Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འོད་གསལ་རྫོགས་པ་ཆེན་པོའི་འཕོ་བའི་བརྒྱུད་འདེབས་པདྨའི་ཕྲེང་བ།
  
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousའོད་གསལ་རྫོགས་པ་ཆེན་པོའི་འཕོ་བའི་བརྒྱུད་འདེབས་པདྨའི་ཕྲེང་བ།next

འོད་གསལ་རྫོགས་པ་ཆེན་པོའི་འཕོ་བའི་བརྒྱུད་འདེབས་པདྨའི་ཕྲེང་བ།

འོད་གསལ་རྫོགས་པ་ཆེན་པོའི་འཕོ་བའི་བརྒྱུད་འདེབས་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔

རྩ་བསྐྱེད་ལ་སོགས་མཐར་ཕྱིན་ནས༔ ཨེ་མ་ཧོ༔ གནས་རང་སྣང་དོན་གྱི་འོག་མིན་ན༔ སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ ཚེ་འདས་བདེ་ཆེན་ཞིང་དུ་དྲངས་དུ་གསོལ༔ བར་དོའི་འཕྲང་ལས་གྲོལ་བར་བྱིན་གྱིས་རློབས༔ ངན་འགྲོའི་གཡང་ས་ཐོད་ཀྱིས་བརྒལ་བར་མཛོད༔ གཞི་ཡི་འོད་གསལ་རང་ངོ་ཤེས་ནས་ཀྱང་༔ མི་ལྡོག་ཆོས་སྐུའི་གཏན་སྲིད་ཟིན་པ་དང་༔ སྐུ་དང་ཡེ་ཤེས་འཇུག་པ་མཐར་ཕྱིན་ཤོག༔ གནས་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ རིགས་ལྔའི་རྒྱལ་བ་གངས་ཆེན་ལ་གསོལ་བ་༴ ཟབ་ལམ་༴ གནས་ཕྱེད་སྣང་ལོངས་སྤྱོད་རྫོགས་པ་ནས༔ སྤྲུལ་སྐུ་རིགས་ལྔའི་རྣམ་རོལ་ལ་གསོལ་༴ ཟབ་ལམ་༴ གནས་མི་མཇེད་སྤྲུལ་བའི་ཞིང་ཁམས་ནས༔ བྱིན་རླབས་མཆོག་གི་སྤྲུལ་བ་ལ༴ ཟབ་ལམ་༴ གནས་དགའ་ལྡན་ལྷུན་གྲུབ་བརྩེགས་པ་ནས༔ སྤྲུལ་སྐུ་སྣང་བ་དམ་པ་ལ་༴ ཟབ་ལམ་འཕོ་བ་༴ གནས་མི་མཇེད་འཇིག་རྟེན་དམ་པ་ནས༔ སྟོན་པ་འོད་མི་འཁྲུགས་པ་ལ་༴ ཟབ་ལམ་༴ གནས་འོད་ཀྱི་ཕུང་པོ་ཆེན་པོ་ནས༔ སྟོན་པ་འཁོར་བའི་འཇིག་སྐྱོབ་ལ་༴ ཟབ་ལམ་༴ གནས་ཆགས་འབྱུང་མངལ་དུ་སྣང་བ་ནས༔ རོལ་བ་རྣམ་པར་བརྩེ་བ་ལ་གསོལ་༴ ཟབ་ལམ་༴ གནས་ལྷོ་ཕྱོགསའཚོ་བྱེད་གཞོན་ནུའི་སྡུམ༔ སྟོན་པ་རྡོ་རྗེ་འཆང་ཆེན་ལ་གསོལ་༴ ཟབ་ལམ་༴ གནས་གསང་ཆེན་རོལ་བའི་དཀྱིལ་འཁོར་ནས༔ སྟོན་པ་གཞོན་ནུ་དཔའ་བོ་ལ་༴ ཟབ་ལམ་༴ གནས་སྲིན་པོ་རུ་ལུའི་སྒྲ་ལྡན་ནས༔ དྲང་སྲོང་ཁྲོས་པའི་རྒྱལ་པོ་ལ་༴ ཟབ་ལམ་༴ གནས་བྱ་རྒོད་ཕུང་པོའི་རི་བོ་ནས༔ སྟོན་པ་གསེར་འོད་དམ་པ་ལ་༴ ཟབ་ལམ་༴ གནས་སོག་པོ་གཡུ་ཡི་སྨིན་མ་ཅན༔ སྟོན་པ་རོལ་བའི་བློ་གྲོས་ལ་༴ ཟབ་ལམ་༴ གནས་བྱ་རྒོད་ཕུང་པོའི་རི་བོ་ནས༔ སྟོན་པ་འོད་སྲུང་བསྒྲེས་པོ་ལ་༴ ཟབ་ལམ་༴ གནས་རྒྱ་གར་རྡོ་རྗེ་གདན་དྲུང་དུ༔ སྟོན་པ་མངོན་རྫོགས་རྒྱལ་པོ་ལ་༴ ཟབ་ལམ་༴ གནས་གྲོང་ཁྱེར་སེར་སྐྱའི་རྒྱལ་པོའི་གདུང་༔ རྒྱལ་མཆོག་ཤཱཀྱ་ཐུབ་པ་ལ་༴ ཟབ་ལམ་༴ ཚེ་འདས་དག་པའི་ཞིང་དུ་དྲངས་དུ་གསོལ༔ བར་དོའི་འཕྲང་ལས་ཐུགས་རྗེའི་སྐྱབས་ཏུ་གསོལ༔ ངན་འགྲོའི་གཡང་ལ་སྟོབས་ཀྱིས་མ་བཏང་ཞིག༔ གཞི་ཡི་འོད་གསལ་རང་ངོ་ཤེས་ནས་ཀྱང་༔ མི་ལྡོག་ཆོས་སྐུའི་གཏན་སྲིད་ཟིན་པ་དང་༔ སྐུ་དང་ཡེ་ཤེས་འཇུག་པ་མཐར་ཕྱིན་ཤོག༔ རྒྱལ་བ་དགོངས་བརྒྱུད་སྟོན་པ་བཅུ་གཉིས་དང་༔ ཕྱོགས་བཅུ་བཞུགས་དང་འདས་འོང་ཐམས་ཅད་ཀྱིས༔ སློབ་པ་ལམ་གྱི་དམ་བཅའ་མ་འདོར་བར༔ ༼ ཚེ་འདས་འདི་ལ་ ༽ རྣལ་འབྱོར་བདག་ལ་སྔོན་བསུ་རྒྱབ་སྐྱོལ་མཛོད༔ མ་སྒོམ་སངས་རྒྱས་ཟབ་ལམ་འཕོ་བའི་ཆོས༔ ད་ལྟ་ཉིད་དུ་འབྱོངས་བར་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ཞེས་བརྗོད་ཏིང་འཛིན་རྒྱས་འདེབས་ཆེན་པོ་བཞུགས་སྟངས་ཆོས་ལུང་གང་རུང་གིས་རིག་པ་མིག་ལ་དྲངས་ཏེ་མཉམ་པར་བཞག་པས་མི་གྲོལ་མི་སྲིད་དོ༔ ས་མ་ཡ༔ ཡང་ན༔ ཧཱུྃ༔ རང་སྣང་རྣམ་དག་ཞི་ཁྲོ་ལོངས་སྤྱོད་རྫོགས༔ གཞི་སྣང་ཆེན་པོ་སྣ་ཚོགས་སྟེང་འོག་ཚུལ༔ འོད་ལུས་མེད་ཀྱང་ཡོད་པའི་བརྙན་པོ་རུ༔ དར་དཀར་སྣལ་མ་ཐབས་ཀྱི་གསང་ལམ་ནས༔ གྲོང་འཕོ་ཟུང་འཇུག་ཡེ་ཤེས་ལྷུན་གྲུབ་ཏེ༔ རང་བཞིན་སྣང་བ་རང་ངོ་ཤེས་ནས་ཀྱང་༔ རང་གྲོལ་ལོངས་སྐུའི་གཏན་སྲིད་ཟིན་པར་རུ༔ བརྒྱུད་ལྡན་རིག་འཛིན་བླ་མས་བྱིན་གྱིས་རློབས༔ ཞེས་བརྗོད་ནས་འོད་གས་ལ་མིག་གི་ལམ་ནས་ཤར་བའི་རང་གདངས་ལས་ཡུལ་དུ་མི་འཛིན་པར་གཞིའི་སྐུ་གསུང་ཐུགས་ཀྱི་གདངས་སྙིང་ཀའི་སྒྲོན་མ་གཞི་དང་གདངས་ཀྱི་སྐུ་སྙིང་ཀའི་ཞི་བ་དང་མདངས་ལུག་རྒྱུད་དང་བཅས༔ ཟེར་གྱི་སྐུ་ཀླད་པའི་ཁྲོ་བོ་ལ་སེམས་གཏད་ནས་རང་ངོ་ཡིན་པར་ཤེས་པར་བྱས་ནས་མངོན་གྱུར་གཉིས་མེད་དུ་བཟུམ་པའི་ངང་ནས་འཕོའོ༔ ༈གནས་རི་རབ་བྱང་ཕྱོགས་མེ་རུ་འབར༔ དཔལ་གསང་བའི་བདག་པོ་ལ་གསོལ་བ་འདེབས༔ ལམ་འཕོ་བ་མཁའ་སྤྱོད་གྲུབ་ནས་ནི༔ གནས་ཡར་གྱི་ཟང་ཐལ་ཆེན་པོ་རུ༔ དུས་བར་དོ་མེད་པ་གྲོལ་ནས་ཀྱང་༔ གྲོང་འཕོ་དང་གྲོང་འཇུག་མཐར་ཕྱིན་ཤོག༔ གནས་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་ཡུལ༔ དཔལ་པྲཛྙ་བྷ་ཝར་ལ་གསོལ་༴ གནས་རྡོ་རྗེ་གདན་གྱི་རིམ་གཉིས་གྲོང་༔ དཔལ་མཉྫུ་མི་ཏྲ་ལ་༴ གནས་རྒྱ་ནག་ཤྭ་གམ་ནག་པོ་ནས༔ དཔལ་ཤྲི་སིདྷ་ལ་གསོལ་༴ གནས་ཀ་མ་ལ་ཡི་གྲོང་ཁྱེར་ནས༔ རྗེ་ཛྙཱ་ན་སུ་ཏྲ་ལ་༴ གནས་རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་༔ རྗེ་དྲི་མེད་བཤེས་གཉེན་ལ་༴ གནས་ཟངས་མདོག་དཔལ་གྱི་རི་བོ་ནས༔ རྗེ་རཀྴ་ཐོད་འཕྲེང་ལ་༴ བརྡ་བརྒྱུད་རིག་འཛིན་གྱི་བླ་མ་རྣམས༔ ལྷ་ཀླུ་དང་མི་ཡི་རིག་འཛིན་ཚོགས༔ ཁྱེད་ཐུགས་རྗེ་ཆེན་པོའི་མངའ་དབང་ཅན༔ ཆོས་ཟད་བློ་འདས་ཀྱི་འཕོ་མཇུག་ཏུ༔ སེམས་ཅན་སུམ་སྟོང་ཕྲག་གྲོལ་བར་ནུས༔ རྟེན་འབྲེལ་གྱི་བདེན་པས་རང་མཚན་དང་༔ རྣལ་འབྱོར་པས་དད་པའི་སྟོབས་ཤུགས་ཀྱི༔ སྐད་ཅིག་ཏུ་གྲོལ་བ་མངོན་གྱུར་མཛོད༔ ཕཊ་ཕཊ་ཕཊ༔ ཞེས་བརྗོད་རིག་པ་རྡོ་རྗེ་འམ་ཧཱུྃ་ཏུ་བསམ་པ་དབུ་མ་བརྒྱུད་དེ་སྤྱི་བོའི་བླ་མའི་ཐུགས་ཀར་འཕོས་ནས་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་དབྱེར་མེད་པར་བསམ་ལ་མཉམ་པར་བཞག་གོ༔ ཁྱད་པར་དུ་ཤི་བའི་ཚེ་རང་གི་བླ་མ་དང་གྲོགས་ཀྱིས་ཉི་ཟླ་ཁ་སྦྱོར་ལས་བྱུང་བའི་མན་ངག་གི་ཕན་གདགས་པའམ༔ ཁྲུས་བྱས་ཆོས་བཤད་སོགས་རྫོགས་ཆེན་རང་ལམ་ལྟར་བྱས་ནས་ཉམས་ལེན་ནར་མ་སོན་པ་ལ་སྟོངས་འདེབས་འཕོ་བ་ད་ལྟར་དང་དེ་དུས་ཀྱི་ལམ་ཟུང་འཇུག་འདི་བྱའོ༔ ཨོཾ་ཨཱཿཧཱུྃ༔ རང་ལུས་ཐ་མལ་གནས་པའི་སྤྱི་བོ་རུ༔ དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་ཕྱོགས་སུ༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་བཅུ་གཅིག་ལ༔ ཕྲ་ལ་འཁྲིལ་བས་འཕོ་ལམ་ཆེན་པོ་ནས༔ བརྒྱུད་ལྡན་རིག་འཛིན་བླ་མས་མདུན་བསུས་ཏེ༔ རང་རིག་རྡོ་རྗེ་ཧཱུྃ་གི་རྣམ་པར་འཕོས༔ ཕྱོགས་བཅུའི་མགོན་པོའི་ཐུགས་དང་དབྱེར་མེད་གྱུར༔ ཧི་ཀ༔ ཕཊ༔ སྟོང་བ་རང་གྲོལ་ཡེ་ཤེས་གསང་བའི་ལམ༔ རིན་ཆེན་རིགས་ཀྱི་ས་ལ་ཟང་ཐལ་ཤོག༔ དར་དཀར་སྣལ་མ་འོད་གསལ་ཐབས་ཆེན་ལམ༔ རྡོ་རྗེ་རིགས་ཀྱི་ས་ལ་༴ གསེར་གྱི་རྩ་ཆེན་རིག་པའི་གཞལ་ཡས་ལམ༔ སངས་རྒྱས་རིགས་༴ ཤེལ་གྱི་སྦུ་གུ་རང་བཞིན་ལྷུན་གྲུབ་ལམ༔ པདྨ་རིགས་ཀྱི་ས་ལ་ཟང་ཐལ་ཤོག༔ ཕྲ་ལ་འཁྲིལ་བ་འཁོར་འདས་མཚམས་སྦྱོར་ལམ༔ ལས་ཀྱི་རིགས་༴ དཀར་པོ་དྲི་མེད་སེར་པོ་ལྷུན་གྲུབ་བརྗིད༔ དམར་པོ་ཆགས་བྲལ་ལྗང་གུ་དབང་སྔོན་འབར༔ འོད་གསལ་ལོངས་སྤྱོད་རྫོགས་སྐུར་སྨིན་གྲོལ་ནས༔ རང་ཐོག་རང་གྲོལ་མངོན་པར་སངས་རྒྱས་ཤོག༔ ཕཊཿཕཊཿཕཊཿ རྣམ་པར་སྣང་མཛད་རྡོ་རྗེ་མི་བསྐྱོད་པ༔ རིན་ཆེན་འབྱུང་གནས་པདྨ་གར་དབང་རྟ༔ དོན་ཡོད་གྲུབ་པ་སུན་མའི་འདུ་ཤེས་བསྐྱེད༔ ཁྱོད་རང་རྣམ་ཤེས་མགྲོན་པོའི་འདུ་ཤེས་བསྐྱེད༔ རང་ཐོག་རང་གྲོལ་༴ ཕཊ་ཕཊ་ཕཊ༔ ཡེ་ཤེས་གསང་བའི་ལམ་བཞི་ཅིར་ཡང་འཆར༔ ཐིག་ཕྲན་སྣང་བ་དགུ་དགུའི་བརྒྱན་པ་ལས༔ འགྱུར་མེད་གསེར་གྱི་ཐུར་མས་གདམ་པ་ལ༔ མཚམས་སྦྱོར་འཕོ་བ་དམ་པས་ཟང་ཐལ་ཤོག༔ ཕཊ་ཕཊ་ཕཊ༔ ལྷུན་གྲུབ་གཞི་སྣང་ཆེན་པོའི་སྣང་བ་ལ༔ འཆར་ལུགས་དྲུག་ལ་སྒོ་རྣམ་གཉིས་སུ་མངོན༔ དེ་དག་རྣམས་སུ་རང་སྣང་སྒྱུ་མར་སྦྱོངས༔ བསྐྱེད་རྫོགས་ཟུང་འཇུག་འཕོ་བས་ཟང་ཐལ་ཤོག༔ ཕཊ་ཕཊ་ཕཊ༔ ཞེས་དེ་དག་གི་མཐར་ཤེས་རབ་རང་བྱུང་གི་ངོ་བོ་ཁྲེགས་ཆོད་ཀྱི་ཡེ་ཤེས་ལ་བཞུགས་སྟངས་དྲང་སྲོང་གིས་མཉམ་པར་བཞག་གོ༔ བས༔ སྲིད་པ་བར་དོ་ཟང་ཐལ་སྒྱུ་མའི་ལུས༔ རང་བཞིན་སྤྲུལ་སྐུར་གྲོལ་བར་བྱིན་གྱིས་རློབས༔ ཚངས་པ་ལྷ་ཡི་མེ་ཏོག་ལ་༴ ཟབ་ལམ་༴ སྲིད་པ་རང་བཞིན་༴ ལྡང་མ་ལྷུན་གྱི་རྒྱལ་མཚན་ལ་༴ ཟབ་༴ སྲིད་༴ རང་༴ ལྕེ་བཙུན་སེངྒེ་དབང་ཕྱུག་ལ་༴ རྒྱལ་བ་ཞིང་སྟོན་ཆེན་པོ་༴ མཁས་པ་ཉི་ཟླ་འབུམ་བརྡལ་༴ ཆོས་བདག་གུ་རུ་ཇོ་འབེར་ལ་༴ འཁྲུལ་ཞིག་སེངྒེ་རྒྱལ་པ་ལ་༴ གྲུབ་ཆེན་མེ་ལོང་རྡོ་རྗེ་ལ་༴ རིག་འཛིན་ཀུ་མ་ར་ཛ་ལ་༴ བཛྲ་ཏེ་ཛ་ར་ཛ་ལ་༴ ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་༴ ཟབ་ལམ་༴ སྲིད་༴ རང་བཞིན་༴ ཕཊ་ཕཊ་ཕཊ༔ གང་ཟག་སྙན་བརྒྱུད་བླ་མ་རིན་པོ་ཆེ༔ གལ་ཆེན་འགགས་ཐུག་ཁྱེད་ལ་རེ་ལྟོས་བཅའ༔ སྟོབས་བཅུ་ལྡན་པའི་ཡེ་ཤེས་ཆེན་པོ་ཡི༔ བསྲེ་འཕོ་ཟུང་འཇུག་ཐུགས་རྗེས་འོད་ཐག་སྐྱོང་༔ དད་པའི་སྟོབས་ཀྱིས་བསྐུལ་ཞིང་གསོལ་བ་ཡི༔ རྐྱེན་དང་འཕྲད་པའི་ཐུགས་རྗེས་འཇུག་པ་ནི༔ རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཆེན་པོ་ལས༔ ད་ལྟ་ཉིད་དུ་དུས་ལས་མ་ཡོལ་བར༔ ཡར་གྱི་ཟང་ཐལ་འཕོ་བ་གྲོང་འཇུག་མཛོད༔ རོ་མ་དཀར་མོ་ཀུན་རྫོབ་རྒྱུ་ཡི་ལམ༔ རྐྱང་མ་དམར་མོ་དོན་དམ་ཆོས་ཉིད་ལམ༔ ཟུང་འཇུག་དབུ་མ་ཆེན་པོ་མཐར་ཕྱིན་ནས༔ རང་གྲོལ་མཆོག་གི་གཏན་སྲིད་ཟིན་པར་ཤོག༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་དོ༔ དེ་ནས་རང་བཞིན་སྤྲུལ་བའི་ཞིང་ལྔ་གསལ་བར་རིག་པ་རྡོ་རྗེ་ཧཱུྃ་གིས་མཚན་པར་གསལ་ལ་འཕངས་པས་མི་གྲོལ་མི་སྲིད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་ཀྱང་བདུད་འཇོམས་རྡོ་རྗེའི་བཀའ་རྒྱ་མའོ༔ མངྒ་ལམ༔


previousའོད་གསལ་རྫོགས་པ་ཆེན་པོའི་འཕོ་བའི་བརྒྱུད་འདེབས་པདྨའི་ཕྲེང་བ།next