Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་སྤྱི་ལ་སྦྱར་རུང་གི་སྦྱིན་བསྲེག་འདོད་དགུའི་ལྗོན་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་སྤྱི་ལ་སྦྱར་རུང་གི་སྦྱིན་བསྲེག་འདོད་དགུའི་ལྗོན་བཟང་།next

ཚེ་སྒྲུབ་སྤྱི་ལ་སྦྱར་རུང་གི་སྦྱིན་བསྲེག་འདོད་དགུའི་ལྗོན་བཟང་།

ཚེ་སྒྲུབ་སྤྱི་ལ་སྦྱར་རུང་གི་སྦྱིན་བསྲེག་འདོད་དགུའི་ལྗོན་བཟང་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ས་མནྟ་བྷ་དྲ་ཤྲཱི་ཡེ། །སོ་སོར་རྟོགས་པའི་ཡེ་ཤེས་ཆོས་ཀྱི་སྐུ། །ངེས་པ་ལྔ་ལྡན་ལྷུན་གྲུབ་ཚེ་དཔག་མེད། །སྤྲུལ་སྐུ་སྣང་བ་མཐའ་ཡས་པདྨ་འབྱུང་། །དབྱེར་མེད་རང་སྣང་སྟོན་པ་བླ་མར་འདུད། །རིགས་གཅིག་པདྨའི་དབང་ཕྱུག་ཆེན་པོ་ཡི། །བསྙེན་སྒྲུབ་ཁ་སྐོངས་ཚེ་བསོད་ཡེ་ཤེས་གཏེར། །ཡོངས་སུ་རྒྱས་བྱེད་བྱིན་ཟའི་མཆོད་འབུལ་བ། །ཡིད་བཞིན་འདོད་དགུའི་ལྗོན་བཟང་འདི་ན་དགོད། །དེ་ལ་བསྙེན་སྒྲུབ་མཐར་ཕྱིན་སྦྱིན་བསྲེག་གི་མཆོད་པས་ཁ་བསྐོང་བ་དང་། ལས་སྒྲུབ་པའི་མཆོག་ལ། འདི་ཚེ་དཔལ་ཡེ་ཤེས་རྒྱས་པར་བྱེད་པ་དང་། ལྷའི་ངོ་བོ་པདྨ་གསུང་གི་རིགས་ཡིན་པས་ན་གཙོ་ཆེར་དེའི་སྦྱིན་བསྲེག་དུ་འོས་ཀྱང་། འདིར་དེ་གཉིས་ཟུང་འཇུག་གི་སྦྱིན་བསྲེགས་སུ་བྱས་ན་མཆོག་ཏུ་འགྱུར་བས་སྔོན་འགྲོ་ནི། གང་དུ་བྱ་བའི་གཞི་མ་དུལ་བ་ཞིག་ཡིན་བདག་ཉིད་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས། ས་བརྟགས་བསླང་དབང་བྱ་བརླབས་བཟུངས་བསྲུང་བ་སོགས་བྱ་བ་དང་། དུལ་བ་ཡིན་ན། དཀར་ཕྱོགས་ལ་གཏོར་མས་བརྔན་ཅིང་། བགེགས་བསྐྲད། རྡོ་རྗེའི་ཕྱག་རྒྱས་ས་ལ་རེག་པས་རྟ་མགྲིན་གྱི་སྔགས་དང་། བདེན་པ་དབྱེར་མེད་དག་མཉམ་གྱི་ལྟ་བས་འདུལ་སྦྱོངས་དབང་སྤྱོད་བྱིན་བརླབས་ཐམས་ཅད་འཐུས་སོ། དེ་ཡང་སྤྱིར་དཔྱད་ལེགས་པའི་ས་བཀྲ་ཤིས་པ་དང་། བྱེ་བྲག་ཏུ་དམིགས་བསལ་གྱི་ལས་གང་སྒྲུབ་ལ་བསྔགས་པའི་ས་རུ། སྟེགས་གྲུ་བཞི་བ་བ་བྱུང་དང་བདུད་རྩིའི་གོ་མ་ཡེས་ཁྱེམ་ཅིང་། ས་རྩི་ལས་མདོག་གིས་མཛེས་པར་བརྡལ་ཏེ་ཐིག་ཆེན་བརྒྱད་གདབས་ཏེ། ལྟེ་བ་ཟླ་གམ་གྱིས་དམར་པོ་བཅད་ཉམས་པའི་དབུས་སུ་པདྨ་དམར་པོའི་མཚན་པ། དེའི་ཕྱིར་རིམ་སེར་པོ་གྲུ་བཞི་གཅིག་གི་ཕྱོགས་བཞིར། ཤར་དུ་རྡོ་རྗེ། ༼ དཀར། ༽ རྷོར་རིན་ཆེན། ༼ སེར། ༽ ནུབ་ཏུ་འཁོར་ལོ། ༼ སྔོ། ༽བྱང་དུ་རྒྱ་གྲམ། ༼ ལྗང་། ༽དེའི་ཕྱི་ལ་མུ་ཁྱུད། ༼ དཀར་པོ། ༽ འདབ་བཞི་ལ། མེ་ཏོག་ཕྲེང་བ། པི་ཝཾ། ཞལ་ཟས་ཀྱི་གཟུགས་དང་བཞི། དེའི་ཕྱི་རིམ་ཟླུམ་པོའི་ཕྱོགས་བཞིའི་གནས་ལ་བུམ་པ་བཞི། དེའི་ཕྱི་རིམ་གྲུ་བཞི་ལྗང་གུ་ལ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་བཞི་བྲི། དེའི་ཕྱི་ལ་རྡོ་ར་འོད་ཕྲེང་ཟླ་ཕྱེད་རྡོ་རྗེ་སོགས་ཀྱིས་མཛེས་པར་བྱས་ལ། རང་གི་གཡས་ཕྱོགས་སུ་མཆོད་སྟེགས་ལ། མར་ཁུ། ཡམ་ཤིང་ ༼ སོར་བཅུ་གཉིས་པ། ༽ ཏིལ། ཀུ་ཤ་དུརྦ། འབྲས་སོ་བ། ནས། མོན་སྲན། གྲོ་ཞོ་ཟན་རྣམས་གཙོ་བོར་ཚང་དགོས། གཞན་དུག་རིགས་མ་ཡིན་པའི་སྨན་སྣ། རིན་ཆེན་ཚོགས་ཚད་ཀྱི་ཕྱེ་མ། སྤོས་བཟང་པོའི་རིགས། ཤིང་ཐོག་སོགས་མངར་གསུམ། དཀར་གསུམ། གང་ལ་སེར་པོ་དང་། འོད་ལྡན་སོགས་མེ་ཏོག །གོས་ཀྱི་རིགས་བྱེ་བྲག་མང་པོ། དར་ཟབ་སོགས་འབྱོར་དགུས་ཚོགས་དང་། འཇིག་རྟེན་འདས་མ་འདས་ཀྱི་གཏོར་མ་སོགས་དང་། ཕྱི་ནང་གི་མཆོད་པ། ཚོགས་ཀྱི་ཡོ་བྱད་ལས་བུམ་སོགས་ཚོགས་པར་བྱས་ནས། གོང་འོག་མ་འདྲེས་པར་ཚར་གཉིས་བཤམས་ནས་བཞག་གོ །གཉིས་པ་དངོས་གཞི་ནི། དེ་ལས་ཞི་བ་ལ་བ་ལུ་སོགས། རྒྱས་པ་ལ་ཨ་ཀ་རུ། །དབང་ལ་ཙནྡན། དྲག་པོ་ལ་འོད་མ་སོག། ལས་ལྷུན་གྲུབ་ལ་ཐམས་ཅད་ཚོགས་པའི་བརྩིགས་ཤིང་སོར་བརྒྱད་ཀྱི་ཟུར་བརྒྱད་དམ་མ་བདེ་ན་གྲུ་བཞིར་བརྩིགས་པའི་ ༼ སྟེང་དུ་ཀུ་ཤའི་ཆུན་པོ་བ་ལང་གི་རྣ་བ་འདྲ་བ་གཉིས་བསྣོལ་ཏེ། རྒྱབ་མའི་རྩེ་མོ་མདུན་མའི་རྩ་བས་ནོན་པར་བྱས་ཏེ་བཀབ། ༽ནེ་ཐབ་ཀྱི་ཕྱོགས་བཞིར་མདའ་བཞི་ལ་དར་ཕྱོགས་མདོག་གིས་བརྒྱན། ཡམ་ཤིང་ཡང་རྒྱུ་དེ་དང་འདྲ། ནང་རོལ་དུ་ཤར་ལྷོར་ཏིང་ལོ་བཞག །རྩུབ་ཤིང་གི་སྒྲོན། ནུབ་བྱང་དུ་རླུང་གཡབ་ལྗང་གུ་བཅུག །གཞན་ཡང་ཐོད་དང་། པང་ཁེབ་རྡོར་དྲིལ་ཐམས་ཅད་ལྡན་པར་བྱ། རྣལ་འབྱོར་པའི་ཆས། ཐབ་དཀྱིལ། མཆོད་རྫས་མ་ལུས་པ་དམར་སེར་དུ་བྱ་བ་དང་། ཁ་ནུབ་བམ་ལྷོ་ནུབ་ཏུ་གྱུ་ཞིང་། དོན་སྟོངས་ཀྱི་སེམས་དང་ལྡན་པས། འདུག་སྟངས་སྐྱིལ་ཀྲུང་གིས། ཕྱི་ནང་གསང་བའི་སྦྱིན་བསྲེག་ཅིག་ཆར་ལྡན་པའམ། མིན་ཀྱང་ཕྱི་དཀྱིལ་འདི་ལ། ཇི་སྐད་དུ། །གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་སྒྲུབ་པ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཅེས་པ་དོན་བཅུ་གཅིག་ཏུ་བཤད་དེ། སྡོམ་ཚིག་གིས་རྟོག་པ་སྤྲོ་པའི་ས་བོན་ཙམ་དུ་སྤྲོས་བཅས་ཀྱིས་ཡི་གེ་མང་བས་བཞག་གོ་དེ་ལྟར་བྱ་བ་དང་ཆོ་གའི་ཉེར་བསྡོགས་ཐམས་ཅད་སྔོན་དུ་སོང་ནས། རྡོར་དྲིལ་བྱིན་བརླབས་ནི། ཧཱུྃ༔ ཆོས་ཉིད་རང་རྟགས་སྲོག་འཁོར་ལོ༔ རྡོ་རྗེ་དྲིལ་དུ་ཡང་དག་བཟུངས༔ ཆོས་ཉིད་གསུངས་སྒྲས་ཀུན་ཁྱབ་ཅིང་༔ འགྲོ་ཀུན་མ་རིག་གཉིད་ལས་སློང་༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ཀུན༔ ཐབས་ཤེས་ཟུང་འཇུག་ཕྱག་རྒྱས་མཚོན༔ ལུས་དང་སེམས་ལ་རྒྱས་བཏབས་པས༔ བདེ་སྟོང་དབྱེར་མེད་ཆེན་པོར་གདལ༔ ཧཱུྃ་བཛྲ་ ༼ རྡོར་གསོལ། ༽ མ་ཧཱ་ཙིཏྟ་ཧོ༔ ཨ་བཛྲ་ ༼ དྲིལ་བསིལ། ༽ གནྜེ་དྷཱརྟུ་ཧོ༔ ཞེས་རྡོ་རྗེ་གསོལ་ཞིང་དྲིལ་བུ་དཀྲོལ་ལ་ ༼ ཨ་ནུ་རཱ་གས་འཁྱུད་རྒྱ་བྱ། ༽ འཁྱུད་རྒྱས་ཕྱག་རྒྱ་བཞི་ལྡན་གྱི་དོན་དྲན་པར་བྱ། དེ་ནས་མཆོད་བསྲེག་གི་རྫས་བྱིན་གྱིས་བརླབས་པ་ནི། ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་ས་དྷ་ནཾ་སྭཱ་བྷ་ཝ་ཤུདྡྷོ྅་ཧཾ། ཨོཾ༔ གནས་ལུགས་སྤྲོས་དང་བྲལ་བ་ཡི། །རང་གདངས་འགགས་པ་མེད་པ་ནི། །དགྱེས་དགུར་རོལ་བའི་འདོད་དོན་དུ། །རང་ཤར་ཆེན་པོར་ལྷུན་གྱིས་གྲུབ། །མ་རྟོགས་གཉིས་འཛིན་རྟོག་སྒྲིབ་ཀུན། །ཡེ་ཤེས་རྒྱན་གྱི་འཁོར་ལོར་སྦྱངས། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་བཞིན། །ཐུགས་རྗེའི་རང་རྩལ་ཅིར་ཡང་བསྒྱུར། །ཟག་མེད་བདུད་རྩིའི་རང་བཞིན་ཅན། །དཔག་ཡས་ནམ་མཁའི་ཁམས་གང་གྱུར། ཨོཾ་ཨཱཿཧཱུྃ། ༼ ལས་ཆབ་བྲན། ༽གཞུང་གི་མཆོད་པ་བྱིན་རླབས་ཀྱི་སྔགས་ཚང་པར་བརྗོད་རྗེས་པདྨའི་ཕྱག་རྒྱས་རེག་ལ། ཨོཾ་པདྨ་མོ་ཧ་ལམ་ ༼ མ་དག་པའི་དྲི་མ་རྣམ་པར་དག་པར་གྱུར་ཅིག་མཆན། ༽ བི་མ་ལ་བྷ་བ་ཏུ་ཨ་ཧཱུྃ། ༣ ཞེས་མ་དག་པའི་དྲི་མ་སྦྱངས། རཏྣའི་ཕྱག་རྒྱས་རེག་ལ། ཨོཾ་རཏྣ་ད་རུ་ཎ་ནི་དྷི ༼ མི་ཟད་པའི་རིན་པོ་ཆེའི་གཏེར་མཛོད་དུ་གྱུར་ཅིག །མཆན། ༽ ཀཽ་པ་ལ་སྱ་ཏྱེ་སྭཱ་ཧཱ། ༣ དེ་ནས་རྫས་སོ་སོ་ལ་ཕྱག་རྒྱ་དེ་ཉིད་ཀྱི་རེག་ཅིང་། མེ་ཐབ་ལ། ཨོཾ་ཨཀྵི་ཀུནྚཾ་ ༼ མེ་ཐབ་དག་པའི་མཆན། ༽ ཤུདྡྷེ་སྭཱ་ཧཱ། ༣ རྩིག་ཤིང་ལ། ཨོཾ་ཨིནྜ་ནཾ་བི་ཤུདྡྷེ་སྭཱ་ཧཱ། ༣ ཞེས་བརླབས། དགང་བླུགས། ཨོཾ་པུརྞ་ཧུ་ཏཱེ་དཱེ་ཝ་ཛྙཱ་ན་རིསྨ་ཧཱུྃ་སྭཱ་ཧཱ། ༣ དགང་གཟར། ཨོཾ་པཱ་ཏཱི་སིབྷ་སརྦ་སཾ་བྷ་ཝ་པ་ཡ་པ་རི་སྐ་ར་སྱ་ཏྱེ་སྭཱ་ཧཱ། ༣ ཏིང་ལོ་ལ། ཨེ་ཛ་ཤུདྡྷེ་ ༼ མེ་ལྕེ་མཆན། ༽ སྭཱ་ཧཱཿ ༣ མར་ཁུ་ལ། ཨོཾ་བྷ་ཝ་ ༼ འབྱོར་བ། ༽ ཀ་སྭཱ་ཧཱ༔ ༣ ཡམ་ཤིང་ལ། ཨོཾ་བོ་དྷི་བྲིཀྵ་ ༼ གཟི་བརྗིད་ཕུན་སུམ་ཚོགས་པ། ༽ ཡེ་སྭཱ་ཧཱཿ ཏིལ་ལ། ཨོཾ་སརྦ་པ་པཾ་ ༼ དམ་ཚིག་བསྲུང་བ། ༽ ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ༣ ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་ ༼ སྲུང་བ། ༽ བཛྲ་ཡེ་སྭཱ་ཧཱ། ༣ དུར་ཝ་ལ། ཨོཾ་བཛྲ་ཨ་ཡུ་ཥེ་ ༼ ཚེ་ཕུན་སུམ་ཚོགས་པ། ༽ སྭཱ་ཧཱ། ༣ འབྲས་ལ། ཨོཾ་བཛྲ་པུཥྚ་ ༼ བསོད་ནམས་རྒྱས་པ། ༽ ཡེ་སྭཱ་ཧཱ། ༣ སོ་བ་ལ། ཨོཾ་བཛྲ་བི་ཛ་ ༼ ནོར་དང་འབྲུ༴། ༽ ཡེ་སྭཱ་ཧཱ། ༣ ནས་ལ། ཨོཾ་མ་ཧཱ་བཻ་ཀེ་ཡེ་ ༼ མྱུར་བའི་ཤུགས། ༽ སྭཱ་ཧཱ། ༣ སྲན་མ་ལ། ཨོཾ་མ་ཧཱ་བ་ལ་ཡེ་ ༼ སྟོབས་ཕུན་སུམ་ཚོགས། ༽ སྭཱ་ཧཱ། ༣ གྲོ་ལ། ཨོཾ་བཛྲ་གསྨ་རི་ཡེ་ ༼ ནད་མེད་པ། ༽ སྭཱ་ཧཱ། ༣ ཞོ་ཟན་ལ། ཨོཾ་བཛྲ་སྟྭཾ་ ༼ བདེ་བ་ཕུན་སུམ་ཚོགས་པ། ༽ བྷ་ཡེ་སྭཱ་ཧཱ། ལན་གསུམ་རེས་བྱིན་གྱིས་རླབས། ༼ མེ་སྦར་བཟུང་ལ། ༽རཾཿ ཆོས་སྐུ་སོར་རྟོགས་ཡེ་ཤེས་ཆེ༔ ལོངས་སྤྱོད་རྫོགས་སྐུ་གོས་དཀར་མོ༔ སྤྲུལ་སྐུ་དྲང་སྲོང་མེ་ཡི་ལྷ༔ མེ་ནི་ཡེ་ནས་མངོན་བྱང་ཆུབ༔ འགྲོ་དོན་དམ་ཚིག་སེམས་དཔར་བཞེངས༔ རཾ་ཛྭ་ལ་སྥ་ར་ཎ་ས་མ་ཡ་ཕཊ་ཛ༔ ཞེས་མེ་སྤར། ༼ རླུང་གཡབ་བཟུང་ལ། ༽ ཡཾཿ ངོ་བོ་བྱ་གྲུབ་ཡེ་ཤེས་ལ༔ རང་བཞིན་དམ་ཚིག་སྒྲོལ་མ་དང་༔ ཐུགས་རྗེ་ཤཱ་ཝ་རི་བའི་གར༔ རླུང་ནི་ཡེ་ནས་རྫོགས་སངས་རྒྱས༔ ཕྲིན་ལས་རླུང་གི་འཁོར་ལོར་བསྐུལ༔ ༼ ལན་གསུམ་གཡབ། ༽ ཨོཾ་བཛྲ་མ་ཧཱ་ཛྙཱ་ན་བ་ཡུ་ཧོ༔ ཞེས་རླུང་གཡབ་ཀྱིས་གཡབ་ཅིང་༔ ༼ དགང་བླུགས་བཟུང་ལ། ༽ མེ་རླུང་ཐབས་ཤེས་སྙོམས་འཇུག་གིས༔ འཇུ་འདུལ་སྨིན་བསྐྱེད་སྲོག་དེ་འཛིན༔ འདི་ནི་རྡོ་རྗེའི་དམ་ཚིག་སྟེ༔ ལྷ་ཚོགས་དགྱེས་ཤིང་གཟི་མདངས་བསྐྱེད༔ མ་ཧཱ་པཱུ་ཛ་ཤུདྡྷེ་ཏེ་ཛྭ་བཛྲ་ཀུ་རུ་ཧོ༔ དེ་ནས་མར་ཁུས་མེ་གསོས་ནི། ཨོཾ་ཨགྞེ་ཡེ་སྭཱ་ཧཱ། ལན་བདུན། ༼ གྱིས་དགང་བླུགས་ཕུལ། ༽ དེ་ནས་ལས་སྔགས་དང་ ༼ མེ་ཐབ་བསང་སྦྱངས། ༽སྭཱ་བྷ་ཝས་སྦྱངས་ཞིང་། སྟོང་པའི་ངང་ལས་ཧྲཱིཿ ཏྲཱཾ་ཡོངས་སུ་གྱུར་བ་ལས་རྒྱས་པའི་མེ་ཐབ་གྲུ་བཞི་བ་ཁ་ཁྱེར་དང་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། དབུས་སུ་སྣ་ཚོགས་པདྨས་མཚན་པ་ལ། ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེའི་མཚན་པ། ཁ་དོག་དམར་སེར་འོད་དང་འོད་ཟེར་འབར་བ། དྭངས་ཤིང་བསྒྲིབ་པ་དང་བྲལ་བ། མཉམ་པ་ཉིད་དང་སོར་རྟོགས་རྒྱན་དུ་ཤར་བའི་འོད་ཟེར་ཀུན་ནས་ཀུན་ཏུ་འབར་ཞིང་གསལ་བས་འགྲོ་བ་མཐའ་དག་གི་མ་རིག་པའི་མུན་ཁམས་བཅིལ་ཞིང་ཞིང་ཁམས་ཐམས་ཅད་མཆོད་པའི་སྤྲིན་གྱིས་རྒྱས་པར་འགེངས་པའི་དབུས་སུ། པདྨ་དང་ཉི་མའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་བ་ལས། ཕྱག་མཚན་མདའ་དར་དང་གཏེར་བུམ་ཡོངས་སུ་གྱུར་པ་ལས། མེ་ལྷ་ཨགྞེ་རཱ་ཛ་སྐུ་མདོག་དམར་སེར་གསེར་བཙོ་མའི་མདོག་ལྟ་བུའི་ཞལ་གཅིག་ཕྱག་བཞིའི་རྩ་ཕྱག་གཉིས་ཀྱིས་བསྒྲང་ཕྲེང་དང་གུནྡྷེ་བསྣམས་པ། འོག་མ་གཉིས་ན་མདའ་དར་དང་གཏེར་ཆེན་པོའི་བུམ་པ་འཛིན་པ། རྭ་སྐྱེས་སེར་པོའི་སྟེང་དུ་འགྱིང་ཞིང་དྲང་སྲོང་གི་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་ལ། དྲང་སྲོང་གི་འཁོར་གྱིས་བསྐོར་བར་གསལ་ལོ། ༼ མེ་དཔྱད།༽ལྷ་ལ་དམིགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༼ རྡོ་རྗེའི་རྩེ་ལྔ་བ་རེ་རེའི་རྒྱ་བཅས། ༽ ཝཀྐ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཙིཏྟ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༈ ཨོཾ་མ་ཧཱ་ས་མ་ཏ༴ ༼ སྲིན། ༽ཨདྴར༴ ༼ མཛུབ ༽ཤུ་ནྱ་ཏ་༴ ༼ གུང་། ༽ པྲེ་ཏེ་བྷཀྵ༴ ༼ མཐེབ། ༽ ཀྲི་ཏཱེ་ནུཥྛ༴ ༼ མཐེའུ་ཆུང་ ༽ མཆན། དེ་ནས་གནས་གསུམ་བྱིན་བརླབས་དང་། རིན་འབྱུང་གཙོར་བོར་གྱུར་བའི་རིགས་ལྔའི་དབང་བསྐུར་ལ། ལྷ་ཚོགས་དེ་རྣམས་ཀྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་མཚན་པའི་ཡི་གེ་ལས་འོད་ཟེར་འཕྲོས་པས་དབྱིངས་དང་རང་བཞིན་གྱི་གནས་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས། དེ་ནས་མདའ་དར་གཡབ་ཅིང་། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས། འབོད་དོ་བསྐུལ་ལོ་ཐུགས་དམ་ཅན། །དཔག་མེད་མགོན་དང་པདྨ་དབང་། །འཇིག་རྟེན་ཚུལ་གྱིས་དོན་གཉིས་མཛད། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨགྞེ་དེ་ཝ་རི་ཥི་ཨཾ་ཀུ་ཤ་ཛཿ ༼ རོལ་མོ་བྱ། ༽ཛཿཧཱུྃ་བཾ་ཧོཿ ༼ རང་རྒྱ་བཅས། ༽ ཞེས་ཕྱག་རྒྱ་བཞིའི་དྲངས་དབབས་བརྟན་དགྱེས་པ་བསྐྱེད་དོ། །དེ་ནས་མཆོད་པ་ནི། ཧཱུྃཿ དཔག་ཡས་ནམ་མཁའི་རྒྱན་གྱུར་བའི། །མཆོད་པའི་བྱེ་བྲག་དམ་པ་ནི། །ཟག་མེད་ཡེ་ཤེས་ངོ་བོ་ཉིད། །སེམས་ཅན་དོན་དུ་བཞེས་སུ་གསོལ། །ཨོཾ་བཛྲ་ཨརྒྷཾ་སོགས། ༼ རོལ་མོ། ༽ མཆོད་པ་ཆ་ཚང་དང་བཅས་རྫོགས་མཐར། ཧཱུྃ༔ ༼ ཕྱེད་ཕྱག ༽ དུས་གསུམ་རྒྱལ་བའི་ཕྲིན་ལས་སྐུ། །ཐབས་ཀྱི་སེམས་ཅན་འདུལ་དོན་དུ། །དྲང་སྲོང་ཆེན་པོའི་ཆོ་རོལ་བ། །བྲམ་ཟེའུ་དབང་ཕྱུག་ཁྱོད་ལ་བསྟོད། །ཅེས་བསྟོད་པས། མེ་ལྷ་དགྱེས་པའི་འཛུམ་བག་དང་བཅས་ནས་ཞལ་ཅུང་ཟད་གདེངས་ནས་རིན་པོ་ཆེའི་སྦུ་གུའི་ལྗགས་ཀྱིས་བསྲེགས་བླུགས་ཀྱི་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བར་དམིགས་ལ། །བྱང་ཆུབ་མཆོག་གི་ཕྱག་རྒྱའི་དགང་བླུགས་བཟུང་ནས། ཨོཾ་ཨགྞེ་ཡེ་སྭཱ་ཧཱ། བདུན་གྱིས་མར་ཁུ་ཕུལ་ནས། །གཟར་བླུགས་ཁ་སྦྱར་བ་པུས་མོ་ལས་ཕྱིར་མི་འདའ་བར་བསྐོར་ཏེ། ཨོཾ་ཨགྞེ་དེ་ཝཱ་རི་ཥི་ཧ་བྱཱ་ཀ་བྱཱ་མ་ཧཱ་ཡ་ན་དེ་བྱཱ་རྣལ་འབྱོར་བ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་མངོན་ཤེས་རྫུ་འཕྲུལ་སྟོབས་འབྱོར་གཟི་བརྗིད་ཐམས་ཅད་པུཥྚཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་བདུན་གྱིས་དགང་བླུགས་ཕུལ་ལོ། ཡམ་ཤིང་ལ། ཨོཾ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ། མར་ཁུ་སོགས་རྫས་གཞན་རྣམས་ལ། །ཨོཾ་ཨགྞེ་ཡེ་དེ་ཝི་རི་ཥི་ཧ་བྱཱ་ཀ་བྱཱ་མ་ཧཱ་ཡ་ན་ཝ་ཀ་པུཥྚཾ་ཀུ་རུ་ཡེ་ ༼ གོང་གི་སྔགས་རྣམས་ལ་ལན་བདུན་རེ་རྫས་ལྷག་འཇོག་དགོས། ༽ སྭཱ་ཧཱ། ཞེས་བདུན་རེའི་ཕུལ་ཀྱང་ཡང་བསྡུ་ན། ཨོཾ་ཨགྞེ་དེ་ཝི་ཨ་ཧུ་ཏེ་ཁ་ཁ་ཁཱ་ཧི་ཁཱ་ཧི་པཎྱེ་ཨཱ་ཡུརྫྙཱ་ན་པུཥྚཾ་ཀུ་རུ་ཧོ། ཞེས་རྫས་རེ་ལ་བདུན་རེ་སྟེ་བདུན་ཅུ་རྩ་བདུན་གྱིས་བདུན་མཚམས་འདོད་གསོལ་བཏགས་ཀྱང་ཆོག །དེ་ཙམ་མ་གྲུབ་ཀྱང་ཉེར་གཅིག་སོགས་སྐབས་དང་བསྟུན་ནོ། མཐར། ན་མོ།རིག་པའི་རྒྱལ་པོ་ཁྱེད་ཀྱིས་ལས་ཐམས་ཅད་མཐར་རྒྱས་སུ་འགྲུབ་པ་དང་། བསྲེགས་རྫས་ཡེ་ཤེས་ལྷའི་ཞལ་དུ་འབུལ་ཞིང་མེ་ཉིད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཡུངས་དཀར་ཐབ་དུ་དོར་ཞིང་འདོད་དོན་གསོལ། མེ་ལྷའི་འོད་ཀྱིས་རང་དང་བསྒྲུབ་བྱའི་ཚེ་བསོད་དཔལ་ཡོན་གཟི་བརྗིད་བཀྲག་མདངས་ཐམས་ཅད་རྒྱས་པར་བསམ་ལ། ཧཱུྃ། ༼ ཕྱེད་ཕྱག ༽ ཤེས་རབ་ཡེ་ཤེས་མེ་བོ་ཆེས། །འོད་ཆེན་རྣམ་པར་སྣང་བ་ཡིས། །གཟི་བརྗིད་ཆེན་པོ་འོད་གསལ་བའི། །དྲང་སྲོང་མཆོག་ལ་ཕྱག་འཚལ་བསྟོད། །ཚངས་པར་སྤྱོད་ཅིང་ཞི་མཛད་སྐུ། །འབར་དང་བསྲེགས་བྱེད་ཟ་བ་པོ། །ཉོན་མོངས་སེམས་ཅན་གདུང་བ་སེལ། ཁྱོད་ལ་ཕྱག་འཚལ་མཆོད་ཅིང་བསྟོད། །ཅེས་བསྟོད་ཅིང་། བསྲེགས་ལྷ་མཆོད་པ་ནི། སྭཱ་བྷ་ཝ་ཡིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་ཀུན་གྱི་ཞལ༔ མེ་ལྷའི་ལྟོ་བ་ཡངས་པ་རུ༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དབུས༔ རྨ་བྱ་ཉི་ཟླ་པདྨའི་སྟེང་༔ ཚེ་ཡི་བདག་པོ་སྐུ་མདོག་དམར༔ མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ རིན་ཆེན་རྒྱན་རྫོགས་ཅོད་པཎ་ཅན༔ གོས་དཀར་ཡུམ་དང་གཉིས་མེད་འཁྲིལ༔ དམར་སེར་གཞོན་ཚུལ་བདེ་བ་རྒྱས༔ ཚེ་མདའ་གཡས་ལ་ཚེ་བུམ་གཡོན༔ བདེ་ཆེན་ཡབ་དང་གཉིས་མེད་འཁྲིལ༔ ཚེ་དང་དཔལ་གྱི་འཕྲོ་འདུ་གསལ༔ དེ་མདུན་མི་བསྐྱོད་ཡབ་ཡུམ་མཐིང་༔ གཡས་སུ་རིན་འབྱུང་ཡབ་ཡུམ་སེར༔ རྒྱབ་ཏུ་རྣམ་སྣང་ཡབ་ཡུམ་དཀར༔ གཡོན་ཏུ་དོན་གྲུབ་ཡབ་ཡུམ་ལྗང་༔ ཡབ་རྣམས་མཉམ་བཞག་ཚེ་བུམ་འཛིན༔ སྐྱིལ་ཀྲུང་གཟི་བརྗིད་ལྡན་པར་བསྐྱེད༔ ཡུམ་རྣམས་ཡབ་དང་གཉིས་མེད་འཁྲིལ༔ ཚེ་མདའ་གཡས་ལ་ཚེ་བུམ་གཡོན༔ ཤར་དུ་ལཱ་སྱེ་དཀར་མོ་ལ༔ ལྷོ་རུ་མཱ་ལྱེ་སྔོན་མོ་བསྐྱེད༔ ནུབ་ཏུ་གཱིརྟི་དམར་མོ་སྟེ༔ བྱང་དུ་ནཱིརྟི་ལྗང་གུ་བསྐྱེད༔ དེ་ཡི་ཕྱི་རིམ་འཁོར་ཡུག་ལ༔ ཤར་ཕྱོགས་དཀར་མོ་མགྱོགས་མ་སྟེ༔ ལྷོ་ཕྱོགས་སྔོན་མོ་རྒྱས་མའི་ཚུལ༔ ནུབ་ཕྱོགས་དབང་གི་མགྱོགས་མ་དམར༔ བྱང་ཕྱོགས་ལས་ཀྱི་མགྱོགས་མ་ལྗང་༔ དེ་ཡི་ཕྱི་རིམ་པདྨ་དང་༔ མི་འགྱུར་རྡོ་རྗེའི་ཟུར་བཅས་ལ༔ ཤར་དུ་ལྕགས་ཀྱུ་ལྷོར་ཞགས་པ༔ ནུབ་ཏུ་ལྕགས་སྒྲོག་བྱང་དྲིལ་བུ༔ ཚེ་ཡི་བདག་པོ་མགྱོགས་མར་བཅས༔ ཀུན་ཀྱང་ལོངས་སྤྱོད་རྒྱན་དང་ལྡན༔ དེ་ལྟར་གཙོ་འཁོར་ལྷ་རྣམས་དང་༔ གཞན་ཡང་ཚེ་ལྷ་རིག་འཛིན་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཚེ་ཡི་འཕྲོ་འདུ་འོད་ཟེར་ཅན༔ ལྷུན་གྲུབ་འགྱུར་བ་མེད་པར་བསྒོམ༔ མོ་ཡང་ན་མདུན་བསྐྱེད་ནང་བསྒྲུབ་ལྟར་བྱ། རྩ་བསྒྲུབ་ཡིན་ན། གནས་གསུམ་ཡི་གེ་འབྲུ་གསུམ་དང་༔ ཐུགས་སྲོག་ཏིང་འཛིན་སེམས་དཔའ་ཧྲཱིའི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ བདེ་བ་ཅན་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨཱ་ཡུ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་མུ་དྲ་ས་མ་ཡ་ཛ་ཛ༔ ༼ ཚིག་བདུན་གསོལ་འདེབས་བཅས་མེ་དར་ཐོགས་ལ། ༽ ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་༔ སོགས། ཧཱུྃ༔ དེང་གི་གནས་མཆོག་སོགས་ནས་ཕྱག་འཚལ་ཡན་རྫོགས་རྗེས་བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལས་འོད་ཟེར་སེར་པོའི་རང་བཞིན་ཞིང་ཁམས་ཀུན་ཏུ་ཁྱབ་པར་རྒྱས་པའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ་ལ་ཆེས་དཔའ་ཞིང་། ཞལ་འཛུམ་པ་དང་བཅས་ཅུང་ཟད་གདེངས་པའི་ཉམས་ཀྱིས་ལྗགས་པདྨའི་སྦུ་གུ་ཅན་གྱི་བསྲེགས་བླུག་གི་བཅུད་དྲངས་ཏེ་གསོལ་བར་བསམ་ལ་རྩ་སྔགས་མཐར། ཨོཾ་ཨགྞེ་ཡེ་སྭཱ་ཧཱ༔ ཞེས་བྱོན་སྐྱེམས་ལན་བདུན་ཕུལ་ཞིང་། ཧཱུྃ༔ འཁོར་འདས་དག་མཉམ་བདེ་བ་ཆེའི༔ རྒྱན་སྣང་རྣམ་ཀུན་མཆོག་ལྡན་པ༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས༔ འདོད་ཡོན་ལོངས་སྤྱོད་རོལ་བར་བསྒྱུར༔ ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན༔ འཛད་མེད་ནམ་མཁའི་གཏེར་ཆེན་མཛོད༔ རྣམ་པ་ཕྱི་ནང་གསང་བ་དང་༔ ཡང་གསང་བླ་ན་མེད་པ་ཡི༔ མཆོད་རྫས་བསྐང་རྫས་བཞེས་སྤྲོ་རྒྱན༔ ཡེ་ཤེས་རོལ་བས་བྱིན་རླབས་ཏེ༔ བསོད་ནམས་ཞིང་མཆོག་དམ་པ་ལ༔ མཚན་དཔེའི་གཟི་མདངས་བསྐྱེད་ཕྱིར་འབུལ༔ ཐུགས་རྗེའི་འགྲོ་བའི་དོན་དུ་བཞེས༔ དམ་ཚིག་དགྱེས་པ་ཡོངས་བསྐོངས་ནས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ སྡིག་སྒྲིབ་ཉམས་ཆགས་ཀུན་དག་ནས༔ ནད་དང་གནོད་པ་བར་ཆད་ཕྱོགས༔ མ་ལུས་ཞི་ཞིང་བཟློག་པ་དང་༔ ཚེ་བསོད་དཔལ་འབྱོར་གཟི་བརྗིད་སྟོབས༔ ཁ་རྗེ་དབང་ཐང་སྙན་གྲགས་མཐུ༔ ཤེས་རབ་ཡེ་ཤེས་ཡོན་ཏན་དཔལ༔ གཟུངས་སྤོབས་ཏིང་འཛིན་རྒྱས་པར་མཛོད༔ ཁམས་གསུམ་སྲིད་པ་གསུམ་གནས་དང་༔ མཁའ་འགྲོ་གྲུབ་པ་ཅན་དག་དང་༔ ཟས་ནོར་ལོངས་སྤྱོད་ཆོས་སྲིད་དཔལ༔ འཁོར་འདས་དཔལ་ཡོན་དབང་དུ་བསྡུས༔ ཕྱི་ནང་གསང་བ་ཡང་གསང་གི༔ ཡིད་སྲུབས་སྡེ་བཞིའི་རུ་ཏྲའི་དཔུང་༔ འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་འབྲས་ཀུན༔ མི་གནས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཐུན་མོང་དངོས་གྲུབ་གྲུབ་ཆེན་བརྒྱད༔ དབང་ཕྱུག་ཟད་པར་ཟིལ་གནོན་དང་༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས༔ ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ༔ ཐུན་མིན་རིག་འཛིན་རྣམ་པ་བཞི༔ དབང་བཅུ་དབང་ཕྱུག་མཆོག་བརྒྱད་དང་༔ སྟོབས་བཅུ་མི་འཇིགས་མ་འདྲེས་ཆོས༔ ཁ་སྦྱོར་ཡན་ལག་བདུན་ལྡན་དང་༔ འགྲོ་འདུལ་ཕྲིན་ལས་ལྷུན་གྲུབ་ཀྱི༔ མགོན་པོའི་གསང་གསུམ་རྣམ་ཐར་གྱི༔ གྲུབ་མཐའི་རྗེས་སུ་སྙོགས་པ་ཡི༔ དོན་གཉིས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཞེས་བརྗོད་ཅིང་། ཡམ་ཤིང་ལ་རྩ་སྔགས་མཐར། ཨོཾ་བྷོ་དྷི་བྲིཀྵ་ཡེ་སྭཱ་ཧཱ། མར་ཁུ་ལ། རྩ་སྔགས་མཐར། ཨོཾ་བྷ་ཝ་ཀ་སྭཱ་ཧཱ། དེ་ནས་རྫས་སོ་སོར་འབུལ་ན་གོང་ལྟར་དང་། ཡང་ན། ༼ བསྡུ་ན། ༽ ཨོཾ་ཡ་ཛྱཾ་ ༼ མཆོད་ཡུལ། ༽ མཎྜ་ལཾ་དེ་ཝ་ ༼ དཀྱིལ་འཁོར་ལྷ་ཚོགས། ༽སཾ་གྷ་ ༼ འཁོར་བཅས། ༽ པུ་ནུ་བ་ར་ར་ཎ་ ༼ ཞལ་དུ་བསྲེགས་བླུག་གི ༽ ཨ་ཧུ་ཏི་ཨརྩི་ཏ་བྱཱ་ ༼ མཆོད་པ་ ༽ ས་མུ་ཊ་ ༼ རྒྱ་མཛོད། ༽ ཤྲི་ ༼ མཆོག་ ༽ཡནྟ་ནིརྱ་ཏ་ཡ་མ་ ༼ འབུལ་བར་བགྱི། ༽ དརྵ་ ༼ བཞེས་ཤིག ༽ ཁཱ་ཧི། ༼ རོལ་ཅིག ༽ ཞེས་པ་གསུམ་མཐར། རྩ་སྔགས། ཨ་མྲ་ཏཾ་ཁཱ་ཧི། བཏགས་ཏེ་རྫས་སྤུངས་སྡེར་མ་དགུར་བྱས་ཏེ། བཅུ་མཚམས་ནས་འདོད་གསོལ་དང་བཅས་ཚར་བཅུ་འགྲོ་བར་བྱ། དེའི་བསྙེན་བསྒྲུབ་ཀྱི་ཁ་བསྐོང་འོང་ངོ་། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ། ཞེས་སོ་རྩི་འབུལ། དེ་ནས་དེ་ལ༴ ཝསྟྲས་ན་བཟའ་འབུལ། ལྷ་ཚོགས་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་སེར་པོ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་དབུལ་བ་མཐའ་དག་བསལ་ཏེ། བླ་ཡར་བ་བཀུག་ཚེ་ཟད་པ་བསྲིངས་ཉམས་པ་གསོས་འཐོར་བ་བསྡུས་ཆད་པ་མཐུད་ནས་འཆི་མེད་རྡོ་རྗེའི་བདག་ཉིད་མགོན་པོ་ཚེ་དཔག་མེད་རིགས་ལྔའི་རྣམ་པར་བྱིན་གྱིས་བརླབས་པར་བསམ་ལ། ཡང་རྫས་བསྡུས་ལན་ལྔར་འགྲོ་ཞིང་བཅུ་རེའི་མཚམས་སུ་འདོད་གསོལ་སྔར་བཞིན་བྱའོ། །དེ་ནས་གཞུང་གི་མཆོད་པས་ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་གསུམ་དང་བཅས་ཐབ་ཏུ་འབུལ་ལ། ༼ ཡུངས་དཀར་བཟུང་ལ། ༽ ཧཱུྃ༔ ཆོས་དབྱིངས་མཁའ་ཀློང་ཡངས་བ་རུ། །དམ་རྫས་བདུད་རྩི་འདི་འབུལ་བས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །དམ་ཚིག་ཉམས་ཆགས་ཀུན་བྱང་ནས། །མཆོག་ཐུན་དངོས་གྲུབ་ལྷུན་གྲུབ་ནས། །ཚེ་དཔག་མེད་པའི་གནས་ཐོབ་ཤོག །ཞེས་ཡུངས་དཀར་ཐབ་དུ་དོར་རོ། གཞུང་གི་བསྟོད་པའང་བྱ་ཞིང་། ཡི་གེ་བརྒྱ་བས་ནོངས་པ་བཤགས། སྤྲོ་ན་ཚོགས་ཀྱི་འཁོར་ལོའི་མཆོད། དེ་ནས། ལྷ་ཚོགས་རྣམས་ཀྱིས་སྐུ་གསུང་ཐུགས་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཇའ་སྤྲིན་གྱི་རྣམ་པར་འཕྲོས་ནས་བདག་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་དམིགས་ལ། ཡེ་ཤེས་པ་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །དེ་ནས་མེ་ལྷའི་གཏང་རག་ནི། སྔར་གྱི་རྫས་ལྷག་བྱིན་བརླབས་ལ། །ཨོཾ་ཨགྞེ་ཡེ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། དགང་བླུགས་སྔར་བཞིན་ཕུལ་ནས་སུ། རྫས་ལྷག་མ་རྣམས་གསུམ་གསུམ་གྱིས་ཕུལ་ནས། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ། སོ་རྩི་དང་གོས་འབུལ། དེ་ནས་ཉེར་སྤྱོད་ཀྱིས་མཆོད་དེ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་མཆོད་སྦྱིན་གྱི་རྫས་དང་། ཡོ་བྱད་གཞུང་བཞིན་མ་ཚང་པ་དང་རྒྱུ་ཆུང་ཕུད་ཉམས་པ་ལྷ་ཉེ་བར་མ་བསྒོམ་པ་ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་བ་སྔགས་ཀྱི་གྲངས་ལྷག་ཆད་དང་། ཡི་གེའི་སྐྱེ་གནས་ལོག་པ་ཆོ་གའི་འཁྲིགས་ཆོག་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ཉམས་པ། རྫོགས་རིམ་གྱི་ལྟ་བས་མ་ཟིན་པ། བསྐྱེད་རྫོགས་ཟུང་དུ་མ་འབྲེལ་བར་རིས་ཆད་དུ་གྱུར་བའི་ཉམས་ཆགས་ཐམས་ཅད་དག་པར་གྱུར་ཅིག །ཐམས་ཅད་སྐོངས་བར་གྱུར་ཅིག་སརྦ་པ་པཾ་ཤིནྟཾ་ཀུ་རུ་སྭཱ་ཧཱ། ས་མ་ཏི་པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་ཉེར་སྤྱོད་པས་མཆོད་ཅིང་། སྔར་གྱི་བསྟོད་པས་བསྟོད་དེ། ༼ མེ་ལྷའི་གཏོར་མ ༽ ཨ་ཀཱ་རོས་གཏོར་མ་བརླབས་ལ་ཐབ་དུ་ཕུལ་ནས། ཕྲིན་ལས་བཅོལ་བ་ནི། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས། མེ་ལྷ་ཡེ་ཤེས་པ་གཤེགས་དམ་ཚིག་པ་འབར་བའི་རྣམ་པར་གྱུར་བར་བསམ་མོ། །ལས་མི་འཇིག་པའི་ཕྱིར་རྒྱས་པའི་བྲོས་བསྐོར་ཞིང་། བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །སྔོན་ནས་གླིང་བཞིའི་སྒྲོན་མེ་ཡོད་བཞིན་དུ། །མེ་ཁྱེར་སྲིན་བུར་རེ་ལྟོས་ཅི་སྟེ་འཚལ། འོན་ཀྱང་ཁྱེད་ཐུགས་དགྱེས་པ་སྐོངས་བ་དང་། རྟེན་འབྲེལ་ལེགས་བསམ་བསྒྲིགས་པའི་ཤོམས་ར་ཙམ། དུས་མཐའི་སྔགས་མིང་ཕྱི་ནང་གསང་བ་ཡི། །དེ་ཉིད་མི་ལྡན་སྙམ་པའི་སོམ་ཉི་ལས། ཡིད་ཆད་རང་གནོང་དང་བཅས་ངལ་བ་བྱས། གང་ཕྱིར་གཏོ་ཡས་ལམ་དུ་མ་སྦྱངས་སླད། ཅེས་པའང་རི་བོ་དེ་ཤན་ཡ་གའི་བྲག་ཕུག་མ་ར་ཏི་ཀ་གཉིས་པ་ན་བཞུགས་པའི་འཆི་མེད་རྡོ་རྗེ་གྲུབ་པའི་ཚེ་ཡི་རིགས་སྔགས་འཆང་བ་ཆེན་པོ་ཤ་སཱ་ན་དྷ་ར་བི་ཛ་ཡས་བཞེད་སྐོང་དུ། རྒན་འཆལ་ག་གཱས་སྨྲས་པས་འགྲོ་ཀུན་འཆི་མེད་མགོན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། ལུང་སྦྱིན་པ་ཡིན། གོང་གི་རྫས་ཐམས་ཅད་ལ་རེག་ནས་རང་སྔགས་ལན་གསུམ་རེའི་བྱིན་གྱིས་བརླབས་ནས་རྫས་སྤུང་བྱས་ཀྱང་ཆོག །


previousཚེ་སྒྲུབ་སྤྱི་ལ་སྦྱར་རུང་གི་སྦྱིན་བསྲེག་འདོད་དགུའི་ལྗོན་བཟང་།next