Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྡོ་རྗེ་གཙུག་ཏོར་གྱི་དབང་གི་ཆོག་འགྲིགས་འགྱུར་མེད་རྡོ་རྗེའི་རྒྱ་ཆིངས།
  
  
  
  
  
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousརྡོ་རྗེ་གཙུག་ཏོར་གྱི་དབང་གི་ཆོག་འགྲིགས་འགྱུར་མེད་རྡོ་རྗེའི་རྒྱ་ཆིངས།next

རྡོ་རྗེ་གཙུག་ཏོར་གྱི་དབང་གི་ཆོག་འགྲིགས་འགྱུར་མེད་རྡོ་རྗེའི་རྒྱ་ཆིངས།

ཡེ་ཤེ་སྒྱུ་འཕྲུལ་དྲྭ་བའི་ནང་ཚན༔ རྡོ་རྗེ་གཙུག་ཏོར་གྱི་དབང་གི་ཆོག་འགྲིགས་འགྱུར་མེད་རྡོ་རྗེའི་རྒྱ་ཆིངས་བཞུགས་སོ༔

འདིར་སྐྲ་དབང་རྒྱས་བསྡུས་དང་བཏགས་གྲོལ་རྒྱུག་བྱང་གཉིས་ཕན་ཚུན་སྦྲེལ་ནས་དབང་བསྐུར་ན། ཐོག་མར་དཀྱིལ་འཁོར་བཞེངས་བསྒྲུབ་སྔོན་དུ་སོང་ནས། ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམས་མཐར། ཆོས་བཤད་བྱས་རྗེས། མེ་ཏོག་དང་མིག་རས་བཀྱེ་ཞིང་མཎྜལ་འབུལ་བ་རྣམས་ནི། རྒྱུགས་བྱང་ལས། འོ༔ ཁྱོད་རང་སྔོན་ཆད་༴ ཞེས་དང་། དཀྱིལ་འཁོར་གྱི་ལྷ་ལ་༴ ཞེས་དང་། ཕྱི་ནང་གསང་གསུམ་༴ ཞེས་པ་དག་གོ དེ་ལྟར་མཎྜལ་ཕུལ་ནས་དཀྱིལ་འཁོར་ཕྱི་འཇུག་གི་ཆེད་དུ་གསོལ་བ་གདབས་པ་ནི། སྒོ་གསུམ་རྡོ་རྗེའི་གྲོང་འཕོ་ལས། ན་མོ༔ སངས་རྒྱས་ཀུན་གྱི་རང་བཞིན༴ ཞེས་ཤྭ་ལོ་ཀའི་མཐར། བཅིང་གྲོལ་སྙིང་པོ་ལས། ཀྱཻ༔ སངས་རྒྱས་ཀུན་གྱི་༴ སོགས། བཅིང་གྲོལ་སྙིང་པོ་ལས། འོ༔ འདི་ནི་གསང་གསུམ་༴ སོགས་ལན་གསོལ་ནི། དེ་ཉིད་ལས། ཀྱཻ༔ དོན་མེད་དཀའ་ཐུབ་༴ ཞེས་པ་ནས་སྨོས་ཅི་འཚལ༔ དེ་ནས་ནན་ཏན་གྱི་ཚུལ་དུ། སླར་ཡང་བླ་མས་གྲོང་འཕོ་ལས། ཧོ༔ གསང་སྔགས་རྡོ་རྗེ་༴ ཞེས་དང་། ཀྱཻ༔ ཅི་གསུང་བཀའ་བཞིན་༴ ཞེས་སོ། །དེ་ནས་བཅིང་གྲོལ་ལས། འོ༔ དེ་ལྟ་ན་ནི་༴ སོགས་དང་། ཀྱཻ༔ ཉིད་ཀྱི་གང་ལྟར་༴ སོགས་དང་། ཧོ༔ སོ་བྱང་སྔགས་ཀྱི་༴ སོགས་ནས་ ཨ་བྷི་ཥིཉྩ་ཧཱུྃ༔ གིས་བར་དང་། དེ་ནས་རྒྱུག་བྱང་ལས། མ་རིག་ལིང་ཏོག་༴ ཞེས་དང་། རྟེན་འབྲེལ་རྫས་ཀྱི་ཞེས་པ་ནས་༴ པུཥྤེ་པྲ་ཏིཙྪ་ཧོ༔ ཞེས་དང་། ཕྱོགས་བཞིའི་ཡེ་ཤེས་བཞིའི༔ ཞེས་པ་ནས། དག་པར་གྱུར༔ གྱི་བར་དང་། བཅིངས་གྲོལ་ལས། བཛྲ་པྲ་ཝན་ཙ་པྲ་ཝེ་ཤ་ཕཊ༔ ཞེས་དང་། མདུན་བསྐྱེད་དཀྱིལ་འཁོར་སོགས་དང་། ཧཱུྃ༔ ཆོས་ཉིད་སོགས་ནས་མ་བཏང་ཞིག༔ དེ་ནས་བྱིན་གྱིས་བརླབས་པ་ལ། སློབ་མ་ལྷར་བསྐྱེད་བྱིན་འབེབས་དང་། དབང་རྫས་བྱིན་བརླབས་དབབ་བསྟིམ་མཆོད༔ རྣམ་པ་གཉིས་ལས་དང་པོ་ནི༔ སློབ་མ་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་ཀུན་ཏུ་བཟང་པོ་ནི༔ མཉམབཞག་སྐྱིལ་ཀྲུང་ཡུམ་དང་འཁྲིལ༔ སྣང་སྟོང་གཉིས་མེད་སྐུ་མདོག་མཐིང་༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ ཡོངས་འདུས་དྲུག་པའི་བདག་ཉིད་གསལ༔ དེ་ནས་བཅིངས་གྲོལ་ལས། སློབ་མ་སྐད་ཅིག་གིས་རྡོ་རྗེ་ཀུན་ཏུ་བཟང་པོ་སོགས་ཀྱིས་བྱོན་པར་བསམ་པ་དང་། གཞུང་གི་བྱིན་འབེབས་ལ་ཁ་བསྒྱུར་ཟུར་གསལ་ལས། རྩ་རྒྱུད་རྡོ་རྗེའི་བྱིན་ཕོབ་ཅིག༔ སངས་རྒྱས་ཀུན་གྱི་སོགས་ཀྱི་མཐར་སུ་པྲ་ཏིཥྛ་སོགས་ཀྱིས་བརྟན་བཞུགས་བྱ། དེ་ནས་དབང་རྫས་བྱིན་རླབས་ནི། གྲོང་འཕོ་ལས། མ་ཧཱ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་༴ ནས། ཏིལ་གྱི་གོང་བུ་ཁ་ཕྱེས་པ་བཞིན༔ བཏགས་གྲོལ་དང་སྦྲེལ་བའི། ཟུར་གསལ། རྩ་བ་སྐུ་རིགས་ཡེ་ཤེས་འོད༔ ཐོར་གཙུག་ཡོན་ཏན་གཞལ་ཡས་སུ༔ སོགས་ནས། ཐིག་ལེ་ཉི་མ་ཟླ་བའི་གདན༔ ཞེས་རྩ་དཀྱིལ་ལ་འཇུག་ཅིང་༔ སྤྱན་དྲངས་གྱུར༔ གྱི་བར་དང་དེ་ནས་གྲོང་འཕོ་ལས། དེ་ལྟ་བུའི་སྐུ་གསུང་ཐུགས་དང་བླ་མའི་གནས་གསུམ་༴ སོགས་ནས། སྤྱན་དྲངས་ཏེ་དབང་རྫས་རྣམས་ལ་ཐིམ་པར་བསམ་ཞིང་། དེ་ནས་གཞུང་འབྲིང་པོ་བཞིན་གྱི་སྤྱན་འདྲེན་ལ་ཁ་བསྒྱུར། ཟུར་གསལ། སྟོང་ཉིད་ཐེག་ལྡན་ཞི་ཁྲོ་རྒྱལ་བའི་ལྷ༔ སྲས་མཆོག་བསྟན་པའི་བཙས་གསུམ་རྣམ་རོལ་གྱིས༔ འགྲོ་བའི་དོན་དུ་མྱུར་དུ་གཤེགས་ནས་སོགས། བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བཅས་རྫོགས་མཐར། དཀྱིལ་འཁོར་ནང་འཇུག་གི་དོན་དུ་གསོལ་བ་གདབས་པ་ནི། བཅིངས་གྲོལ་ལས། ཀྱཻ༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ སོགས་ཤྭ་ལོ་ཀའི་མཐར། རྒྱུག་བྱང་ལས། དབང་རྫས་དཀྱིལ་འཁོར་གྱི་༴སོགས་མོས་ལ། ཞེས་དང་གྲོང་འཕོ་ལས། སློབ་མའི་སྐུར་བསྟིམ་གྱི་གནས་དང་སོགས་ནས་༴ མཛོད་ཅིག༔ ཅེས་དང་། ད་ནི་སྐུ་བུམ་པའི་༴ནས་ཐོགས་ལ༔ བཅིངས་གྲོལ་ལས༔ ཧཱུྃ༔ ཁྱོད་ནི་གཞི་ཡི་ནས་དབང་ཐོབ་ཤོག༔ ཞེས་གསུངས་ནས་དབང་རྫས་ཅོད་པཎ་སྤྱི་བོར་བཞག་དུས། སློབ་མས་བླ་མ་དང་དབང་རྫས་ཀྱི་ལྷ་ལ་དབང་ཞུ་བ་ནི། རྒྱུག་བྱང་ལས། སངས་རྒྱས་ཐམས་ཅད་ཀྱི་ཡབ་གཅིག་པུ་སོགས་ཀྱི་སྐུའི་རྒྱུག་བྱང་གི་གསོལ་བ་བཏབས་མཐར་བླ་མས་བསྐུལ་ཚིག་གི་སྨོན་ལམ་འདི་བཞིན་གདབས། གྲོང་འཕོ་ལས། ཧོ༔ དུས་གསུམ་གྱི་རྒྱལ་བ་སོགས་ནས་ཨ་བྷི་ཥིཉྩ་ཧོ༔ ཅེས་དང་བཅིངས་གྲོལ་ལས། ཨོཾ་གུ་རུ་དེ་ཝ་ཞེས་པའི་སྔགས་གཉིས་སྦྲེལ་བའི་མཇུག་ཏུ། རྟེན་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་དབང་རྟགས་སུ་སྤྱི་བོར་རིན་པོ་ཆེའི་ཁང་སྒྲོམ་གཙུག་ཏོར་བལྟར་མི་མངོན་པའི་ཡེ་དབྱིངས་སུ་འཁྱིལ་ནས་བརྟན་པར་བསམ༔ དེ་ནས་གསུང་གི་དབང་བསྐུར་ནི། ཐོད་ཆང་ཐོགས་ལ། བཅིང་གྲོལ་ལས། ཧཱུྃ༔ དུས་གསུམ་རྒྱལ་བ་༴སོགས། སངས་རྒྱས་ཤོག༔ དེ་ནས་སློབ་མས་གསུང་གི་རྒྱུག་བྱང་གི་དབང་ཞུས་མཐར། བླ་མས་བཅིངས་གྲོལ་ལས། ཨོཾ་གུ་རུ་དེ་ཝ་སོགས་ཀྱི་བརྟན་པར་བྱ༔ དེ་ནས་བཏགས་གྲོལ་གྱིས་དབང་བསྐུར་ལ། བཅིངས་གྲོལ་ལས། ཨཱ༔ སྒྲ་ཉིད་གྲགས་སྟོང་སོགས་ནས་དབང་ཐོབ་ཤོག༔ ཞེས་དང་། སློབ་མས་གསུང་གི་རྒྱུག་བྱང་གི་ཞུས་ལ། བླ་མས། གྲོང་འཕོ་ལས། ཧོ༔ དབྱིངས་རང་བཞིན་དང་༴ནས་ཥིཉྩ་ཧོ༔ ས་བར་གྱིས་སྨོན་ཚིག་དང་སྔགས་ཆོག་གིས་བརྟན་པར་བྱས་པས། དེ་ལྟ་བུའི་གསུང་རྡོ་རྗེའི་ལྷ་རྣམས་འོད་དམར་གྱི་རྣམ་པར་ཞུ་ནས་སློབ་མའི་རླུང་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པས་དབང་རྟགས་སུ་རྡོ་རྗེ་གཙུག་ཏོར་གྱི་བུམ་པར་གཞལ་ཡས་ཁང་གི་ནང་དུ་བཞུགས་པར་བསམ་མོ༔ དེ་ནས་ཐུགས་ཀྱི་དབང་བསྐུར་ནི། རྡོ་རྗེ་རྩེ་ལྔ་བ་ཐོགས་ལ། བཅིངས་གྲོལ་ལས། ཧཱུྃ༔ ཆོས་སྐུ་ཀུན་བཟང་༴ ནས་འགྲུབ་པར་ཤོག༔ གི་བར་གྱིས་དབང་བསྐུར། སློབ་མས་ཐུགས་ཀྱི་རྒྱུག་བྱང་གི་དབང་ཞུ། དེ་ཉིད་བསྟིམ་ཞིང་བརྟན་པའི་ཕྱིར་བླ་མས་བཅིངས་གྲོལ་ལས། ཨོཾ་བཛྲ་གུ་རུ་༴ སོགས་ཀྱིས་སྟོང་ཚིག་བརྗོད། དེ་ནས་ཐིག་ལེ་སྟོང་སྒྲོན་དང་། མན་ཤེལ་མཆོད་རྟེན་ལག་ཏུ་ཐོགས། བཅིངས་གྲོལ་ལས། ཧཱུྃ༔ རིག་སྟོང་མི་ཕྱེད་ནས་དབང་ཐོབ་ཤོག་དང་། སློབ་མས་ཐུགས་ཀྱི་རྒྱུག་བྱང་གིས་ཞུས། བླ་མས་དེ་ཉིད་བསྟིམ་བརྟན་སླད། གཉིས་ཀ་མཉམ་དུ་གཏད་ནས། གྲོང་འཕོ་ལས། ཧོ༔ ཐུགས་ཕྱི་ནང་གསང་བའི་ཡེ་ཤེས་སོགས་ཀྱིས་སྨོན་ལམ་སྔགས་ཚིག་དང་བཅས་པས། ཐུགས་ཀྱི་དཀྱིལ་འཁོར་དེ་དག་ཐམས་ཅད་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་དབང་རྟགས་སུ་སྤྱི་བོར་སྐུ་དང་རང་འོད་ཀྱི་རྣམ་པར་བརྟན་པར་བསམ༔ དེ་ནས་སྐྲ་ཡོད་ན་ཡོན་ཏན་གྱི་དབང་གི་དོད་དང་། མེད་ན་སྐྲ་ཚབ་ཀྱང་འདིའི་འོང་བས་མཐིང་དམར་ཅོད་པཎ་གྱི་དབང་བསྐུར་བ་ནི། སློབ་མས་ཡེ་ཤེས་རྡོ་རྗེའི་རྒྱུག་བྱང་ཞུས། བླ་མས། གྲོང་འཕོ་ལས། ཕྱི་ལྟར་ན་རོ་རྐྱང་གི་ནས་ཨ་བྷི་ཥཉྩ་ཧོ༔ སོགས་ཀྱིས་བསྟིམ་བརྟན་བྱས་པས། ལྷ་འོད་དུ་ཞུ་ནས་རྩ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་ཞིང་རྩ་ཡི་འགྲོས་ཐིམ་ནས་གཙུག་ཏོར་རྩེ་མོའི་དབྱིངས་སུ་བརྟན་པར་བསམ་མོ། དེ་ནས་སྐྲ་མེད་ན་ཡོན་ཏན་ཕྲིན་ལས་ལ་སྐུ་གསུང་ཐུགས་སྤུངས་པའམ། སྐྲ་ཡོད་ན་གཏོར་མ་འདི་དགོས་སུ་ཕྲིན་ལས་ཀྱི་དབང་དུ་བྱ་བ་དང་། སྐྲ་མེད་ན་ཡོན་ཏན་དང་ཕྲིན་ལས་གཉིས་ཀ་འདིའི་འཐེར་ཏེ། བླ་མས་བཅིངས་གྲོལ་ལས། ཧོ༔ དུས་གསུམ་སངས་རྒྱས་༴ ནས་དབང་ཐོབ་ཤོག༔ སློབ་མས་བླ་མས་བཅིངས་གྲོལ་ལས། གུ་རུ་དེ་ཝའི་སྔགས་ཀྱིས་བསྟིམས་བརྟན་བྱས་པར༔ མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་སྨིན་ཅིང་གྲོལ་བར་བསམ་ལ༔ དེ་ནས་སློབ་མས་རྒྱུག་བྱང་ལྟར། རྟེན་འདི་བཏགས་པའི་༴ སོགས་དེ་ནས་མཐའ་རྟེན་རྫས་རྟགས་སྣ་བདུན་གཏད། དེ་ནས་དམ་ཚིག་ཁས་བླངས་ནི། བཅིངས་གྲོལ་ལས། གཙོ་བོ་འཇིག་རྟེན་མགོན་པོ་དགོངས༔ བསྒྲགས་པ་བཞིན་དུ་བདག་གིས་བགྱིད༔ གཏང་རག་མཎྜལ་ཕུལ་ཞིང་ལུས་འབུལ་ནི། གྲོང་འཕོ་ལས། ཧོ༔ མ་བཅོས་བཞི་ལྡན་༴ནས་བདག་གི་བསྒྲུབ༔ ཁྱེད་ལ་བདག་ནི་འབུལ་ལགས་ན༔ སློབ་མར་བཟུང་ནས་སྤྱད་དུ་གསོལ༔ ཅེས་དང་ཤིས་བརྗོད་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །དེ་ཡང་ཟུར་གསལ་ལས། རྩ་བ་སྐུ་རིགས་ཀྱི་ཁ་བསྒྱུར་དང་ཐུགས་ལས་ཨེ་ཡཾ་བཾ་ལཾ་གྱི༔ གོ་སར་ཁ་བསྒྱུར་གཉིས་ནི་བདག་མདུན་ལ་རྒྱས་བསྡུས་ཕན་ཚུན་གང་སྤྲད་མོས་པ་ལ་བསྒྲིགས་ཕྱིར་དང་། དབང་གི་དུས་སུ་རྒྱས་བསྡུས་གང་གི་བཙས་གསུམ་ལྷ་བསྐྱེད་མོས་པ་ལ་བདེ་ཕྱིར་དེ་ལྟར་ཡིན་ལ། དེ་གང་ལའང་བྱིན་འབེབས་ཟུར་གསལ་གྱི་ཁ་བསྒྱུར། སངས་རྒྱས་ཀུན་གྱི་སྲས་གཅིག་པུ༔ ཞེས་པ་ནི་ལས་གཞུང་ལ་བྱས་ན་བཟང་ལ། མ་བྱས་ཀྱང་དབང་དུས་སློབ་མ་ལྷ་བསྐྱེད་ཀྱི་ཁ་བསྒྱུར་གྱིས་ཆོག །སྤྱན་འདྲེན་ཟུར་གསལ་གྱི་ཁ་བསྒྱུར། སྟོང་ཉིད་ཐེག་ལྡན་ཞི་ཁྲོ་སོགས་ཞེས་པ་ནི་ལས་བྱང་བསྒྲུབ་པའི་དུས་དང་དབང་གི་སྐབས་གཉིས་ཀ་ལ་ངེས་པར་དགོས་སོ། ཨེ་མ་ཧོ༔ རྒྱུད་ཉིད་བསྒྲུབ་ཐབས་དང་འབྲེལ་ལ༔ བསྒྲུབ་ཐབས་མན་ངག་ཉིད་དང་འབྲེལ༔ མན་ངག་ཆོག་འགྲིགས་དང་འབྲེལ་ཞིང་༔ ཆོག་འགྲིགས་ཕྱག་བཞེས་ཉིད་དང་འབྲེལ༔ ཕྱག་བཞེས་ལས་ནི་ལག་ལེན་འབྲེལ༔ དེ་ནས་གནད་སྡེབས་མི་འཁྱུག་འབྲེལ༔ རང་གཏེར་རང་གིས་བསྒྲིགས་པ་ཡིས༔ བྱིན་རླབས་ཚན་ཁ་མི་ཉམས་འབྲེལ་བ་འདི༔ ག་ག་ཨ་བྷྱེས་ཁྱད་ཆོས་ཡིན༔ དབང་བསྐུར་རིམ་པ་འདི་དག་ཀྱང་སོ་སོའི་ཀྱང་ནི་དོན་གྲུབ་སྟེ༔ བསྒྲིགས་ན་མཆོག་ཏུ་གྱུར་བའོ༔ ཅེས་པ་འདི་ཡང་རྡོ་རྗེའི་རིག་པ་མཆོག་གྲུབ་པའི་དབང་ཕྱུག་ཆེན་པོ་གྲོགས་མཆེད་ཀྱི་དྭངས་མ་གནས་བརྟན་དོན་གྱི་རྡོ་རྗེ་འཛིན་པ་བཱིདྱཱ་དྷ་ར་བི་ཛ་ནས་བཞེད་པ་གྲུབ་ཕྱིར་སྔགས་འཆང་ག་གཱས་སྨྲས་པའི་ཡི་གེའི་རིས་བྱེད་རིག་པ་འཛིན་པ་པདྨ་ཡ་ནས་མཛད་པའོ། །མངྒ་ལཾ། །བཏགས་གྲོལ་དང་སྦྲེལ་ན་རྩ་བའི་དཀྱིལ་འཁོར་གྱི་ལྷ་བསྐྱེད༔ རྩ་བ་སྐུ་རིག་ཡེ་ཤེས་འོད༔ ཐོར་ཅོག་ཡོན་ཏན་གཞལ་ཡས་སུ༔ བསྟན་པའི་བཙས་གསུམ་གཟུགས་བརྙན་ནི༔ སྐུ་མཆོག་སྤྲུལ་སྐུའི་དཀྱིལ་འཁོར་ལྷའི༔ གསུང་གསང་ལོངས་སྐུའི་བཀོད་པ་ངོམ༔ སྣང་སྟོང་ཆོས་སྐུའི་ངོ་བོ་ཉིད༔ བླ་མ་ཡོངས་རྫོགས་འདུས་པའི་ཞལ༔ ཐིག་ལེ་ཉི་མ་༴ སོགས། ༈རྡོ་རྗེ་ཀུན་བཟང་ཡབ་ཡུམ་གྱི༔ ཐུགས་ཀའི་ཨེ་ཡཾ་བཾ་ལཾ་རཾ༔ གྱི་གོ་སར་༴ ཐུགས་ལས་ཐོར་ཚུགས་ཡོན་ཏན་གྱི༔ གཞལ་ཡས་ཁང་གི་ནང་དབུས་སུ༔ སྐུ་མཆོག་སྤྲུལ་སྐུའི་སོགས་ནས་འདུས་པའི་ཞལ༔ སྐུ་གསུང་ཐུགས་ལྡན་ངོ་བོར་དམིགས༔ ཧཱུྃ་མཱུྃ༔ དབུས་ཀྱི་ལྟེ་བར་༴ སོགས་དང་སྤྱན་འདྲེན་ལ༔ སྟོང་ཉིད་ཐེག་ལྡན་ཞི་ཁྲོ་རྒྱལ་བའི་ལྷ༔ སྲས་མཆོག་བསྟན་པའི་བཙས་གསུམ་རྣམ་རོལ་གྱིས༔ འགྲོ་བའི་དོན་དུ་མྱུར་དུ་གཤེགས་ནས་སོགས་ཁ་བསྒྱུར་བྱ༔ ཡང་ན་རྩ་དཀྱིལ་ལ་ཁ་བསྒྱུར་མི་དགོས༔ དབང་གི་བྱིན་འབེབས་ཀྱི་རྩ་བརྒྱུད་རྡོ་རྗེའི་བྱིན་ཕོབ་ཅིག༔ ཅེས་པའི་མཐར༔ སངས་རྒྱས་ཀུན་གྱི་སྲས་གཅིག་པུ༔ བསྟན་པའི་བཙས་གསུམ་བྱིན་ཕོབ་ཅིག༔ སྒོ་གསུམ་སྐུ་དང་ཡེ་ཤེས་ཀྱི༔ རང་བཞིན་༴ སོགས་ཅེས་ཀྱང་ག་གཱས་སོ། །རྒྱུག་བྱང་ནི༔ ཐོག་མར་ཁྲུས་བྱས་བགེགས་བསྐྲད་ཆོས་བཤད་བྱས་མཐར༔ འོ༔ ཁྱོད་རང་སྔོན་ཆད་བླ་མ་སྐུ་གསུམ་འདུས་པའི་དཀྱིལ་འཁོར་འདི་མ་མཐོང་བའམ་མཐོང་ཀྱང་བསྐྱར་ནས་འཇུག་པའི་བརྡར་རས་ཡུག་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད༔ ཙཀྵུ་བྷནྡྷ་མ་ན་ཝ་ར་ཡེ་སྭཱ་ཧཱ༔ ཞེས་དང་༔ དཀྱིལ་འཁོར་གྱི་ལྷ་ལ་ཕྱག་རྟེན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་ཕྲེང་བ་རེ་བཟུང་བའི་མོས་པ་མཛད༔ ཨ་ཁཾ་ཝི་ར་ཧཱུྃ༔ ཞེས་དང་༔ མཎྜལ་ནི༔ ཕྱིན་ནང་གསང་གསུམ་ཡེ་ནས་སྐུ་གསུམ་གྱི༔ གཞི་ལམ་འབྲས་བུའི་སྐུ་གསུང་ཐུགས་དང་ནི༔ བྱང་ཆུབ་སེམས་ཀྱི་མཎྜལ་རྒྱས་པར་རྫོགས༔ རྣམ་སྨིན་དྲི་བཅས་རྡོ་རྗེ་སེམས་དཔའ་ཡི༔ རང་བཞིན་འབྲས་བུའི་དཀྱིལ་འཁོར་ལྷ་ཚོགས་ལ༔ གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་འབུལ༔ སྣང་ཞེན་ཆོས་ཉིད་དབྱིངས་སུ་དག་གྱུར་ནས༔ དོན་གྱི་རིག་སྐུའི་ཞིང་ལ་སྤྱོད་པར་ཤོག༔ གུ་རུ་དེ་ཝ་ཊཱཀྐི་ནི་དྷརྨཱ་ཀ་ཡ་སམྦྷོ་ཀ་ཡ་ནིརྨ་ཀ་ཡ་པཱུ་ཙ་མཎྜ་ལ་ས་མུ་ཊ་སྥ་ར་ཎ་ས་མ་ཡ་ཨཱ་ཧཱུྃ༔ ཅེས་བརྗོད་དེ་ནས་དམ་བསྒྲགས་མཐར༔ མ་རིག་པའི་ལིང་ཐོག་ཡེ་ཤེས་ཀྱི་ཐུར་མས་བསལ་བས་ཇི་བཞིན་ཇི་སྙེད་པའི་སྐུ་གསུམ་ཡེ་ཤེས་གྱི་དཀྱིལ་འཁོར་མངོན་དུ་མཐོང་བར་གྱུར༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི་ཉིད་སྔོན་བརྟེན་པའི་སྟོབས་ཀྱིས་ལས་འབྲེལ་མྱུར་དུ་སངས་རྒྱས་འགྱུར་གང་ལ་ཡོད་པའི་ལྷ་དེ་དང་དེ་ལ་འབབས་པར་ཤོག་ཅིག༔ པུཥྤེ་པྲ་ཏིཙྪ་ཧོ༔ ཕྱོགས་བཞི་ཡེ་ཤེས་བཞིའི་སྒོ་ནས་རང་བཞིན་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་བཞིན་དུ༔ ན་མོ་ན་མ་ཧཱུྃ༔ ཞེས་ལན་བཞི་བརྗོད་པས་ཡེ་ཤེས་ཀྱི་མཐོང་བ་ཡོངས་སུ་རྫོགས་པ་ཤིན་ཏུ་དག་པར་གྱུར་བར་བསམ་པྲ་ཝེ་སོགས་གཞུང་བཞིན༔ དེ་ནས་བྱིན་དབབ་བརྟན་བཞུགས་ཀྱི་མཐར༔ དབང་རྫས་དཀྱིལ་འཁོར་གྱི་ལྷའི་རྣམ་པ་ཐམས་ཅད་བྱོན་ནས་སློབ་མའི་གནས་བཞིར་ཐིམ་ནས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་པར་གྱུར་བའི་དབང་བསྐུར་ཞིང་༔ སྤྱི་བོར་དབང་རྟགས་སྐུ་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དུས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་བརྟན་པོ་བཞུགས་ཤིང་བྱིན་གྱིས་རློབས་པ་དང་༔ འགལ་རྐྱེན་བར་ཆད་ཐམས་ཅད་བསལ་བ་དང་༔ སྐུ་གསུང་ཐུགས་དབྱེར་མེད་པའི་རྒྱས་གདབས་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས་དེ་དེ་བཞིན་དུ་གནང་བར་གྱུར་བར་མོས་ལ༔ ཧཱུྃ༔ ཁྱོད་ནི་གཞི་ཡི་ཀུན་ཏུ་བཟང་༔ སོགས་བཏགས་གྲོལ་དང་སྦྲེལ་བའི་རྒྱུག་བྱང་ནི༔ སངས་རྒྱས་ཐམས་ཅད་ཀྱི་ཡབ་གཅིག་པོ་གདུལ་བྱའི་དོན་དུ་སྲས་ཀྱི་ཚུལ་བཟུང་བ་བསྟན་པའི་བཙས་གསུམ་དུ་སྣང་བ་ཉིད་ཀྱིས་འབྲས་བུའི་ཡོན་ཏན་རྡོ་རྗེ་གཙུག་ཏོར་གྱི་བུམ་པར་བརྟེན་ནས་བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བསྐུར་དུ་གསོལ༔ རྟོགས་པ་སྤར་དུ་གསོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཆེར་འཕེལ་ཞིང་རྒྱས་པ་དང་༔ མཆོག་གི་དངོས་གྲུབ་རྡོ་རྗེ་སྤྲུལ་པའི་སྐུ་ཚེ་འདི་ཉིད་ལ་འགྲུབ་པར་མཛད་དུ་གསོལ༔ ཞེས་བསྟན་པ་སྤྱིའི་སྙིང་པོ་ལན་གསུམ༔ དེ་བཞིན་དུ་ལྷག་མ་གསུམ་ལ་ཡང་༔ ངག༔ ཡིད༔ སྒོ་གསུམ་ཆ་མཉམ་ཀྱི་ལས༔ གསུང་༔ ཐུགས༔ ཡེ་ཤེས་རྡོ་རྗེ༔ ལོངས་སྐུ༔ ཆོས་སྐུ༔ ངོ་བོ་ཉིད་སྐུ༔ ཞེས་པའི་ཁ་བསྒྱུར་བྱ་ཞིང་འོད་ཀྱི་ཕུང་པོའི་རྣམ་པར་བྱིན་ནས་ཐིམ་པར་བསམ་པ་ཙམ་ལས་ཁྱད་མེད་ཀུན་ལ་ཡང་སྔགས་བྱང་གི་འགོར་བཏགས་གྲོལ་ཚར་རེ་འདོན་པའམ༔ ཡང་ན་བུམ་དབང་གི་གོང་དུ་མཎྜལ་གསེར་གཡུའི་སྤྲས་པ་ཐོར་ཚུགས་དང་བཏགས་གྲོལ་ལྷར་གསལ་བ་ལ་བྱིན་གྱིས་བརླབ་པའི་ཡོན་དུ་ཕུལ་ནས་བསྐོར་བ་ལན་གསུམ༔ ཕྱག་ལན་གསུམ༔ རྒྱུད་ཚར་གཅིག་བཀླགས་ནས་དབང་ཀུན་སྟབས་གཅིག་ཏུ་བླངས་བས་ཀྱང་ཅུང་ཟད་རུང་བར་བཤད་དོ༔ མཐར་ནི༔ རྟེན་འདི་བཏགས་པའི་བྱིན་རླབས་ཀྱིས༔ བདག་ནི་མཐོང་ཐོས་དྲན་རེག་ཀུན༔ དེ་མ་ཐག་དུ་གྲོལ་གྱུར་ནས༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ ཅེས་བརྗོད༔ དེ་སྐད་དུ་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་རིགས་ཀྱི་མྱུར་གུར་སྐྱེ་སྲིད་ཐོབ་པ་ག་ག་ཨ་བྷྱེའི་སྨྲས་པའི་ཡི་གེའི་འདུ་བྱེད་འགྱུར་མེད་རྣམ་པར་རྒྱལ་བས་སོ། །


previousརྡོ་རྗེ་གཙུག་ཏོར་གྱི་དབང་གི་ཆོག་འགྲིགས་འགྱུར་མེད་རྡོ་རྗེའི་རྒྱ་ཆིངས།next