Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོའི་གསང་བའི་བསྒྲུབ་པ་མ་རྒྱུད་འབུམ་གྱི་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོའི་གསང་བའི་བསྒྲུབ་པ་མ་རྒྱུད་འབུམ་གྱི་སྙིང་པོ།next

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོའི་གསང་བའི་བསྒྲུབ་པ་མ་རྒྱུད་འབུམ་གྱི་སྙིང་པོ།

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོའི་གསང་བའི་བསྒྲུབ་པ་མ་རྒྱུད་འབུམ་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སངས་རྒྱས་པདྨ་འབྱུང་གནས་ཀྱི༔ ཡང་སྤྲུལ་སྦས་པའི་རྣལ་འབྱོར་བ༔ གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཡི༔ གསང་བསྒྲུབ་མ་རྒྱུད་སྙིང་པོ་བསྟན༔ འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་བླ་མའི་གཏོར་ཟླུམ་ལ༔ མཁའ་འགྲོའི་བཤོས་དང་རིལ་བུས་བསྐོར༔ མཎྜལ་ལ་རུ་ཤོམས་བཀོད་སོགས༔ ཐུན་མོང་ཐུན་མིན་མི་འགལ་ཀྱང་༔ ཁྱད་པར་སྨན་གཏོར་རཀྟ་གཙོ༔ རྟེན་གཏོར་ཀ་པཱ་ལ་རུ་བཤམས༔ མཆོད་སྣོད་སྤྱི་ཡང་བྷནྡྷ་གཙོ༔ ཤ་ལྔ་བདུད་རྩི་ལྔ་ཡི་མཆོག༔ དབུ་དྲངས་མ་རྒྱུད་གཞུང་དང་སྦྲེལ༔ སྦྱོར་བའི་སྔོན་འགྲོ་འདི་ལྟ་སྟེ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧོ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇའ་ལུས་རིག་འཛིན་པདྨ་འབྱུང་༔ དཀོན་མཆོག་ཀུན་གྱི་ངོ་བོ་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་ནི༔ ཧོ༔མཁའ་འགྲོའི་དབང་ཕྱུག་པདྨ་འབྱུང་༔ ཆོས་འབྱུང་དབྱིངས་ཀྱི་ཡེ་ཤེས་ཉིད༔ སེམས་ཅན་ཀུན་གྱིས་མངོན་བརྙེས་ཕྱིར༔ སྐུ་གསུང་ཐུགས་དང་མཉམ་པར་སྦྱོར༔ ན་མོ༔ བླ་མ་མཆོག་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྒོ་གསུམ་མི་དགེ་མཐོལ་ལོ་བཤགས༔ སྐྱེ་འཕགས་དགེ་ལ་རྗེས་ཡི་རང་༔ རྟག་པ་རྒྱུན་གྱིས་ཆོས་འཁོར་བསྐོར༔ འགྲོ་བའི་དོན་ཕྱིར་རྟག་བཞུགས་གསོལ༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ ཀུན་ཀྱང་བླ་མའི་གནས་ཐོབ་ཤོག༔ གཉིས་པ་བགེགས་བསྐྲད་ནི༔ ཕཊ༔ ང་བདག་རྣམ་པར་རྟོག་པའི་འདྲེ༔ ཤེས་རབ་རིག་པའི་མཚོན་གྱིས་བསྒྲལ༔ ཐུན་མོ་བདག་གཞན་དོན་བསྒྲུབ་ལ༔ ཀུན་ཀྱང་བརྩོན་པས་མཐུན་རྐྱེན་སྦྱོར༔ བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན༔ འཁོར་ལོ་མཆོག་གི་གུར་ཁང་ལ༔ བགེགས་ཀྱི་སྦྱོར་བ་ཡོངས་མི་སྣང་༔ ཐམས་ཅད་ཀུན་ཀྱང་རང་བཞིན་མཉམ༔ སརྦ་བིགྣཾ་ཕཊ༔ རཀྵ་རཀྵ༔ ཧཱུྃ༔ གསུམ་པ་ཕྱི་ནང་བྱིན་བརླབས་ནི༔ ཕེཾ༔ ལུས་ངག་ཡིད་གསུམ་རང་བཞིན་ནི༔ རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ༔ ལས་དང་ཉོན་མོངས་ཀྱི་བསྐལ་བ༔ ལྡོག་པ་མེད་པའི་འཁོར་ལོར་སད༔ མ་དག་མཚན་མ་ཐམས་ཅད་ཀུན༔ རང་བཞིན་ཡེ་ནས་རྫོགས་སངས་རྒྱས༔ རྟོག་པའི་གཉིས་འཛིན་གྱིས་བསླད་པ༔ སྒྱུ་མ་རྒྱན་གྱི་འཁོར་ལོར་ཤར༔ གུ་རུ་དཱེ་ཝ་ཊཱཀྐི་ནི་སརྦ་ས་མ་ཡ་ཕེཾ་ཛ་ཕཊ༔ པཱུ་ཙ་སྥ་ར་ན་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཛྙཱ་ན་ཨ་ལིངྐ་ར་ཙཀྲ་ཨ་ཧཱུྃ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཏིང་འཛིན་གསུམ་གྱིས་མངལ་ནས་བཏོན༔ ས་མ་ཡཱ༔ ཧཱུྃ༔ ཀ་དག་ཆེན་པོ་མཉམ་པ་ཉིད༔ འཁོར་འདས་མཚན་མ་དབྱིངས་སུ་སངས༔ ཕྱོགས་ལྷུང་མེད་པའི་ནམ་མཁའ་ནི༔ དམིགས་བསམ་བརྗོད་པ་ཀུན་ལས་འདས༔ ཨཱ༔ སྟོང་པ་ཉིད་ཀྱི་རང་གདངས་ནི༔ ཕྱོགས་རིས་བྲལ་བའི་སྙིང་རྗེར་ཤར༔ རང་གསལ་བདེ་བ་ཆེན་པོ་སྟེ༔ ཀུན་ཏུ་བཟང་པོ་ཡབ་ཀྱི་ངང་༔ ཧཱུྃ༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ནི༔ ཡེ་ཤེས་འཁོར་ལོ་མཁའ་ཁྱབ་སྤྲིན༔ གསལ་བརྟན་རབ་དཀར་རྣམ་པར་དག༔ བཾ་དང་ཧ་རི་ནི་ས་ལས༔ པདྨ་བཾ་གྱིས་མཚན་པར་གྱུར༔ ལུས་སེམས་སྐད་ཅིག་དྲན་རྫོགས་སུ༔ རྟེན་དང་བརྟེན་པའི་འཁོར་ལོར་ཤར༔ ཕྱི་སྣོད་དུར་ཁྲོད་རབ་འཇིགས་དབུས༔ བམ་རིལ་རྙིང་སྐམ་རློན་པ་ཡི༔ ཐོད་པ་ལྔ་བརྩེགས་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ ཕྱི་ནས་རྡོ་རྗེའི་གུར་ཁང་གཏམས༔ སུརྱ་ཀ་མ་ལ་ཡི་སྟེང་༔ རིག་འཛིན་རྒྱལ་པོ་ཧེ་རུ་ཀ༔ ལུང་སྟོང་སྨྱོན་པ་ཞེས་སུ་གྲགས༔ སྐུ་མདོག་དམར་སྨུག་རབ་ཏུ་བརྗིད༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་༔ འཆི་མེད་ཚེ་ཡི་བུམ་པ་འཛིན༔ ཁ་རྒྱན་གུ་རུ་པདྨས་མཛེས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ ཧེ་རུ་ཀ་དཔལ་རྔམ་པའི་ཆས༔ ཤར་དུ་རྡོ་རྗེའི་རྒྱ་གྲམ་སྟེང་༔ པདྨའི་གདན་ལ་གར་སྟབས་ཀྱིས༔ རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ༔ ཕྱག་གཡས་རྡོ་རྗེའི་གྲི་ཁུག་དང་༔ གཡོན་པས་བྷནྡྷ་ཁྲག་བཀང་འཛིན༔ ལྷོ་རུ་རཏྣ་པདྨའི་སྟེང་༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ ནོར་བུའི་མཚན་པའི་གྲི་ཐོད་འཛིན༔ ཞབས་གཉིས་གར་སྟབས་ཚུལ་དུ་འགྱིང་༔ ནུབ་ཏུ་པདྨའི་གདན་སྟེང་དུ༔ གསུང་མཆོག་རིགས་ཀྱི་ལྷ་མོ་ནི༔ པདྨའི་མཚན་པའི་གྲི་ཐོད་འཛིན༔ ཞབས་གཉིས་གར་སྟབས་ཚུལ་དུ་འགྱིང་༔ བྱང་དུ་ཆོས་འབྱུང་པདྨའི་མཁའ༔ ཀརྨའི་རིགས་ཀྱི་ཊཱཀྐི་ནི༔ རྒྱ་གྲམ་མཚན་པའི་གྲི་ཐོན་འཛིན༔ ཞབས་གཉིས་གར་སྟབས་ཚུལ་དུ་འགྱིང་༔ མཐའ་བསྐོར་གྲུ་ཆད་བཞི་ལ་ནི༔ བསོད་ནམས་རྩེ་མོའི་གཤོག་པ་གདེངས༔ དཀོན་མཆོག་ལྷུན་གྲུབ་ཐོད་དབྱུག་འཛིན༔ པིརྦ་དཔའ་བོ་བམ་རོ་བསྣམས༔ བི་ན་ས་བ་ཆོས་འབྱུང་གདེངས༔ ཁྱམས་སུ་རྒྱ་དང་བོད་ཡུལ་གྱི༔ གྲུབ་ཐོབ་བརྒྱ་དང་དྲུག་ཅུས་བསྐོར༔ ཀུན་ཀྱང་རུས་པའི་རྒྱན་དྲུག་གསོལ༔ སྒོ་བཞིར་ཤུགས་འགྲོ་ཆེན་པོ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡོན་རྣམས་ཐོད་པ་ཁྲག་བཀང་གསོལ༔ གནས་གསུམ་སྐུ་གསུམ་མཁའ་འགྲོ་མའི༔ ཐུགས་ཀར་ཨོཾ་ཨཱཿཧཱུྃ་གསུམ་གསལ༔ དབུ་ལ་རིགས་ལྷའི་སངས་རྒྱས་བཞུགས༔ འབྲུ་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ བཞི་པ་སྤྱན་འདྲེན་སོགས་ནི༔ ཧཱུྃ༔ རང་བཞིན་ཆོས་དབྱིངས་མཉམ་པ་ནས༔ ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ རང་གསལ་འགགས་མེད་ཕོ་བྲང་ནས༔ ལོངས་སྐུའི་བླ་མ༴ གང་འདུལ་སྣ་ཚོགས་སྒྱུ་འཕྲུལ་གར༔ སྤྲུལ་སྐུའི་བླ་མ༴ གནས་གསུམ་དག་པའི་གཞལ་ཡས་ནས༔ འབུམ་ཕྲག་མཁའ་འགྲོ༴ རང་སྣང་འོག་མིན་ཕོ་བྲང་ནས༔ གྲུབ་ཐོབ་རྒྱ་མཚོ༴ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ བྱིན་གྱི་བརླབ་ཕྱིར༴ མ་དག་སྙིགས་མའི་རྣམ་སྨིན་སྐྱེས༔ དག་དབྱིངས་དྭངས་མར་འཕོ་པ་དང་༔ ཐུན་མོང་མཆོག་གི་དངོས་གྲུབ་ཀུན༔ ཡོངས་སུ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཡོ་གི་ཧེ་རུ་ཀ་བཛྲ་ཊཱཀྐི་ནི་ས་པཱ་རི་ཝ་ར་མ་ཧཱ་ཀ་རི་ཎི་ཀ་དྲ་ཤ་ཧོ༔ ཛ་ཛ༔ ཧཱུྃ༔ བདག་ཉིད་གཞི་ཡི་སངས་རྒྱས་ལ༔ རྟོགས་པ་མངོན་གྱུར་ཧེ་རུ་ཀའི༔ དེ་བཞིན་གཤེགས་པ་གདན་འཛོམ་པར༔ ཆུ་ལ་ཆུ་བཞག་ཅི་བཞིན་གྱུར༔ རྡོ་རྗེ་གསུམ་གྱིས་རྒྱས་འདེབས་ཕྱིར༔ དུ་མ་རོ་གཅིག་བརྟན་པར་བཞུགས༔ ཨོཾ་བཛྲ་ས་མ་ཡུ་ཏིཥྛ་ལྷན༔ ཧཱུྃ༔ སྣང་སྟོང་ཡུལ་གྱི་ལྷ་མོ་ལ༔ རིག་སྟོང་བྱང་ཆུབ་ཁྱེའུ་ལྔ༔ འདོད་ཡོན་རྣམ་པའི་དམིགས་པར་བཅས༔ ཐིམ་པའི་ཚུལ་གྱིས་དགྱེས་པར་འཁྲིལ༔ ཨརྒྷཾ་ནས་ཤབྟའི་བར་དང་རུ་པ་ནས་སྤརྴེ་དྷརྨ་དྷརྟུ་སརྦ་པཉྩ་རཀྟ་བྷ་ལིངྟ་ཏ་ན་གཱ་ན་པཱུ་ཙ་ཁཱ་ཧི༔ འམ་བསྡུ་ན༔ ཨོཾ་སརྦ་དེ་ཝི་པཉྩ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ ༼ ཨོཾ༔དཔྱད། ༽ སྣང་སྟོང་རྡོ་རྗེའི་སྐུ་ཡི་དབྱིག༔ མི་འགྱུར་མི་ཤིགས་སྤྲུལ་པའི་སྐུ༔ ཨཱ༔ གྲགས་སྟོང་རང་ཤར་གསུང་གི་དབྱིག༔ མ་འགགས་མི་རྟོག་ལོངས་སྤྱོད་རྫོགས༔ ཧཱུྃ༔ རིག་སྟོང་རྡོ་རྗེ་ཐུགས་ཀྱི་དབྱིག༔ ཟང་ཐལ་སྤྲོས་བྲལ་ཆོས་ཀྱི་སྐུ༔ སྭཱ༔ མ་འདྲེས་ཡོངས་རྫོགས་ཡོན་ཏན་དབྱིག༔ མཉམ་ཉིད་ལྷུན་གྲུབ་མངོན་བྱང་ཆུབ༔ ཧཱ༔ མི་འགྱུར་མི་ཕྱེད་འདུས་མ་བྱས༔ རྡོ་རྗེ་ཀུན་འབྱུང་ཧེ་རུ་ཀ༔ ངང་རྫོགས་རྫུ་འཕྲུལ་ཆེན་པོ་ལ༔ ཡེ་ཤེས་འཛད་མེད་དགུ་ལྡན་པའི༔ རྣམ་པར་འཕྲུལ་ལ་ཕྱག་འཚལ་བསྟོད༔ མཚན་གྱི་རྣམ་པ་སུམ་ཅུ་ཕྲག༔ གནས་གསུམ་ཡེ་ཤེས་མཁའ་འགྲོར་ཤར༔ དཔེ་བྱད་བཟང་པོ་བརྒྱད་ཅུ་ལས༔ རྒྱ་བོད་གྲུབ་པ་ཐོབ་པའི་ཚུལ༔ སྣ་ཚོགས་རྣམ་པར་འཕྲུལ་ལ་བསྟོད༔ བདེ་གཤེགས་སྙིང་པོའི་རང་གཟུགས་ནི༔ གཟུགས་སྐུ་གཉིས་ཀྱི་བཀོད་པ་ངོམ༔ འགྲོ་འདུལ་ཕྲིན་ལས་བསམ་མི་ཁྱབ༔ ཆོས་ཚུལ་རྒྱ་མཚོའི་འདུལ་ལ་བསྟོད༔ ལྔ་བ་འཛབ་བཟླས་ནི༔ ལྷ་ཚོགས་འཁོར་བཅས་ཐུགས་ཀ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་ནང་༔ ཡེ་ཤེས་སེམས་དཔའ་ཚེ་དཔག་མེད༔ དམར་གསལ་ཚེ་ཡི་བུམ་པ་འཛིན༔ རྒྱན་མེད་གཅེར་བུ་འོད་ཕུང་འབར༔ ཐུགས་དབུས་ཏིང་འཛིན་སེམས་དཔའ་བཾ༔ ཐ་མར་སྔགས་ཕྲེང་གཡས་སུ་བཀོད༔ བཟླས་པས་སྒྲར་བཅས་གཡོན་དུ་འཁོར༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་བདག་ལ་ཐིམ་པ་ཡི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐབས་ཤེས་སྣང་སྟོང་ཟུང་འཇུག་གི༔ ངོ་བོ་སྔགས་གསུམ་དབྱེར་མེད་པའི༔ གསུང་གསང་རྡོ་རྗེའི་ཡེ་ཤེས་དལ༔ དབྱིབས་སྔགས་དོན་གྱི་ལྷ་སྣང་ཀུན༔ ངེས་པ་གཅིག་དྲིལ་ངང་ནས་བཟླ༔ ཨོཾ་ཨཱཿཧཱུྃཿབཛྲ་གུ་རུ་ཡོ་ག་ཤྭ་ར་བཾ་ཧ་རི་ནི་ས་ཚེ་བྷྲུཾ་སརྦ་ཛྙཱ་ན་གུ་ཎ་སིདྡྷི་ཕ་ལ་སྭཱ་ཧཱ༔ ཡང་ན༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཡོ་ག་ཤྭ་ར་བཾ་སརྦ་སིདྡྷི༔ ཕ་ལ་ཧཱུྃ༔ ཅེས་བརྗོད་བསྙེན་བསྒྲུབ་ལས་སྦྱོར་དུ༔ འོད་ཟེར་དཀར་སེར་དམར་ལྗང་ནི༔ འཕྲོས་བསྣོལ་བསྡུས་བའི་རིམ་པ་ཡིས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་བསྒྲུབ༔ ས་མ་ཡཱ༔ གཉིས་པ་ཚོགས་ཀྱི་བསྒྲུབ་པ་ནི༔ ཧཱུྃ༔ ཕུན་སུམ་ཚོགས་པ་ལྔ་ལྡན་པའི༔ ལྷ་སྔགས་ཡེ་ཤེས་འཁོར་ལོའི་སྤྲིན༔ མངོན་དུ་མ་གྱུར་རྟོག་པས་སྒྲིབ༔ གཞི་འབྲས་དབྱེར་མེད་ངང་དུ་སྦྱངས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ཧ་ཧོ་ཧྲི༔ ཛ༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ འཆི་མེད་མགོན་པོ་གཤེགས་སུ་གསོལ༔ རི་བོ་ཏ་ལའི་ཕོ་བྲང་ནས༔ སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ པདྨ་འོད་ཀྱི་ཕོ་བྲང་ནས༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ གང་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ ཐང་སྟོང་རྒྱལ་པོ་གཤེགས་སུ་གསོལ༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ རིགས་ལྔའི་མཁའ་འགྲོ་གཤེགས་སུ་གསོལ༔ བརྟུལ་ཞུགས་གྲུབ་པའི་ཕོ་བྲང་ནས༔ གྲུབ་ཐོབ་རྒྱ་མཚོ་གཤེགས་སུ་གསོལ༔ གནས་གསུམ་དག་པའི་ཕོ་བྲང་ནས༔ འབུམ་ཕྲག་མཁའ་འགྲོ་གཤེགས་སུ་གསོལ༔ ཡོངས་སུ་རྣལ་འབྱོར་ཕོ་བྲང་ནས༔ མ་རྒྱུད་རྒྱ་མཚོ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ མཐོན་མཐིང་ཅོད་པཎ་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ དྲིལ་བུ་གཡེར་ཁ་སི་ལི་ལི༔ གར་དབྱངས་རོལ་མོ་དི་རི་རི༔ གླུ་དབྱངས་སྙན་པའི་སྒྲ་དང་བཅས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ བསོད་ནམས་དམ་པའི་ཞིང་ས་རུ༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཡེ་ཤེས་ཚོགས་ལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཡོ་ག་ཤྭ་ར་ཊཱཀྐི་ནི་ག་ན་ཙཀྲ༔ ས་མ་ཡ་ཛ་ཛ༔ ཧཱུྃ༔ བླ་མ་རིག་འཛིན་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་ཚོགས་མཆོད་འབུལ༔ མ་རྒྱུད་མཁའ་འགྲོའི་ལྷ་ཚོགས་ལ༔ དམ་རྫས་ཕྱི་ནང་གསང་མཆོད་འབུལ༔ དམ་ཅན་ཆོས་སྐྱོང་རྒྱ་མཚོ་ལ༔ ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ གཏན་བདེ་འགྱུར་མེད་ས་ལ་སྦྱོར༔ ཨོཾ་གཱ་ཎ་ཙཀྲ་པཉྩ་པཱུ་ཙ་ཁཱ་ཧི༔ ཧཱུྃ༔ ཚེ་རབས་ཐོག་མ་མེད་པ་ནས༔ ཐ་མ་ད་ལ་ཐུག་གི་བར༔ སྒོ་གསུམ་བག་མེད་དབང་གྱུར་ཏེ༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཉམས་ཆགས་འགལ་འཁྲུལ་དང་༔ རྟོག་སྒྲིབ་བག་ཆགས་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ གཱ་ཎ་ཙཀྲ ༴ སོགས། ཧཱུྃ༔ བདག་གཉིས་ཕྱི་ནང་གཟུང་འཛིན་གྱིས༔ མ་རིག་ལོག་རྟོག་དགྲ་འདྲེ་གདོན༔ བདག་མེད་ཤེས་རབ་མཚོན་གྱིས་བསྒྲལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ཕུང་ཁམས་བདུད་རྩི་ལྷ་མོའི་སྤྲིན༔ སྐུ་གསུམ་ལྷ་ཚོགས་ཞལ་དུ་བསྟབས༔ དུག་གསུམ་ཞིང་དུ་བསྒྱུར་ནས་ཀྱང་༔ མཉམ་སྦྱོར་བདེ་བ་ཆེན་པོར་བཞེས༔ ཏ་ན་ག་ན་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཀེཾ་ནི་རི་ཏི་པགྩ་ཙ་ཁུག་བ་སུ་ཏ་ཨ་མྲི་ཏ་ལ་ཁ་རཾ་ཁཱ་ཧི༔ དངོས་གྲུབ་ཡོ་བྱད་ཆེན་པོ་ཡིས༔ སྐལ་ལྡན་མི་ཡི་ཚོགས་མཆོད་ལ༔ ཤགས་དང་ཀུ་ཅོ་ཚོགས་སྤྱང་སོགས༔ སྤངས་ཤིང་ཚིམ་པ་དྲུག་གིས་སྤྱོད༔ ལྷག་མ་མྱོང་གྲོལ་བདུད་རྩིར་བརླབས༔ ཕེཾ༔ གནས་ཡུལ་དུར་ཁྲོད་ཞིང་སྐྱོང་བའི༔ འབར་མ་དབང་ཕྱུག་ཀིང་ལིང་ཀ༔ ཕོ་ཉ་མགྱོགས་མ་དུར་ཁྲོད་བདག༔ ལྷག་ལ་དབང་བ་ཐམས་ཅད་ཀུན༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཡེ་ཤེས་ཚོགས་ཀྱི་འཁོར་ལོར་རོལ༔ དགྱེས་ཚིམ་རབ་འབྱམས་ཕྲིན་ལས་མཛོད༔ ཨུཥྩི་ཊ་གཱ་ཎ་ཙཀྲ་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་སྣང་བ་མཐའ་ཡས་ཀྱིས༔ འདོད་ཆགས་རྟོགས་པ་ཐམས་ཅད་ཀུན༔ བདེ་སྟོང་རང་གྲོལ་རྒྱས་གདབས་ཚེ༔ སྲིད་ཞི་མཉམ་ཉིད་རང་རྒྱས་ཆོད༔ དེ་རྗེས་སློབ་དཔོན་པདྨ་ཡིས༔ སྣང་སྲིད་དབང་དུ་བསྡུ་བའི་ཚེ༔ བཀའ་དམ་རྡོ་རྗེའི་ཐ་ཚིག་བླངས༔ དམ་ལྡན་སྐྱོང་བའི་ཆད་ཐོ་བཙུག༔ སླར་ཡང་གྲུབ་པའི་རྒྱལ་པོ་ཡིས༔ གང་འདུལ་ཕྲིན་ལས་མཛད་པའི་ཚེ༔ བདེ་སྟོང་ཡེ་ཤེས་གྲོགས་དན་མཛད༔ ཐུགས་བསྐྱེད་དམ་བཅའི་གསོས་སུ་སྨིན༔ ད་ལྟ་རྣལ་འབྱོར་བདག་གིས་ཀྱང་༔ ཚུལ་བཞིན་བསྒྲུབ་མཆོད་གསང་སྔགས་ཀྱི༔ ཏིང་འཛིན་མི་འབྲལ་རྒྱུན་བརྟེན་ན༔ བུ་གཅིག་པ་ཡི་མ་བཞིན་དུ༔ བར་ཆད་སེལ་ཞིང་མཐུན་རྐྱེན་སྦྱོར༔ ཐ་ཚིག་རྡོ་རྗེའི་དམ་བླངས་བཞིན༔ བདེན་དོན་མངོན་རྟགས་བསྟན་དུ་གསོལ༔ འགལ་རྐྱེན་བར་ཆད་ཐམས་ཅད་ཀུན༔ བཟློག་བསྒྱུར་ཕྲིན་ལས་མཛད་དུ་གསོལ༔ དྷརྨཱ་པ་ལ་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི༔ སརྦ་ཀརྨ་སིདྡྷི་སིདྡྷི་ཧཱུྃ༔ མ༔ བརྟན་མ་ཡ་མ་སྐྱོང་མའི་ཚོགས༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི༔ རྐྱེན་སོལ་བསམ་པ་ཐམས་ཅད་བསྒྲུབ༔ རླུང་སེམས་དབུ་མར་བཅིངས་བ་ཡིས༔ ཁུ་རྡུལ་རླུང་གསུམ་རྒྱུ་བ་དང་༔ བཅུ་གཉིས་འཕོ་བའི་རྒྱུན་བཅད་དེ༔ རྟེན་འབྲེལ་སྲིད་པ་སྟོང་རྒྱས་ཐོབ༔ བདེན་དོན་བསྟན་པ་དར་ཞིང་རྒྱས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ མ་མ་ཧྲིཾ་ཧྲིཾ་ཨེ་དམ་བྷ་ལིངྟ་ཁཱ་ཧི༔ ཧཱུྃ་ཛ༔ དབྱིངས་བཞུགས་བླ་མ་རིག་འཛིན་ཚོགས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ སྙིང་རྗེའི་ཞི་ལ་མ་གཞོལ་བར༔ བཞེངས་ཤིག་རབ་འབྱམས་ཕྲིན་ལས་མཛོད༔ ཁམས་གསུམ་སྐུ་གསུམ་ཧོམ་དུ་བྲུབ༔ ལྟ་སྒོམ་སྤྱོད་པ་དབྱེར་མེད་ཀྱི༔ ལུག་རྒྱུད་སྦྲེལ་བའི་དལ་བསྐོར་ཏེ༔ དཔའ་བོའི་བྲོ་བརྡུང་གཡས་སུ་བརྡུང་༔ ཞེ་སྡང་གསལ་སྟོང་ཆེན་པོར་བཅོམ༔ དཔའ་མོའི་བྲོ་བརྡུང་གཡོན་དུ་བརྡུང་༔ འདོད་ཆགས་བདེ་སྟོང་ཆེན་པོར་བཅོམ༔ རྒྱལ་བྱེད་ཧ་ཧེའི་གད་རྒྱང་དང་༔ དགྱེས་རྟགས་ཧི་ཧིའི་གླུ་དབྱངས་ཀྱིས༔ གླུ་བྲོ་གར་གྱི་བརྟུལ་ཞུགས་སྤྱོད༔ བྱང་ཆུབ་སེམས་ནི་མ་སྐྱེས་པར༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ སྟྭམ་བྷ་ཡ་ནན༔ གསུམ་པ་རྗེས་ཀྱི་ཆོ་ག་ནི༔ ཨོཾ་ཨཱཿཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ གྲགས་སྟོང་གསུང་གི་དངོས་གྲུབ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྒྲིབ་གཉིས་བག་ཆགས་ཀུན་སྤངས་ནས༔ རྟོགས་པ་མཐའ་རུ་ཕྱིན་ནས་ཀྱང་༔ དོན་གཉིས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ གདོད་ནས་ཡེ་སངས་རྒྱས་པ་ལ༔ ཉམས་དང་བསྲུང་བའི་མཁན་པོ་མེད༔ མ་རྟོགས་གཟུང་འཛིན་བག་རྡུལ་ལས༔ མཚན་འཛིན་མཚན་མ་མེད་པར་བཤགས༔ ཡི་གེ་བརྒྱ་བ་བརྗོད༔ ཧོ༔ རང་ལས་ཤར་བའི་དཀྱིལ་འཁོར་ལྷ༔ མཚན་མ་ཚིག་བྲལ་ཆེན་པོ་རུ༔ ཡེ་ཤེས་དབྱིངས་སུ་འཁྱིལ་ནས་ཀྱང་༔ འོད་གསལ་ཆེན་པོའི་ངང་དུ་བཟླུམ༔ ཨ་ཨ་ཨཱཿ ཨོཾ༔ སླར་ཡང་མཁའ་ལ་འཇའ་ཚོན་བཞིན༔ ཕྱག་རྒྱ་གཅིག་པའི་ཧེ་རུ་ཀ༔ རྣལ་འབྱོར་དབང་ཕྱུག་ཆེན་པོ་ནི༔ མ་བསྐྱེད་མ་བསྒོམ་རང་ཤར་ངང་༔ རྩ་སྔགས་བཟླ་རྟེན་འབྲེལ་སྙིང་བོའི་མཐར༔ ཨེ་མ་ཧོ༔ གྲུབ་ཐོབ་བརྒྱུད་པའི་བྱིན་བརླབས་དང་༔ མ་རྒྱུད་མཁའ་འགྲོའི་ཐུགས་རྗེ་ཡིས༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ གནས་སྐབས་བསམ་པ་ཀུན་འགྲུབ་ཅིང་༔ ཚེ་རིང་ནད་མེད་བདེ་སྐྱིད་ལྡན༔ ཡོན་ཏན་ཡེ་ཤེས་གཟི་བརྗིད་འབར༔ མཐར་ཐུགས་སྐུ་གསུམ་ཡེ་ཤེས་ངང་༔ མངོན་གྱུར་གདོད་མའི་སར་ཕྱིན་ཏེ༔ འཁོར་ལོའི་མགོན་པོའི་གོ་འཕང་ལ༔ མཐའ་ཡས་འགྲོ་བ་ཐམས་ཅད་ཀུན༔ འདྲེན་པའི་ཕྲིན་ལས་རྨད་བྱུང་གིས༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་པའི༔ བཀྲ་ཤིས་དམ་པ་མཆོག་གྱུར་བ༔ གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ༔ དབུགས་འབྱིན་ཆེན་པོའི་བཀྲ་ཤིས་ཤོག༔ དེ་ལྟར་དཀྱིལ་འཁོར་བསྒྲུབ་མཆོད་ནི༔ བར་ཆད་མེད་པའི་ཚོགས་བསྒྲུབས་ཀྱིས༔ སྲོད་ནས་ཐོ་རངས་བརྒལ་བ་ལ༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ ས་མ་ཡཱ༔ རྣལ་འབྱོར་དབང་ཕྱུག་ཆེན་པོས་ནི༔ དབང་ཐོབ་གནས་བརྟན་རྒན་པོ་མཆོག༔ རྡོ་རྗེའི་གསུང་ལ་གདོང་བཟློག་ཏུ༔ མ་ནུས་ག་གཱ་ཨ་བྷྱེའི་སྨྲས༔ དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །རྣམ་པར་རིག་པའི་སྒྱུ་འཕྲུལ་ཀྱང་། །ཐུགས་རྗེ་ཆེན་པོའི་མིང་ཅན་གྱི། །གསང་སྔགས་དོན་ཐོབ་དེ་ཡིས་སོ། །བཀྲ་ཤིས་ཕྱོགས་ཀྱི་མཐའ་ཁྱབ་ཤོག །


previousརྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོའི་གསང་བའི་བསྒྲུབ་པ་མ་རྒྱུད་འབུམ་གྱི་སྙིང་པོ།next