Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
ཐུགས་བསྒྲུབ་བར་ཆད་དབྱིངས་སྒྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་བསྒྲུབ་བར་ཆད་དབྱིངས་སྒྲོལ།next

ཐུགས་བསྒྲུབ་བར་ཆད་དབྱིངས་སྒྲོལ།

དཔལ་ཆེན་རྡོ་རྗེ་ཕུར་བའི༔ ཐུགས་བསྒྲུབ་བར་ཆད་དབྱིངས་སྒྲོལ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག །ལྔ་བརྒྱའི་ཐ་མའི་དུས་ཀྱི་ཚེ༔ ཆོས་ལ་བར་ཆད་རླུང་ལྟར་འཚུབས༔ མཐའ་ཡི་རྒྱ་འདྲེའི་ཆོ་འཕྲུལ་མོད༔ དེ་དུས་ཡི་དམ་འདི་ཉིད་གནད༔ དཔལ་ལྡན་དུས་འཁོར་ཀྱེ་རྡོ་རྗེ༔ ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ཀྱང་༔ འདི་ལས་གཞན་པར་མ་བསམ་ཏེ༔ ཡེ་ཤེས་ཀློང་དུ་རོ་གཅིག་ཕྱིར༔ བསྒྲུབ་རྟེན་སེང་ལྡེང་ཕུར་བུའམ༔ དཔལ་གཏོར་བྷ་ལིང་ལྷ་ཡི་གྲངས༔ ཕྱི་ནང་ཉེར་སྤྱོད་མཆོད་པས་བསྐོར༔ ཡང་ན་ལུས་དཀྱིལ་བཀོད་ཀྱང་རུང་༔ ས་མ་ཡཱ༔ འདི་ལ་སྔོན་འགྲོ་དངོས་རྗེས་ལས༔ སྦྱོར་བ་རྣམ་གྲངས་བདུན་གྱིས་བསྟན༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ བློ་སྙིང་ལིང་བཀའ་འདི་སྐད་དོ༔ ན་མོ༔ འགྱུར་མེད་རྡོ་རྗེ་ཆོས་བདུན་ལྡན༔ ཁྱབ་བདག་གཞོན་ནུ་བུམ་པའི་སྐུ༔ དཔལ་ཆེན་དཀོན་མཆོག་ཀུན་ངོ་བོར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ ཧོ༔ སེམས་ཅན་ངོ་བོར་མཐོང་བ་ཀུན༔ མགོན་པོ་ཧེ་རུ་ཀ་པ་སྟེ༔ མ་རྟོགས་འཁྲུལ་འཁོར་བཤིགས་པའི་ཕྱིར༔ སྙིང་རྗེ་ཁྲོས་པའི་དཀྱིལ་འཁོར་བསྒོམ༔ དེ་ནས་ཡན་ལག་བདུན་པ་ནི༔ རྡོ་རྗེ་སྲིན་པོ་སངས་རྒྱས་དཔལ༔ གཤེགས་བཞུགས་འབྱོན་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་པའི༔ དག་པའི་མཆོད་འབུལ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་རྒྱུན་གཅོད་པའི་བགེགས༔ ཉམས་ཆགས་ཉེ་ལྟུང་མ་ལུས་བཤགས༔ ཕྱོགས་བཅུར་འཁོར་གསུམ་དག་བའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང་༔ མྱ་ངན་འདའ་སྟོན་གང་བཞེད་ལ༔ བསྐལ་བ་རྒྱ་མཚོར་བཞུགས་གསོལ་འདེབས༔ ཐེག་པའི་རིམ་པ་བཅོ་བརྒྱད་ཀྱིས༔ འཁོར་ལོ་རྒྱུན་ཆད་མེད་བསྐོར་བསྐུལ༔ ཟག་བཅས་ཟག་མེད་དགེ་བསགས་པ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ བཞི་བ་གནོད་བྱེད་བགེགས་བསྐྲད་པ༔ ཧཱུྃ༔ ང་ནི་སྟོབས་ཆེན་ཀཱི་ལ་ཡ༔ འཁོར་འདས་དུས་གཅིག་སྒྲོལ་བའི་ཀིང་༔ ལོག་འདྲེན་རུ་ཏྲ་དབྱིངས་སུ་དེངས༔ བཀའ་ལས་འདའ་ན་ཐལ་བར་རློག༔ ཧཱུྃ་བཞིའི་བསྐྲད་དོ༔ ལྔ་བ་མཚམས་གཅོད་ནི༔ རཾ༔ བསྲེགས་བྱེད་མེ་དཔུང་འབར་འཁྲིགས་དབུས༔ ཕོ་ཉ་མཚོན་ཐུན་རྭ་བར་བརྟན༔ ཅེས་ཀྱང་མི་ཆོད་མི་ཤིགས་པའི༔ བདེ་ཆེན་མཆོག་གིས་མཚམས་བཅད་དོ༔ བཛྲ་ཙཀྲ་རཀྵ་རཀྵ་བྷྲཱུྃ༔ དྲུག་པ་བྱིན་ཆེན་ཕབ་པ་ནི༔ ཧཱུྃ༔ དུར་ཁྲོད་མེ་རི་འབར་བ་ནས༔ གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས༔ རང་བཞིན་གྲུབ་པའི་ཕུར་བུ་ཡིས༔ རྟེན་དང་བརྟེན་པའི་བྱིན་ཆེན་ཕོབ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཀུན༔ ཀཱི་ལ་རིགས་ལྔའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་བུས་བྱིན་ཕོབས་ཅིག༔ ཨོཾ་བཛྲ་ཀུ་མ་རཱ་ས་མ་ཡེ་ཕེཾ་ཕེཾ༔ བདུན་པ་་མཆོད་པ་བྱིན་རླབས་ནི༔ ཧཱུྃ༔ ཚོགས་བརྒྱད་དག་པ་ཡེ་ཤེས་ལྔའི༔ ཡུལ་བརྒྱད་རྒྱན་གྱི་ནམ་མཁའ་མཛོད༔ མ་ཚང་མེད་པའི་མཆོད་སྤྲིན་དུ༔ ཆོས་ཉིད་དགོངས་པས་བྱིན་གྱིས་རློབས༔ ཨོཾ་བཛྲ་ཀྲོ་ཏ་པཱུ་ཛ་སརྦ་ས་མུ་ཌ་སྭཱ་ཧཱ༔ གཉིས་པ་དངོས་གཞི་ལྷ་བསྐྱེད་ལ༔ གཞི་རྟེན་བརྟེན་པའི་འཁོར་ལོ་གསུམ༔ དང་པོ་ཏིང་འཛིན་རྣམ་གསུམ་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བའི་ངང་༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ སྲོག་གི་སྒོ་ ༼ གོ་དཔྱད། ༽ རུ་ཤར་བ་དང་༔ སྙིང་གི་སྒོ་རུ་བསྒོམ་པར་བྱ༔ སྙིང་རྗེའི་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེ་གཏམས་བྱས་ནས༔ རྣམ་ཤེས་རྡོ་རྗེ་ཕུར་བར་བསྒོམ༔ ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཧཱུྃ་ཕཊ༔ རྒྱུ་ཡི་ས་བོན་ཧཱུྃ་མཐིང་ལས༔ བྷྲཱུྃ་སེར་འཕྲོ་འདུས་ཞིང་ཁམས་ཀུན༔ དཔལ་དང་ཡོན་ཏན་གཅིག་བསྡུས་ཤིང་༔ རིགས་དྲུག་ཁམས་གསུམ་ཞེན་འཁྲུལ་སྦྱངས༔ འགྱུར་བ་རིམ་བརྩེགས་རི་རབ་དང་༔ མི་འཇིག་རྡོ་རྗེ་འཁོར་ལོའི་སྟེང་༔ ཡོངས་གྱུར་དྲག་པོའི་གཞལ་ཡས་ཁང་༔ སྐམ་རློན་རྙིད་པའི་ཐོབ་མཁར་བརྗིད༔ གནམ་ལྕགས་ཨུར་མོའི་གཟེར་བུའི་གདབས༔ རཀྟའི་སྤྱིན་ཐབས་སྦྱར་བ་ལ༔ མི་ནུབ་རྒྱལ་མཚན་བཅུ་ཡིས་བརྒྱན༔ གྲུ་བཞི་སྒོ་བཞི་སེང་སྐར་ཞལ༔ ༼ ཧར་དཔྱད། ༽ འདོད་སྣམ་མཆོད་པའི་ལྷ་མོའི་གཏམས༔ ཙིཏྟའི་མཆོད་ཕྱིར་ཕྲེང་བས་དཀྲིས༔ མགོ་དང་མིག་གིས་དྲྭ་ཕྱེད་ཅན༔ ཉི་ཟླའི་སྣང་བྱེད་སྦྲུལ་བཀྲིས་པའི༔ ཀ་གདུང་ལྷ་ཀླུ་གཟའ་སྐར་གྱིས༔ གཤམ་དང་ཀ་ཞུ་གྲྭལ་ཟིབ་མཛེས༔ རྩེ་མོ་ཆོས་ཀྱི་མཆོད་རྟེན་དབྱིབས༔ ཕ་གུ་ཤར་བུ་མདའ་ཡབ་དང་༔ རྟ་བབས་རྒྱུ་འབྲས་བཅུ་དྲུག་མཛེས༔ རྡོ་རྗེ་འཁོར་བའི་ལྷ་གདན་བཅས༔ དྲེགས་པ་ཆེ་དགུ་བྱོལ་སོང་བརྫིས༔ རིན་ཆེན་ཁྲི་རྐང་པད་ཟླ་ཉི༔ བདུད་ཆེན་བསྣོལ་བའི་གདན་ཁྲིར་བཅས༔ ཞིང་ཁམས་གཞལ་ཡས་མཚན་རྫོགས་པའི༔ མཐའ་མར་དུར་ཁྲོད་རོ་གླིང་བསྐོར༔ བྱང་ཆུབ་ཕྱོགས་ཆོས་ལྷུན་གྲུབ་དབུས༔ རྒྱུ་ཡི་ས་བོན་ཕྱག་མཚན་གྱུར༔ དེ་ཉིད་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་ཕྱག་རྒྱ་ཆེན་པོའི་འབྲས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་དཀར་པོ་དཔའ་བའི་ཉམས༔ གཡོན་ཞལ་དམར་པོ་སྒེག་ཅིང་མཛེས༔ དབུས་ཞལ་མཐིང་ནག་འཇིགས་སུ་རུང་༔ གཡས་ཕྱག་རྡོ་རྗེ་རྩེ་དགུ་དང་༔ རྩེ་ལྔའི་ས་དགུའི་ཉོན་མོངས་འཇོམས༔ གཡོན་གཉིས་ཁ་ཊྭཱཾ་མེ་དཔུང་གིས༔ མཚན་མའི་དངོས་བསྲེགས་གདོན་གསུམ་གཅོད༔ ཐ་གཉིས་རི་རབ་ཕུར་བུ་འདྲིལ༔ རྟོག་གཉིས་རུ་ཏྲ་དབྱིངས་སུ་འབིག༔ མཐའ་གཉིས་མི་གནས་ཁྱུང་གཤོག་གདེངས༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ སྟག་ཤམ་གདགས་རྒྱན་བྱུག་རྩི་གསུམ༔ གསལ་རྒྱན་ཧེ་རུའི་ཆས་བཅུའི་བརྒྱན༔ དབུ་སྐྲ་གྱེན་བརྗེས་རིགས་བདག་ལྷ༔ ཁྱད་པར་རིགས་མཆོག་ཡེ་ཤེས་ཁྱུང་༔ རྭ་བར་ཀུན་བཟང་ཡབ་ཡུམ་བཞུགས༔ ཞབས་བཞིའི་བདུད་བཞི་ནན་དུར་མནན༔ འཁོར་ལོ་རྒྱས་འདེབས་སྔོ་སྐྱའི་འཁྲིལ༔ ཨཏྤལ་དུང་ཁྲག་ཡབ་ལ་མཆོད༔ གཟིག་ཤམ་རུས་རྒྱན་གར་ཆས་ཅན༔ གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཛ༔ མཐིང་ནག་གཡུ་སྤྱང་ཅིཏྟ་བསྣམས༔ ཕྱོགས་བཞི་དབུས་ལྔར་ཀཱི་ལ་ལྔ༔ དཀར་སེང་དམར་ལྗང་མཐིང་ཀའི་མདོག༔ ཕྱག་གཉིས་གདབས་པའི་ཕུར་བུ་བསྣམས༔ རང་འདྲའི་ཡུམ་དང་གཉིས་མེད་རོལ༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དུ༔ ཡེ་ཤེས་ཁྲོ་བོ་ཆེན་པོ་བཅུ༔ ཞལ་གཅིག་ཕྱག་གཉིས་རྡོ་དྲིལ་འཛིན༔ ཡུམ་བཅས་སྐུ་སྨད་དབལ་ཕུར་འབར༔ གཡས་གཡོན་ཟ་གསོད་མཆེ་གཤོག་བཅུ༔ མཐའ་བསྐོར་ཤྭ་ན་ས་བདག་མོ༔ ཕྱག་བརྙན་བདག་ཉིད་རེ་ཏི་བཞི༔ བསེ་མོ་སྐྱེས་ཀིང་དབང་ཕྱུག་མོ༔ སྒོ་མ་བཞི་དང་ཕུར་བསྲུང་འཁོར༔ མ་ལུས་ཁྲོམ་འཚོགས་བཞིན་དུ་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་འདི་སྐད་དོ༔ ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླངས་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་དང་བཅས༔ རང་བཞིན་དབྱིངས་ལས་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ རྣལ་འབྱོར་བདག་ལ་བརྟན་པར་གསོལ༔ ཨོཾ་བཛྲ་ཀུ་མ་ར་ས་པཱ་རི་ཝ་ར་ཛ་ཛ༔ གཉིས་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་གཞན་དོན་དུ༔ བྱམས་དང་སྙིང་རྗེའི་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ དམ་ཚིག་དབང་ལ་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་གུས་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་ཡེ་རྫོགས་ལྷ༔ དོན་དམ་མི་ཤིགས་དཔའ་བོའི་ངང་༔ འདུ་འབྲལ་མེད་པའི་དབྱིངས་མཐོང་གི༔ ལྟ་བ་མཇལ་བའི་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོས་ཕྱག་འཚལ༔ པྲ་ཏིཙྪ་ཧོས་ཕྱག་ལན་འཚལ་ལོ༔ དེ་ནས་མཆོད་བ་འབུལ་བ་ནི༔ ཧཱུྃ༔ བདག་རྟོག་དབུ་མར་བསད་པ་ཡིས༔ ཕུང་ཁམས་སྐྱེ་མཆེད་མ་ལུས་པ༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ཏེ༔ རྡོ་རྗེ་སྲིན་པོའི་ཚོགས་ལ་མཆོད༔ མ་ཧཱ་ཏ་ན་ག་ཎ་པཉྩ་པཱུ་ཛ་ཧོ༔

དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཞེ་སྡང་རྣམ་དག་སྐུ་ཡི་གར་གསུམ་ལྡན༔ འདོད་ཆགས་རང་གྲོལ་གསུང་གི་གར་གསུམ་གསལ༔ གཏི་མུག་བདུད་འཇོམས་ཐུགས་ཀྱི་གར་གསུམ་བཀྲ༔ སྐུ་གསུམ་ཡོངས་རྫོགས་རྗོ་ ༼ རྡོ་དཔྱད། ༽རྗེ་ཕུར་བུར་བསྟོད༔ རྒྱུ་རྐྱེན་སྲིད་པ་བདུད་ཀྱི་གཟེས་པོ་ལ༔ རྟགས་དོན་རྫས་ཀྱི་རྡོ་རྗེ་ཕུར་བུ་ལྔས༔ ཐལ་འབྱིན་རྒྱུད་ལྔ་གདོན་གཟུགས་རྡུལ་ཕྲན་འཐག༔ འཁོར་དང་སྲས་སྤྲུལ་ཡང་འཁོར་བཅས་ལ་བསྟོད༔ གཞན་ཡང་ཕུར་བ་བསྒྲུབ་པའི་རིག་འཛིན་དང་༔ བཀའ་ཡི་ཕོ་ཉ་དྲེགས་ཚོགས་དལ་འཁོར་འཁོད༔ ཀུན་ཀྱང་དབང་བྱིན་དངོས་གྲུབ་གཏེར་གྱི་མཛོད༔ ཡེ་ཤེས་སྐུ་གསུང་ཐུགས་མངའ་རྣམས་ལ་བསྟོད༔ དེ་ནས་འཛབ་བཟླ་བ་ནི༔ ཧཱུྃ༔ བདག་མདུན་ཐུགས་ཀར་པདྨ་དང་༔ ཉི་ཟླའི་གདན་ལ་ཡེ་ཤེས་སེམས༔ རྒྱན་མེད་གཅེར་བུ་རྡོར་དྲིལ་བསྣོལ༔ ཐུགས་དབུས་རྡོ་རྗེའི་ལྟེ་བ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་ནང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཀྱི་འོད་ཟེར་ལས༔ འཕགས་མཆོད་དབང་བྱིན་བསྡུས་ཏེ་བསྟིམ༔ ཕར་འཕྲོས་དགྲ་གདོན་གནོད་བྱེད་བགེགས༔ ཚར་བཅད་རྡུལ་དུ་བརླག་ནས་ཀྱང་༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ འཁྲུལ་སྣང་ལམ་གྱི་རུ་ཏྲ་ཀུན༔ ངོ་བོ་སྐྱེ་མེད་དབྱིངས་སུ་བསད༔ རྣམ་པར་ཤེས་པ་རྡོ་རྗེར་གྱུར༔ གཞིར་བཞེངས་ཀཱི་ལ་རིགས་ལྔའི་སྐུར༔ ཕྱམ་གཅིག་རྫོགས་སངས་རྒྱས་བསམ་ཞིང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ཀྱང་ཞག་བཅུ་བསྒྲུབ་ནས་སུ༔ རྟག་ཏུ་གསང་ཞིང་ཡི་དམ་བྱ༔ ཆོས་བྱེད་གེགས་ལས་ངེས་པར་རྒྱལ༔ བགེགས་རྣམས་ཀུན་གྱི་ཚུགས་མི་སྲིད༔ འཆི་འཕོའི་ཆོས་ཉིད་བར་དོ་ལ༔ ཀརྨ་ཧེ་རུའི་ཐུགས་གསང་དུ༔ འཕོ་བ་འདི་ལ་ཐེ་ཚོམ་མེད༔ ས་མ་ཡཱ༔ འགྱུར་མེད་སྐལ་ལྡན་བཟང་པོ་ཡིས། །ལོ་གཉིས་གོང་ནས་བསྐུལ་བ་དང་། །མ་ཁོམ་ལེ་ལོའི་དབང་འཐབ་ནི། ། རེ་ཞིག་ཕྱི་བཤོལ་ལུས་པ་ན། །ཁོང་རང་ཁྲོས་པས་གྱོད་བསྡིགས་ནི། ཁ་འཇམ་ཁོང་དུ་རྩུབ་མོའི་ཚིག །རུས་ཅན་ལན་གྲངས་གཉིས་གསུམ་བྱོན། །སྐྲག་ཚབ་ངང་ནས་ག་གཱས་སོ། །དགེ་འདིའི་འགྲོ་བ་ཐམས་ཅད་ཀུན། །རྡོ་རྗེ་ཕུར་བའི་གནས་ཐོབ་ཤོག །དགེའོ། །མངྒ་ལཾ། །


previousཐུགས་བསྒྲུབ་བར་ཆད་དབྱིངས་སྒྲོལ།next