Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རིག་པ་རང་ཤར་གྱི་དགོངས་པ།
  
 
  
  
  
  
  


1 occurrence of གཡར་ཁང་
[Clear Hits]

 
previousརིག་པ་རང་ཤར་གྱི་དགོངས་པ།next

རིག་པ་རང་ཤར་གྱི་དགོངས་པ།

རིག་པ་རང་ཤར་གྱི་དགོངས་པ་ནི༔ ཨེ་མ་ཧོ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་སེམས་དཔའ་ལས༔ སྐུ་ཡི་ཆོས་ཉན་སྒྲོ་འདོགས་དྲི་མ་བསལ༔ བདེ་བ་ཅན་གྱི་ཞིང་དེར་བསྒྲོད་པར་ཤོག༔ ཕཊ༔ ལྷོ་ཕྱོག་དཔལ་དང་ལྡན་པའི་ཞིང་༴ རིན་ཆེན་འབྱུང་ལྡན་ཡོན་ཏན་འདུལ་བར་སྟོན༔ དེར་སོང་ཆོས་ཉན་ཕྱི་ནང་སྒྲོ་འདོགས་བཅད༔ ཆོས་ཉིད་ཀ་དག་ཉིང་ཁམས་བསྒྲོད་པར་ཤོག༔ ཕཊ༔ ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་༴ སྣང་བ་མཐའ་ཡས་གསུང་གི་འདུལ་བར་སྟོན༔ དེར་སོང་ཆོས་ཉན་༴ ཆོས་ཉིད་ཀ་དག་ཞིང་ཁམས་༴ ཕཊ༔ བྱང་ཕྱོགས་ལས་རབ་རྫོགས་པའི་༴ དོན་ཡོད་གྲུབ་པའི་ཕྲིན་ལས་འདུལ་བར་སྟོན༔ དེར་སོང་༴ ཆོས་ཉིད་༴ ཕཊ༔ ཤར་ལྷོ་ཐུགས་རྗེའི་བརྒྱན་པའི་ཞིང་༴ སྤྱན་རས་གཟིགས་ལས་རྫུ་འཕྲུལ་དབང་ཐོབ་སྟེ༔ དེར་སོང་ཆོས་ཉན་ཕྱི་ནང་སྒྲོ་འདོགས་བཅད༔ སྤྲུལ་པས་འགྲོ་སྒྲོལ་ཀ་དག་སར་ཕྱིན་ཤོག༔ ཕཊ༔ ལྷོ་ནུབ་འཇམ་དཔལ་མགོན་པོའི་ཞིང་ཁམས་སུ༔ འཇམ་དཔལ་དབྱངས་ལས་ཆོས་སྤྱན་དབང་ཐོབ་སྟེ༔ དེར་སོང་ཆོས་ཉན་ཕྱི་ནང་སྒྲོ་འདོགས་བཅད༔ སྣང་སྲིད་ཆོས་བཤད་ཀ་དག་སར་ཕྱིན་ཤོག༔ ཕཊ༔ ནུབ་བྱང་ཡིད་འཁྲུགས་ཞི་བའི་ཞིང་ཁམས་སུ༔ མི་འཁྲུགས་པ་ལས་དེ་བཞིན་ཉིད་དབང་ཐོབ༔ དེར་སོང་༴ ཆོས་ཉིད་ཆོས་བཤད་ཀ་དག་སར་ཕྱིན་ཤོག༔ ཕཊ༔ བྱང་ཤར་སྟོབས་རྣམས་བཀོད་བའི་ཞིང་ཁམས་སུ༔ ཕྱག་ན་རྡོ་རྗེར་མཐུ་ཐོབ་དབང་ཞུས་ཏེ༔ དེར་སོང་ཆོས་ཉན་ཕྱི་ནང་སྒྲོ་འདོགས་བཅད༔ ཆོས་ཉིད་ཆོས་བཤད་ཀ་དག་སར་ཕྱིན་ཤོག༔ ཕཊ༔ སྟེང་ཕྱོགས་ནམ་མཁའ་རྣམ་དག་ཞིང་ཁམས་སུ༔ བཅོམ་ལྡན་མགོན་པོ་ནམ་མཁའི་རྒྱལ་པོ་ལས༔ གནས་ལུགས་རྫོགས་པ་ཆེན་པོའི་གཞི་དབང་ཐོབ༔ གཞིར་སྣང་ཆོས་ཉིད་ལམ་༼ དུ་ད་བཞུད་ཅིག༔ ༽ བསྒྲོད་འཚང་རྒྱ་ཤོག༔ ཕཊ༔ འོག་ཕྱོགས་མི་གཡོ་བ་ཡི་ཞིང་ཁམས་སུ༔ བཅོམ་ལྡན་མགོན་པོ་འོད་སྲུང་ཆེན་པོ་ལས༔ རང་རིག་མངོན་པར་སྣང་བའི་དབང་ཐོབ་ནས༔ ཆོས་ཉིད་རང་སྣང་མཁར་བསྒྲོད་འཚང་རྒྱ་ཤོག༔ ཕཊ༔ ཀུན་གྱི་དབུས་ན་མེ་རི་འབར་བའི་ཞིང་༔ བཅོམ་ལྡན་པདྨ་དབང་གི་རྒྱལ་བོ་བཞུགས༔ རིག་པ་རང་གནས་ཆེན་པོའི་དབང་ཐོབ་སྟེ༔ ཆོས་ཉིད་རང་སྣང་མཁའ་རུ་སངས་རྒྱས་ཤོག༔ ཕཊ༔ ཆོས་ཉིད་བར་དོར་རང་ངོ་མ་ཤེས་ནས༔ སྲིད་པའི་བར་དོར་བག་ཆགས་མིང་གཞིའི་ལུས༔ ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་དང་༔ རྟོག་མེད་སྒྱུ་མ་ལྟ་བུར་ཤེས་པ་དང་༔ སྟོངས་འདེབས་འཕོ་བ་རྗེས་དྲན་དམ་བའི་མཐུས༔ རང་བཞིན་སྤྲུལ་པའི་སྐུ་རུ་དབུགས་དབྱུང་ཤོག༔ ཕཊཿ ཕཊཿ ཕཊཿ ཞེས་རྣམ་པར་ཤེས་པ་རྩ་བའི་བླ་མའི་སྐུ་འཐེབ་གང་བ་ཞིག་ཏུབསམ་ལ་མིག་གི་འོད་རྩའམ་སྟོང་བ་རང་གྲོལ་གྱི་ལམ་ནས་རྒྱངས་ཀྱིས་བྱོན་ཏེ་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་དབང་ཞུས་ཤེས་སྒྲིབ་དག་སྟེ་ཆོས་ཉིད་ཀ་དག་གི་སར་བསྒྲོད་པར་བསམ་མོ༔ འདི་འདྲའི་གནད་དང་ལྡན་པ་ན༔ འཆི་སྲིད་ཆོས་སྐུའི་སུན་མ་འབྱིན༔ གཞན་དུ་དབང་པོ་རབ་འབྲིང་ལས༔ ཐ་མ་ལྡོག་པའི་གནས་ཡོད་དེ༔ སྒྱུ་ལུས་ལོངས་སྐུར་ལྡང་བ་དང་༔ མངལ་དུ་ཞུགས་ནས་ལྡོག་པ་སོགས༔ དཀར་ ༼ དཔྱད་ ༽ ཕྱིར་འདི་ལས་ཟབ་པ་མེད༔ རྡོ་རྗེ་འཆང་གི་ཉེ་ལམ་མཆོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ནི་གསང་སྔགས་ཀྱི་ཆོ་ག་དང་འཕོ་བ་སོགས་ཀུན་ལས་ཁྱད་པར་དུ་འཕགས་པ་རྫོགས་པ་ཆེན་པོ་ཉག་གཅིག་གི་གསང་ལམ་ཉི་ཟླ་ཁ་སྦྱོར་དང་རིག་པ་རང་ཤར་སོགས་ནས་གསུང་བ་བསྡུས་ཏེ་དུས་མཐའི་སྔགས་མིང་ག་ག་ཨ་བྷྱེའི་རྡོ་རྗེ་གཟི་བརྗིད་རྒྱལ་པོའི་ཁྱད་ཆོས་སུ་སྣང་བ་རྩལ་དུ་བཏོན་པའོ༔ སརྦ་མངྒ་ལཾ། །དགེའོ། །དགེའོ། ། བརྡ་ཡིག །དཔེ་ཤིན་ཏུ་མི་དག་པས་དཔྱད། །


previousརིག་པ་རང་ཤར་གྱི་དགོངས་པ།next