Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
འཕགས་པ་འཇམ་དཔལ་གྱི་ཡང་གསང་གི་རྩ་དཀྱིལ་ལས་ཁོལ་བྱུང་བློ་གྲོས་ཉི་མའི་སྣང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་གྱི་ཡང་གསང་གི་རྩ་དཀྱིལ་ལས་ཁོལ་བྱུང་བློ་གྲོས་ཉི་མའི་སྣང་བ།next

འཕགས་པ་འཇམ་དཔལ་གྱི་ཡང་གསང་གི་རྩ་དཀྱིལ་ལས་ཁོལ་བྱུང་བློ་གྲོས་ཉི་མའི་སྣང་བ།

འཕགས་པ་འཇམ་དཔལ་གྱི་ཡང་གསང་གི་རྩ་དཀྱིལ་ལས་ཁོལ་བྱུང་བློ་གྲོས་ཉི་མའི་སྣང་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རང་བཞིན་འཇམ་དཔལ་དཔའ་བོ་ནི༔ དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས༔ བདེ་ཆེན་འགྱུར་བ་མེད་པ་སྟེ༔ རྩ་བ་རང་བཞིན་གཟུགས་བརྙན་དུ༔ བསྒྲུབ་པ་བསམ་གྱིས་མི་ཁྱབ་ཀྱང་༔ ཀུན་ལས་ཁྱད་འཕགས་རིན་པོ་ཆེ༔ ཉི་མའི་སྣང་བ་འདི་ན་སྤྲོ༔ དཀྱིལ་འཁོར་གཏོར་མ་མི་དགོས་ཀྱང་༔ འཇམ་དཔལ་ལྔ་ཡི་ངོ་བོ་ཉིད༔ དྲན་པས་ས་མ་ཏི་ལྡན་ཅིང་༔ སྔོན་རྗེས་དངོས་གཞི་སྟབས་གཅིག་ཏུ༔ ཨེ་མ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་མིག༔ ལུས་ཀྱི་མཆོག་ཏུ་སྐྱབས་སུ་ཚོལ༔ སེམས་ཅན་མ་ལུས་ཐམས་ཅད་པ༔ ཅིག་ཆོད་གྲོལ་ཕྱིར་ཡེ་ཤེས་བསྐྱེད༔ དེ་ཉིད་སེལ་བྱེད་ཉོན་མོངས་འདྲེ༔ ལྡོག་མེད་ཆེན་པོའི་མཚམས་ཀྱིས་བཅད༔ རང་བྱུང་བདེ་བ་འཁོར་ལོའི་ཐུགས༔ མཁའ་ཁྱབ་ཆེན་པོར་སད་བྱིན་ཕོབ༔ ཡེ་དག་དངོས་པོ་ཆོས་དབྱིངས་རྒྱན༔ ངོ་ཤེས་ངང་རྟོགས་བྱིན་གྱིས་རླབས༔ ཨོཾ༔ མཉམ་པ་ཉིད་ནི་གཏི་མུག་ཆེ༔ མཚན་མ་འཇོམས་པའི་ཧེ་རུ་ཀ༔ སྐུ་ཡི་མཆོག་ཏུ་གཞིར་བཞེངས་པ༔ འཇམ་དཔལ་རྡོ་རྗེ་འཁོར་པའི་དབྱིངས༔ ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ ལུས་མཐར་གྲོལ་བ་རིན་ཆེན་སྦུབས༔ འཁོར་འདས་ཀུན་གྱི་རྟེན་དུ་རྫོགས༔ འདུས་མ་བྱས་པས་སྐྱེ་ཤི་མེད༔ ཨཱ༔ བདེ་བའི་པདྨ་འདོད་ཆགས་རྒྱལ༔ ཆགས་གསལ་དག་པའི་བུམ་པ་ལྔ༔ ཤེས་རབ་སྤྱན་གྱི་བཀྲ་འབར་བཞིན༔ གསུང་གིས་མཆོག་ཏུ་རང་བཞིན་སྒྲར༔ འཇམ་དཔལ་ཚངས་པ་ཆེན་པོར་ཤར༔ ལྷུན་གྲུབ་ཡོན་ཏན་ལོངས་སྤྱོད་རྫོགས༔ བར་མའི་སྦུབས་ཀྱི་སྒྲིབ་བྲལ་སྐུ༔ རླུང་ལྔ་དབྱིངས་འཁྱིལ་འགགས་པ་མེད༔ ཧཱུྃ༔ དབྱེར་མེད་འཁོར་ལོ་ཞེ་སྡང་ཞི༔ བེམ་སྟོང་འཇོམས་པའི་ཡེ་ཤེས་སེམས༔ ཐུགས་མཆོག་རང་རྟགས་གཞིར་གྲོལ་བདག༔ འཇམ་དཔལ་ཡེ་ཤེས་ཟུང་འཇུག་དབྱིག༔ ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ༔ དམར་སེར་ཕྱག་གཉིས་རལ་གྲི་དང་༔ ཨུཏྤལ་གྱིས་བརྟེན་པུསྟེའི་མཚན༔ དཔལ་གྱི་བེའུར་འཁྱིལ་པར་ལྡན༔ ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པར་དགྱེས༔ དབྱིབས་སྔགས་ཆོས་སུ་འབྲལ་མེད་ལྷ༔ དཔའ་བོ་གཅིག་གི་རྒྱན་རྫོགས་སུ༔ སྐུ་གསུམ་རྒྱལ་བའི་གཟི་བྱིན་འདུས༔ འོད་འཕྲོས་ཏིང་འཛིན་རྩ་བ་བརྟན༔ ལྷུན་གྲུབ་ཡེ་ཤེས་འབྲེལ་མར་རོལ༔ ལྟ་བ་གྱད་ཀྱིས་གཉིས་སྣང་བསྒྲལ༔ སེམས་དཔའི་ཁྱེའུ་ལྔའི་བླང་མཆོད༔ ཀློང་ཡངས་བདེ་བ་ཆེ་ལ་ཧོ༔ དོན་རྟགས་འབྲེལ་བའི་མཚན་ཉིད་དུ༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་དཀྱིལ༔ འཁོར་ལོ་རྩིབས་དྲུག་ལྟེ་བ་རུ༔ གསང་སྔགས་རྒྱལ་པོའི་གཟི་བརྗིད་ཀྱིས༔ ལོག་རྟོགས་གཉིས་སྣང་ཞེན་པ་བཅོམ༔ རང་བྱུང་མངོན་གྱུར་དངོས་གྲུབ་སྩོལ༔ དྷཱི༔ ཅི་འགྲུབ་ལྟ་བའི་ངང་ནས་བཟླ༔ དེ་ཡིས་རིགས་ཆེན་གཙིག་ཏོར་ཐོབས༔ ཏིང་འཛིན་འཁོར་གྱི་སེམས་དཔའ་ནི༔ རྩིབས་དྲུག་ཁོང་བུར་ཡི་གེ་དྲུག༔ ཤེས་རབ་ཡེ་ཤེས་ངོ་བོ་ཉིད༔ མ་རིག་འཇོམས་པའི་དཔའ་བོར་ཤར༔ བཟླས་པས་ཉོན་ཤེས་དྲི་མ་དག༔ སོར་རྟོགས་ཤེས་རབ་དངོས་གྲུབ་སྩོལ༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ མཐའ་བསྐོར་འཁོར་ལོ་དྲུག་ཏུ་བཀོད༔ ཨོཾ་སརྦ་བུདྡྷ་གྷརྦྷེ༔ ཛྙཱ་ན་ཀ་ཡ༔ ར་ཧཾ་མུ་ནེ༔ ཨཏྨ་ཀོ྅་ཧཾ༔ པྲཛྙཱ་དཱ་ན༔ ཨོཾ་ཧཱུྃ་སྭ་ཨཱཾ་ཧཱ༔ མཆན་དུ་ཕྲིན་ལས་ཙཀྲ་དྲུག༔ རྣོ་དབལ་ཁ་དོག་དྲུག་གི་མཚན༔ རིགས་དྲུག་ས་བོན་གཉིད་དང་བཅས༔ ཁྱད་པར་དྲན་ཉམས་ཤེས་སྒྲིབ་བསལ༔ དྲན་དང་གཟུངས་སྤོབས་ཡང་དག་རིགས༔ ཕུན་སུམ་ཚོགས་པའི་ཡོན་ཏན་ཐོབ༔ སྟོབས་བཅུ་མི་འཇིགས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཏིཀྵ༔ དུཿཁཙྪེ་དྷ༔ པྲཛྙཱ་ཛྙཱ་ནཱ་མུཏྟ་ཡེ༔ ཛྙཱ་ན་ཀ་ཡ༔ ཝ་ཀི་ཤྭ་རི༔ མཉྫུ་ཤྲཱི་པྲཛྙཱ་པཉྩ༔ པ་ར་མཱ་ས་ཏྭ་སིདྡྷི་ཕ་ལ་ཨཱཿཧཱུྃ༔ ཞེས་བརྗོད་དེ་ནས་སྔགས་དེ་གསུམ༔ དང་པོ་འབུམ་ཕྲག་བཅོ་ལྔ་དང་༔ གཉིས་པ་འབུམ་གསུམ་ཐ་མ་ལ༔ ཁྲི་ཕྲག་གཅིག་གིས་གྲངས་བསྙེན་ཐེམ༔ རྟགས་མ་མཐོང་བར་ཅི་ནུས་བསྒྲུབ༔ དུས་སུ་བསྙེན་པ་བཞི་འགྱུར་གྱི༔ གསང་སྔགས་སྒྲུབ་པ་ངེས་པར་བྱ༔ དེ་ཡིས་རྡོ་རྗེའི་ཕྱག་རྒྱ་འགྲུབ༔ ས་མ་ཡཱ༔ འདི་ཡིས་སྤོབས་པའི་གཏེར་བརྒྱད་གྲོལ༔ མ་རིག་མུན་པ་དབྱིངས་སུ་སོལ༔ རྒྱལ་ཀུན་ཡེ་ཤེས་སེམས་དཔའ་འགྲུབ༔ ཅིག་ཆོད་ཀུན་བཟང་མགོན་པོར་རྒྱས༔ ཅེས་ཀྱང་བླ་ཁོའི་གསུང་ངོར་ག་གཱས་སོ། །


previousའཕགས་པ་འཇམ་དཔལ་གྱི་ཡང་གསང་གི་རྩ་དཀྱིལ་ལས་ཁོལ་བྱུང་བློ་གྲོས་ཉི་མའི་སྣང་བ།next