Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་ཕུར་བུའི་ལུས་དཀྱིལ་བསྡུས་པ་ཉོན་མོངས་ཐལ་འབྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཆེན་ཕུར་བུའི་ལུས་དཀྱིལ་བསྡུས་པ་ཉོན་མོངས་ཐལ་འབྱིན།next

དཔལ་ཆེན་ཕུར་བུའི་ལུས་དཀྱིལ་བསྡུས་པ་ཉོན་མོངས་ཐལ་འབྱིན།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དཔལ་ཆེན་ཕུར་བུའི་ལུས་དཀྱིལ་བསྡུས་པ་ཉོན་མོངས་ཐལ་འབྱིན་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །རྒྱལ་ཀུན་ཕྲིན་ལས་ཧེ་རུ་ཀ༔ དཔལ་ཆེན་བཛྲ་ཀུ་མ་ར༔ རུ་ཏྲ་སྡེ་གསུམ་འདུལ་བའི་གཉེན༔དེ་ལ་གུས་པས་ཕྱག་འཚལ་ནས༔ ལུས་ཀྱི་དཀྱིལ་འཁོར་རྒྱུན་ལྡན་ཆོས༔ ཧཱུྃ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ སྣོད་ཀྱི་འཇིག་རྟེན་དྲག་པོའི་ཞིང་༔ གཞལ་ཡས་རྒྱན་བཀོད་ཕུན་ཚོགས་དབུས༔ དྲེགས་པ་རུ་ཏྲ་བྱོལ་སོང་སྟེང་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ ཤིན་ཏུ་ཁྲོ་གཏུམ་གར་དགུའི་ཉམས༔ གཡས་ཀྱི་དང་པོའི་ཕྱག་གཉིས་ན༔རྡོ་རྗེ་རྩེ་དགུ་རྩེ་ལྔ་བསྣམས༔ གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་འབར༔ ཐ་གཉིས་རི་རབ་ཕུར་བ་འདྲིལ༔རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཞབས་བཞིར་བདུད་བཞི་སྤྱི་ཆིངས་མནན༔ གར་དང་དུར་ཁྲོད་ཆས་ཀྱི་བརྒྱན༔ མེ་རི་མེ་དཔུང་ཀློང་ན་འགྱིང་༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ སྔོ་སྐྱ་ཨུཏྤལ་དུང་ཁྲག་འཛིན༔ ཞབས་གཡས་ཡབ་ཀྱི་རྐེད་ལ་འཁྲིལ༔ གཡོན་པས་བརྐྱང་ནས་རོ་གདན་བརྫིས༔ རུས་པའི་རྒྱན་ལྡན་སྒེག་པའི་ཉམས༔ ཡབ་ཡུམ་སྤྱི་བོར་བྱ་ཁྱུང་གི༔ རྭ་བར་ཀུན་བཟང་ཡབ་ཡུམ་ནི༔ ངོ་བོ་རྡོ་རྗེའི་བླ་མར་ཤར༔ གནས་ལྔར་ཀི་ལ་རིགས་ལྔ་དང་༔ མཐའ་བསྐོར་ཁྲོ་བཅུ་ཟ་གསོད་ནི༔ ཕྲ་ཐབས་སྒོ་སྐྱོང་ཤྭ་ན་མ༔ ས་བདག་བདག་ཉིད་བསེ་ལྕགས་དུང་༔ གིང་དང་དབང་མོར་བཅས་པ་ཀུན༔ ཉི་ལས་འོད་ཟེར་འཕྲོ་བཞིན་དུ༔ རང་རྩལ་ཡེ་རྫོགས་རང་ཤར་བསྒོམ༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ ཡེ་ཤེས་སྤྱན་དྲངས་དབང་བསྐུར་ཞིང་༔ བྱིན་རླབས་དབང་རྟགས་རང་རིགས་གཙོའི༔ དབུ་བརྒྱན་སླར་ཡང་འཕྲོས་པ་ལས༔ རང་བཞིན་གནས་ནས་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་འདི་ལྟ་སྟེ༔ ཧཱུྃ༔ སྐྱེ་མེད་ཆོ་འཕྲུལ་འགགས་མེད་དུ༔ བཞེངས་ནས་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་སེམས་དཔའ་གདན་མཆོག་ལ༔ མཉམ་ཉིད་རིག་པས་བརྟན་པོར་བཞུགས༔ ཕྱག་མཆོད་ནི༔ རང་རིག་རྡོ་རྗེ་གཞོན་ནུ་བུམ་པའི་སྐུར༔ ཐོག་མ་ཉིད་ནས་བཞུགས་ལ་ཕྱག་འཚལ་ལོ༔ དུག་ལྔ་ཉོན་མོངས་རུ་ཏྲ་སྡེ་གསུམ་པོ༔ ལྟ་བས་བསྒྲལ་ནས་སྡུག་བསྔལ་བདེ་བར་མཆོད༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ འགྱུར་མེད་བྱང་ཆུབ་རྡོ༵་རྗེ༵་ཆོས་བདུན་ལྡན༔ སྐྱེ་མེད་འགགས་མེད་གཞོན༵་ནུའི༵་བདུད་བཞི་བཅོམ༔ འཁོར་བ་སྟོང་ཉིད་ཆེན་པོའི་ཡེ་རྒྱས་འདེབས༔ རང་རྩལ་འཁོར་དང་བཅས་པ་ཐམས་ཅད་ཀུན༔ བསྐྱེད་པ་ཙམ་མིན་རང་བྱུང་གདོད་ནས་རྫོགས༔ རྒྱལ་ཀུན་ངོ་བོ་ཉིད་ལ་ཕྱག་འཚལ་བསྟོད༔ ཞེས་བརྗོད་དེ་ནས་འཛབ་ནི༔ ཧཱུྃ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ རྒྱན་མེད་གཅེར་བུ་འོད་ཟེར་འབར༔ ཐུགས་དབུས་ཐུགས་མཚོན་རྡོ་རྗེའི་སྦུབས༔ ཉི་ཟླའི་གའུར་ཐུགས་སྲོག་ཧཱུྃ༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་འཕྲོ་འདུ་བསྣོལ་མ་ཡིས༔ འཁོར་འདས་རྡོ་རྗེ་ཕུར་པས་བསྒྲལ༔ གཅིག་པུའི་ཀློང་དུ་རོལ་བར་བསྡུས༔ དེ་ལས་མི་འདའ་ང་རྒྱལ་ངང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཨཱ༔ ཞེས་བཟླས་གནོད་བྱེད་ཡོད་ན༔ སརྦ་བིགྣན་བཾ་ཕཊ༔ ཞེས་བཏགས་གོ༔ གཉིས་པ་ཚོགས་བསྡུས་ནི༔ ཧཱུྃ༔ རྫས་རྣམས་སྟོང་ཉིད་རྡོ་རྗེའི་ལྷ་མོར་བཞེངས༔ ཡེ་ཤེས་ཚོགས་ཀྱི་ལྷ་ཚོགས་རྣམས༔ རྣལ་འབྱོར་གདུང་བས་སྤྱན་དྲངས་ངོ༔ མཉེས་མཆོད་ཟག་མེད་ཆེན་པོར་འབུལ༔ མ་ཧཱ་གྷ་ན་ཙཀྲ་ཁཱ་ཧི༔ ཚེ་རབས་བསགས་པའི་སྡིག་པ་བཤགས༔ རྟོག་གཉིས་རུ་ཏྲ་དབྱིངས་སུ་བསད༔ དུག་གསུམ་ཚོགས་ཀྱི་མཆོད་པར་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐངས༔ མ་ཧཱ་གྷ་ན་རུ་ཏྲ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ ལྷག་སྐྱོངས་ཆད་མདོ་ལ་གནས་པའི༔ བསྟན་པ་སྐྱོངས་བ་ཐམས་ཅད་ལ༔ དཔལ་གྱི་ཕམ་ཕབ་རྣལ་འབྱོར་གྱི༔ ཚོགས་མཆོད་འབུལ་ལོ་ཕྲིན་ལས་མཛོད༔ ཅེས་སོ༔ དེ་ནས་བྲོ་བརྡུང་དང་༔ དངོས་གྲུབ་བསྐུལ་བླང་འདི་ལྟར་རོ༔ ཧཱུྃ༔ བདག་ལྟ་གཞི་ནས་དག་པར་ཤེས༔ ལྟ་བ་འགྱུར་མེད་བྲོ་རྒྱས་གདབས༔ ཡེ་ཤེས་ལྷ་ཚོགས་དབྱིངས་ནས་བཞེངས༔ རྣལ་འབྱོར་ཅན་ལ་མཆོག་དངོས་སྩོལ༔ བཛྲ་བིགྣན་ནན་ནན༔ མ་ཧཱ་ཀ་རི་ནི་ཀ་དྲ་ཤྱ་སིདྡྷི་ཕ་ལ༔ རྗེས་ཆོག་ནི༔ ཧཱུྃ༔ ཆད་ལྷག་ཉམས་ཆགས་ཉེས་ལྟུང་བཤགས༔ རང་ཤར་ཐུགས་རྗེ་ཀློང་དུ་གདལ༔ ཆད་པ་མ་ཡིན་ལྷ་ཡི་ངང་༔ དགེ་འདིའི་མངོན་བྱས་སེམས་ཅན་ཀུན༔ གཏན་བདེ་འགྱུར་བ་མེད་པར་ཤོག༔ གནས་སྐབས་དགེ་མཚན་ལྷུན་གྲུབ་ནས༔ རྣམ་མཁྱེན་རྒྱ་མཚོར་འབབས་པ་ཡི༔ བཀྲ་ཤིས་དེས་ཀྱང་དགེ་ལེགས་ཤོག༔ ཚུལ་འདིའི་ཕྲིན་ལས་ལྷ་ཚོགས་ཀུན༔ གྲུབ་ནས་ཚེ་གཅིག་སངས་རྒྱས་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ པདྨ་མ་ཏི་ལ་ག་གཱས་སོ། །


previousདཔལ་ཆེན་ཕུར་བུའི་ལུས་དཀྱིལ་བསྡུས་པ་ཉོན་མོངས་ཐལ་འབྱིན།next