Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
ཨོ་རྒྱན་གྱི་མཁན་པོ་པདྨའི་སྤྲུལ་བའི་གཏེར་ཆེན་གྲུབ་ཐོབ་ཐང་སྟོང་རྒྱལ་བོའི་དབང་ཆོག་བྱིན་རླབས་འོད་ཕྲེང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨོ་རྒྱན་གྱི་མཁན་པོ་པདྨའི་སྤྲུལ་བའི་གཏེར་ཆེན་གྲུབ་ཐོབ་ཐང་སྟོང་རྒྱལ་བོའི་དབང་ཆོག་བྱིན་རླབས་འོད་ཕྲེང་།next

ཨོ་རྒྱན་གྱི་མཁན་པོ་པདྨའི་སྤྲུལ་བའི་གཏེར་ཆེན་གྲུབ་ཐོབ་ཐང་སྟོང་རྒྱལ་བོའི་དབང་ཆོག་བྱིན་རླབས་འོད་ཕྲེང་།

ཨོ་རྒྱན་གྱི་མཁན་པོ་པདྨའི་སྤྲུལ་བའི་གཏེར་ཆེན་གྲུབ་ཐོབ་ཐང་སྟོང་རྒྱལ་བོའི་དབང་ཆོག་བྱིན་རླབས་འོད་ཕྲེང་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག །རྣལ་འབྱོར་གང་ཞིག་སྐལ་ལྡན་པ༔ རང་ཉིད་དེ་ལ་ལྷག་པར་མོས༔ དེ་དེ་སྔོན་ནས་འབྲེལ་བའི་རྟགས༔ མེ་ཏོག་གང་བབས་དེའི་ཕྲིན་ལས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཏེ༔ གཞན་གྱི་བབས་བས་ལྷ་ཉིད་དེ༔ རྒན་མོའི་རིལ་མོ་བཏབས་པ་དང་༔ གསང་སྔགས་མེ་ཏོག་འདྲ་བ་ལས༔ རྒྱུ་མཚན་མེད་ཕྱིར་དོན་གཟིགས་པའི༔ སྤྱན་སྔར་བབས་བཅོལ་འཐད་མི་བལྟའ༔ འདི་ནི་རིགས་དང་རྒྱུ་མཐུན་ལས༔ དུ་བས་མེ་རྗེས་དཔོག་པ་འདྲ༔ དེ་བཞིན་གྲུབ་པའི་བྱེད་འབྲས་ཀྱང་༔ བཟོ་ནི་འཕྲོ་ཡོད་ལས་འཇུག་དང་༔ དེ་བཞིན་སར་བ་རྩོམས་པ་ལྟའི༔ ཁྱད་པར་མཁས་ལྡན་དམ་པས་ཤེས༔ ས་མ་ཡ༔ འདི་ལ་དཀྱིལ་འཁོར་བཞེངས་བསྒྲུབ་སོགས༔ བདག་ཉིད་ཆེན་པོའི་རང་འཇུག་བཅས༔ ཇི་ལྟར་རྒྱུད་དང་མན་ངག་ལྟར༔ སྤྱི་མཐུན་གཞུང་བསྲང་དེ་ནས་ནི༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ རིགས་བརྟགས་མེ་ཏོག་བཀྱེ་བསྡུ་དང་༔ མ་རིག་མཚོན་ཕྱིར་མིག་དར་དགབ༔ ས་མ་ཡཱ༔ དེ་ནས་དབང་ཡོན་མཎྜལ་ཕུལ༔ དབང་ཕྱུག་ཉིད་ལ་གསོལ་འདེབས་པ༔ ཨེ་མ་ཁྱབ་བདག་རྡོ་རྗེ་འཛིན༔ བདག་ཅག་སྒོ་གསུམ་སྒྲིབ་སྦྱངས་ནས༔ གྲུབ་ཐོབ་རྒྱ་མཚོའི་གསང་གསུམ་གྱི༔ གོ་འཕང་མཆོག་ལ་དབང་བསྐུར་གསོལ༔ འཆི་མེད་གཉུག་མ་བྱང་ཆུབ་སེམས༔ བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ༔ ད་ལྟ་ཉིད་དུ་གསལ་བར་མཛོད༔ གུ་རུ་རཏྣ་ན་མོ་ཧོ༔ ནན་ཏན་ལྡན་ནམ་ཆེད་བཏགས་གནང་༔ ཧོ༔ ཉོན་ཅིག་ཆ་མེད་འགྲོ་བ་ཁྱོད༔ གསང་སྔགས་འདི་ནི་ཁེ་ཉེན་བཙུན༔ དམ་ཚིག་ལྡན་ནས་བསྒྲུབ་བརྩོན་ན༔ ཕྱོགས་བཅུའི་རྒྱལ་བས་བྱིན་གྱིས་རློབས༔ གལ་ཏེ་བཏང་སྙོམས་གནས་ན་ཡང་༔ དམྱལ་མེའི་སྡུག་བསྔལ་ཉེན་ཡོད་ན༔ དམ་ཉམས་ལྡོག་སྤྱོད་སྨོས་ཅི་དགོས༔ གཏན་དུ་ཐར་བའི་རིགས་མེད་འགྱུར༔ དབང་མེད་ཕྱག་རྒྱ་དཔེ་མཐོང་ཤོར༔ ཚེ་ཐུང་ནད་མང་བསྲུང་མའི་ཚོགས༔ མཁའ་འགྲོ་གྲུབ་པའི་བཀའ་ཆད་བཙུན༔ དེ་བས་ད་ལྟ་བཏང་སྙོམས་རིགས༔ ལན་དུ་མེ་ཏོག་དང་བཅས་ཏེ༔ ཀྱེ༔ མནོག་ཆུང་ཚེ་འདིའི་བདེ་བའི་ཆེད༔ སྐྱེ་བོའི་སྲོག་ལ་མི་ལྟ་ན༔ གཏན་གྱི་མགོན་པོ་བདག་རྙེད་ལ༔ དོ་གལ་ཅི་ལའང་མི་བསྙེལ་བར༔ གླང་ཆེན་སྨྱོན་པའི་བརྟུལ་ཞུགས་ཀྱིས༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཡི༔ མཛད་སྤྱོད་དམ་པའི་རྗེས་སུ་སློབས༔ གཙོ་བོའི་བཀའ་དྲིན་བདག་ལ་སྩོལ༔ དེ་ནས་གནང་བ་སྦྱིན་པ་ནི༔ ཧོ༔ རྡོ་རྗེ་འཆང་གི་གང་བསྒྲགས་པའི༔ ཕྱི་ནང་གསང་བ་ཡང་གསང་དང་༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི༔ དམ་སྡོམ་མཐའ་དག་ཁྱོད་ལ་སྦྱིན༔ རྟག་ཏུ་དྲན་ཤེས་བག་ཡོད་ཀྱི༔ གུས་པས་ཡང་དག་མ་ཉམས་བསྲུང་༔ དེ་ཡིས་ཉམས་ཆགས་ཉེས་ལྟུང་དག༔ རིག་འཛིན་བླ་མ་འགྲུབ་པར་འགྱུར༔ དེ་ནས་དམ་ཚིད་དམོད་བྲོ་ནི༔ ཧོ༔ འདི་ནི་རྡོ་རྗེ་གནོད་སྦྱིན་ཆུ༔ སྙིང་གནས་དམ་བསྲུང་བསྒོམ་བརྩོན་ན༔ རྡོ་རྗེ་སེམས་ཞུ་བྱིན་རློབས་ཅིང་༔ ཉམས་ན་དམྱལ་མེའི་སྙིང་བསྲེགས་ཤོག༔ ས་མ་ཡ་བཛྲ་ས་ཏྭ་ཛྭ་ལ༔ ན་ར་ཀན་ཧཱུྃ་ཕཊ༔ དེ་ནས་མ་རིག་ལིང་ཐོག་བསལ༔ ཧཱུྃ༔ ཤེས་རབ་མཚོན་ཆའི་སྲ་འབར་བས༔ མ་རིག་སྒོང་ངའི་སྦུབས་འབྱེད་ཅིང་༔ རང་རིག་ལྷ་ཞལ་མངོན་མཐོང་བས༔ ཐུགས་རྗེའི་འོད་ཟེར་གདུགས་གྱུར་ཅིག༔ བཛྲ་ཧཱུྃ་པྲཛྙཱ་ཛྙཱ་ན་ཙཀྵུ་ཨ་བྷི་ཥིཉྩ་ཕཊ༔ དེ་སླད་དཀྱིལ་འཁོར་འཇུག་པ་ནི༔ ཨེ༔ དཀྱིལ་འཁོར་ཆེན་པོ་ཕྱོགས་བཞིའི་སྒོ༔ བདུད་བཞིའི་རང་བཞིན་སྒྲིབ་པ་བཞིའི༔ བཅད་དེ་ཡང་དག་མ་འཐོང་བ༔ ཡེ་ཤེས་ཕྱག་རྒྱའི་འཆར་སྒོ་ཕྱེས༔ མཎྜ་ལ་པྲ་ཝེ་ཤ་ཡ་ཛྙཱ་ན་དྷེ་ཝ་ཨ་བྷི་ཥིཉྩ་ཕཊ༔ ཅེས་བརྗོད་ལྷ་མཇལ་འབྲེལ་བརྟགས་སླད༔ ཨོཾ༔ སྐུ་མཆོག་རྩེ་མོ་རྣམ་པར་བཀོད༔ གཟུགས་བརྒྱན་དམ་པ་འདིས་མཛེས་བྱེད༔ སྔོན་ནས་འབྲེལ་འདྲེས་གང་ཉེ་བའི༔ རིགས་བདག་དམ་པས་བཞེས་པར་མཛོད༔ གུ་རུ་བིཏྱ་དྷ་ར་པུཥྤེ་མཎྜ་ལ་པུཥྤེ་ཨཿཧཱུྃ༔ ཀྱཻ་ཧོ་སྐལ་ལྡན་བུ་ཁྱོད་ཀྱི༔ ཅོད་པཎ་ལྷུན་གྱི་གྲུབ་པར་བབ༔ མིང་ཡང་རིགས་ལྔའི་རིག་འཛིན་ཡིན༔ མ་འོངས་མཚན་དེའི་སངས་རྒྱས་ཐོབ༔ དགའ་སྤྲོ་དད་པ་རབ་ཏུ་བསྐྱེད༔ ཁྱོད་ནི་དངོས་གྲུབ་མཆོག་ལ་དབང་༔ རྟག་ཏུ་རྣལ་འབྱོར་མ་བཏང་ཞིག༔ དེ་ནས་ལྷ་ངོ་བསྟན་པ་ནི༔ ཨེ་མ་ཧོ༔ སེམས་ཉིད་རྡོ་རྗེ་དྲི་བྲལ་འདི༔ བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་རྫོགས༔ མཚན་རྟོག་གང་གི་འོག་མ་གྱུར༔ རང་བཞིན་དོན་གྱི་བླ་མ་ཡིན༔ སྣང་བ་ཆོས་དབྱིངས་དཀྱིལ་འཁོར་འདི༔ རྒྱ་ཆད་ཕྱོགས་བྲལ་རྣམ་པར་དག༔ བག་ཆགས་དོན་མེད་འོག་མིན་ས༔ ངེས་པ་ལྔ་ལྡན་བླ་མའོ༔ གཉིས་མེད་རྟོག་བྲལ་ཟང་ཐལ་གྱི༔ ཀུན་ཏུ་བཟང་པོ་རང་རིག་པ༔ འབྲས་བུ་མཆོག་གི་སྐུར་བཞེངས་སུ༔ མཚོན་པ་དཔེ་དང་གཟུགས་བརྙན་ནོ༔ དཔེ་གཟུགས་རང་བཞིན་བདག་གཅིག་ཏུ༔ འབྲེལ་བའི་དམ་པ་འདི་མཐོང་ནས༔ རང་བརྙན་ཕྱི་རུ་མ་གོལ་བར༔ ངོ་ཤེས་གདེངས་ཐོབ་བཙན་ས་ཟུངས༔ ལྷ་དང་བླ་མའི་ཐུགས་རྗེ་ཡིས༔ ཧེ་རུ་ཀ་དང་མཉམ་ཉིད་ཤོག༔ ཨ་ཨཱ་ཕཊ༔ དཀྱིལ་འཁོར་ལྷ་ཡི་གྲོང་འཇུག་ཏུ༔ དམ་ཚིད་སློབ་མ་ལྷར་གསལ་ནི༔ གཞུང་ནས་ཇི་ལྟར་བྱུང་བཞིན་ལ༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ལ་ཐུན་མོང་དབང་སྦྱིན་པ༔ ཧཱུྃ༔ མི་བསྐྱོད་ཡབ་ཡུམ་རང་བཞིན་ལས༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་བདུད་རྩིའི་དབང་བསྐུར་བས༔ ཞེ་སྡང་རྫོགས་སངས་རྒྱས་གྱུར་ཅིག༔ ཧཱུྃ་བི་ཤུདྡྷེ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ༔ རིན་འབྱུང་ཡབ་ཡུམ་རང་བཞིན་ལས༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་འོད་འབར་རིགས་བདག་དབང་༔ ང་རྒྱལ་རྫོགས་སངས་རྒྱས་གྱུར་ཅིག༔ སྭཱ་རཏྣ་ཨ་ལཾ་ཀ་ར་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱཾ༔ སྣང་མཐའ་ཡབ་ཡུམ་རང་བཞིན་ལས༔ སོར་རྟོགས་ཡེ་ཤེས་ངོ་བོ་ཉིད༔ མ་ཆགས་ཐོགས་མེད་རྡོ་རྗེའི་དབང་༔ འདོད་ཆགས་རྫོགས་སངས་རྒྱས་ཕྱིར་བསྐུར༔ ཨཱཾ་པདྨ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱ༔ དོན་གྲུབ་ཡབ་ཡུམ་རང་བཞིན་ལས༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ཀརྨ་ལས་ཀྱི་དྲིལ་བུའི་དབང་༔ ཕྲག་དོག་རྫོགས་སངས་རྒྱས་ཕྱིར་བསྐུར༔ ཧཱ་ཀརྨ་གནྜེ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ༔ རྣམ་པར་སྣང་མཛད་ངོ་བོ་ཉིད༔ ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས༔ སྔར་སྦྱིན་མིང་གི་དབང་བསྐུར་གྱི༔ གཏི་མུག་རྫོགས་སངས་རྒྱས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ དེ་རིང་ཕྱིན་ཆད་སྐྱེས་བུ་ཁྱོད༔ རིག་འཛིན་ཀུན་གྱི་རྒྱལ་ཚབས་སུ༔ རྡོ་རྗེ་སློབ་དཔོན་ངས་བསྔགས་ཀྱི༔ རང་བཞིན་དོན་ནི་རབ་འབྱམས་བསྒྲུབ༔ ཞེས་ཆོས་དུང་ཕུལ་ལ་འབུད་དུ་བཅུག༔ ཡང་ནི་ནང་གི་དབང་བསྐུར་བ༔ སྐུ་གསུང་ཐུགས་ཀྱི་གོ་རིམ་ལས༔ ཧཱུྃ༔ ཕྱི་ལྟར་རིན་ཆེན་བུམ་པ་མཛེས༔ ནང་དུ་རིག་འཛིན་སྐུའི་རང་བཞིན༔ གསང་བ་པདྨ་གངས་ཆེན་འཚོ༔ ཡང་གསང་གཞོན་ནུ་བུམ་པའི་སྐུ༔ ཞུ་བླུགས་བྱིན་རླབས་ཡེ་ཤེས་དངོས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཁྱོད་ལུས་བུམ་པ་བཟང་པོ་རུ༔ བརྒྱན་ལ་བརྒྱན་གྱི་བརྟན་རྒྱས་གདབས༔ ཁྱོད་སེམས་གཞོན་ནུ་བུམ་པའི་སྐུར༔ བཅུད་ལ་བཅུད་ཀྱི་གསོས་ཐེབས་ནས༔ འཁྲུལ་པའི་མ་རིག་དྲི་མ་དག༔ འཁོར་འདས་དབྱེར་མེད་ལྟ་བ་རྟོགས༔ ཉོན་མོངས་ཕུང་པོའི་རྒྱུ་འབྲས་བདུད༔ བཅོམ་ལྡན་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཀ་ཡ་ཨ་བྷྱེ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐབས་འདིར་ལྷ་དབང་རྒྱས་པ་བཏགས་ནའང་ཆོག༔ ཚེ་དབང་ལ༔ ཚེ་དཔག་མེད་ཀྱི་སྐུ་ཐོགས་ལ༔ གཞན་ཨུ་རྒྱན་ལ་དེའི་སྐུ༔ རྩ་བའི་ཐང་སྟོང་ལ་གཙོ་བོ་རྒྱན་ཅིག༔ ཞི་ཁྲོ་འབྲིང་ལའང་འདིའི་རིགས་ལྔའི་ཐུན་མོང་ལྔ་བླངས་ན་འཐད་ལ༔ མྱུར་བདེར་མཁའ་འགྲོ་སྡེ་ལྔ་གྲུབ་ཐོབ་བརྒྱུད་ཅུ༔ སངས་རྒྱས་སྟོང་ལ་སོགས་པར་རང་རང་གི་སྐུ་དེའི་དབང་ཐོབ་པར་འགྱུར་རོ༔ དེའི་ཕྱིར༔ ཧྲཱི༔ སྐྱེ་མེད་གཉུག་མ་ཀ་དག་བྱང་ཆུབ་སེམས༔ འགགས་མེད་ཚེ་མཐའ་ཡས་པའི་རྣམ་རོལ་གྱི༔ མི་འཇིགས་སྐྱབས་སྦྱིན་མཛད་དེའི་དབང་བསྐུར་བས༔ ཟག་མེད་རྡོ་རྗེ་ལྟ་བུའི་ཚེ་ཐོབ་ཤོག༔ བཛྲ་ཛྙཱ་ན་ཨ་ཡུརྫྙཱ་ཏེ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་ནི་པདྨ་འབྱུང་གནས་ལ༔ ཧྲཱི༔ འཁོར་བའི་སྐྱོན་གྱིས་མ་གོས་པདྨ་འབྱུང་༔ གསང་སྔགས་རྡོ་རྗེའི་མངོན་མཛད་སྟོན་པ་པོ༔ སྐྱེ་འཆིའི་བདུད་བཅོམ་མཛད་དེའི་དབང་བསྐུར་བས༔ རྐྱེན་གྱིས་མི་འཇིག་གཡུང་དྲུང་ལུས་ཐོབ་ཤོག༔ ཨོཾ་གུ་རུ་པདྨ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ གྲུབ་ཐོབ་རིག་འཛིན་སྤྱི་འདུས་ལ༔ ཧཱུྃ༔ གང་ཞིག་སྲིད་པའི་སྡུག་བསྔལ་ཆུ་ཆེན་ལས༔ ཐུགས་རྗེ་མི་ཟད་ཆོ་འཕྲུལ་ཡ་མཚན་གྱི༔ བཀོད་པ་བརྒྱ་སྟོང་དུ་མའི་འཆར་སྒོ་ཕྱེས༔ བློ་སེམས་དགེ་ལ་བསྒྱུར་ནས་བདེ་མཆོག་སྦྱིན༔ གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ནི༔ ཕྱི་ནང་སྙོམས་འཇུག་ཕྱག་རྒྱར་བཅས་པ་ཡི༔ རིགས་ཀྱི་བུ་ལ་དབང་གིས་མཚམས་སྦྱར་ན༔ ཏིང་འཛིན་མི་ཟད་འཕྲུལ་གྱི་རང་དབང་གིས༔ མཐའ་ཡས་བསྐལ་བར་སེམས་ཅན་དོན་སྤྱོད་ཤོག༔ ཨོཾ་ཊཱཀྐི་ནི་ཤྭ་རི་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསུང་དབང་བསྐུར་བ་ལ༔ རྒྱས་པར་གསེར་ཆོས་བཅུ་གསུམ་དང་༔ བསྡུ་ན་ས་སྐྱ་ནད་གྲོལ་སོགས༔ གྲུབ་ཐོབ་དངོས་ཀྱི་གསུང་གི་ཡང་ཆོག༔ ཤིན་ཏུ་བསྡུས་ན་སྲོག་གི་སྔགས༔ བདེ་སྐྱོང་མ་དཱ་ན་བ་དང་༔ ཚེ་དང་གལ་སྡེབ་ཟས་ཀྱི་ཚོགས༔ པདྨ་རཀྟའི་མདངས་བསྐྱེད་མཛོད༔ གཙང་རྨེ་བྲལ་བའི་བདུད་རྩི་ལྔ༔ ལག་ཏུ་ཐོགས་ནས་ལྕེ་ལ་བཞག༔ ངག་གི་རླུང་ལ་ཐིམ་བསམ་འཐེར༔ སྤྲོས་པས་སྔགས་ཕྲེང་བཟླས་ལུང་བཞི༔ སྐབས་འདིར་སྦྱོར་བ་རིག་པས་འཕུར༔ ཤིན་ཏུ་བསྡུས་སྔགས་བྷནྡྷའི་ཆོག༔ ཚེ་དབང་སྐབས་བཞིན་འདི་ན་སྟེ༔ ཨཱ༔ སྐུ་གསུམ་ཚེ་ལྷ་རྒྱ་མཚོ་དང་༔ བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔ ཡི་གེ་ལོངས་སྐུའི་ཕྲེང་བ་འདིས༔ དགྱེས་མཉམ་བདེ་བའི་རང་སྒྲར་བཅས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚེ་རབས་ངག་གི་སྒྲིབ་པ་དག༔ འཆི་བདུད་བཅོམ་ནས་ཚེ་ལ་དབང་༔ འགགས་མེད་གསུང་གི་དབང་ཐོབ་ནས༔ ངོ་བོ་ཉིད་གསུམ་ལྟ་བ་རྟོགས༔ པདྨ་ལྟ་བུའི་བཀྲག་མདངས་ཀྱིས༔ མཚོན་པས་མཚན་དཔེ་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་པདྨ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་ཐུགས་ཀྱི་དབང་བསྐུར་ལ༔ ཚེ་བུམ་བདུད་རྩི་དམ་པས་གསོས༔ རྫས་མཆོག་རིལ་བུའི་བཀང་བ་དང་༔ གུ་རུ་རྡོ་རྗེ་ཐོད་བུམ་མཚོན༔ སྤྲུལ་པ་མཆོག་ལའང་སྔ་བཞིན་ཏེ༔ གྲུབ་ཐོབ་ཀུན་ལ་རྣལ་འབྱོར་ཆས༔ མཁའ་འགྲོ་རྒྱ་མཚོར་གྲི་ཐོད་དང་༔ སངས་རྒྱས་སྟོང་ལ་གསེགས་པར་གྱིས༔ རང་རང་ཐུགས་ཀྱི་རང་གཟུགས་མཚོན༔ ཕྱག་རྒྱ་ཕོ་མོའི་གཟུགས་བརྙན་སྦྱིན༔ མྱོང་རེག་འཁྲིལ་སྦྱོར་བདེ་བ་ལས༔ ལྷན་ཅིག་སྐྱེས་པའི་འོད་གསལ་བཟུང་༔ སྔགས་ཚིག་སྨོན་ལམ་འདི་ལྟར་བཏབ༔ ཧཱུྃ༔ མཚོན་བྱ་ཐུགས་ཀྱི་ཡེ་ཤེས་ལྔ༔ མཚོན་བྱེད་ཕྱག་རྒྱའི་རྣམ་པ་དང་༔ རྟེན་མཆོག་རིག་མ་ཆོས་འབྱུང་གནས༔ འདི་ལ་མ་བརྟེན་ཐར་བ་མེད༔ དབབས་བཟུང་ལྡོག་འགྲམ་ལ་བཟླའི་མཐའ༔ གྲྭ་ཟུར་མཉམ་པའི་ཐིག་ལེ་ཆེ༔ མ་བསྒྲིལ་རང་འདྲིལ་རིལ་བུ་འདི༔ སྒྲིབ་བྲལ་ལྷན་སྐྱེས་བདེ་ཆེན་པོ༔ མཚན་གཞི་མངོན་པར་ཉམས་སུ་མྱོང་༔ རང་བྱུང་ཡེ་ཤེས་ལྟ་བ་རྟོགས༔ ཚེ་རབས་སེམས་ཀྱི་སྡིག་སྒྲིབ་དག༔ འཁོར་གསུམ་ལ་སོགས་ཆོས་རྣམས་ལ༔ བདེ་ཚིག་ཆགས་བཅིང་ལྷའི་བུའི་བདུད༔ བཅོམ་ལྡན་ཕྱག་རྒྱ་ལྷུན་གྱིས་གྲུབ༔ རིག་འཛིན་ཆེན་པོ་ཐོབ་པར་ཤོག༔ མཐར་ཐུག་ཆོས་སྐུ་ངོ་བོ་ཉིད༔ འགྱུར་བ་མེད་པ་ཐོབ་པར་ཤོག༔ བཛྲ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཕྲིན་ལས་མཆོག་གི་དབང་༔ ལྕགས་ཐག་ལུ་གུ་རྒྱུད་ཐོགས་ལ༔ ཧཱ༔ འཁོར་བ་མཐའ་མེད་སྡུག་བསྔལ་གྱི༔ ཆུ་བོ་ཆེ་ལ་བྱིང་བའི་འགྲོ༔ ཐུགས་རྗེའི་ཀུན་ཁྱབ་འབྲེལ་ཐག་གི༔ ལུག་རྒྱུད་ཞགས་པས་ཡོངས་བཟུང་ནས༔ ཐར་བའི་སྐམ་སར་དབྱུང་བར་མཚོན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཆི་མེད་ལྕགས་སྲོག་ཐོབ་པ་དང་༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་ནས༔ འགྲོ་བ་འདུལ་བའི་དཔལ་ཐོབ་ཤོག༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མཐར་བཀྲ་ཤིས་རྟགས་བརྒྱད་དང་། །རྒྱལ་སྲིད་རྫས་ཀྱི་དབང་བསྐུར་བྱ། །དམ་ཚིག་ཁས་བླང་སྤྱི་ལྟར་དང་། །བཀྲ་ཤིས་དམ་པས་མཐའ་ཡང་བརྒྱན། །ཚུལ་འདི་རྣལ་འབྱོར་དབང་ཕྱུག་ཆེ། །ཐེག་མཆོག་དང་ནི་ལོ་ཕུག་གཉིས། །རྡོ་རྗེའི་གསུང་བཟློག་མ་ཕོད་པར། །སྔགས་སྨྱོན་ག་གཱ་ཨ་བྷྱེས་སོ། །མངྒ་ལཾ། །


previousཨོ་རྒྱན་གྱི་མཁན་པོ་པདྨའི་སྤྲུལ་བའི་གཏེར་ཆེན་གྲུབ་ཐོབ་ཐང་སྟོང་རྒྱལ་བོའི་དབང་ཆོག་བྱིན་རླབས་འོད་ཕྲེང་།next