Nitartha Digital Library
Tibetan
གསུང་འབུམ་པོད་གསུམ་པ།

1 occurrence of གཡར་ཁང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
ཆོས་རྣམས་ཡབ་ཡུམ་གཏིང་གསལ།


1 occurrence of གཡར་ཁང་
[Clear Hits]

 
previousཆོས་རྣམས་ཡབ་ཡུམ་གཏིང་གསལ།no next

ཆོས་རྣམས་ཡབ་ཡུམ་གཏིང་གསལ།

ཆོས་རྣམས་ཡབ་ཡུམ་གཏིང་གསལ་གྱིས༔ དོན་གྱི་བྱང་ཆུབ་སེམས་སུ་ནུབ༔ བྱང་ཆུབ་སེམས་ནི་ནུབ་ཕྱོགས་ཡིན༔ མཚན་མའི་རྟོག་ཡུལ་བྱང་ཕྱོགས་ནས༔ རང་བྱུང་ཡེ་ཤེས་ཤར་བ་ནི༔ མདངས་ལ་སྙིང་རྗེས་དྲོད་ཆགས་ཞིང་༔ ལྷོ་ཕྱོགས་ལྷུན་སྡུག་དུར་ཁྲོད་དུ༔ བསྐོར་ཞིང་རྒྱུ་ཡི་ཧཱུྃ་དང་ཨཱ༔ དོན་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས༵་ཀྱི་བྱེ་བྲག་རབ་འབྱམས་རྣམ༵ས། རིག་སྟོང་དབྱེར་མེད་ངོ་བོའི་ཀུན་བཟང་ཡབ༵་ཡུམ༵་ཟུང་འཇུག་གི་དགོངས་པ་ཕྱི་ནང་གི་སྤྲོས་པ་དང་བྲལ་ཞིང་གཏིང༵་མདངས་ཀྱི་མཁྱེན་ཆ་འགགས་མེད་དུ་ཐིམ་ལ་མ་རྨུགས་པར་གས༵ལ་བའི་རང་བཞིན་གཞོན་ནུ་བུམ་པ་སྐུའི་ཡེ་ཤེས་ཀྱི༵་ངོ་བོ་ལ་གྲུབ་མ་མྱོང་བའི་གནས་ལུགས་ནི་དོན༵་དམ་པའི་བྱང༵་ཆུབ་ཀྱི་སེ༵མས་འོད་གསལ་བའི་རྫོགས་རིམ་གྱི་གཞི༵་ཡིན་ཏེ། དེའི་ངང་དུ་གཉིས་འཛིན་དང་གཉིས་སྣང་ཐམས་ཅད་ནུབ༵་པའི་ཚུལ་དུ་མཉམ་པར་བཞག་པ་ནི་སྟོང་པ་ཆེན་པོའི་ཏིང་འཛིན་ཡིན་ལ། དེས་ན་ཉོན་མོངས་སོགས་སྐྱོན་ཀུན་བྱང་ཞིང་ཆོས་སྐུའི་ཡོན་ཏན་འུབས་སུ་ཆུབ་པའི་སེམས་ཉིད་ཆོས་ཀྱི་སྐུའི་དེ་ཁོ་ན་ཉིད་ནི་སེམས་དང་སེམས་ལས་བྱུང་བའི་རྣམ་རྟོག་གི་མཚན་མའི་འཇུག་པ་ཐམས་ཅད་ཆོས་དབྱིངས་སུ་ནུབ༵་པའི་ཕྱོག༵ས་ཡིན་ཞེན་པས་ངེས་བརྗོད་དུ་བྱས་པ་སྟེ། འདི་ཡང་སྣང་སྲིད་ཁ་སྦྱོར་ལས། རྣམ་པར་རྟོག་པའི་མཚ༵ན་མ་ཇི་སྙེད་ཀུན། །མི་རྟོག༵ས་སྐྱེ་བ་མེད་པའི་ངང་དུ་ནུབ། །བྱང་ཆུབ་སེམས་ནི་ནུབ༵་ཕྱོག༵ས་ཡིན། །ཞེས་དང་། ཉི་འོད་སེང་གེས་གསང་འགྲེལ་ལས། རིག་པ་ཤར་བས་མ་རིག་ནུབ་པས་ན་ནུབ་སོ། །ཞེས་དང་། ཨིནྚ་བྷོ་དྷིའི་ལམ་རྣམ་བཀོད་ལས། རང་བྱུང་ཡེ་ཤེས་ཤར་བ་དང་། །ཉོན་མོངས་མ་རིག་རྒྱུ་འབྲས་ནུབ། །དེ་ཕྱིར་ནུབ་ཀྱི་སྒོ་ཞེས་ཟེར། །ཞེས་དང་། རྫོགས་པ་རང་བྱུང་ལས། ནུབ་ནི་བག་ཆགས་ནུབ་པའི་སྒོ། །ཞེས་སོ། དེ་ལྟ་བུའི་དོན་ལ་མཉམ་པར་བཞག་པས་ཁམས་དྲི་བཅས་ཀྱི་གཞི་ལ་བསྐྱེད་པའི་རྒྱུར་བཟུང་ནས། སྟོང་ཆེན་གྱི་ཏིང་ངེ་འཛིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བའི་རྒྱུའི་ཏིང་ངེ་འཛིན་གྱི་རྐྱེན་གྱིས་མཚམས་སྦྱར་ན། ཁམས་བྱང་ཆུབ་དུ་གྱུར་ནས་སྡུག་བསྔལ་ཉོན་ཤེས་ཀྱི་ཀུན་འབྱུང་མཐའ་དག་བྱང་བའི་ཆོས་སྐུའི་ཕྱོགས་མངོན་དུ་གྱུར་བའི་འབྲས་བུ་ཐོབ་པ་ཡིན་ཏེ། གཞི་ལམ་འབྲས་བུ་དེ་དག་འབྲེལ་ཞིང་རྒྱུན་ཆགས་པས་རྒྱུད་ཡིན་ནོ་ཞེས་པའི་དོན་ནོ། །དེ་ཡང་བདུད་རྩི་བཅུད་ཐིག་ལས། ཉོན་མོངས་དགགས་བསྒྲུབ་བཟུང་འཛིན་བྱང་། །བྱང་ཆུབ་སེམས་ནི་བྱང་ཕྱོགས་ཡིན། །ཞེས་དང་། ཉི་སེང་གིས། གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་གྱུར་བ་ན། །ཉོན་མོངས་སྡུག་བསྔལ་ཐམས་ཅད་བྱང་བས་ན་བྱང་ངོ་། །ཞེས་དང་། རྣམ་བཀོད་ལས། རང་བྱུང་ཡེ་ཤེས་བདག་ཉིད་དང་། །སྡུག་བསྔལ་གདོད་ནས་རང་དག་པའི། །དོན་རྟོགས་ཕྱིར་ན་བྱང་ཕྱོགས་ཡིན། །ཞེས་སོ། །དེ་ལྟར་བྱང་ཕྱོགས་འབྲས་བུ་མཐར་ཐུག་གི་གནས་ནི་ཐུགས་རྗེའི་གཞན་དོན་རྩོལ་མེད་དུ་འབྱུང་བའི་ས་བ་ཡིན་པས་ན། རང་བྱུང་ལས། བྱང་སྒོ་སྐུ་ལྔ་ལྷུན་གྲུབ་སྒོ། །ལས་རབ་རྫོགས་པའི་སྒོ་ཆེན་པོ། །ཞེས་གསུངས་པས། དེ་ནས་འབྲས་བུ་ཆོས་སྐུ་ལས་གཟུགས་སྐུ་གཉིས་གདུལ་བྱ་ལ་རང་བྱུང་ཡེ་ཤེས་ཀྱི་བྱིན་རླབས་ལས་རང་ཤར་བས་ན་བྱང་ཆུབ་སེམས་ཤར་ཕྱོགས་ཀྱང་ཡིན་ཏེ། ཁ་སྦྱོར་ལས། སྙིང་པོའི་ཀློང་ནས་ཡེ་ཤེས་ཤར། །བྱང་ཆུབ་སེམས་ནི་ཤར་ཕྱོགས་ཡིན། །ཞེས་དང་ཉི་སེང་གེས། །ཡེ་ཤེས་ཀྱི་སྒྲོན་མེས་མ་རིག་པའི་མུན་པ་སེལ་བས་ཤར་རོ། །ཞེས་དང་། །རྣམ་བཀོད་ལས། ཉོན་མོངས་བསལ་བས་ཡེ་ཤེས་གསལ། །དེ་ཕྱིར་ཤར་གྱི་སྒོ་ཞེས་བྱ། །ཞེས་དང་། རང་བྱུང་ལས། ཡེ་ཤེས་དག་པའི་སྣང་བ་འཆར། །དེ་ཕྱིར་ཤར་གྱི་སྒོ་ཞེས་བྱ། །ཞེས་སོ། །སྐུ་གཉིས་ཀྱི་འབྲས་བུ་དེ་ཡང་ཐུགས་རྗེ་ཆེན་པོའི་འབྲེལ་བ་ལས་ཤར་བ་ལམ་དུ་བྱེད་ཅིང་བསྒོམ་པ་ནི་ལམ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ཡེ་ཤེས་ཏེ་དེ་ནི་གཞི་ཡིན་པས། ཐབས་དང་རྒྱུད་གསུམ་འབྲེལ་བར་གནས་པ་དང་། ཡང་བྱང་ཆུབ་སེམས་ནི་ཡེ་ཤེས་ཉེར་ལྔའི་སྐུ་རིགས་ལྔ་རིགས་ཆུང་གྲངས་མེད་པའི་རྒྱུད་སྡེའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ངོ་བོ་ད་ལྟ་ལུས་ལ་རྫོགས་པའི་གཞི་ཡིན་ལ་དེ་ལམ་བྱེད་དུ་ཕྲ་རགས་ཀྱི་ཆོ་ག་གསུམ་བསྐྱེད་ནི་ལམ། མཐར་ཐུག་རང་སྣང་དང་། ཕྱེད་སྤྲུལ་འགྲོ་འདུལ་བཟོ་སྐྱེ་བེམ་པོ་སྤྲུལ་སྐུ་འབྱུང་བ་རྣམས་ནི་འབྲས་བུ་ཡིན་པས་འབྲེལ་ཞིང་རྒྱུན་ཆགས་པའི་རྒྱུད་གསུམ་ཚད་གཞལ་དུ་མེད་པའི་ཡེ་ཤེས་ལྷུག་པར་འཆར་བའི་སྒོ་ཡང་ཡིན་པས་ལྷོ་ཕྱོགས་སུ་བྱས་ཏེ་རང་བྱུང་ལས། སྣང་བ་ལྷུག་པར་འཆར་བའི་ཕྱིར། །ཡེ་ཤེས་ཉི་ཤུ་རྩ་གཅིག་རྫོགས། །བྱང་ཆུབ་སེམས་ནི་ལྷོ་ཕྱོགས་ཡིན། །ཞེས་དང་། ཉི་སེང་གིས། དེ་ལྟ་བུའི་ཡོན་ཏན་ཐམས་ཅད་འབྱུང་བས་ལྷོ་ཕྱོགས་ཡོན་ཏན་རིན་པོ་ཆེ་ཞེས་བྱའོ། །ཞེས་སོ། །རྒྱུ་མཚན་དེས་ན་རྒྱུའི་ཡི་གེ་ལྷོ་སྒོ་ལས་འཆར་བར་བཤད་དོ། །

༈ཡང་བྱང་ཆུབ་ཀྱི་སེམས་དོན་དམ་འོད་གསལ་བའི་ཡེ་ཤེས་ནི་འཁོར་བའི་སེམས་དང་སེམས་བྱུང་ཐམས་ཅད་ནུབ་པའི་ཕྱོགས་ཡིན་ཞེས་སེམས་དང་ཡེ་ཤེས་ཕྱེས་ནས། ངོ་བོ་ནི་སྤྲོས་ཀུན་ཀ་ནས་བྱང་ཞིང་ཡོན་ཏན་འུབ་ཆུབ་རོལ་བའི་སེམས་ཉིད་ཀྱི་ཕྱོགས་སོ་ཞེས་ངོས་བཟུང་། འབྲས་བུ་ནི་དབྱིངས་ལ་ཡེ་ཤེས་ཤར་བའི་ཕྱོགས་ཡིན་ནོ་ཞེས་དང་། ཕྲིན་ལས་ནི་ཐུགས་སྙིང་རྗེ་ཆེན་པོའི་རོལ་བ་ལས་ལྷོ་སྒོ་ལྷུན་སྟུག་པོའི་ཡོན་ཏན་རྫོགས་པའི་ས་ནས་སྤྲུལ་བ་ཚད་མེད་པ་འབྱུང་བའི་ཕྱོགས་ཡིན་ནོ། །ཞེས་སོ། །དེ་དག་གི་སྐུ་གསུམ་གྱི་འབྲས་བུ་གཞི་ལ་རྫོགས་པ་ལ། །སྟོང་ཆེན་པོ་དང་སྙིང་རྗེ་སྒྱུ་མ། །རྒྱུའི་ཏིང་འཛིན་ལས་རིམ་སྤྲོས་ཀྱི་བསྐྱེད་པའི་རིམ་པས་ལམ་དུ་བྱས་པས། རྫོགས་རིམ་རྒྱུ་འོད་ཀྱི་སྨིན་བྱེད་དུ་གྱུར་ནས། མ་དག་པའི་སྐྱེ་འཆི་བར་དོའི་མཚན་མ་དག་པར་བྱེད་པའོ། །ཅེས་པ་འདི་ཡང་བྲེལ་ཚུབ་ཀྱིས་ཚིག་ནུས་ཁོང་དག་འབྱིན་མ་ཐུབ། འོན་ཀྱང་བསམ་སོ་ནི་དེ་འདྲ་རེད་དོ། ཀུན་ལ་སྤྱི་ནས་ཞུས་སོ། །ག་གའི་གཏེར་མ་རྡོ་རྗེའི་ཚིག །ག་གས་འབྲེལ་བ་སོ་སྐྱེས་ངག །ནམ་མཁའ་མཐོ་ལ་འཇལ་བ་འདིའི། །སྣང་འགོའི་ཤེས་རབ་ཞེ་བདེ་ཤོག །བཀྲ་ཤིས་ཤོག །འདི་ཡང་བླ་མ་སྐྱབས་ཕ་སྤད་གཉིས་ལ་ཕུལ་ལོ།


previousཆོས་རྣམས་ཡབ་ཡུམ་གཏིང་གསལ།no next