Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཤེད་འཁྱམས་འདུལ་བའི་ཁྲུས་ཆོག་སྙིང་རྗེའི་རང་མདངས།
  
  
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousགཤེད་འཁྱམས་འདུལ་བའི་ཁྲུས་ཆོག་སྙིང་རྗེའི་རང་མདངས།next

གཤེད་འཁྱམས་འདུལ་བའི་ཁྲུས་ཆོག་སྙིང་རྗེའི་རང་མདངས།

གཤེད་འཁྱམས་འདུལ་བའི་ཁྲུས་ཆོག་སྙིང་རྗེའི་རང་མདངས་ཞེས་བྱ་བ་བཞུགས་སོཿཤུ་བྷཾ༔

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གཤེད་འཁྱམས་འདུལ་བའི་ཁྲུས་ཆོག་སྙིང་རྗེའི་རང་གདངས་ཞེས་བྱ་བ་བཞུགས་སོ༔ དཀྱིལ་འཁོར་བསྒྲུབས་ཕྲིན་སྔོན་སོང་ནས༔ གྲངས་དུས་རྟགས་བསྙེན་ལྡན་པ་ཡི༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན༔ རང་གདེངས་ཐོབ་པའི་རྣལ་འབྱོར་པ༔ དོན་སྟོང་སེམས་ཀྱི་ངང་ལྡན་པའི༔ སྣང་བ་དབང་བསྒྱུར་རང་དབང་དུ༔ ཐོབ་པའི་སེམས་རྩལ་རྫོགས་པ་ཡིས༔ ཇི་ལྟར་བྱིན་གྱིས་བརླབས་ཀྱང་ཆོག༔ དེ་ཕྱིར་མིང་བྱང་དྲི་མཚན་ལ༔ དང་པོ་ཞི་བས་འདུལ་བ་སྟེ༔ གསང་སྔགས་ཐབས་ལ་མཁས་པའི་སྒོ༔ བསམ་གྱིས་མི་ཁྱབ་རྣམ་ཐར་ལ༔ ཆོས་ཅན་ཆོས་ཉིད་བདེན་སྟོབས་མཐུས༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡཱ༔ དམ་ཚིག་ལྡན་པའི་གང་ཟག་གིས༔ སྙིང་རྗེ་ཆེན་པོའི་ཀུན་སློང་བས༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་བ་གསུམ་གྱི་བྱིན་རླབས་དང་༔ སྐུ་གསུམ་ཡེ་ཤེས་མཐུ་སྟོབས་ཀྱིས༔ གནོད་བྱེད་གསོན་བདུད་གཤིན་ལྕགས་དང་༔ ཁྱད་པར་ཉིང་འཁྲུལ་གཤེད་བདུད་ཚོགས༔ མིང་བྱང་འདི་ལ་གཉིས་མེད་ཁུག༔ ཎྲི་ཏྲི་བཛྲ་ཨཾ་ཀུ་ཤ་ཛ་ཛ༔ ཛཿཧཱུྃ་བྃ་ཧོས་བརྟན་པར་བྱ༔ དེ་ནས་བགེགས་མགྲོན་ལ་གཏོར་མས་བརྔན་ནས་མཚམས་བཅད་པ་སོགས་གཞུང་བཞིན་བྱས་ལ༔ བདེན་པའི་ཚིག་གིས་གནད་བཀྲོལ་བ་ནི༔ ཀྱཻ༔ ང་ནི་དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ ང་ནི་དཀྱིལ་འཁོར་ཀུན་གྱི་འཁོར་ལོའི་བསྒྱུར༔ ང་ནི་འཁོར་འདས་ཀུན་གྱི་ཁྱབ་བདག་ཆེ༔ ང་ནི་སེམས་ཅན་ཀུན་གྱི་སྐྱོབས་བྱེད་མགོན༔ ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ༔ ང་ནི་རྫུན་གྱི་རྒྱུ་བཞི་དག་པ་ཡིན༔ ང་ནི་གཤིན་བདུད་ཀུན་ལ་བྱམས་པའི་མ༔ ང་ནི་འདྲེ་གདོན་ཡོངས་ལ་བརྩེ་བའི་ཕ༔ ང་ནི་སྙིང་རྗེ་ཆེན་པོའི་སྤྱི་གཟུགས་ལགས༔ ཁྱོད་ལ་གདུང་སེམས་ལྡན་པའི་བདེན་ཚིག་འདི༔ དྲང་པོའི་ངག་གིས་དྲང་པོའི་ལམ་བསྲིང་ཕྱིར༔ ཞི་ཞིང་འཇམ་དེས་ལྡན་པས་གནད་བཀྲོལ་གྱི༔ དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད༔ འཚོ་བའི་ཟས་ལ་མི་ཆགས་གང་ཡང་མེད༔ འབྱུང་བ་ལྔ་ལ་མི་བརྟེན་གང་༴ འཆི་བའི་སྲོག་ལ་མི་འཚེར་གང་༴ བདེ་བ་དེང་དུ་མི་ལེན་གང་༴ སྡུག་བསྔལ་འདོར་བ་མི་འདོད་གང་༴ རང་གིས་རང་ལ་མི་བྱམས་གང་༴ དེ་བས་བདག་གཞན་བསམ་མནོ་མཐུན་གནས་ཕྱིར༔ བདག་ལ་དཔེ་ལོང་གཞན་གནོད་མ་བྱེད་ཅིག༔ སྔགས་འཆང་ང་ཡི་བཀའ་ལས་འདའ་མི་འཚལ༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ བདེ་སྡུག་རྒྱུ་ནི་དགེ་སྡིག་ལས་ཡིན་ཏེ༔ དེ་ཉིད་སློང་བྱེད་བསམ་པའི་བྱེ་བྲག་གོ༔ བསམ་པ་བཟང་ན་ས་དང་ལམ་འབྲས་བཟང་༔ བསམ་པ་ངན་ན་དེ་དག་ངན་པར་གསུངས༔ དེ་ཕྱིར་བྱང་ཆུབ་སེམས་ལ་གནས་པར་བྱོས༔ དེས་ནི་ཚེ་འདིར་དགེ་ལ་ཕྱི་མ་བདེ༔ སངས་རྒྱས་འབྲས་བུ་བླ་མེད་ཐོབ་པར་འགྱུར༔ བསམ་པ་བཟང་པོའི་ཀུན་ནས་བསླང་བ་ཡིས༔ གནས་སྐབས་བདེ་བའི་རྒྱུ་ནི་འདི་ལྟ་སྟེ༔ སྲོག་སྐྱབས་རྐུ་འཕྲོག་སྤང་ཞིང་འཁྲིགས་མི་སྤྱད༔ བདེན་དང་འཇམ་སྨྲ་དབྱེན་དང་ངག་འཁྱལ་མེད༔ ཕན་སེམས་འདོད་ཆུང་རྒྱུ་འབྲས་ཡིད་ཆེས་སོ༔ དེ་ཡིས་ལྷ་མིའི་བདེ་བ་མི་དམན་པ༔ མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་འགྱུར༔ ཚངས་པའི་གནས་པ་བཞི་པོ་འདི་བསྒོམ་པས༔ གཟུགས་ཁམས་ལྷ་ཡི་བདེ་བ་དམ་པ་དང་༔ བྱམས་ཆོས་ཡོན་ཏན་བརྒྱད་དང་ལྡན་འབྲས་ཐོབ༔ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞི༔ ཀྱཻ༔ ང་ནི་སྡུག་བསྔལ་རྒྱུ་འབྲས་སྤངས་བ་ཡིས༔ ཟག་ཟད་དོན་གྱི་དགེ་སློང་ཧེ་རུ་ཀ༔ ཁྱོད་ལ་སྡུག་བསྔལ་རྒྱུ་འབྲས་རྒྱས་པར་བཤད༔ དེ་དག་ཤེས་ནས་སྤོངས་ཤིག་རིགས་ཀྱི་བུ༔ ཀྱཻ༔ སྡུག་བསྔལ་རྒྱུ་འབྲས་དངོས་པོ་གང་ཞེ་ན༔ ཀུན་སློང་ངན་པ་ཆགས་སྡང་རྨོངས་གསུམ་ཡིན༔ ལས་ནི་སྲོག་གཅོད་རྐུ་འཕྲོག་ཆགས་པ་སྤྱད༔ རྫུན་ཕྲ་ཞེ་གཅོད་ངག་འཁྱལ་སྨྲ་བ་དང་༔ ཁྱད་པར་བརྣབ་སེམས་གནོད་སེམས་རྒྱུ་འབྲས་ལ༔ ལོག་ལྟ་ཐེ་ཚོམ་ཟ་བ་རྣམ་དག་གོ༔ ཞེ་སྡང་དབང་གིས་མི་དགེ་གང་བྱས་ཀྱང་༔ དམྱལ་བའི་གནས་སུ་ཚ་གྲངས་སྡུག་བསྔལ་མྱོང་༔ འདོད་ཆགས་གིས་བསླངས་ཡི་དྭགས་གཤིན་འདྲེར་སྐྱེ༔ བཀྲེས་སྐོམ་དུས་ཚིག་ལོག་དང་ནད་ཀྱིས་གདུང་༔ ཞག་བདུན་མཚམས་ནས་འཆི་བའི་སྡུག་བསྔལ་ཡོད༔ ཁ་དང་ཁོང་བར་མེ་འབར་རྣམ་ཁྲག་འཚལ༔ གཞན་གྱིས་གནོད་འཚེ་ཐུན་དང་མཚོན་གྱིས་བརྡེག༔ བསྐྲད་རྨོངས་དབྱེ་བ་ལ་སོགས་བསམ་མི་ཁྱབ༔ ཁྱོད་ཀྱང་ད་ལྟ་སྡེ་ཚད་དེ་ན་མཆིས༔ འདི་ལྟར་སྡུག་བསྔལ་མྱོང་བའི་རྒྱུ་ཡིན་པས༔ བདེན་ནམ་རང་གི་ལུས་ལ་བསམ་གཞིག་མཛོད༔ དེ་ལྟར་འགྱུར་བའང་འཆི་ཁའི་བསམ་སྦྱོར་དེ༔ འདུ་ཤེས་ལོག་པ་སྐྱེ་བས་ལན་པ་ཡིན༔ གཏི་མུག་དབང་གིས་མི་དགེ་སྤྱད་པའི་འབྲས༔ བྱིང་ན་གནས་དང་ཁ་ཐོར་དུད་འགྲོར་སྐྱེ༔ བཀོལ་སྤྱོད་གླེན་ལྐུགས་གཅིག་ལ་གཅིག་ཟ་སོགས༔ མདོར་ན་བདེ་བའི་གནས་མེད་སྡུག་བསྔལ་ལོ༔ ཀྱཻ་མ་ལས་ཀྱིས་མནར་བའི་གཤིན་ཆགས་ཁྱོད༔ གནས་ངན་འདི་རུ་ད་ལྟ་སྡུག་བསྔལ་བའི༔ བསམ་སྦྱོར་ལོག་པའི་འདུ་ཤེས་སྐྱེ་བའི་རྐྱེན༔ དགྲ་སྡང་བ་ལ་གནོད་ལན་མ་འབྱོར་བས༔ འཆི་ཁ་འདི་ནས་ཚེ་འཕོས་གྱུར་བ་ན༔ དགྲ་འདིའི་སྲོག་གི་གཤེད་མར་ཤོག་ཅིག་ཅེས༔ སྨོན་ལམ་ལོག་བཏབས་ཤི་འདྲེ་གཤེད་འཁྱམས་སྐྱེས༔ དེ་ནི་གནོད་པའི་ལན་ལ་སྡང་ཆགས་གྱུར༔ འདི་ནས་མི་ལོ་བྱེ་བར་སྡུག་བསྔལ་སྟེ༔ ཚེ་འཕོས་དམྱལ་བ་ཡང་སོས་གནས་སུ་སྐྱེ༔ ད་དུང་དུ་ཡང་ཟོ་ཆུན་རྒྱུན་ལྟར་འཁོར༔ ཀྱཻ༔ དགྲ་འདི་ངེས་པར་དགྲ་རུ་མ་ངེས་ཏེ༔ འཁོར་བ་དག་ན་ངེས་པ་མེད༔ སྔོན་གྱི་དྲང་སྲོང་རྣམས་ཀྱིས་ཀྱང་༔ ཕ་ཤ་ཟ་ཞིང་མ་ལ་བརྡེག༔ གསོད་པའི་དགྲ་བོ་པང་དུ་བླངས༔ ཆུང་མས་ཁྱོ་ཡི་རུས་པ་འཆའ༔ འཁོར་བའི་ཆོས་ལ་གད་མོ་བྲོ༔ ཞེས་གསུངས་བདེན་པའི་ཚིག་དེ་བཞིན༔ དེ་ཕྱིར་སྔོན་གྱི་ཕ་མའམ༔ བུ་རྒྱུད་སྐལ་བཅད་བསད་པར་བྱས༔ ཡང་ན་རང་གིས་དགྲ་འདི་ལ༔ གནོད་པ་འདི་འདྲར་བྱས་པ་ཡིས༔ ལན་ཆགས་ཁྱོད་ལ་འཁོར་བ་ཡིན༔ ལས་མེད་གནོད་གདུག་མི་འབྱུང་སྟེ༔ བདུད་བཞི་བཅོམ་པའི་སངས་རྒྱས་བཞིན༔ དེ་བས་རང་གིས་ལན་པ་ཡིན༔ ད་དུང་འདི་འདྲའི་གནོད་འཚེ་ཡི༔ བསམ་སྦྱོར་ངན་པ་མི་འདོར་ན༔ གཏན་དུ་སྡུག་བསྔལ་འདི་འདྲ་མྱོང་༔ བདེ་བའི་གནས་ལ་རེག་དུས་མེད༔ ངན་སོང་རྒྱུ་འདི་སྤོངས་མཛོད་ཅིག༔ རང་གི་རང་ལ་བྱམས་ཤེས་ན༔ རང་དྲིན་རང་ལ་ཆེ་བ་ཡིན༔ འདི་ལ་གནོད་པ་མེད་ཀྱི་སྟེང་༔ སྔོན་གྱི་ལན་ཆགས་དེས་བྱང་ནས༔ ཕྱི་མ་ངན་སོང་སྡུག་བསྔལ་ཆེན་པོ་ནི༔ བཟོད་གླགས་མེད་པའི་ཁག་དེ་དེས་ཤུགས་ནས༔ ལེགས་པར་བསམ་ན་གནོད་ལས་ཕན་པ་ཆེ༔ ཁྱོད་ཀྱི་གནོད་བསྐྱལ་ཡིན་ཙམ་སུས་ཤེས་ཀྱི༔ ཁྱོད་རང་གཅིག་པུར་བསམ་སྦྱོར་ལོག་པ་ཡིན༔ རང་གིས་རང་ལ་ངེས་པར་གནོད་བྱས་ཡིས༔ དེ་བས་ཀྱང་ནི་ངན་སེམས་འདི་སྤོངས་ཤིག༔ གང་ཞིག་ཁྱོད་ལ་གནོད་པ་བྱས་ནའང་༔ དེ་ལ་སླར་ཡང་བཟོད་པ་སྒོམ་ནུས་ན༔ མཚན་དང་དཔེ་བྱད་ལྡན་པའི་རྒྱལ་བར་འགྱུར༔ ཁོ་རང་གཅིག་པུར་ལན་ཆགས་ངན་སོང་འགྲོ༔ ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་གསུངས༔ ཁྱོད་ཀྱིས་འདི་ལ་གནོད་ལས་མི་དགོས་ཏེ༔ དགོས་ཀྱང་རང་དབང་བསམ་པའི་ཐོག་མི་ཁེལ༔ འགོ་བའི་ལྷ་ཡིས་བསྲུང་སྐྱོབས་མཛད་པ་དང་༔ མགོན་བྱེས་སྔགས་བོན་དག་གི་ཕན་བྱེད་ཅིང་༔ མ་ཟད་སླར་ཡང་ཁྱོད་གསོད་བསྐྲད་བསྐྱུགས་མནན༔ གཟིར་ཞིང་ཕྱིན་ཆད་གླགས་མི་རྙེད་པའི་རྒྱུ༔ དེ་ལས་ཁྱོད་རང་འཁྲུལ་པ་ངོ་ཤེས་མཛོད༔ ད་སྔོན་མཁའ་རྒྱུའི་ཡི་དྭགས་སྡུག་བསྔལ་འདིའི༔ བརྒྱ་སྟོང་ཆ་ཡི་གནོད་ཀྱང་མ་ནུས་པས༔ ད་དུང་རང་གིས་རང་ལ་སྡུག་གཏད་དེ༔ འདི་ལྟར་གནས་ངན་བླངས་ལ་དགོས་པ་མེད༔ ཀྱཻ༔ ཡང་ཅིག་གནས་ངན་ལེན་པའི་མཚམས་སྦྱོར་ནི༔ ཡུལ་དང་གནས་བཟང་བ་ལ་ཆགས་པས་ནི༔ གནས་བདག་མཁའ་རྒྱུའི་འདྲེ་རུ་སྐྱེ་བར་འགྱུར༔ རི་དང་ཆུ་བྲག་ཤིང་ལ་གནས་སུ་འདུ་ཤེས་སྐྱེ༔ ས་རྡོ་སོགས་ལ་མཛེས་པའི་ལུས་ཀྱི་འདུ་ཤེས་སྐྱེད༔ འདུ་ཤེས་ལོག་པས་བདག་བཟུང་དེ་ཉིད་ལ༔ ཕྲག་དོག་འཁྲེན་གཟེར་གཞན་ལ་གནོད་པ་བསྐྱེད༔ ཡུལ་ནི་སེམས་ཅན་སུ་ལའང་མི་དབང་གི༔ མཐར་ཐུག་མེ་བདུན་ཆུ་གཅིག་བསྐལ་པ་འཇིག༔ དེ་བར་སེམས་ཅན་སྤྱི་ཡི་བསོད་ནམས་ཡིན༔ འཆི་དུས་སུས་ཀྱང་འདོར་ནས་འགྲོ་བ་ལ༔ བདག་བཟུང་ཆགས་སྡང་འདི་ཡང་ཁྱོད་ཀྱི་འཁྲུལ༔ ཁྱད་པར་ངེས་པའི་ཚིག་བཀྲོལ་ན༔ ད་ལྟའི་ཡུལ་དང་རྨི་ལམ་ཡུལ༔ བར་དོའི་ཡུལ་དང་ཕྱི་མའི་ཡུལ༔ ཐམས་ཅད་སེམས་ཀྱིས་བཟོས་པ་ལས༔ ཡུལ་སྣང་རང་བཞིན་གྲུབ་པ་མེད༔ སྣང་བ་མཆེད་འགགས་རེས་མོས་སུ༔ འདོར་ལེན་བྱེད་པ་མ་གོ་ན༔ འདི་ཡང་ཁྱོད་ཀྱི་གཏན་ཡུལ་མིན༔ བདག་བཟུང་ཆགས་སྡང་བྱེད་པ་ནོར༔ དེ་ཕྱིར་ཡུལ་ལ་ཞེན་ཆགས་སྤོངས༔ ཀྱཻ༔ ཡང་ཅིག་གནས་ངན་ལེན་པའི་བསམ་སྦྱོར་ནི༔ བུ་དང་ཆུང་མ་གཉེན་དང་བཤེས་པ་དང་༔ ཟས་ནོར་འཕྱོར་རྒྱན་མངའ་ཐང་ལ་ཆགས་ནས༔ ཐར་བ་བདེ་བའི་ལམ་ལས་ཕྱིར་ལྡོག་ཅིང་༔ ལུས་ངན་གཤིན་རྗེའི་འཇིག་རྟེན་འཁོར་ཞིང་སྐྱེ༔ དགའ་ཞིང་བརྩེ་བས་གཉེན་བཤེས་དྲུང་ཕྱིན་ཀྱང་༔ དེ་དག་རྣམས་ཀྱིས་ཡིད་ལུས་མི་མཐོང་བས༔ ང་ལ་གཏམ་ལེན་འདེབས་པར་མི་འདུག་ཅིང་༔ ཕར་བྱམས་ཇི་བཞིན་ཚུར་དུ་མི་འདུག་སྙམ༔ ཞེ་སྡང་དབང་གིས་གནོད་སྦྱོར་རྩོམས་པ་དང་༔ ཆགས་དང་འཇུང་བས་དྲུང་དུ་འཁོད་ནའང་༔ ཁྱོད་ནི་བསམ་སྦྱོར་ལོག་པའི་རྣམ་སྨིན་སྐྱེས༔ དེ་ལ་རང་བཞིན་གནས་པའི་ནད་སྡུག་བསྔལ༔ ཡོད་པའི་སྐྱོན་གྱིས་དེ་ལ་ནད་གྲིབ་འབྱུང་༔ ལུས་ངན་མཐོང་ན་འཇིགས་དང་སྨྱོ་འབོག་འགྱུར༔ དེ་ཕྱིར་མ་ཉེ་མ་ཆགས་རིགས་ཀྱི་བུ༔ རང་བཞིན་བཏང་སྙོམས་གནས་པའི་སེམས་ཅན་ལ༔ རང་གི་ནད་དང་སྡུག་བསྔལ་བགོ་སྙམ་སྟེ༔ དྲུང་དུ་ཕྱིན་ནས་ཁ་རླངས་ལུས་དྲི་བཏབས༔ རྐྱེན་དེའི་དེ་ལ་ན་འཆིའི་སྡུག་བསྔལ་འབྱུང་༔ ཁྱོད་ལ་ཅུང་ཟད་ཕན་པར་སྣང་བའང་༔ དེ་ནི་རྗེས་སུ་བྱུར་ཆེན་སྣ་འདྲེན་ཡིན༔ དཔེར་ན་ལ་ལས་ཡོ་བྱད་འདོད་དབང་གིས༔ ཆེས་དེ་སྲོག་འདོར་ཆུང་ན་གནོད་ལན་དུ༔ སླར་ཡང་ཕྱིས་སུ་མི་བསད་ནོར་འཕྲོགས་ཏེ༔ དབུལ་ཕོངས་སྔར་ལས་སྡུག་པར་གྱུར་མཐོང་བཞིན༔ ལས་དེའི་འབྲས་བུ་ཚོགས་ཤིང་དུས་བབས་ནས༔ སླར་ཡང་སྡུག་བསྔལ་ཚེ་ཚད་ཇེ་རིང་ཡིན༔ ད་དུང་དེ་བས་མི་ཚད་བསམ་ངན་དང་༔ སྦྱོར་རྩུབས་མཚོན་ཆ་ངན་པ་རང་ལ་འཁོར༔ ཕྱི་མ་མནར་མེད་ཡི་དྭགས་བརྒྱུད་མར་འཁོར༔ དེ་བས་རང་རང་གནས་སུ་བདེ་བར་བཞུགས༔ བདག་ལ་དཔེ་ལོང་གཞན་གནོད་མ་བྱེད་ཅིག༔ འཁོར་བ་དག་ན་ངེས་པ་འགའ་ཡང་མེད༔ ཆུང་མ་འདི་དག་འཁོར་བའི་གཏིང་རྡོ་ཡིན༔ ཐར་པའི་སྲོག་རྩ་གཅོད་པའི་སྤུ་གྲི་ལགས༔ འདི་ནི་དམ་པའི་ཆོས་ཀྱི་ཕུང་འདྲེ་སྟེ༔ འཁོར་བའི་རྒྱུན་སྤེལ་སྡིག་པའི་ས་བོན་ལ༔ བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད༔ ཕྱི་མ་ཤར་མ་ལི་ཡི་སྡོང་པོར་སྐྱེ༔ ཁྱོད་བྱམས་བྱས་ཀྱང་ཚུར་ལ་དགྲ་བཞིན་བལྟ༔ ད་ནི་ཆགས་ཀྱང་གཉིས་ཕུང་རྒྱུ་ལས་མེད༔ ལན་གཅིག་ཙམ་གྱི་ཆགས་པ་སྤྱད་དབང་མེད༔ དེ་ལྟར་བདེན་པའི་ཚིག་ལ་བསམ་གཞིག་གྱི༔ མ་ཟད་ཁྱོད་ཉིད་གསོན་པོར་ཡོད་ནའང་༔ དེ་རིང་བྱམས་བྱམས་ལྟར་དུ་བྱེད་མདོག་ཀྱང་༔ དོ་དགུང་སྔོན་ལས་ཅན་གྱི་གྲོགས་འཕྲད་ན༔ ཁྱོད་དང་བརྗེས་ནས་དེ་རྗེས་ཟིན་ཟིན་བྱེད༔ ཁྱོད་རང་ཤི་ཡང་གྲོགས་ཀྱི་ཐབས་ཆགས་མེད༔ ལོ་ཤས་ཙམ་ནས་མི་དྲན་བརྗེད་གྱུར་ནས༔ གཞན་དང་འགྲོགས་ནས་ཁྱོད་ལས་དགའ་རབ་བྱེད༔ སྐྱེས་པ་ཡིན་ཀྱང་དེ་དང་འདྲ་བ་སྟེ༔ དེ་བས་ཚེ་རོགས་ཡིན་སྙམ་འཁྲུལ་པ་ཡིན༔ བུ་ཚ་དག་ལའང་ཆགས་པའི་འོས་མིན་ཏེ༔ དང་པོ་ཁ་ཟས་བར་དུ་རྒྱབ་གོས་སྦྱིན༔ ཐ་མ་ནོར་དང་ཆུས་སྲིད་ཡོངས་སུ་ཕོག༔ ཇི་ལྟར་བརྩེ་ཡང་ཚུར་ལ་དེ་ཡང་མེད༔ དོན་མེད་མཛའ་གྲོགས་ཕོ་མོ་དག་དང་བསྡེབས༔ ཕ་མ་རྒྱབ་བོར་ཚེ་རོགས་ཁ་ལ་རྒྱུག༔ ཁ་ལོག་མིག་སྡང་བརྡུང་བཙོགས་ཟས་གོས་མནར༔ ཤི་ཡང་འགྱོད་མེད་ཕ་མའི་ཆོས་སྐལ་བཅད༔ མི་ཐེག་ཁུར་དང་བྲལ་བཞིན་བློ་ཡི་བདེ་ཤོས་བྱེད༔ བླ་བཙོང་རྐང་དྲང་ཤི་སྨོན་ཡང་ཡང་འདེབས༔ ཚེ་སྔོན་དགྲ་བོ་ལན་ཆགས་བུ་ཚར་སྐྱེ༔ ལོག་པར་བུ་དང་བུ་མོ་ཡིས་བྱས་སྡིག༔ བཞི་ཆ་ཕ་དང་ཕྱེད་ཙམ་མ་ལ་སྨིན༔ འཁོར་བ་མཐའ་མེད་སྡིག་རྒྱུན་འཛིན་པར་བྱེད༔ ཕན་ལན་གནོད་འཇལ་མཁན་ལ་འདི་འདྲ་མེད༔ ཁྱད་པར་ཁྱོད་རང་ཆུས་སྲིད་ཟ་བར་དགྲ་བོ་ལྷག༔ དེ་ལ་ཆགས་ཀྱང་མི་ཕན་ད་ནི་སྡུག༔ རྒྱུ་རྫས་ཡོ་བྱད་དག་ལ་ཆགས་ནའང་༔ དགྲ་འདྲེ་གཉིས་ཀྱི་སྣ་འདྲེན་འདི་རང་ཡིན༔ བསགས་དང་བསྲུང་དང་བརླག་པས་གདུང་བ་ཡི༔ ནོར་ནི་ཕུང་སྲོལ་མཐའ་ཡས་གཞི་མ་ཡིན༔ དང་པོ་སྡིག་གིས་བསགས་པས་རྣམ་སྨིན་ལྕི༔ བར་དུ་སེར་སྣ་འཇུར་འགེགས་འབྲས་བུ་ལྕི༔ ཐ་མ་ཆགས་སྡང་ངན་སོང་གནས་སུ་བསྐྱུར༔ ཆགས་ཀྱང་ཕན་མེད་ཅུང་ཟད་སྤྱོད་དབང་བྲལ༔ དངོས་པོ་གསོགས་གསོབ་དགྲ་དང་དང་ཐུན་མོང་བ༔ རང་བཞིན་གྱོང་གོད་འཛད་པའི་མཐའ་ཡིས་བསྡུས༔ འདི་ལ་ཆགས་ནས་འཁོར་བའི་འདམ་དུ་འཕྱན༔ བྱ་བཏང་ངེས་པར་འབྱུང་བའི་ལམ་ལས་ལྡོག༔ ལམ་ལོག་ངན་འགྲོའི་གནས་སུ་འཁྲིད་པར་བྱེད༔ ཤི་དུས་ནོར་སྣ་གཅིག་ཀྱང་ཁྱེར་དབང་མེད༔ ལན་གཅིག་འགྲང་པའི་ཟས་ཙམ་བཟའ་མི་དབང་༔ སྒྲེན་མོ་ལག་པ་སྟོང་བར་འགྲོ་དགོས་སོ༔ དེ་བས་མ་ཆགས་གཏོང་སེམས་གོམ་པར་མཛོད༔ ཐམས་ཅད་བཏང་ན་ཡང་དག་མྱ་ངན་འདའ༔ རྒྱན་དང་ཡོ་བྱད་ལ་སོགས་ཐམས་ཅད་ཀྱང་༔ སྒྱུ་མ་རྨི་ལམ་ལྟ་བུར་རྟག་བརྟན་མེད༔ ལུས་ལ་ཆགས་ན་ས་ཕག་ཆུང་མ་བཞིན༔ ཟས་ལ་ཆགས་ན་ཤ་རྐང་འདྲེ་མིག་བཞིན༔ གོས་ལ་ཆགས་ན་འབར་བ་རྣམ་གསུམ་དང་༔ རྫས་ལ་ཆགས་ན་བྱིས་པ་འུར་སྦྲུལ་བཞིན༔ གཞན་ཡང་འདོད་ཅིང་ཆགས་པས་ཕུང་སྲོལ་ ༼ ཀྲོལ་ ༽བསྐྱེད༔ མིག་གཟུགས་ཆགས་ན་བྱེ་ལེབ་མར་མེར་འཆི༔ རྣ་བ་སྒྲ་ལ་ཆགས་པས་རི་དྭགས་རྔོན་པས་བསད༔ སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་འཐུམ༔ ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུའི་བཟུང་༔ ལུས་རེག་བྱར་ཆགས་པས་གླང་ཆེན་འདམ་དུ་འཕྱར༔ དེ་ལ་སོགས་པ་གང་ལ་ཆགས་ནའང་༔ མདོར་ན་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད༔ དེ་བས་བདེན་པའི་ཚིག་གིས་གནད་བཀྲོལ་ལ༔ ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་༔ གྱི་ནར་མ་འདོར་དེང་དུ་ད་ལོངས་ཤིག༔ བདེ་ཆེན་དག་པའི་ཞིང་ཁམས་ཡིད་ལ་གྱིས༔ ཀྱཻ༔ གཉེན་དང་བྱིས་པ་དག་ལ་ཆགས་གྱུར་ན༔ དང་པོ་རིག་དགའ་མཐོང་སྐྱིད་ཆེ་བ་ལ༔ བར་དུ་ཁ་ལེན་ཤ་དེད་ཡུས་བོ་ཆེ༔ ཐ་མ་ལྐོག་ཏུ་ཚུལ་བརྗོད་རེ་འཁེངས་རྐྱེན༔ མི་ཐོག་རེ་ནས་གཞན་དང་གཞན་དུ་འགྱུར༔ འདྲིས་ཕྱིས་མེད་པས་ད་ལྟ་དགྲར་འགྱུར་རྐྱེན༔ དེ་བས་དེ་དག་ཀུན་ལ་ཆགས་དགོས་མེད༔ བསྟོད་གྲགས་ཆོས་བརྒྱད་བྲག་ཆ་བཟང་ངན་བཞིན༔ གང་ལ་ཐོབ་པ་ཅི་ཡོད་ཤོར་ཅི་ཡོད༔ ཤི་ན་དེའི་ཀོ་བདག་ལ་ཅི་ཞིག་བྱ༔ དེ་བས་མ་ཆགས་གྲགས་སྟོང་དོན་ལ་སོམས༔ ངས་བསྟན་ལམ་ལ་ཐེ་ཚོམ་མེད་པར་སོང་༔ ཡུལ་གྱི་མཆོག་ཏུ་བདེ་ཆེན་ཞིང་ཁམས་བཟང་༔ དེ་ལ་ཁྱོད་ཀྱི་གཏན་ཡུལ་ངེས་པར་ཟུངས༔ ལུས་ཀྱི་མཆོག་ཏུ་རྒྱལ་བའི་སྐུ་ཡིན་ཏེ༔ དེ་ཐོབ་བྱ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད༔ ནོར་གྱི་མཆོག་གྱུར་འཕགས་པའི་ནོར་བདུན་ཤིས༔ དེ་སྤེལ་དོན་དུ་འདོད་ཆུང་ཆོག་ཤེས་བརྟེན༔ ཟས་ཀྱི་མཆོག་ཏུ་ཏིང་འཛིན་ཁྱད་པར་ཅན༔ དེ་ཡི་རྒྱུ་ཡང་ཆགས་ཆེན་འཁྲུལ་སྤོངས་ཡིན༔ གོས་ཀྱི་མཆོག་ཏུ་ངོ་ཚ་ཁྲེལ་ཡོད་གཙང་༔ དེ་ཡང་ཆགས་སྡང་མེད་ལ་ལྷུན་གྱིས་གྲུབ༔ རྒྱན་གྱི་མཆོག་ཏུ་ཚུལ་གནས་ཐོས་བསམ་ལགས༔ དེ་ཡང་ཆགས་པ་མེད་ལ་ལྷུན་གྱིས་གྲུབ༔ གྲོགས་ཀྱི་མཆོག་ཏུ་འཕགས་པ་དམ་པ་བདེ༔ དེ་ཡང་འདོད་པ་མེད་ལ་ལྷུན་གྱིས་གྲུབ༔ གཉིན་གྱི་མཆོག་ཏུ་སངས་རྒྱས་བྱང་ཆུབ་སེམས༔ དེ་ཡང་ཁམས་གསུམ་ཆགས་པ་སྤངས་ལས་བྱུང་༔ གདམས་ངག་ཀུན་དོན་ཆགས་པ་ཟད་ལ་འདུས༔ ཆོས་ཕུང་བརྒྱད་ཁྲི་ཆགས་བཅོམ་གཉེན་པོར་གཅིག༔ དེ་ཚོ་དྲང་སྲོང་ང་ཡི་གཏན་ཚིག་ཡིན༔ ཁྱོད་རང་གཏན་གྱི་སོ་ནམ་དེ་ལ་མཛོད༔ དྲིན་ཆེན་བྱ་བ་དཔལ་ལྡན་བླ་མ་ཡིན༔ ལེགས་ལམ་ཡང་དག་སྟོན་མཁན་དེ་ལས་མེད༔ ཁྱོད་རང་འཁྲུལ་ཚབ་ཆེ་བའི་ཨ་འཐས་ཀྱིས༔ ད་ནི་རང་གིས་རང་ལ་སྡུག་མ་གཏད༔ རང་དྲིན་རང་ལ་ཆེའོ་རིགས་ཀྱི་བུ༔ དེ་ནས་ཁྲུས་བསྲུང་གསུར་བསྔོ་གནས་ལུང་སྤྱི་ལྟར་བྱའོ༔ ཞེས་དཀྱིལ་འཁོར་ཀུན་ལ་སྦྱར་ཆོག་པ་ལས་རང་དགོས་ཀྱི་མཇུག་ཀྱང་ཡོད་པ་དེའོ༔ ཅེས་དུས་དབང་བརྡོ་བ་ལ་ཕན་ཕྱིར་ག་ག་ཨ་བྷྱེས་གང་དྲན་བྲིས་པ་དགེའོ། །དགེའོ། །དགེའོ། །ལེགས་སོ་བཀྲ་ཤིས་པར་ཤོག །


previousགཤེད་འཁྱམས་འདུལ་བའི་ཁྲུས་ཆོག་སྙིང་རྗེའི་རང་མདངས།next