོག༔ ཁ་ལོ་གྱེན་དུ་ཕྱོགས་པ་ཡི༔ འཁོར་བ་རུ་ནས་ལྡོག་པ་དང་༔ གནག་སྣུམ་འོད་ཟེར་འབར་བ་ཡི༔ བུང་བ་ལྟ་བུའི་དཔེ་བྱད་ཐོབ༔ ཟར་བུ་ཐུར་དུ་འཕྱང་བ་འདིའི༔ འགྲོ་ཁམས་རྗེས་སུ་བཟུང་བ་དང་༔ སྙིང་རྗེའི་ཞི་ལ་མི་གནས་པར༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་པའི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ བསྐུར་བ་སྤྱི་བོའི་གཙུག་ཏུ་བསྐུར༔ ཐིམ་པ་ལུས་ཀྱི་རྩ་ལ་བབས༔ བྱེད་ལས་རྡོ་རྗེའི་སྐུ་རུ་སྨིན༔ ཡེ་ཤེས་མཐར་ཕྱིན་དབང་ཐོབ་ཤོག༔ བཏགས་གྲོལ་དང་སྦྲེལ་ན་རྒྱུག་བྱང་གི་མཐར༔ ཨོཾ་བཛྲ་གུ་རུ་དེ་ཝ་ཊཱཀྐི་ནི་ནིརྨ་ཀ་ཡ་གྷ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསུང་གི་དབང་བསྐུར་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ གསུང་གསང་མཐའ་ཡས་རབ་འབྱམས་ཀུན༔ མཐར་ཐུག་འདི་ལ་འབབས་པ་ཡིན༔ གནས་སྐབས་འདི་ཡི་ཉག་ཕྲན་རེ༔ གདུལ་བྱ་སོ་སོའི་ངོ་སྐལ་དུ༔ གང་ལ་གང་འདུལ་ཚུལ་དུ་སྣང་༔ ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་ཀྱི་བཀོད་པ་ཀུན༔ འདི་ཉིད་གཅིག་པུའི་རིང་བསྲེལ་ཡིན༔ བཅིང་དང་ཀློགས་དང་ཐོས་པ་དང་༔ བསྒོམ་དང་བསམ་པས་དེ་མ་ཐག༔ སྲིད་པ་ཐ་མའི་སངས་རྒྱས་ཡིན༔ གསུང་ཀུན་ཞུ་བའི་མ་དཱ་ན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་ཀུན་དག་ནས༔ ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ཤོག༔ བཏགས་གྲོལ་དང་སྦྲེལ་ན་རྒྱུག་བྱང་མཐར༔ ཨོཾ་བཛྲ་གུ་རུ་དེ་ཝ་ཊཱཀྐི་ནི་ཝཀྐ་གྷ་ཛ་སམ་བྷོ་ཀ་ཡ་ཨ་བྷི་ཥིཉྩ༔ ཨཱ༔ སྒྲ་ཉིད་གྲགས་སྟོང་ཆེན་པོར་ལྡན༔ ཡི་གེ་ལོངས་སྐུའི་གཟུགས་བརྙན་ནི༔ རྟོག་པ་མེད་པའི་ཕྱེད་སྤྲུལ་གྱི༔ སྐུ་ཡི་ཆོས་རྣམས་མཇལ་བར་སྟོན༔ མཁྱེན་པའི་ཕ་རོལ་ཕྱིན་པ་ཡི༔ ཆོས་སྐུ་དམ་པའི་རིང་བསྲེལ་བབས༔ སྙན་སྨྲའི་མཆོག་གི་དབང་བསྐུར་ནི༔ མ་བསྒོམ་སངས་རྒྱས་རང་ཐོབ་ཡིན༔ མི་འཇིགས་སྦྱིན་པའི་སྒྲ་དབྱངས་ཀྱི༔ དབུགས་དབྱུང་དམ་པ་འདི་ཡི་མཐུས༔ གསུང་མཆོག་མཚུངས་པ་མེད་པ་ནི༔ ཆོས་ཀྱི་དུང་གི་དབང་ཐོབ་ཤོག༔ བསྐུར་བ་མགྲིན་པའི་འཁོར་ལོ་ལ༔ ཐིམ་པ་ངག་གི་རྩ་བ་རླུང་༔ བྱེད་ལས་གཉུག་མའི་གསུང་དུ་སྨིན༔ ཆོས་ཉིད་མཐར་ཕྱིན་དབང་ཐོབ་ཤོག༔གསུམ་པ་ཐུགས་ཀྱི་དབང་བསྐུར་ནི༔ ཧཱུྃ༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་༔ ལོངས་སྐུ་རྒྱུལ་བ་ཞི་ཁྲོའི་ཚོགས༔ སྤྲུལ་སྐུ་སྟོན་པ་བཅུ་གཉིས་སོགས༔ རྒྱལ་ཀུན་སྣང་སྟོང་གཉིས་མེད་ཐུགས༔ རྣམ་རྟོག་མི་ཕྱེད་རྡོ་རྗེ་ནི༔ མཚན་མ་རྫས་ཀྱི་སྐུར་བཞེངས་པ༔ ཐུགས་རྟགས་རྡོ་རྗེ་རྩེ་ལྔ་འདི༔ ཡར་རྩེ་ཡེ་ཤེས་ལྔ་དང་ལྡན༔ ཐུགས་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ མར་རྩེ་སྐུ་ལྔའི་མཚན་དཔེར་འབར༔ སྐུ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཁ་སྦྱོར་མ་ཆགས་པདྨ་འབར༔ གསུང་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ སྦུབས་གསུམ་བརྒྱུད་གསུམ་འབྲས་བུར་རྫོགས༔ སྲ་མཁྲེགས་ཐོགས་མེད་དངོས་ཀུན་འཇོམས༔ ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས༔ མཐིང་ནག་འོད་ཟེར་ཕྱོགས་བཅུར་འཕྲོ༔ ཕྲིན་ལས་ལྔ་ཡི་དཀྱིལ་འཁོར་རྫོགས༔ རིག་སྟོང་ཡབ་ཡུམ་ཟུང་འཇུག་གི༔ ཐུགས་ཀྱི་སྙིང་པོའི་དབང་བསྐུར་བས༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ༔ སྒྲིབ་གཉིས་ཕྲ་རགས་དབྱིངས་སུ་འཇོམས༔ རྒྱལ་ཀུན་ཐུགས་དང་དབྱེར་མེད་གྱུར༔ ཆོས་སྐུ་དམ་པ་མངོན་བརྙེས་ནས༔ འཇའ་ལུས་ཟང་ཐལ་གྲུབ་པར་ཤོག༔ བཏགས་གྲོལ་དང་སྦྲེལ་ན་རྒྱུག་བྱང་མཐར༔ ཨོཾ་བཛྲ་གུ་རུ་དེ་ཝ་ཊཱཀྐི་ནི་ཙིཏྟ་གྷ་ཛ་དྷརྨཱ་ཀ་ཡ་ཨ་བྷི་ཥིཉྩ༔ ཧཱུྃ༔ རིག་སྟོང་མི་ཕྱེད་རྡོ་རྗེ་ནི༔ གྲྭ་ཟུར་མེད་པའི་ཐིག་ལེར་འཁྱིལ༔ ཡོན་ཏན་མཚུངས་པ་གསལ་བྱེད་པ༔ དཔལ་གྱི་བེའུའི་མཚན་ཐོབ་ཤོག༔ བསྐུར་བ་སྙིང་ཀའི་འཁོར་ལོ་ལ༔ ཐིམ་པ་དོན་དམ་ཐིག་ལེ་རུ༔ བྱེད་ལས་གཉུག་མའི་ཐུགས་སུ་སྨིན༔ ཤེས་རབ་མཐར་ཕྱིན་དབང་ཐོབ་ཤོག༔ བཞི་པ་ཡོན་ཏན་ཕྲིན་ལས་དབང་༔ སྐུ་གསུང་ཐུགས་གསུམ་སྤུངས་པའམ༔ ཡང་ན་གཏོར་མས་བརྟན་པར་བྱ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་སྲས་ཆེན་པོ༔ ཁམས་གསུམ་འགྲོ་བ་འདྲེན་པའི་དཔལ༔ བསྟན་པའི་བཙས་གསུམ་ཚུལ་དུ་བྱོན༔ བསྐུར་བ་ལྟེ་བའི་འཁོར་ལོ་ལ༔ ཐིམ་པ་ཆོས་ཉིད་ཐིག་ལེ་ལ༔ བྱེད་ལས་ཡེ་ཤེས་རྡོ་རྗེར་སྨིན༔ ཀློང་རྫོགས་མཐར་ཕྱིན་དབང་ཐོབ་ཤོག༔ རྒྱུག་བྱང་མཐར༔ གུ་རུ་དེ་ཝ་ཊཱཀྐི་ནི་གྷ་ཛ་ཀརྨ་ཨ་བྷི་ཥིཉྩ༔ཧཱུྃ༔ དེ་ནས་མཐའ་བརྟེན་རྒྱས་པར་བསྐུར༔ རྡོ་རྗེའི་དམ་ཚིག་ཁས་བླངས་ནི༔ གཙོ་བོ་འཇིག་རྟེན་མགོན་པོ་དགོངས༔ བདག་ནི་དེང་ནས་ཡང་དག་པར༔ སྐུ་གསུམ་ཡེ་ཤེས་མཐར་ཕྱིན་པའི༔ དམ་ཚིག་ཕྱག་རྒྱ་བཅིང་ནས་ཀྱང་༔ ཁྲེལ་དང་ངོ་ཚའི་གོས་བགོ་ཞིང་༔ སྐུ་གསུམ་བླ་མའི་དྲན་རྟེན་བགྱིད༔ གཞན་ཡང་ཡོངས་ལ་མི་བསྒྲགས་ཤིང་༔ སོ་བྱང་སྔགས་ཀྱི་དམ་ཚིག་ཀུན༔ རྡོ་རྗེའི་ཆོ་གའི་བསྡམས་བྱས་ཏེ༔ བསྒྲགས་པ་བཞིན་དུ་བདག་གི་བགྱིད༔ དེ་ནས་གཏང་རག་མཎྜལ་ཕུལ༔ ཤིས་པ་བརྗོད་པས་མཐའ་བརྒྱན་ཞིང་༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ དེ་ལྟར་གཙུག་ཏོར་འཁོར་ལོའི་དབང་༔ མ་བསྒོམ་གྲོལ་བའི་ཐབས་མཁྱེན་པ༔ རྡོ་རྗེ་འཆང་གི་ཁྱད་ཆོས་འདི༔ བྱིན་རླབས་དབང་གི་ཕྲེང་བར་སྤེལ༔ གཞན་དུ་རྒྱུད་ལ་རང་དབང་བླངས༔ ཁེ་ལས་ཉེན་ཆེ་ཡིན་པའི་ཕྱིར༔ རྒྱུད་བུ་ཕྱོགས་ཀྱི་གྲངས་བསྡོམས་ཏེ༔ སྔགས་མིང་ག་ག་ཨ་བྷྱེ་ཡིས༔ འབྲེལ་བ་བཞི་ལྡན་ཚུལ་དུ་སྨྲས༔ ཅེས་རྡོ་རྗེའི་མཆེད་པོ་ཟླ་གྲགས་སོགས་ཀྱི་བསྐུལ་བ་ལ་བརྟེན་ནས་སྨྲས་པའི་ཡི་གེ་པ་ནི་འགྱུར་མེད་རྣམ་རྒྱལ་ལོ། །དགེའོ། །དགེའོ། །དགེའོ། །


previousགཙུག་ཏོརའཁོར་ལོའི་དབང་བསྒྱུར་བཅིང་གྲོལ་སྙིང་པོ།next