Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་དབང་ཆོག་བསྡུས་པ་དངོས་གྲུབ་གཏེར་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་འཕགས་པ་འཇམ་དཔལ་གྱི་དབང་ཆོག་བསྡུས་པ་དངོས་གྲུབ་གཏེར་མཛོད།next

རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་དབང་ཆོག་བསྡུས་པ་དངོས་གྲུབ་གཏེར་མཛོད།

རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་དབང་ཆོག་བསྡུས་པ་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་བཞུགས་སོ༔

ཐོག་མར་བྱ་བའི་སྔོན་འགྲོ་ནི༔ དཀྱིལ་འཁོར་མདའ་གང་ཚད་དུ་བྱ༔ དེ་སྟེང་བུམ་པ་མ་དཱ་ན༔ དཀར་དམར་ཚོན་ནམ་དངོས་ཀྱིས་བྱ༔ གླེགས་བམ་བསྟོད་རྒྱུད་དམ་ཡང་ཏི༔ ཕྱག་མཚན་རལ་གྲི་འོད་འབར་བ༔ སྐུ་གཟུགས་འཇམ་དཔལ་སྡེ་ལྔ་དང་༔ དབྱངས་ཅན་ཡུམ་གྱི་སྣང་བརྙན་དང་༔ རྩ་སྔགས་གཏོར་མ་མཐའ་རྟེན་བཤམས༔ མེ་ཏོག་མིག་རས་ཤེས་རབ་རིལ༔ མ་ལུས་ཡོངས་སུ་རྫོགས་པར་བཀྲམ༔ དཀྱིལ་འཁོར་བསྒྲུབ་མཆོད་བཞུ་འདུལ་དང་༔ བདག་འཇུག་ཆོག་གཞུང་བཞིན་བྱ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ ཆོས་བཤད་མེ་ཏོག་བཀྱེ་བསྡུད་མཐར༔ གསོལ་བ་འདེབས་པ་འདི་ལྟ་སྟེ༔ ཀྱཻ༔ དུས་གསུམ་རྒྱལ་བའི་ཡེ་ཤེས་སྐུ༔ ཁྱབ་བདག་འཇམ་དཔལ་དཔའ་བོ་དང་༔ དབྱེར་མེད་བླ་མ་རིན་པོ་ཆེ༔ བརྩེ་བ་ཆེན་པོའི་ཐུགས་རྗེ་ཡིས༔ མ་རིག་རྨོངས་པའི་མུན་ཁམས་གསུམ༔ སྡུག་བསྔལ་གསུམ་གྱིས་གཟིར་བ་ལ༔ གཟིགས་ནས་རྗེས་སུ་བཟུང་དུ་གསོལ༔ མགོན་པོའི་སྐུ་གསུང་ཐུགས་མཆོག་གི༔ བྱིན་རླབས་དབང་བསྐུར་སྩལ་དུ་གསོལ༔ མ་དག་འཁྲུལ་བའི་སྒོ་གསུམ་ལ༔ སྐུ་གསུམ་ཕྱག་རྒྱས་གདབས་མཛད་གསོལ༔ ཞེས་གསོལ་བླ་མས་གནང་བ་ནི༔ ཧོ༔ རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་ཀྱི༔ རང་དབང་ཁྱོད་ལ་སྦྱིན་པར་བྱ༔ རྡོ་རྗེ་ཐེག་པའི་བླ་མེད་ཀྱི༔ དམ་ཚིག་རྣམས་ཀྱང་ཡང་དག་བསྲུང་༔ དེ་ནས་དམ་ཚིག་སྦྱིན་བཟུང་ནི༔ ཀྱཻ༔ སྐྱབས་མཆོག་དམ་པ་དཀོན་མཆོག་གསུམ༔ བྱང་ཆུབ་བར་དུ་མི་གཏོང་བསྒྲུབས༔ ཀུན་རྫོབ་དོན་དམ་བྱང་ཆུབ་སེམས༔དམ་པ་བདག་གིས་བསྐྱེད་པར་བྱ༔ རྡོ་རྗེ་ཐེག་པའི་འདུལ་བ་ཡི༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་ཆུབ་བསླབས་ལ་གནས༔ གཙོ་བོའི་བདག་རྒྱུད་སྨིན་པར་མཛོད༔ ཅེས་བརྗོད་ཡེ་ཤེས་དབབ་པ་ནི༔ སྭ་བྷ་ཝ་ཡིས་སྟོང་བར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ སོགས་གཞུང་གི་ཇི་བཞིན་སློབ་མ་ལྷར་བསྐྱེད་བྱིན་ཕབས་ལ༔ བརྟན་པར་ཏིང་ངེ་འཛིན་གྱིས་བཅིངས༔ དེ་ནས་རིགས་མེད་དོར་བ་ནི༔ ཀྱཻ༔ རྡོ་རྗེ་བླ་མའི་ཡེ་ཤེས་ཀྱི༔ རྣམ་པར་ཐར་པའི་སྒོ་གང་ནས༔ འཇུག་པའི་དབང་སྐལ་ཡོད་པ་བཞིན༔ ལྷག་ལྷའི་ཐུགས་ཀར་ཕོག་གྱུར་ཅིག༔ ཞེས་དང་མིག་རས་བསལ་བ་ནི༔ ཨེ་སངས་རྒྱས་ཐུགས་རྗེ་ཆེན་པོ་ཡི༔ འོད་ཟེར་གསེར་གྱི་ཐུར་མའི་རྟེན༔ ཁྱོད་ཀྱི་མ་རིག་ཉོན་ཤེས་སྒྲིབ༔ རང་ཞལ་ཆོས་སྐུའི་སྤྱན་རྒྱས་པ༔ སྒྲིབ་བྱེད་ལིང་ཐོག་མཚོན་འདི་བསལ༔ རྟེན་འབྲེལ་འདི་ཡི་གཟི་བརྗིད་ཀྱིས༔ ཡེ་ཤེས་ལྷ་དང་འཕྲད་པར་ཤོག༔ པྲཛྙཱ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་དེ་ནས་ལྷ་ངོ་བསྟན༔ ཧཱུྃ༔ རང་རིག་ཡེ་ཤེས་ཆེན་པོ་འདི༔ སྲིད་ཞིའི་མཐའ་ལས་འདས་པའི་ཕྱིར༔ དབྱངས་ཅན་ཡུམ་གྱི་བྷ་གར་རྫོགས༔ དོན་གྱི་མགོན་པོ་འཇམ་དཔལ་དབྱངས༔ རང་མདངས་འགགས་མེད་དཔལ་ཡོན་གྲུབ༔ ཀུན་རྫོབ་རྟགས་ཀྱི་འཇམ་དཔལ་དབྱངས༔ ཟུང་འཇུག་ཐུགས་རྗེའི་གདུལ་བྱ་འདུལ༔ བཅོས་མ་ཉེར་སྟོན་འཇམ་དཔལ་དབྱངས༔ ཡེ་ཤེས་ཆོས་སྐུའི་སེམས་གསུམ་སྒྲོལ༔ འཇམ་དཔལ་དཔའ་བོ་ཧེ་རུ་ཀ༔ འཁོར་བའི་སྐྱོན་ཀུན་ཀ་ནས་དག༔ འཇམ་དཔལ་དྲི་མ་མེད་པ་ཡིན༔ འགགས་མེད་སྐུ་ཡིས་ཆོས་འཁོར་བསྐོར༔ གསུང་ཐུགས་བརྡ་སྤྲོད་གཞིར་ནི་རྒྱས༔ འཇམ་དཔལ་སྨྲ་བའི་སེང་གེ་སྟེ༔ ཉོན་ཤེས་སྒྲིབ་པ་དབྱིངས་སུ་འབིགས༔ དེ་ཡིས་འཇམ་དཔལ་རྣོན་པོར་གྲགས༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཀུན༔ འཇམ་དཔལ་སྲིད་ཞི་གཞིར་བཞེང་ལྷ༔ འཆི་བདུད་རྒྱུ་བ་རྩད་ནས་ཆོད༔ འགྱུར་མེད་སྐྱེ་མེད་གཤིན་རྗེ་གཤེད༔ ཁྱོད་ལས་གཞན་དུ་མ་དམིགས་སོ༔ མཁྱེན་པའི་ཤེས་རབ་རྒྱས་པའང་༔ ཡེ་ཤེས་ལྔ་ཡི་ཐུགས་ལ་རོལ༔ ཇི་ལྟ་ཇི་སྙེད་རང་གི་རྩལ༔ རྒྱལ་བ་ཀུན་གྱི་ཐུགས་ཀྱང་ཡིན༔ ཤེས་པར་གྱིས་ལ་སྤྲོ་བ་བསྐྱེད༔ ད་ནི་རང་ངོ་མངོན་པར་སྐྱོངས༔ ཅེས་བརྗོད་དེ་ནས་བུམ་དབང་དངོས༔ ཨོཾ༔ སངས་རྒྱས་སྐུ་ཡི་བུམ་པ་ནི༔དུས་གསུམ་ཤེས་རབ་སྤྱན་ལ་འཁྱིལ༔ མཁྱེན་བརྩེ་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ཀྱི་སྡུག་སྒྲིབ་ཀུན་དག་ནས༔ སྤྲུལ་སྐུའི་གོ་འཕང་ཐོབ་པར་ཤོག༔ རྩ་སྔགས་ཨོཾ་མཉྫུ་ཤྲཱི་བི་མ་ལ་ཛྙཱ་ན་ས་ཏྭ་ཏིཀྵ་ཧྲཱི་དྷཱི་མ་མེ་དྷི་བཾ༔ མཐར་ཀ་ཡ་ཀླེ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དང་རྗེས་འབྲེལ་སྐུ་གཟུགས་དབང་༔ ཧཱུྃ༔ རྒྱལ་ཀུན་སྐུ་ཡི་དབང་ཕྱུག་ནི༔ དབྱངས་ཅན་ཡུམ་གྱི་བྷ་ག་རུ༔ རྗེ་བཙུན་འཇམ་དཔལ་གཞོན་ནུར་ཤར༔ ཐབས་ཤེས་དབྱེར་མེད་བདེ་བ་ཆེ༔ སྣང་སྟོང་སྐུ་ཡི་དབང་བསྐུར་བས༔ རང་ལུས་ལྷ་སྐུའི་འབྲས་སྨིན་ཤོག༔ ཨོཾ་མཉྫུ་ཤྲཱི་བི་མ་ལ་ཛྙཱ་ན་ས་ཏྭ་ཏིཀྵ་ཧྲཱི་དྷཱི་མ་མེ་དྷི་བཾཿཀ་ཡ་ཤྭ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིགས་བཞིའི་སྐུ་ཐོགས་ལ༔ ཨོཾ་རིགས་འདུས་འཇམ་དཔལ་སྒྱུ་འཕྲུལ་གར༔ རིགས་བཞིའི་ཞི་དྲག་ཚུལ་དུ་བཞེངས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་འཛིན་མཆོག་གི་སར་བརྟན་ཤོག༔ ཨོཾ་མཉྫུ་ཤྲཱི་བི་མ་ལ་ཛྙཱ་ན་ས་ཏྭ་ཏིཀྵ་ཧྲཱི་དྷཱི་མ་མེ་དྷི་བཾཿཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔དེ་ནས་བྱང་ཆུབ་སེམས་ཀྱི་དབང་༔ ཧཱུྃ་ཨཱ༔ བདེ་སྟོང་ཟིལ་མངར་འཁྲིགས་པའི་ཨ་མྲ་ཏ༔ བདེ་བཞི་རྒྱུད་ལ་སྤོར་བས་བྱེད་སྟོབས་རག༔ བདེ་གྲོལ་རྒྱུན་ལྡན་རྟག་ཁྱབ་འཇམ་པའི་དཔལ༔ བདེ་ཀློང་གཡོ་རླུང་ཆིངས་བའི་དབང་བསྐུར་རོ༔ ཨ་མྲ་ཏ་བོ་དྷི་ས་ཏྭ་མ་ཧཱ་སུ་ཁ་རསྨི་ཛྭ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གླེགས་རལ་ཕྱག་གི་ཆ༔ གཏད་དེ་སྟོང་ཚིག་འདི་ལྟར་བརྗོད༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོ་ཡངས་པ་ཆེ༔ ཤེས་རབ་མཚོན་ཆས་སྲིད་རྩ་གཅོད༔ དམ་ཆོས་ཆོས་རྒྱལ་གསལ་བར་སྟོན༔ ཉོན་མོངས་མི་ཤེས་གཡུལ་ངོ་སེལ༔ འཇམ་དཔལ་ཐུགས་ཀྱི་སྐུ་བརྙན་འདིའི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔའ་བོ་བདུད་དགྲ་བདུད་འདུལ་བ༔ བདུད་བཞིའི་འཇིགས་པ་སེལ་བར་བྱེད༔ སངས་རྒྱས་བྱང་ཆུབ་ཐོབ་པར་ཤོག༔ རྩ་སྔགས་ཙིཏྟི་ཏི་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མདའ་གཞུ་ཐོགས་ལ༔ ཧཱུྃ༔ ཐབས་ཤེས་མདའ་གཞུ་འགེང་བ་ཡི༔ མི་ཤེས་མུན་པ་ཟང་ཐལ་འབྱིན༔ ཆོས་སྐུའི་ཡེ་ཤེས་རྒྱུད་ལ་འདེབས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཤེས་སྒྲིབ་ཆོས་ཉིད་དབྱིངས་སུ་བཅོམ༔ ཀུན་ཏུ་འོད་ཀྱི་ས་ཐོབ་ཤོག༔ བཛྲ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེས་རབ་རིལ་བུ་ཐོགས་ལ༔ ཧཱུྃཿཧྲཱི༔ རྗེ་བཙུན་འཕགས་པ་འཇམ་དཔལ་གྱི༔ ཐུགས་རྗེ་བྱིན་རླབས་ནུས་པའི་སྟོབས༔ མཁྱེན་རབ་ཡེ་ཤེས་ཡོན་ཏན་ཀུན༔ བཅུད་དུ་འདྲིལ་བའི་འབྲས་བུ་འདུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ རང་རྩལ་མངོན་རྫོགས་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟི་ཧྲཱིཿདྷ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་པ་རྩལ་གྱི་དབང་༔ ཧོ༔ ཁྱོད་རང་སེམསཉིད་སྤྲོས་བྲལ་འདི༔ གནས་ལུགས་ངོ་བོའི་འཇམ་དཔལ་ཡིན༔ སྐྱེ་འགགས་བྱུང་གནས་འགྲོ་གསུམ་བྲལ༔ ཤེས་པར་གྱིས་ཤིག་རིགས་ཀྱི་བུ༔ རང་མདངས་སྐུ་ཐིག་ངོ་བོར་བཞུགས༔ རྟགས་ལ་སྣང་བ་ལམ་གྱི་སྐུ༔ བར་དོ་ཀུན་གྱི་རང་ངོས་གཟུགས༔ སྣང་ལུགས་འོད་ཀྱི་འཇམ་དཔལ་དབྱངས༔ ཟུང་འཇུག་ཤར་གྲོལ་རིས་ལས་འདས༔ ཀུན་མཁྱེན་ཤེས་རབ་ཁྱབ་པར་འཇུག༔ ཕྲིན་ལས་བྱུ་གྲུབ་འཇམ་དཔལ་དབྱངས༔ སྤྲུལ་པ་སྐུ་ཡི་ཧེ་རུ་ཀ༔ བླ་མ་དམ་པའི་ཐུགས་ལ་རག༔ ཁྱོད་ནི་ངོ་བོ་ཉིད་དུ་འབྱམས༔ ཡང་དག་ཉིད་ལ་ཡང་དག་ལྟོས༔ ཡང་དག་མཐོང་ན་རྣམ་པར་གྲོལ༔ ཨ་ཨ་ཕཊ༔ བཞག་དུ་མེད་པའི་མཉམ་བཞག་གི༔ སྤྲོས་པ་ཐག་ཆོད་ངང་དུ་ཞོག༔ གནས་ལུགས་རང་གི་ངང་ལ་ཞོག༔ མཐོང་མེད་མཐོང་ན་མཐོང་བ་ཆེ༔ བསྒྲུབ་མེད་འབྲས་བུ་མངོན་དུ་གྱུར༔ ཉམས་སུ་མངོན་སུམ་མྱོང་བ་ལ༔ སྨྲ་བསམ་བརྗོད་དུ་མེད་པ་འདི༔ རིག་པ་རྩལ་གྱི་དབང་ཆེན་ཡིན༔ དེ་རང་ཁྱོད་ལ་སྦྱིན་པ་སྟེ༔ ཡལ་བར་མ་དོར་བསྒྲུབ་བརྩོན་ལ༔ འབྲས་བུའི་ས་ལ་རག་པར་གྱིས༔ སྐལ་ལྡན་སྙིང་གི་བུ་གཅིག་པོ༔ ས་མ་ཡ་ས་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་དེ་ནས་གཏོར་དབང་ནི༔ ཧཱུྃ༔ སེམས་གསུམ་དག་པའི་གཏོར་གཞོང་དུ༔ ཡེ་ཤེས་གསུམ་གྱི་གཏོར་མར་བཤམས༔ ཁམས་གསུམ་དབྱིངས་གྲོལ་རང་དབང་དུ༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡི༔ རྗེ་བཙུན་འཕགས་པ་འཇམ་དཔལ་གྱི༔ གསང་བ་བསམ་གྱིས་མི་ཁྱབ་པའི༔ ཡེ་ཤེས་མཆོག་དང་གཉིས་མེད་ཤོག༔ ཨོཾ་བཛྲ་བ་ལིངྟ་གུ་ཧྱ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐའ་རྟེན་རྫས་རྟགས་དབང་༔ ལོངས་སྐུའི་རྒྱན་ཆས་ལག་ཏུ་ཐོགས༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་རྒྱན་བརྒྱད་དབང་བསྐུར་བས༔ བཀྲ་ཤིས་རྫས་ཀྱི་རྟགས་བརྒྱད་འདིས༔ རྣམ་ཐར་བརྒྱད་ལྡན་ཡེ་ཤེས་ལ༔ རང་དབང་འབྱོར་བའི་གཟུངས་ཐོབ་ནས༔ མགོན་པོ་འཇམ་དཔལ་གཞོན་ནུ་ཡི༔ རྒྱལ་ཐབས་སྤྱི་བོར་དབང་བསྐུར་བས༔ ཇི་ལྟར་དེ་བཞིན་གཤེགས་པར་ཤོག༔ ཨོཾ་རཏྣ་ཨ་ལཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དར་ཆས་མངའ་འབུལ་ནས༔ ཧཱུྃ༔ ལམ་ལྔ་མཐར་ཕྱིན་སྐུ་ལྔ་མངོན་དུ་མཛད༔ རིག་འཛིན་ལྔ་པོ་མཐར་ཕྱིན་འགྲོ་ལྔ་འདྲེན༔ ཡེ་ཤེས་ལྔ་རྫོགས་ལྔ་ཚན་བརྒྱ་ཕྲག་གི༔ ཡོན་ཏན་ལྷུན་གྲུབ་འཇམ་དཔལ་གཞོན་ནུ་ཡི༔ མངའ་ཐང་ཆེ་ལ་རང་དབང་བསྒྱུར་བ་ནི༔ རྒྱལ་ཐབས་སྤྱི་བླུགས་རིན་ཆེན་དར་གྱི་ཆས༔ ཕུལ་བས་ཁམས་གསུམ་ཆོས་ཀྱི་རྒྱལ་ས་རུ༔ དེ་རིང་ཉིད་ནས་ཁྱོད་ཉིད་བཀོད་པ་འདིས༔ སྤྲུལ་སྐུའི་ས་ལས་འདས་པའི་གངས་ཆེན་མཚོར༔ ཐོབ་པ་འདི་ལས་ལུང་བསྟན་མཆོག་བླངས་དེ༔ དེ་མ་ཐག་དུ་སྨིན་གྲོལ་ཅིག་ཆོད་ཤོག༔ ཨོཾ་པཉྩ་ར་ས་པཱུ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡོན་དབུལ་དམ་ཚིག་ཁས་བླངས་བྱ༔ བཀྲ་ཤིས་སྨོན་ལམ་དག་གིས་མཐའ་བརྒྱན་ནོ༔ ཚུལ་འདི་སྔགས་འཆང་ནམ་མཁའ་འཇིགས་མེད་ཀྱིས། །རངགཞན་ཀུན་ལ་ཕན་པའི་བློས་བཀོད་དོ། །


previousརྗེ་བཙུན་འཕགས་པ་འཇམ་དཔལ་གྱི་དབང་ཆོག་བསྡུས་པ་དངོས་གྲུབ་གཏེར་མཛོད།next