Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཚེ་ཡི་བསྒྲུབ་པ་འཆི་མེད་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཚེ་ཡི་བསྒྲུབ་པ་འཆི་མེད་མཆོག་སྩོལ།next

རྡོ་རྗེ་ཚེ་ཡི་བསྒྲུབ་པ་འཆི་མེད་མཆོག་སྩོལ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ རྡོ་རྗེ་ཚེ་ཡི་བསྒྲུབ་པ་འཆི་མེད་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ༔

ཨཱ་ཡུ་ནི་ཕཊ༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ སོར་རྟོགས་ཡེ་ཤེས་བྱང་ཆུབ་སེམས༔ མངོན་གྱུར་ངང་ལ་ཕྱག་འཚལ་ནས༔ རྡོ་རྗེའི་ཚེ་ཡི་བསྒྲུབ་པ་བསྟན༔ མཚན་ཉིད་ཚང་པའི་གནས་མཆོག་གམ༔ དམ་པའི་ཞབས་ཀྱིས་བཅག་པའི་ས༔ བཀྲ་ཤིས་བྱིན་ཆགས་ཉམས་དགའ་བ༔ བརྟགས་བསླང་སྦྱངས་བཅུག་དབང་དུ་སྤྱོད༔ མཐུན་རྐྱེན་ཡོ་བྱད་ཚང་བར་བསགས༔ དཀྱིལ་འཁོར་གྲུ་བཞི་མདའ་གང་ཚད༔ བཀོད་ལེགས་ཡིད་འོང་བརྒྱན་བྱས་ཏེ༔ སྟེགས་སྟེང་གཏོར་མ་ཚེ་ཞལ་ནི༔ རིན་ཆེན་པདྨ་ཁ་འབུས་དབྱིབས༔ ཐུགས་ཀར་རྟ་ཞལ་མཚན་པ་ཅན༔ བུམ་པ་བདུད་རྩིའི་བཀང་པ་དང་༔ ཚེ་ཆང་ཚེ་རིལ་ལ་སོགས་པ༔ སྤྱི་དང་མཐུན་བྱས་ཞི་དྲག་གི༔ མཆོད་པས་ཡོངས་སུ་བསྐོར་བྱས་ཏེ༔ ཉིན་གུང་རྒྱས་པའི་དུས་སུ་ནི༔ མཚམས་བཅད་བདེ་བའི་གདན་ལ་འཁོད༔ དང་པོ་ཆོ་གའི་སྔོན་འགྲོ་ལ༔ ཐོག་མར་སྐྱབས་སུ་འགྲོ་བ་ནི༔ ན་མོ༔བདག་སོགས་མཁའ་མཉམ་སེམས་ཅན་རྣམས༔ བླ་མ་དཀོན་མཆོག་རྩ་བ་གསུམ༔ ཡོངས་འདུས་ཚེ་ཡི་ལྷ་ཚོགས་ལ༔ ཡིད་ཆེས་དད་པས་སྐྱབས་སུ་མཆི༔ ལན་གསུམ་གཉིས་པ་སེམས་བསྐྱེད་ནི༔ ཀྱེ་མ་སྡུག་བསྔལ་སེམས་ཅན་ཀུན༔ བདུད་བཞི་དབྱིངས་སུ་བཅོམ་ནས་ཀྱང་༔ མགོན་པོའི་གོ་འཕང་ལ་འགོད་ཕྱིར༔ ཀུན་རྫོབ་དོན་དམ་བྱང་སེམས་བསྐྱེད༔ ལན་གསུམ་ཡན་ལག་བདུན་པ་ནི༔ ཨོཾ་འཆི་མེད་ལྷ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐྱེ་འཕགས་དགེ་ལ་རྗེས་ཡི་རང་༔ ཆོས་འཁོར་རྒྱུད་ཆད་མེད་བསྐོར་བསྐུལ༔ མྱ་ངན་མི་འདའ་རྟག་བཞུགས་གསོལ༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ འགྲོ་ཀུན་སངས་རྒྱས་ས་ཐོབ་ཤོག༔ དེ་ནས་བགེགས་བསྐྲད་པ་ནི༔ ཧྲཱི༔ འཁོར་འདས་ཐམས་ཅད་ང་ཡི་དབང་༔ རྩལ་དང་རོལ་བའི་ཆོ་འཕྲུལ་ཏེ༔ ལྟ་རྟོགས་མཉམ་པ་ཉིད་དུ་གྲོལ༔ གནོད་བྱ་གནོད་བྱེད་རྫོགས་སངས་རྒྱས༔ ཨོཾ་བཛྲ་ཀྲོ་ཏ་པདྨ་ཧེ་རུ་ཀ་ཧོ༔ སརྦ་བིགྣཾ་མ་ར་ཡ་ཕཊ༔ ཡང་ཅིག་མཚམས་བཅད་དཀྱིལ་འཁོར་ནི༔ ཧྲཱི༔ ཕྱོགས་རིས་བྲལ་བ་ཆོས་ཀྱི་དབྱིངས༔ ཕྱི་དང་ནང་མེད་ཀུན་ཏུ་གདལ༔ ཕྱག་རྒྱ་ཆེན་པོའི་དམ་ཚིག་ལ༔ སུ་ཡང་འདའ་མེད་ཆིངས་ཀྱིས་བཅིངས༔ ཨོཾ་བཛྲ་ཛྙཱ་ན་རཀྵ་རཀྵ་ཧཱུྃ༔ ཞེས་དང་༔ བྱིན་ཆེན་དབབས་པ་ནི༔ ཧྲཱི༔ འགྱུར་མེད་རྡོ་རྗེའི་ཆོས་བདུན་ལྡན༔ ཀུན་རྟོག་ཡེ་ཤེས་བྱིན་ཆེན་ཕོབ༔ འགགས་མེད་སྒྱུ་འཕྲུལ་ཅིར་ཡང་བསྒྱུར༔ ཀུན་སྣང་ཕྱག་རྒྱའི་བྱིན་ཆེན་ཕོབ༔ དམན་སྤྱོད་གང་འདུལ་ཐབས་ཚུལ་མཁས༔ དུས་གསུམ་ཕྱོགས་དུས་སྐྱབས་ཡུལ་གྱི༔ རྟེན་དང་བརྟེན་པའི་འཁོར་ལོ་ཀུན༔ ཕྱག་རྒྱ་ཡི་གེ་ཕྱག་མཚན་དང་༔ འོད་ཟེར་ཁ་དོག་སྣ་ཚོགས་སུ༔ བྱོན་ནས་བདག་མདུན་གནས་ཡོ་བྱད༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷའི༔ སྐུ་གསུང་ཐུགས་སུ་རྡོ་རྗེ་དང་༔ ཀུན་བཟང་རྒྱན་གྱི་མཆོད་པ་རུ༔ ཡོངས་གྲུབ་བདེན་དོན་མངོན་གྱུར་བའི༔ དབང་བསྐུར་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨ་ཡུ་ཛྙཱ་ན་ཧྱ་གྷ་ཝ་ས་པཱ་རི་ཝ་ར་ས་མ་ཡ་ཕཻ༔ ཨརྒྷཾ་ནས་རཱུ་པ་ནས་ཤབྟ་སརྦ་པཉྩ་བྷ་ལིངྟ་མ་ཧཱ་རཀྟ་པཱུ་ཙ་བི་ཤུདྡྷེ་ཨཱ་ཧཱུྃ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ ཧྲཱི༔ ཚ་བ་མེད་པར་བསྲེགས་པའི་མེ༔ གོས་དཀར་ཡུམ་གྱི་བདེ་ཀློང་དུ༔ གསུང་གི་ཐུགས་མཆོག་ཡི་གེ་ཨཱ༔ དང་པོའི་མགོན་པོ་དཔག་མེད་འོད༔ རང་མདངས་སྣང་བ་ཆོས་ཀྱི་དབྱིངས༔ རིན་ཆེན་སྣ་ཚོགས་གཅལ་བཀྲམ་པའི༔ ཆུ་སྐྱེས་འོད་འབར་གེ་སར་ལ༔ གཙུག་ཏོར་འཁོར་ལོའི་བསྒྱུར་བ་ནི༔ དབང་གི་ཁ་དོག་རབ་ཆགས་པས༔ ཕོ་བྲང་གྲུ་བཞི་སྒོ་བཞི་བ༔ བརྡ་རྟགས་མཚན་ཉིད་ཡོངས་རྫོགས་ཤིང་༔ སྦྲུལ་ཆེན་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ པདྨ་ཟླ་ཉི་རོ་གདན་སྟེང་༔ རྒྱུ་ཡི་རྡོ་རྗེ་འཛིན་པ་ནི༔ ཡོངས་གྱུར་འབྲས་བུ་ཧེ་རུ་ཀ༔ ༼ བདག་ཉིད་དམ་རང་ཉིད་ལྷར་གསལ་ཞེས་པའི་ཚིག་ཟུར་མེད་པ་ནི་བདག་མེད་པའི་དོན་ལྟར་ཤར་བ་ཆོས་ཉིད་དོན་གྱི་ཡེ་ཤེས་ལ་བསྙེགས་པའོ། མཆན། ༽བཅོམ་ལྡན་པདྨ་དབང་ཆེན་ནི༔ སྐུ་མདོག་དུས་མཐའི་མེ་ལྟར་འབར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་ལྗང་གཡོན་སྔོ་དབུས་དམར་ཞལ༔ ཤིན་ཏུ་སྒེག་ཁྲོ་རྔམ་པ་ཡི༔ ཐོད་སྐམ་དབུ་རྒྱན་ཅོད་པཎ་ཅན༔ རལ་བ་དམར་སེར་གྱེན་དུ་འབར༔ དབུ་སྟེང་རྟ་མགོ་ལྗང་ཞུར་གསུམ༔ རྟ་སྐད་ཐེང་གསུམ་ཁམས་གསུམ་འཇིལ༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྗིད༔ དགྲ་སྟྭ་མདུང་དང་རལ་གྲི་གཡས༔ བམ་དང་དབྱུག་ཏོ་གཤོལ་མདའ་གཡོན༔ ཞབས་མཐིལ་རྟ་རྨིག་བཅུ་གཉིས་བརྩེགས༔ འགལ་བྱེད་སྙིང་ལ་གདུལ་བྲོ་བརྡུང་༔ གཟི་ལྡན་གྲི་ཁུག་པད་འཛིན་འཁྲིལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་སྟོད་བཙོ་མ་གསེར་གྱི་མདོག༔ ལྟེ་བ་མན་ཆད་སྐུ་སྨད་ནི༔ ཨིནྡྲ་ནི་ལའི་ཁ་དོག་འབར༔ དར་དང་རིན་ཆེན་རུས་པས་རྒྱན༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ ཞི་ཚུལ་དགུ་ལྡན་འོད་ཟེར་འབར༔ ཕྱག་གཡས་ཚེ་ཡི་བུམ་པ་བཟང་༔ གཡོན་པས་རིན་ཆེན་འོད་འབར་བསྣམས༔ གོས་དཀར་ཡུམ་དང་གཉིས་མེད་སྦྱོར༔ ཕྱག་ན་མདའ་དར་ཚེ་བུམ་བསྣམས༔ ཤར་གྱི་ཚེ་བདག་ཆེན་མོ་ནི༔ དཀར་གསལ་འོད་ཟེར་མུ་མཐར་འཕྲོ༔ ཕྱག་ན་རྡོ་རྗེའི་ཚེ་བུམ་འཛིན༔ འབྱུང་བ་ས་ཡི་བཅིབས་ལ་རོལ༔ ལྷོ་ཡི་ཚེ་བདག་ཆེན་མོ་ནི༔ སེར་གསལ་རིན་ཆེན་རྒྱན་གྱིས་བརྒྱན༔ ཕྱག་ན་རིན་ཆེན་ཚེ་བུམ་བསྣམས༔ འབྱུང་བ་ཆུ་ཡི་ཆིབས་ལ་རོལ༔ ནུབ་གྱི་ཚེ་བདག་ཆེན་མོ་ནི༔ དམར་གསལ་ཉིད་བྱེད་འོད་ཟེར་འཕྲོ༔ ཆིབས་སུ་འབྱུང་བ་མེ་ལ་རོལ༔ ཕྱག་ན་པདྨའི་ཚེ་བུམ་ཅན༔ བྱང་གི་ཚེ་བདག་ཆེན་མོ་ནི༔ ལྗང་གསལ་མར་གད་ཏ་ཡི་མདོག༔ ཕྱག་ན་རྒྱ་གྲམ་ཚེ་བུམ་བསྣམས༔ འབྱུང་བ་རླུང་གི་ཆིབས་ལ་རྔམ༔ གཡོན་རྣམས་པདྨ་བྷནྡྷའི་ནང་༔ འཆི་མེད་ཚེ་ཡི་རིལ་བུའི་བཀང་༔ གཙོ་བོ་ཆེན་པོའི་སྟེང་གི་མཁར༔ པདྨ་ཚེ་བདག་སྐུ་མདོག་མཐིང་༔ ཕྱག་གཡས་འཁོར་ལོའི་ཚེ་བུམ་འཛིན༔ འཇའ་ཚོན་འཁྱིལ་བ་ཆིབས་སུ་ཆིབ༔ སྒོ་བཞིར་སྒོ་མ་ཆེན་མོ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡོན་རྣམས་ཚེ་ཡི་བུམ་པ་འཛིན༔ རང་རང་ལས་མདོག་ཆས་མཐུན་པས༔ ཚེ་ཡི་ལྷ་ཚོགས་དཔག་མེད་པ༔ མཐའ་ཀླས་དཀྱིལ་འཁོར་རབ་འབྱམས་པའི༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ དེ་ནས་ལྷ་ཚོགས་སྤྱན་འདྲེན་པ་ནི༔ ཧྲཱི༔ སྐྱེ་མེད་ཆོས་དབྱིངས་གཞལ་ཡས་ནས༔ སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ འགགས་མེད་ལྷུན་གྲུབ་ཕོ་བྲང་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ འགྱུར་མེད་གཞོན་ནུ་བུམ་པའི་སྐུ༔ ཚེ་ལྷ་རིགས་ལྔ་གཤེགས་སུ་གསོལ༔ ཐུགས་རྗེའི་རང་རྩལ་གང་འདུལ་ཚུལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་བཛྲ་པུཎྱཻ་ཨ་ཡུརྫྙཱ་ན་ཀྲོ་ཏ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་དེ་ཝི་ཙ་ཏུ་ར་ས་པཱ་རི་ཝ་ར་ས་མ་ཡ་ཛ་ཛ༔ བརྟན་ཅིང་ལྷག་པར་གནས་པ་ནི༔ ཧྲཱི༔ ཕུང་ཁམས་སྐྱེ་མཆེད་གཞི་ཡི་ཆོས༔ མ་བཅོས་ཡེ་གྲོལ་རྫོགས་སངས་རྒྱས༔ མཚུངས་ལྡན་རྒྱུ་འདི་ཐ་ཚིག་གཉན༔ རྟོགས་པ་མངོན་གྱུར་ངང་བརྟན་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དག་མཉམ་ལྟ་བ་མཇལ་བའི་ཕྱག༔ ཧྲཱི༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ དམན་མཆོག་ཐ་དད་མ་དམིགས་པས༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ལ༔ ལྟ་བ་མཇལ་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙ་ཧོ༔ བཀུར་བསྟི་རིམ་གྲོ་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གཱ་ཎ་ཚོགས༔ རྡོ་རྗེ་ལྷ་མོའི་སྦྱོར་སྒྲོལ་དང་༔ ཕྱག་རྒྱ་གར་སྐོར་གླུ་ཡེ་ཤེས༔ ཀུན་བཟང་རྒྱན་གྱི་རོལ་བ་ཡི༔ རྣམ་དག་མཆོད་པའི་ཕྱག་རྒྱ་ནི༔ འཁོར་གསུམ་སྣང་ཞེན་འཛིན་བྲལ་བས༔ རྡོ་རྗེ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་མཆོག་གྲུབ་བའི༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཨརྒྷཾ༴ སོགས་རུ་པ་སོགས་སྤརྴེ་མ་ཧཱ་སརྦ་པཉྩ་ཨ་མྲི་ཏ་རཀྟ་བྷ་ལིངྟ་ཏ་ན་གཱ་ཎ་མ་ཧཱ་མུ་དྲ་བྷོ་དྷི་ཙིཏྟ་ཁ་རཾ་ཁཱ་ཧི༔ བསྟོད་ཅིང་བསྔགས་པས་བསྟི་སྟང་ནི༔ ཧྲཱི༔ ལྷ་ནི་བསམ་ཡས་གྲངས་མེད་ཀྱང་༔ ལྷ་རྣམས་ཐམས་ཅད་རྩ་བའི་ལྷ༔ མི་ཤིགས་ཐིག་ལེར་དབྱེར་མེད་རོལ༔ སྣང་བ་མཐའ་ཡས་་ཐུགས་ལ་བསྟོད༔ བདག་རྟོག་ཤི་བའི་དུར་ཁྲོད་ནས༔ བདེ་ཆེན་རྡོ་རྗེའི་གར་དགུ་རྩེན༔ འདོད་ཆགས་འཁྲོས་པའི་བཅོམ་ལྡན་འདས༔ པདྨ་དབང་ཆེན་སྐུ་ལ་བསྟོད༔ ཆགས་མེད་སྙིང་རྗེའི་རང་མདངས་ལས༔ འགྲོ་ཀུན་འཆི་བདག་བདུད་ལས་སྐྱོབས༔ འཆི་མེད་གཞོན་ནུ་བུམ་པའི་སྐུ༔ ཚེ་མཐའ་ཡས་པའི་གསུང་ལ་བསྟོད༔ ཐུགས་རྗེའི་རྩལ་ཤུགས་ཅིར་ཡང་འཆར༔ སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་བསྒྱུར༔ ཞི་རྒྱས་དབང་དྲག་ཕྲིན་ལས་མཛད༔ འཁོར་དང་ཡང་འཁོར་བཅས་ལ་བསྟོད༔ བཟླས་པ་སྔགས་ཀྱི་བྱང་བུ་ནི༔ ཧྲཱི༔ རགས་པའི་སྒོ་གསུམ་དམ་ཚིག་སེམས༔ དབང་ཆེན་རྣམ་པར་གནས་དག་པའི༔ ཐུགས་ཀར་འོད་ཀྱི་གུར་ཁང་ནང་༔ པདྨ་དང་ནི་ཟླ་གདན་ལ༔ ཕྲ་བའི་སྒོ་གསུམ་ཡེ་ཤེས་སེམས༔ ཚེ་མཐའ་ཡས་པའི་རྣམ་པར་ཤར༔ དེ་ཡི་ཐུགས་ཀར་མི་ཤིགས་བའི༔ རང་བཞིན་ཡི་གེ་ཨཱཿདང་ཧྲཱི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་བརྟན་གཡོ་དག་པར་སྦྱངས༔ ལྷ་སྔགས་ཆོས་ཉིད་དབྱེར་མེད་པའི༔ ངོ་བོ་མངོན་གྱུར་ངང་ནས་བཟླ༔ ཨོཾ་ཨཱཿཔུཎྱཻ་ཨ་ཡུརྫྙ་ན་ཧྱ་གྷྲི་ཝ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧོ༔ བསྙེན་པ་ཉེ་བསྙེན་བསྒྲུབ་པ་དང་༔ བསྒྲུབ་པ་ཆེན་པོ་ལ་སོགས་པ༔ ཏིང་འཛིན་དམིགས་བའི་མདེ་ཁ་བསྒྱུར༔ ལས་བཞིའ་བསྙེན་དམིཊ་གཞན་དུ་ཤེས༔ ས་མ་ཡཱ༔ རྗེས་ལ་ག་ཎ་ཙཀྲ་ནི༔ ཧྲཱི༔ སྣང་སྲིད་ཐམས་ཅད་ཆོས་སྐུའི་ཡོ་ལང་ལ༔ གློ་བུར་དྲི་མའི་མཚན་འཛིན་དངོས་པོར་སྤྱོད༔ ཁྱབ་ཆེན་ལྟ་དང་དགོངས་པའི་བརྟུལ་ཞུགས་ཀྱིས༔ འདོད་ཡོན་ལྷ་མོར་རྣམ་དག་ ༼ དགྱེས་རྒུར་རོལ་བའི་མཆོད་པའམ་འདོད་ཡོན་གཞི་ལ། མཆན། ༽ རྫོགས་སངས་རྒྱས༔ ཨོཾ་ཨཱཿཧཱུྃ༔ ༼ སྤྱིར་ཨོཾ་ཨཱཿཧཱུྃ་དང་དོན་གཅིག་གིས་སྦྱངས་སྤེལ་བསྒྱུར་གསུམ་མོ། །མཆན། ༽ སྭ་བྷ་ཝ་ཤུདྡྷ་གྷ་ཎ་ཙཀྲ་དྷེ་ཝ་བི་ཤུདྡྷེ་ཨཏྨ་ཀོ྅་ཧཾ༔ ༼ མ་དག་མཚན་མའི་འཛིན་རྟོག་དབྱིངས་སུ་དག་པ་དང་། རྫོགས་རིམ་ཕྱག་རྒྱའི་མཆོད་པའི་སྨིན་བྱེད་དུ་འགྱུར་བའོ། ༽ གཉིས་པ་ཚོགས་ལ་སྤྱན་འདྲེན་པ་ནི༔ ཧྲཱི༔ དབྱིངས་མེད་དབྱིངས་ཉིད་སྤྲོས་པ་བྲལ་བ་ལས༔ རྣམ་མེད་རྣམ་པ་ཐམས་ཅད་པ་ཡི་ཚུལ༔ བླ་མེད་བླ་མ་མཆོག་གསུམ་ཚེ་ཡི་ལྷ༔ གཉིས་མེད་གཉིས་སུ་འཛིན་པའི་འགྲོ་ཀུན་གྱིས༔ ཚོགས་གཉིས་རྫོགས་ཕྱིར་ཚོགས་ཀྱི་ཞིང་ལ་བྱོན༔ ཐུགས་བསྐྱེད་དགོངས་མཛོད་ཐུགས་རྗེ་ཆེན་པོའི་ལྷ༔ ཨོཾ་ཨཱཿཧྲཱིཿསརྦ་ཏ་ཐཱ་ག་ཏ་པུཎྱཻ་ཨ་ཡུརྫྙཱ་ན་ཤིནྟཾ་ཀྲོ་ཏ་མ་ཧཱ་ཀ་རུ་ཎི་ཀ་ཏྲ་ཤྱ་ཧོ༔ ས་མ་ཡ་ཕེཾ་ཛ༔ གསུམ་པ་ཚོགས་མཆོད་འབུལ་བ་ནི༔ ཧྲཱི༔ གྷཱ་ཎའི་དམ་ཚིག་བླང་དོར་མེད་པའི་རྫས༔ བདེ་ཆེན་ཡུམ་གྱི་དགྱེས་སྤྲིན་བླ་ན་མེད༔ ཁྲོ་གཉེར་རིམ་པར་ལྡན་པའི་ལྷ་ལ་འབུལ༔ བདག་སོགས་ཉེར་གཅིག་ཁམས་ཀྱི་གཡོ་འགྱུར་དག༔ རྡོ་རྗེ་གཙུག་ཏོར་མངོན་གྱུར་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་རཱ་ག་གྷཱ་ཎ་ཙཀྲ་དྷེ་ཝ་སུ་ར་ས་མུ་དྲ་པཱུ་ཙ་མེ་གྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཞི་བ་ནོངས་པ་བཤགས་པ་ནི༔ ཧྲཱི༔ བདག་སོགས་འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས༔ ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་ཏེ༔ སྒོ་གསུམ་སྡིག་སྒྲིབ་བག་ཆགས་བཅས་པ་དང་༔ ཁྱད་པར་རྡོ་རྗེ་མཆོག་གསུམ་དམ་ནོས་ཤིང་༔ ལྷན་ཅིག་སྐྱེས་སྦྱོར་བསྒྲུབ་པར་ཁས་འཆེ་ཡང་༔ ཚོད་ཡོད་ལེ་ལོ་བག་མེད་དབང་གྱུར་བས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ༔ གྷཱ་ཎ་ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བཤགས༔ དག་ཚངས་སོར་ཆུད་དགོངས་ཀློང་མཐར་འཁྱོལ་ཤོག༔ གྷཱ་ཎ་ཙཀྲ་ས་ཏྭ༴ སོགས། ལྔ་བ་བསྒྲལ་བའི་དེམ་སྦྱོར་ནི༔ འགུགས་གཞུགས་ལན་གསུམ་བྱས་ནས་སུ༔ ཧྲཱི༔ དབང་ཆེན་ཕྱག་ ༼ འདི་ནི་དཔེར་ན་འཇིགས་བྱེད་ཀྱི་རྒྱུད་ལས། བགེགས་བསྐྲད་དུས་ཐོ་བ་གཤིན་རྗེའི་གཤེད་ཀྱིས་ཐོ་བ་གཡར་ནས་ཊཱཀྐིའི་བགེགས་བརྡུང་བ་ལྟར་འཛིན་སྒྲོལ་གྱི་ཀིང་ཆེན་སོགས་ཀྱིས་གཙོ་བོའི་ཕྱག་ཆ་གཡར་ནས་བསྒྲལ་ལས་མཛད་བའོ། །མཆན། ༽ གི་གཤོལ་ ༼ ལྕགས་ཀྱུའམ། ༽མདའ་ཡིས༔ གནོད་བྱེད་རང་དབང་མེད་པར་བཀུག༔ བམ་གྱིས་སྐྱོབ་བྱེད་ལྷ་དང་ཕྲལ༔ དབྱུག་ཏོ་འབར་བའི་ཐོ་བས་བརྡུང་༔ མདུང་གིས་སྐྱེ་མེད་དབྱིངས་སུ་བསད༔ རལ་གྲིས་ཤ་རུས་དུམ་བུར་གཏུབ༔ འཁྲུལ་མི་ཤེས་པའི་ངང་ཐོབ་ཤོག༔ མ་ཏྲཾ་རུ་ཏྲ་མ་ར་ཡ་ཕཊ༔ དྲུག་པ་ཞལ་དུ་བསྟབ་པ་ནི༔ ཧྲཱི༔ རྟོག་ཚོགས་ལྷག་མའི་འཁྲུལ་བ་ཀུན༔ མི་གནས་ཆོས་དབྱིངས་ཀློང་དུ་བསྟབ༔ འཚེངས་བ་གསུམ་ལྡན་བརྟུལ་ཞུགས་ཀྱིས༔ སྐྱེ་བའི་མ་རིག་རྒྱུན་ཆོད་ཅིག༔ མ་ཧཱ་མཾ་ས་རཀྟ་ཙིཏྟ་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ བདུན་པ་ལྷག་མའི་ཕྲིན་ལས་ནི༔ བྷྱོ༔ སྔོན་ཚེ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིས༔ མ་རུང་རུ་ཏྲའི་སྡེ་དཔུང་བརྟུལ་བའི་ཚེ༔ སླས་དང་ཕྱི་མོ་བྲན་མོའི་ཐབས་ཚུལ་གྱིས༔ ཏ་ན་ག་ཎའི་བརླང་སྤྱོད་མཐར་ཕྱིན་གྲོགས༔ གསང་སྔགས་བསྟན་པའི་སྒྲོན་མེ་གསལ་མཛད་ཅིང་༔ སླར་ཡང་ཅི་བགྱི་གཉེར་བླང་བསྟན་སྐྱོང་ཚོགས༔ འབར་མ་གིང་ལང་དབང་ཕྱུག་ཉེར་བརྒྱད་སོགས༔ ཕམ་འབབ་བཀའ་ཡི་ལྷག་གཏོར་འདི་བཞེས་ལ༔ རྣལ་འབྱོར་བསྒྲུབ་པའི་བར་ཆད་སེལ་བ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ བརྒྱད་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ དགུ་ཀློང་རྔམ་པའི་དུར་ཁྲོད་ཆེན་པོ་ནས༔ གཤེགས་བྱོན་བཞུགས་པའི་རྩོལ་རྟོག་མི་མངའ་བཞིན༔ ཐུགས་རྗེ་ཁྲོས་པས་སེམས་ཅན་དོན་མཛད་ཕྱིར༔ གང་ལ་གང་འདུལ་སྒྱུ་འཕྲུལ་རོལ་གར་བསྒྱུར༔ པདྨ་ཀྲོ་ཏ་ཧྱ་གྷྲི་ཝ་ཀརྨ་ཧོ༔ དགུ་པ་གཏོར་མའི་ཕྲིན་ལས་ནི༔ ཧཱུྃ༔ སྔོན་ཚེ་གསང་ཆེན་བབས་སོ་རྣམ་དྲུག་ཏུ༔ ཀུན་བཟང་རྡོར་འཆང་དབང་ཆེན་རྡོ་རྗེ་ཆོས༔ པད་འབྱུང་བརྒྱུད་པར་བཅས་པའི་སྤྱན་སྔ་རུ༔ དཀར་དམར་ནག་གསུམ་ ༼ སྡེ་དཔོན་སུམ་ཅུ་ལས་དཀར་པོ་གསུམ་ལྷ་དམར་པོ་གསུམ་བཙན་ནག་པོ་གསུམ་བདུད་གཙོ་བོར་སྨོས་པ་ཙམ་མོ། མཆན། ༽ སྡེ་དཔོན་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་སུ༔ སངས་རྒྱས་བསྟན་སྐྱོང་རྣལ་འབྱོར་སྐུ་ཚེ་བསྲིང་༔ རྒྱུ་སྦྱོར་རྐྱེན་བཟློག་བསྒྲུབ་མཆོག་བར་ཆད་བསལ༔ རྣམ་བཞིའི་ཕྲིན་ལས་རབ་འབྱམས་བསྒྲུབ་པར་ཆད༔ གཡར་དམ་གཅིག་དུ་སྦྲེལ་བའི་བརྗེད་ཐོ་འདི༔ རྩལ་ཆུང་དངོས་ངན་བདག་གིས་སྐྱོང་བ་ལ༔ ཡལ་བར་མ་འདོར་ཐུགས་དམ་གྲོགས་དན་མཛོད༔ ཨོཾ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིངྟ་ཁཱ་ཧི༔ བཅུ་པ་བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ སློབ་དཔོན་པདྨའི་བཀའ་ཡི་བྱ་ར་བ༔ བོད་ཁམས་སྐྱོངས་པའི་བསྟན་མ་བཅུ་གཉིས་དང་༔ གཡའ་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་སོགས༔ བྲན་གཡོག་ཚུལ་བཟུང་ལས་མཛད་ཡལ་གམ་ཅན༔ ཀུན་ལ་ཟག་མེད་དམ་རྫས་མཆོད་གཏོར་འབུལ༔ སྔོན་ཚེ་ཁས་བླང་དམ་བཅས་ཇི་བཞིན་དུ༔ མུ་སྟེགས་ཀླ་ཀློའི་རྒྱུ་བ་ཕྱིར་བཟློག་ལ༔ བོད་ཁམས་བདེ་ལ་འགོད་པའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཤ་སཱ་ན་པཱ་ལ་ཨེ་དམ་བྷ་ལིངྟ་ཁཱ་ཧི༔ བཅུ་གཅིག་ལུ་གུ་རྒྱུད་ཀྱི་བྲོ༔ ཧཱུྃ༔ རྡོ་རྗེའི་ཚེ་མཆོག་བསྒྲུབ་པ་ལ༔ བདུད་བྱེད་དམ་སྲི་རྒབ་འདྲེའི་སྡེ༔ ཆེ་མཆོག་དཔལ་གྱི་མཐུ་རྩལ་གྱིས༔ རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར༔ རུས་པའི་རི་རབ་འོག་ཏུ་མནན༔ ཨེ་ཝཾ་མ་ཡས་དལ་བསྐོར་ཏེ༔ སྟེང་དུ་ཕྲིན་ལས་རོལ་པའི་རྒྱ༔ གླུ་བྲོ་གར་གྱིས་སྡིག་ཟད་བྱེད༔ ཧཱྃ༔ རྟ་ཡི་མདུར་འགྲོས་བཅུ་གཉིས་ཚུལ༔ རྡོ་རྗེའི་རྨིག་པའི་བརྟུལ་ཞུགས་ཀྱིས༔ སྐུ་ཡི་གར་གསུམ་ལུས་ལ་བརྡུང་༔ འདོད་པའི་འཁྲུལ་བ་དབྱིངས་སུ་ཆོམས༔ ཨི་ཧིའི་མཚེར་སྐད་བཅུ་གཉིས་ཚུལ༔ ཐང་གསུམ་དགུ་དང་བཅུ་གཉིས་གླུའི༔ གསུང་གི་གར་གསུམ་ངག་ལ་བརྡུང་༔ གཟུགས་ཀྱི་འཁྲུལ་བ་དབྱིངས་སུ་ཆོམས༔ ཅང་ཤེས་བརྟུན་སྟབས་བཅུ་གཉིས་ཚུལ༔ མངོན་གྱུར་ཡེ་ཤེས་ ༼ ཡེ་ཤེས་ལྔ་ཀློང་གྱུར་འདས་ཀ་དབྱིངས་གྲོལ་མཐའ་གྲོལ་མི་གནས་པའི་དབྱིངས་རང་བྱུང་གི་རྩལ་རང་གྲོལ་གྱི། མཆན། ༽ རོལ་བའི་བྲོ༔ ཐུགས་ཀྱི་གར་གསུམ་སེམས་ལ་བརྡུང་༔ གཟུགས་མེད་འཁྲུལ་བ་དབྱིངས་སུ་ཆོམས༔ སྐྱེ་མཆེད་བཅུ་གཉིས་འཁྲུལ་འཁོར་ཆོམས༔ ཡན་ལག་བཅུ་གཉིས་སྲིད་རྩ་བཏོན༔ བདེན་དོན་བཅུ་གཉིས་མངོན་གྱུར་བར༔ ནམ་ཡང་ལྡངས་བར་མ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཧ་ཧཿ ཧི་ཧིཿ ཧེ་ཧེཿ ཧོ་ཧོ༔ ཧཱུྃ་ཧཱུྃ༔ ཕཊ་ཕཊཿ བིགྣན་ཤ་ཏྲིཾ་མ་ར་ཡ་ནན་ནན༔ བཅུ་གཉིས་དངོས་གྲུབ་བླང་བ་ནི༔ ཨོཾ༔ ཇི་ལྟར་སྟོན་པས་བྱུང་ཆུབ་ཤིང་དྲུང་དུ༔ ཐོ་རངས་ནང་གི་མངོན་བྱང་མངོན་མཛད་ནས༔ ཟག་མེད་ཞི་བ་མཆོག་གི་གོ་འཕང་བརྙེས༔ སྲིད་ཞིའི་དཔལ་དུ་གྱུར་བ་ཇི་བཞིན་དུ༔ རྩ་རླུང་ཐིག་ལེ་ནང་གི་འདུ་བ་བཟང་༔ གྲངས་དུས་རྟགས་ཀྱི་དམ་ཚིག་ལེགས་པར་ཐེམ༔ ཕུན་ཚོགས་ལྔ་ལྡན་ཚེ་ཡི་སྟོན་འཁོར་ལྷ༔ དགོངས་པ་དབྱེར་མེད་ཆེན་པོར་བྱིན་རློབས་ཅིང་༔ རྒྱུ་ ༼ གཞི་དཔྱད། ༽ ལམ་འབྲས་བུའི་དབང་བཞི་དུས་གསུམ་བསྐུར༔ ཁ་སྦྱོར་བདེ་ཆེན་དབང་ཕྱུག་ ༼ སྐུའི་དབང་ཕྱུག་སོགས་མཆན། ༽ བདུན་ལྡན་གྱི༔ དངོས་གྲུབ་དམ་པ་ད་ལྟ་ཉིད་དུ་སྩོལ༔ ཨོཾ་བཛྲ་པུཎྱེ་ཨ་ཡུརྫྙཱ་ན་ཧྱ་གྷྲི་ཝ་ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ བཅུ་གསུམ་ནོངས་བ་བཤགས་པ་ནི༔ ཧྲཱི༔ རྒྱལ་ཀུན་གསུང་འདུས་དམ་ཚིག་གཉེར་བླང་ཀྱང་༔ རྒྱུ་ཆུང་ཕུད་ཉམས་མཆོད་རྫས་འབག་རྩོག་ ༼ བཙོག་དཔྱད། ༽གཡོས༔ ཕྱག་རྒྱ་མ་གསལ་བསྙེན་བསྒྲུབ་གྲངས་མ་འཁྱོལ༔ ཆོས་ཉིད་ལྟ་བའི་གདེངས་དང་མ་ལྡན་ཅིང་༔ ཏིང་འཛིན་དགོངས་པ་ཀློང་དུ་མ་གྱུར་བས༔ དམ་ཚིག་ཉམས་ཆགས་འགལ་འཁྲུལ་གྱུར་བ་དང་༔ ཁྱད་པར་སྒྲུབ་པའི་དུས་ཀྱི་བསྲུང་བྱ་ལ༔ ནོངས་པ་གང་མཆིས་ཡེ་ཤེས་ལྷ་ལ་བཤགས༔ དག་ཚངས་སོར་ཆུད་དབུགས་དབྱུང་སྩལ་དུ་གསོལ༔ ཡི་གེ་བརྒྱ་བས་བཤགས་སྦྱོངས་དང་ཨ་ལི་ཀ་ལིའི་བསྙེན་ཁ་གསོ༔ བཅུ་བཞི་རྫོགས་རིམ་བསྡུ་བ་ནི༔ ཨཱ༔ ལྷ་སྔགས་ཆོས་ཉིད་སྣང་བའང་༔ རིག་སྟོང་དོན་གྱི་རང་རྩལ་དུ༔ སྒྱུ་མ་རྨི་ལམ་ཆུ་ཟླ་བཞིན༔ སྣང་དུ་ཉིད་ན་སྟོང་བ་ཉིད༔ སྤྲོ་བ་མེད་ཅིང་བསྡུ་བ་མེད༔ ཐམས་ཅད་མ་ལུས་མཉམ་པ་ཉིད༔ སྤྲོས་མཐའ་བྲལ་བའི་ངང་དུ་ཨཱ༔ བཅོ་ལྔ་སླར་ལྡང་རྒྱུན་སྤྱོད་འཇུག༔ ཧྲཱི༔ སྟོང་པ་ཉིད་ལ་ཡོན་ཏན་རྫོགས༔ ཕྱག་རྒྱ་གཅིག་སྐུའི་འབྲས་བུར་བཞེངས༔ སྤྱོད་ལང་རྣམ་བཞི་ཐམས་ཅད་ཀུན༔ ཕྲིན་ལས་འགྲོ་བའི་མགོན་པོར་ཤར༔ བཅུ་དྲུག་བསྔོ་ཞིང་སྨོན་ལམ་ནི༔ ཧཱུྃ༔ འདིའི་མཚོན་དུས་གསུམ་བསགས་པའི་དགེའི༔ ཀུན་བཟང་སྨོན་ལམ་མཐར་ཕྱིན་ཏེ༔ འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུར༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ རྣམ་གྲོལ་འབྲས་བུའི་ས་ཐོབ་ཤོག༔ བཅུ་བདུན་ཤིས་པ་བརྗོད་པ་ནི༔ ཨོཾ༔ བཀྲ་ཤིས་ཀུན་འབྱུང་གཞི་ཡི་འོད་དཔག་མེད༔ ལྷུན་གྲུབ་ཡོན་ཏན་རྒྱ་མཚོའི་བཀྲ་ཤིས་མཛོད༔ འགྲོ་ཀུན་རྒྱུད་ལ་འདུ་འགོད་མེད་པར་རྫོགས༔ བདེན་པ་དེའི་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་ཀུན་བསྐྱེད་ལམ་གྱི་ཚེ་དཔག་མེད༔ ཟག་གསུམ་ཟད་པའི་ཚེ་དབང་དངོས་གྲུབ་མཛོད༔ འགྲོ་ཀུན་མི་འཇིགས་སྐྱབས་སྦྱིན་སྙན་སྨྲའི་དབྱངས༔ བདེན་པ་དེའི་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་མཐར་ཐུག་འབྲས་བུ་ཧྱ་གྷྲ༔ སྤངས་རྟོགས་ཕུལ་ཕྱིན་དོན་གཉིས་དཔལ་གྱི་མཛོད༔ ཕན་བདེའི་གྲུ་ཆར་འབབ་པས་དུས་སྟོན་འགྱེད༔ བདེན་པ་དེའི་ཀྱང་དེང་འདིར་བདེ་ལེགས་ཤོག༔ སྐུ་ནི་མི་འགྱུར་འཆི་བདག་བདུད་ལས་རྒྱལ༔ གསུང་ནི་ཆགས་མེད་ལྷ་བུའི་བདུད་ལས་རྒྱལ༔ ཐུགས་ནི་འཁྲུལ་མེད་ཉོན་མོངས་བདུད་ལས་རྒྱལ༔ ཡེ་ཤེས་མི་འཇིག་ཕུང་པོའི་བདུད་ལས་རྒྱལ༔ ཚེ་འཕྲེང་བར་ཆད་སེལ་བའི་བཀྲ་ཤིས་ཤོག༔ ཚེ་དབང་རིག་འཛིན་འགྲུབ་པའི་བཀྲ་ཤིས་ཤོག༔ འཆི་མེད་གཉུག་མ་གཞོན་ནུ་བུམ་པའི་སྐུ༔ ཚེ་ལུས་འདི་ལ་འགྲུབ་པའི་བཀྲ་ཤིས་ཤོག༔ ཚེ་སྒྲུབ་ཀུན་གྱི་སྙིང་པོའི་དོན༔ རང་བཞིན་རྫོགས་པ་ཆེན་པོར་གཅིག༔ འདི་ཉིད་མངོན་དུ་གྱུར་བ་ན༔ སྡུག་བསྔལ་ཆུ་བོ་བཞི་ལས་སྒྲོལ༔ རང་བྱུང་རྒྱུད་ཀྱི་བཅུད་དྲིལ་ནས༔ ཨོ་རྒྱན་སློབ་དཔོན་བདག་གིས་བཀོད༔ ད་ལྟ་དགོངས་པའི་རྩལ་རྒྱས་གདབས༔ མ་འོངས་ལས་ཅན་དང་འཕྲད་ནས༔ འགྲོ་ཕན་རྒྱ་ཆེན་འབྱུང་བར་ཤོག༔ ཅེས་པ་འདི་ཡང་རང་སློབ་དམ་པ་ཕྱུག་རྡིས་དང་རིག་འཛིན་ཆེན་པོ་ཨཀྵ་རས་བསྐུལ་ངོར་ག་གཱས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །དབང་ལུང་ཡོངས་རྫོགས་སྦྱིན་པ་ཡིན་པས་ཐོབ་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཡང་ན་དཀྱིལ་འཁོར་རྒྱས་པའི་སྔགས༔ ཨོཾ་བཛྲ་མཱ་མ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་ཊཱཀྐི་ནི་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་ཁཎྜ་རོ་ཧི་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་མ་ཧཱ་རུ་པན་ཎ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་ཨངྐུ་ཤ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་པ་ཤ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་སྥོ་ཌ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་གཎྜེ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཡང་ལས་སྦྱོར༔ ཨོཾ་བཛྲ་ཨ་ཡུཿགཎྜ་ཤིནྟཾ་ཀུ་རུ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་ར་མོ་ན་ཏྭ་པུཥྚིཾ་ཀུ་རུ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་མེ་ཧ་ག་ན་བཀྩ་ཝ་ཤཾ་ཀུ་རུ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཨོཾ་བཛྲ་པཎྜི་མ་ར་ཡ་ཨ་ཡུརྫྙཱ་ན་ཧྲཱིཿསྭཱ་ཧཱ༔ ཞེས་བཏགས་པས་ཚར་ཕྱིན་ཏོ༔


previousརྡོ་རྗེ་ཚེ་ཡི་བསྒྲུབ་པ་འཆི་མེད་མཆོག་སྩོལ།next