Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
ཞི་ཁྲོ་འབྲིང་པོའི་བསྒོམ་རིམ་ཕྱག་རྒྱའི་དོན་གསལ།
  


1 occurrence of གཡར་ཁང་
[Clear Hits]

 
previousཞི་ཁྲོ་འབྲིང་པོའི་བསྒོམ་རིམ་ཕྱག་རྒྱའི་དོན་གསལ།next

ཞི་ཁྲོ་འབྲིང་པོའི་བསྒོམ་རིམ་ཕྱག་རྒྱའི་དོན་གསལ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཞི་ཁྲོ་འབྲིང་པོའི་བསྒོམ་རིམ་ཕྱག་རྒྱའི་དོན་གསལ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེཿ བརྡ་ཡིག །དང་པོ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་སྐྱ་རྡོ་རྗེའི་མཉམ་བཞག་སྐྱིལ་ཀྲུང་༔ བཟང་པོ་མཐིང་ནག་པདྨའི་མཉམ་བཞག་སྐྱིལ་ཀྲུང་གིས་འཁྲིལ་བ༔ རྣམ་སྣང་མཐིང་སྐྱ་བྱང་ཆུབ་མཆོག་རྒྱའི་འཁོར་ལོ་རྩིབས་བརྒྱད་དང་༔ གཡོན་འཁོར་ལོའི་དྲིལ་བུའི་ཡུམ་དབྱིངས་ཕྱུག་མ་མཐིང་ནག་དང་འཁྲིལ་བ༔ ཤར་ན་རྡོར་སེམས་དཀའ་པོ་ས་གནོན་གྱི་ཕྱག་རྒྱའི་རྡོ་རྗེ་རྩེ་ལྔ་དང་རྡོ་རྗེའི་དྲིལ་བུའི་སངས་རྒྱས་སྤྱན་དང་འཁྲིལ་བ༔ ལྷོ་ན་རིན་འབྱུང་སེར་པོ་མཆོད་སྦྱིན་གྱིས་རིན་པོ་ཆེ་དང་གཡོན་རིང་པོ་ཆེའི་དྲིལ་བུ་འཛིན་པ༔ ཡུམ་མ་མ་ཀི་དང་འཁྲིལ་བ༔ ནུབ་ཏུ་སྣང་མཐའ་དམར་པོ་ཕྱག་མཉམ་བཞག་གིས་པདྨ་འདབ་བརྒྱད་དང་པདྨའི་དྲིལ་བུ་འཛིན་པ༔ ཡུམ་གོས་དཀར་མོ་དང་འཁྲིལ་པ༔ བྱང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་གཡས་སྐྱབས་སྦྱིན་གྱིས་རྡོ་རྗེ་རྒྱ་གྲམ་དང་༔ གཡོན་གྱིས་དྲིལ་བུ་འཛིན་པ་ཡུམ་དམ་ཚིག་སྒྲོལ་མ་དང་སྦྱོར་བའོ༔ ཡུམ་རྣམས་གཡས་གཡོན་གོ་བསྣོལ་བའི་ཁྱད་པར་མ་གཏོགས་ཕྱག་མཚན་ཡབ་དང་མཐུན་པ༔ ཀུན་ཀྱང་ཞི་ཚུལ་དགུ་དང་ལྡན་པ་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་ཞིག་ཏུ་བསྐྱེད་དོ༔ ཡབ་ཡུམ་དེ་དག་གི་གཡས་གཡོན་དུ་རང་རིགས་ཀྱི་སེམས་དཔའ་སེམས་མ་བཞི་ཞལ་སྦྱོར་དུ་འཁྲིལ་བས༔ ཞལ་གྱུ་ཕྱོགས་ཀྱི་དབང་གིས༔ དཔེར་ན་ས་སྙིང་བྱམས་པ་གཉིས་རྡོ་སེམས་ཀྱི་གཡས་གཡོན་ནས་ཞལ་ཤར་ནས་ནུབ་ཏུ་གཙོ་བོ་རྣམ་སྣང་ལ་ཕྱོགས་ཏེ་ཡོད་པ་ལ༔ ལ་སྱེ་པུཥྤེ་མ་གཉིས་སེམས་དཔའ་ཡབ་གཉིས་དང་འཁྲིལ་པས་ཞལ་སངས་རྒྱས་སྤྱན་ལ་བསྐོར་བའི་ཚུལ་དུ་བཞུགས་པའོ༔ འདིར་རབ་འབྱམས་དང་སྙིང་དགོངས་ནས་གཡོན་མ་ལྱེ་མར་གསུངས་ཀྱང་རྒྱུད་དཀྲུགས་པ་ཡིན་པའི་གནད་ཀྱིས་སྙིང་དགོངས་སྨད་ཆར་འདིའི་གཞུང་དང་ཚུལ་གཅིག་པར་གསུངས་པས་ཤེས་སོ༔ དེས་ན་ཡབ་ཀྱིས་ཡབ་ལ་བསྐོར༔ ཡུམ་གྱིས་ཡུམ་ལ་བསྐོར་བའང་ཁྲོ་བོ་ལ་ཀཽ་སེང་གིས་བསྐོར་ཞེས་པ་དང་ཚུལ་གཅིག་ལ༔ ཡང་རིགས་ཀྱི་གཙོ་བོའི་ཡབ་ཀྱི་ཐབས་འགགས་པ་མེད་པའི་རང་གདངས་ལ་སེམས་དཔའ་བརྒྱད༔ ཡུམ་རྣམས་ཀྱི་ཤེས་རབ་འགྱུར་བ་མེད་པའི་རང་མདངས་སུ་སེམས་མ་བརྒྱད་ཤར་བའི་ཆ་ནས་འཁོར་ཡུག་ཏུ་མེད་ཀྱང་བསྐོར་བའི་དོན་དུ་མི་འགལ་བས་ན་སྐུ་མདུན་རྒྱབ་ཚོམ་བུར་བཀོད་ཡང་ཡོད་ལ༔ དེའི་ཀྱང་ཡབ་ཀྱི་དང་ཡུམ་གྱིས་ཡུམ་ལ་བསྐོར་པའི་དོན་དུ་འགྱུར་བའི་འཐད་ལྡན་དུ་བཀོད་པའོ༔ ཕྱག་མཚན་རྣམས་ཀྱི་ངེས་པ་ནི༔ ས་སྙིང་དཀར་པོ་གཡས་རིན་ཆེན་མྱུ་གུ་དང་༔ སྒེག་མོ་དཀར་མོ་གཡོན་མེ་ལོང་བསྣམས་པ༔ བྱམས་པ་དཀར་སེར་གཡས་ཀླུ་ཤིང་འཛིན་པ༔ པཥྤེ་མ་དཀར་མོ་གཡོན་མེ་ཏོག་གི་ཕྲེང་པ་འཛིན་པ༔ ནམ་སྙིང་སེར་པོ་གཡས་རལ་གྲི༔ ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ༔ ཀུན་བཟང་སེར་དམར་གཡས་རིན་པོ་ཆེའི་སྙེ་མ༔ དྷུཔྤེ་མ་སེར་དམར་གཡོན་སྤོས་ཁང་འཛིན་པ༔ སྤྱན་རས་གཟིགས་དམར་པོ་གཡས་པདྨ་དཀར་པོ༔ གླུ་མ་དམར་མོ་པི་ཝཾ༔ འཇམ་དཔལ་དམར་ལྗང་ཨཏྤུལ༔ མར་མེ་དམར་ལྗང་དམར་མེ༔ སྒྲིབ་སེལ་ལྗང་གུ་ཆོས་ཀྱི་འཁོར་ལོ༔ དྲི་མ་ལྗང་གུ་དྲིའི་དུང་ཆོས༔ ཕྱག་རྡོར་མཐིང་ཀ་གཡས་རྡོ་རྗེ༔ ནིརྟི་མ་དཀར་ལྗང་ཞལ་ཟས་ཐོགས་པ༔ ཡབ་རྣམས་ཀྱི་གཡོན་དང་༔ ཡུམ་རྣམས་ཀྱི་གཡས་ན་དྲིལ་བུ་འཛིན་པས་ཕན་ཚུན་འཁྱུད་པ༔ ཡབ་ཡུམ་བཅུ་དྲུག་པོ་སེམས་དཔའ་དང་སེམས་མའི་སྐྱིལ་ཀྲུང་དུ་བཞུགས་པའོ༔ སྒོ་བ་བཞི་ནི་སྤྲིན་གྱི་གདན་སྟེང་དུ་རྣམ་རྒྱལ་དང་ལྕགས་ཀྱུ་མ་དཀར་མོ༔ ཡབ་རྡོ་རྗེ་དང་དྲིལ་བུ༔ ཡུམ་ལྕགས་ཀྱུ་དྲིལ་བུ་འཛིན་པས་འཁྲིལ་བ༔ ལྷོར་འཛའ་ཚོན་གྱི་གདན་ལ་གཤིན་རྗེ་གཤེད་སེར་ནག༔ ཡབ་བེ་ཅོན་དྲིལ་བུ༔ ཡུམ་ཞགས་པ་དྲིལ་བུ་འཛིན༔ ནུབ་ཏུ་སྨིག་སྒྱུའི་གདན་ལ་རྟ་མགྲིན་དམར་ནག་གཡས་ཐོད་དབྱུག་དྲིལ་བུ༔ ཡུམ་ལྕགས་སྒྲོག་དྲིལ་བུ་འཛིན༔ བྱང་སྒོར་ན་བུན་གྱི་གདན་ལ༔ བདུད་རྩི་ཡབ་ཡུམ་སྐུ་མདོག་ལྗང་གུ་ཡབ་རྒྱ་གྲམ་དྲིལ་བུ༔ ཡུམ་སྨན་ཐོད་དྲིལ་བུ་འཛིན་པ་སྟེ༔ ཤར་ལྷོའི་སྒོ་བ་གཉིས་ཞབས་གཡོན་བརྐྱང་པའི་དོར་སྟབས་ལ༔ ཡུམ་གཡོན་གྱིས་རྐེད་ལ་འཁྲིལ་ཞིང་གཡས་བརྐྱང་བ༔ ནུབ་བྱང་གི་སྒོ་བ་ཞབས་གཡས་བརྐྱང་བ་ལ༔ ཡུམ་གཉིས་གཡས་ཡབ་ལ་འཁྲིལ་ཞིང་གཡོན་བརྐྱང་བས་གར་སྟབས་སུ་བསྒྱུར་བ་ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ ཐུབ་དྲུག་ནི༔ མིའི་ཐུག་པ་སེར་པོ་མཁར་སིལ་དང་ལྷུང་བཟེད་འཛིན་པ༔ ལྷའི་ཐུབ་པ་དཀར་པོ་དུང་དང་པི་ཝཾ༔ ལྷ་མིན་གྱི་ཐུབ་པ་ལྗང་གུ་ཁྲབ་རྨོག་གསོལ་ཞིང་རལ་གྲི་དང་མདུང་ཐུང་བསྣམས་པ༔ བྱོལ་སོང་གི་ཐུབ་པ་མཐིང་སྐྱ་སེང་གེའི་གཟུགས་ཀྱིས་ཕྱག་གཉིས་ཀྱིས་པུསྟི་རེ་བཏེགས་པ༔ ཡི་དྭགས་ཀྱི་ཐུབ་པ་དམར་མོ་སྒྲོམ་བུ༔ དམྱལ་བའི་ཐུབ་པ་དུད་ཀ་མེ་ཆུ་བསྣམས་པ༔ ལྷ་མིན་དང་བྱོལ་སོང་མ་གཏོགས་གཞན་ཐམས་ཅད་སྤྲུལ་སྐུའི་ཆ་བྱད་ཅན་རྫོགས་པ་རང་བྱུང་གི་ལྟར་རོ༔ དེ་དག་ཀྱང་བཀོད་ཚུལདང་ཆ་ལུགས་སྐུ་མདོག་མི་འདྲ་བ་མང་ཡང་རྒྱུད་དཀྲུགས་པ་རང་བྱུང་པདྨས་སྡེབ་ནས་བཤད་པ་ཡིན་ནོ༔ ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་ལས༔ ཆེ་མཆོག་མཐིང་ནག༔ བུདྡྷ་སྨུག་ནག༔ བཛྲ་ཧེ་རུ་ཀ་མདོག་དཀར་ནག༔ རཏྣ་སེར་ནག༔ པདྨ་དམར་ནག༔ ཀརྨ་ལྗང་ནག་རྣམས་ཀྱི་རྩ་ཞལ་དེ་ལྟ་བུ་ལ༔ བུདྡྷ་གཡས་དཀར་གཡོན་སྔོན་པོ༔ བཛྲ་གཡས་སྨུག་གཡོན་སེར་པོ༔ རཏྣ་གཡས་སྔོན་པོ་གཡོན་དམར༔ པདྨ་གཡས་དཀར་གཡོན་ལྗང་༔ ཀརྨ་གཡས་དཀར་གཡོན་སེར་ཡིན་ལ༔ དེ་དག་གི་ཡུམ་གནམ་ཞལ་སྔོན་པོ༔ བུདྡྷ་སྨུག་ནག༔ བཛྲ་དཀར་ནག༔ རཏྣ་སེར་ནག༔ པདྨ་དམར་ནག༔ ཀརྨ་ལྗང་ནག༔ ཕྱག་གཡས་རྣམས་རིམ་པར་འཁོར་ལོ་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་བསྣམས་པའོ༔ ཤར་དུ་ཀཽའུ་རི་དཀར་མོ་གཡས་ཞིང་དབྱུག་དང་༔ གཡོན་ལྦན་དམར༔ ལྷོ་རུ་ཙོའུ་རི་སེར་མོ་མདའ་གཞུ༔ ནུབ་ཏུ་པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་དང་གཡོན་བྷན་དམར༔ བྱང་དུ་བེ་ཏ་ནག་མོ་གཡས་སྡིགས་མཛུབ་ཀྱི་རྩེ་ལས་རྡོ་རྗེ་རྩེ་ལྔ་བ་ཕྱར་བ༔ གཡོན་བྷན་དམར༔ ཤར་ལྷོར་པུསྐ་སི་དམར་སེར་གཡས་བྱིས་པའི་རྒྱུ་མ་གཟིང་ཞིང་༔ གཡོན་པས་ཞལ་དུ་འཛུད་པ༔ ལྷོ་ནུབ་ཏུ་གྷསྨ་རི་སྐུ་མདོག་ལྗང་སེར༔ གཡོན་བྷན་ཁྲག་བསྣམས་པ་གཡས་སྡིག་མཛུབ་ཀྱིས་དཀྲུགས་ཤིང་ཞལ་དུ་འཛུད་ཅིང་འཐུང་པ༔ ནུབ་བྱང་དུ་ཙནྡ་ལི་སེར་སྐྱ་གཡས་ཙིཏྟ་བསྣམས༔ གཡོན་ཞིང་ཆུང་ཟ་བ༔ བྱང་ཤར་དུ་སྨེ་ཤ་ནི་མཐིང་ནག་གཡས་རལ་གྲིས་གཡོན་བམ་བཟུང་བའི་མགོ་ལུས་འདྲལ་ནས་ཁྲག་ལྡག་པ༔ ཀུན་ཀྱང་ཟིང་བསྣོལ་བའི་གདན་ལ་འགྱིང་བ་སྟེ༔ དེ་དག་ཡེ་ཤེས་ཀྱི་ཡེ་ཤེས་རྒྱན་དུ་ཤར་བའི་སེམས་དཔའ་བརྒྱད་ཁྲོས་པ་ཡིན་པས་ཁྲག་འཐུང་ཡུམ་ལྔ་དང་ཐབས་ཤེས་ཟུང་འཇུག་གི་ངོ་བོར་གནས་པས་ན་ཡུམ་ལྔ་ལ་བསྐོར་རོ༔ ཞེས་རྒྱུད་ལས་གསུངས་སོ༔ ཡང་ཀཽའུ་རི་བརྒྱད་གནས་པའི་ཕྱིའི་ཚད་དུ་དཔག་པའི་འཁོར་ལོའི་མཆན་བརྒྱད་ལ༔ ཞིང་ཆེན་ཏེ་གསོན་པོའི་སྟེང་ན་ཤར་མཆན་ནས་རིམ་པར༔ ཤར་དུ་སེང་ཧ་སེར་མོ་ལག་གཉིས་རོ་གཉིས་བསྣོལ་ནས་བཟུང་ཞིང་ཁས་རོ་ཟ་ཞིང་རལ་བ་བསིགས་པ༔ ལྷོ་ནས་བྷྱེ་ཀྲི་དམར་མོ་སྟག་གདོང་ལག་གཉིས་བསྣོལ་བའི་བར་ནས་རོ་བཟུང་པ་ལ་འབྲུ་ཚུགས་སུ་བལྟ་ཞིང་མཆེ་བ་གཉེར་བ༔ ནུབ་ཏུ་སྲི་ལ་ཝའི་གདོང་སྨུག་པོ༔ གཡས་སྤུ་གྲི་ཐོགས་པས་ཞིང་ཁོག་པ་འདྲལ་ནས་ཁྲག་ལྡག་ཅིང་རྒྱུ་མ་ཟ་བ༔ བྱང་དུ་ཤྭ་ན་མུ་ཁ་སྐུ་མདོག་མཐིང་ནག་སྤྱང་མའི་མགོ་ཅན༔ ཕྱག་གཡོན་གྱིས་ཞིང་བཟུང་ནས་གཡས་ཁོག་ལག་འཛུད་དེ་དཀྲོལ་བ༔ ཤར་ལྷོ་མཚམས་ན་ཀྲི་ཏ་མུ་ཁ་བྱ་རྒོད་མགོ་ཅན་སྐུ་མདོག་དམར་སེར་ཞིང་ཕྲག་ཏུ་བཀལ་ནས༔ གཡས་ཀེང་རུས་དང་༔ གཡོན་བྷནྡྷ་རཀྟའི་བཀང་བ་འཐུང་བ༔ ལྷོ་ནུབ་ཏུ་ཀཾ་ཀ་མུ་ཁ་སེར་མོ་དུར་བྱའི་མགོ་ཅན་ཞིང་ཕྲག་ལ་ཁུར་བ༔ ནུབ་བྱང་མཚམས་ན་ཀ་ཀ་མུ་ཁ་ནག་མོ་བྱ་རོག་མགོ་ཅན༔ ཕྱག་གཡས་རལ་གྲི་དང་༔ གཡོན་བྷནྡྷ་ཐོགས་པས་གྲུ་ཁུག་ཏུ་རྒྱུ་མའི་ཞགས་པ་བསྐོན་པ༔ བྱང་ཤར་མཚམས་ན་ཧུ་ལུ་མུ་ཁ་འུག་གདོང་དཀར་ཁྲ་སྟེ་མཐིང་དཀར་ཕྱེད་ཞལ༔ ཕྱག་གཡས་རྡོ་རྗེའི་མཚན་པའི་ལྕགས་ཀྱུ་འདེབས་པ༔ གཡོན་བྷནྡྷ་ཁྲག་ཚིལ་གྱི་ཁུ་བས་བཀང་བ་ལྡག་པ༔ དེ་ལྟར་ཡུལ་བརྒྱད་ཀྱི་རྟོག་པ་གནས་སུ་འགྱུར་བའི་ཕྲ་མེན་བརྒྱད་པོའི་ཁྲག་འཐུང་ཡབ་ལྔ་དང་ཐབས་ཤེས་འདུ་འབྲལ་མེད་པའི་ཚུལ་གྱིས་གནས་པས་ཡབ་ལྔ་ལ་བསྐོར་ནས་ཡོད་དོ༔ ཅེས་བཤད་དོ༔ གསེར་ཁྱམས་ཀྱི་སྒོ་བཞིའི་ཆར་ནི་ཤར་དུ་རྟ་གདོང་དཀར་མོ་གཡས་ལྕགས་ཀྱུ་དང་གཡོན་དུང་དམར༔ ལྷོར་ཕག་གདོང་སེར་མོ་ཕྱག་གཡས་རྒྱུ་ཞགས་དང་༔ གཡོན་དེའི་ཞགས་སྣེ་ལ་བརྒྱུས་པའི་བྱ་རྒོད་ཀྱི་མཆེ་བ་སྟེ་ཡ་མཆུ་ཐོགས་པ༔ ནུབ་ཏུ་དྲེད་གདོང་མ་དམར་མོ་ཕྱག་གཉིས་རྡོ་རྗེ་དང་ལྕགས་སྒྲོག་བཟུང་བ༔ བྱང་དུ་སྤྲུལ་གདོང་ལྗང་ཀུ་གཡས་དྲིལ་བུ་གཡོན་བྷནྡྷ་དམར་གྱི་བཀང་བ་བསྣམས་པར་གསལ་ལོ༔ སྤོར་བྱེད་བརྒྱད་ནི༔ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མིན་ལྷ་མིའི༔ སྤོར་བྱེད་ནག་དམར་སྔོ་ལྗང་དཀར་སེར༔ ཀུན་ཀྱང་གཡས་ཐུགས་རྗེའི་ལྕགས་ཀྱུ་དང་༔ གཡོན་དྲིལ་བུ་འཛིན་པ༔ བརྒྱད་བྱེད་ན་བྱ་བྱེད་ཀུན་བཟང་ཡབ་ཡུམ་ཁྲོས་པའི་ཉི་ཟེར་མ་དང་༔ དྲིལ་འཁྲོལ་མ་གཉིས་རྡོར་དྲིལ་འཛིན་པ༔ དབང་ཕྱུག་ཉེར་བརྒྱད་ནི་ཁྲག་ཁྱམས་ཀྱི་ཕྱི་འཁོར་ན་ཡོད་དོ༔ དེ་ཡང་ཤར་སྟོད་ནས་རིམ་པར༔ སྲིན་མོ་སྨུག་ནག་གཡག་གི་མགོ་ཅན་གཡས་ཐོད་རློན་འཆིང་ཞིང་ཀླད་པ་ལྡག་པ༔ གཡོན་རྡོ་རྗེ༔ཚངས་པ་སྦྲུལ་གདོང་དམར་སེར་པདྨ་དང་རྡོ་རྗེ༔ ལྷ་ཆེན་དཀར་ལྗང་གཟིག་གདོང་གཡས་ཏྲི་ཤུལ་གཡོན་རྡོ་རྗེ༔ གཏོགས་འདོད་སྔོན་མོ་སྲེ་མོང་མགོ་ཅན་འཁོར་ལོ་དང་རྡོ་རྗེ༔ དགའ་བ་སེར་མོ་ཕ་ཝཾ་མགོ་ཅན་སྤུ་གྲི་འཛིན་པ༔ གཞོན་ནུ་དམར་མོ་དྲེད་གདོང་མདུང་ཐུང་འཕེན་པ༔ སྒོ་ནང་ན་རྡོ་རྗེ་ནག་མོ་མགོ་ཅན་ཁུ་བྱུག་མགོ་ཅན་ལྕགས་ཀྱུ་རྡོ་རྗེ་བསྣམས་པ་བདུན་ཡོད་དོ༔ ལྷོ་སྟོད་ནས་རིམ་པ་བཞིན༔ དབང་མོ་དཀར་མོ་རྒྱུ་ཞགས་དང་རིན་པོ་ཆེ་འཛིན་པ་དོམ་གྱི་མགོ་ཅན༔ ཞི་བ་དམར་མོ་ཆུ་སྲིན་མགོ་ཅན་བུམ་པ་འཛིན་པ༔ བདུད་རྩི་དམར་མོ་སྡིག་པའི་མགོ་ཅན་པདྨ་བསྣམས་པ༔ ཟླ་བ་དཀར་མོ་ཁྲ་ཡི་མགོ་ཅན་པུཎྜ་རི་ཀ་འཛིན་པ༔ བེ་ཅོན་ལྗང་ནག་ཝ་ཡི་གདོང་ཅན་དབྱུག་ཏོ་འཕྱར་བ༔ སྲིན་མོ་དམར་ནག་སྟག་གདོང་ཐོད་ཁྲག་འཐུང་བ་དྲུག་གཡས་རང་རྟགས་དང་༔ གཡོན་རིན་ཆེན་བསྣམས་པ༔ ལྷོའི་སྒོ་ནང་ན་རྡོ་རྗེ་སེར་མོ་ར་མགོ་མ་ཞགས་པ་དང་༔ རིན་ཆེན་བསྣམས་པ་དང་བདུན་ཡོད་དོ༔ དེ་བཞིན་དུ་ནུབ་ཀྱི་མ་བདུན་ནི་ནུབ་སྟོད་ནས་རིམ་པར༔ ཟ་བ་ལྗང་ནག་བྱ་རྒོད་མགོ་ཅན་རྒྱུ་མ་འདྲེན་པ༔ དགའ་བ་དམར་མོ་རྟ་ཡི་མགོ་ཅན་གྲི་ཁུག་འཛིན་པ༔ སྟོབས་ཆེན་དམར་མོ་ཁྱུང་གི་མགོ་ཅན་དབྱུག་ཏོ་འཛིན་པ༔ སྲིན་མོ་སེར་མོ་ཁྱི་གདོང་གཡོན་རྡོ་རྗེ་དང་གཡས་སྤུ་གྲི་འཛིན་པ༔ འདོད་པ་དམར་མོ་པུ་ཤུད་མགོ་ཅན་མདའ་གཞུ་འགེང་པ༔ ནོར་བསྲུང་ལྗང་མོ་ཤ་བའི་མགོ་ཅན་བུམ་པ་འཛིན་པ་སྟེ་མ་དྲུག༔ སྒོ་ནང་ན་རྡོ་རྗེ་དམར་མོ་སེང་གེའི་མགོ་ཅན་ལྕགས་སྒྲོག་བསྣམས་པ༔ བདུན་ཀའང་གཡོན་ན་པདྨ་བསྣམས་པའོ༔ བྱང་སྟོད་ནས་རིམ་པར༔ རླུང་ལྷ་སྔོ་སྐྱ་སྤྱང་མགོ་བ་དན་ཕྱར་བ༔ མེ་མོ་དམར་སེར་སྐྱིན་གྱི་མགོ་ཅན་ལྕགས་སྒྲོགས་བསྣམས་པ༔ ཕག་མོ་ནག་མོ་ཕག་གི་གདོང་ཅན་བྱ་རྒོད་ཀྱི་མཆེ་བ་སྣེ་ལ་བརྒྱུན་པའི་ཞགས་པ་བསྣམས་པ༔ རྡོ་རྗེ་དམར་མོ་ཁྲ་ཡི་མགོ་ཅན་ཞིང་ཆུང་ཟ་བ༔ སྣ་ཆེ་ལྗང་ནག་གླང་ཆེན་མགོ་ཅན་ཐོད་ཁྲག་འཐུང་བ༔ ཆུ་ལྷ་སྔོན་མོ་སྦྲུལ་གདོང་སྦྲུལ་ཞགས་བསྣམས་པ༔ སྒོ་ནང་ན་རྡོ་རྗེ་ལྗང་ནག་སྦྲུལ་གདོང་དྲིལ་བུ་བསྣམས་པ༔ ཀུན་ཀྱང་གཡོན་རྒྱ་གྲམ་བསྣམས་པ་ཤ་སྟག་གོ༔ ཕྱོགས་བཞིའི་མ་དྲུག་དྲུག་པོ་དེ་དག་ཀྱང་སྒོའི་གཡས་གཡོན་དུ་གསུམ་རེ་ཡོད་ལ༔ སྒོ་ནང་གི་དེ་དང་བདུན་དུ་བྱས་པ་ཁྱོན་ཕྱོགས་རེ་ན་བདུན་རེ་ཡོད༔ ཁྲོ་བོ་བཅུ་ནི་ཕྱི་རིམ་འཁོར་ལོའི་རྩིབས་ནང་དུར་ཁྲོད་ཆེན་པོ་བརྒྱད་དུ་ཡོད་པའི་ནང་དང་༔ སྟེང་འོག་གི་རྩིབས་བཅུར༔ ཧཱུྃ་ཀར་མཐིང་༔ རྣམ་རྒྱལ་དཀར༔ གཤིན་རྗེ་སེར༔ རྟ་མགྲིན་དམར་པོ༔ བདུད་རྩི་ལྗང་༔ དབྱུག་སྔོན་ཡབ་ཡུམ་དཀར་སེར༔ མི་གཡོ་ཡབ་ཡུམ་སེར་དམར༔ འདོད་རྒྱལ་ཡབ་ཡུམ་དམར་ལྗང་༔ ཁམས་གསུམ་ཡབ་ཡུམ་ལྗང་དཀར་པོ༔ སྟོབས་ཆེན་ཡབ་ཡུམ་ནག་པོ༔ ཡབ་རྣམས་རྡོ་རྗེ་ཕུར་བུ༔ ཡུམ་རྣམས་གྲི་ཐོད་ཅན༔ ལྷ་ཚོགས་དེ་དག་ལས༔ དབང་མོ་ཡན་ཆད་ཞལ་ནང་དང་༔ བཟློག་བྱེད་ཀྱི་ཁྲོ་བོ་ཡབ་ཡུམ་ཕྱིར་གཟིགས་པའོ༔ གདན་ཁྲིའི་ངེས་པའང་ཆེ་མཆོག་ལ་བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་པའི་རིན་ཆེན་ཁྲི་སྟེང་སྡེ་བརྒྱད་སྤྱི་ཆིངས་སུ་མནན་པ༔ གཞན་རང་རང་ལྟར་རོ༔ དེ་ལྟར་གསལ་བའི་ཕྱག་རྒྱའི་རྣམ་བཞག་འདི་ནི་འབྲིང་པོའི་ཚུལ་ཡིན༔ ཕྱེད་ཞལ་འདི་དག་ཀྱང་རིགས་གཉིས་འདྲེས་ཀྱི་ཁ་དོག་ཡིན་པའི་གནད་ལས་འཐད་ཅིང་༔ ཞི་བའི་དབུ་རྒྱན་ཁྲོ་བོ་བྱས་པའང་རང་ཤར་གྱི་རྒྱུད་ཨོ་རྒྱན་པདྨས་ཆོག་འགྲིགས་ཡིན་སྙམ་པས་ལོག་པར་སྨྲ་བ་ཡོད་ན་རྒྱུད་དེ་དག་ཕུག་གཏུག༔ ཅེས་ཀྱང་པདྨ་བློ་གྲོས་ཀྱི་བཀའ་བཙན་མ་ལྡོག་པར་དུས་ཞབས་ཀྱི་སྔགས་མིང་ག་ག་ཨ་བྷྱེའི་སྨྲས་པ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ། །མངྒ་ལཾ། །


previousཞི་ཁྲོ་འབྲིང་པོའི་བསྒོམ་རིམ་ཕྱག་རྒྱའི་དོན་གསལ།next