Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཆི་ལྟས་བཟློག་བའི་བྱེ་བྲག་སྨན་གྱི་ལྗོན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཆི་ལྟས་བཟློག་བའི་བྱེ་བྲག་སྨན་གྱི་ལྗོན་པ།next

འཆི་ལྟས་བཟློག་བའི་བྱེ་བྲག་སྨན་གྱི་ལྗོན་པ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ འཆི་ལྟས་བཟློག་བའི་བྱེ་བྲག་སྨན་གྱི་ལྗོན་པ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ འདི་ན་ཐབས་མཁས་དོན་གྱི་བཟློག་པ་དང་༔ ཡས་བསྔོ་བ་སྟེ་རྣམ་པའི་གྲངས་སུ་ངེས༔ དེ་ལ་དང་པོ་གདམས་ངག་རྟེན་འབྲེལ་ཏེ༔ རླུང་ཉིད་མ་ལ་ཞ་བས་བྱེད་ལས་སྟོངས༔ བྱེ་བྲག་རྟེན་འབྲེལ་ལུགས་ལྡོག་འཕོ་བའི་གཤིས༔ བཟློག་ཏུ་ཡོད་པ་སྒྱུ་མ་དེ་སྟབས་ལགས༔ མདོས་དང་མཁོ་ཆས་ཡོངས་སུ་ཚོགས་བྱས་ཏེ༔ འཇམ་དཔལ་ཚེ་ཡི་བདག་པོ་གང་རུང་ནི༔ དཀྱིལ་འཁོར་དལ་ཞལ་ཕྱེ་བའི་ང་རྒྱལ་གྱིས༔ ཐུགས་རྗེ་སྟོབས་ཤུགས་ཅན་གྱི་རྣལ་འབྱོར་བས༔ དཔུང་ཕྲག་སྤྲོད་པ་དེ་ཡང་ལག་ལེན་ནོ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་སྟ་གོན་གྲུབ༔ བསྒོམ་དམིགས་ཟུར་བཤད་བཅས་སུ་ལྡན་པའི་ངང་༔ ཧོ༔ འཁོར་འདས་ཆོས་རྣམས་ཐམས་ཅད་རླུང་ལ་བརྟེན༔ ལྷན་ཅིག་སྐྱེས་དང་འཕྲལ་དུ་བྱུང་བ་གཉིས༔ ངོ་བོ་བདག་གཅིག་ཡེ་ནས་འདུ་འབྲལ་མེད༔ རིག་དང་མ་རིག་བདེ་སྡུག་སྣ་ཚོགས་བྱེད༔ ཁྱོད་ཀྱི་ཡེ་ཤེས་གཉུག་མའི་ཤེས་རབ་ལ༔ རང་མདངས་མགོན་པོ་ལྔ་ཡི་རྣམ་རྟགས་ཀྱིས༔ སྐྱེ་བོ་ཀུན་གྱིས་ལུས་སེམས་རྩི་རུ་སྨིན༔ གཟུགས་བརྙན་ཚུལ་དུ་དཀར་དམར་སྣང་རིག་བཀྲ༔ ཟིན་དང་མ་ཟིན་ཆེ་ཞེ་ཁྱོད་ལ་ཐིམ༔ ཀྱཻ༔ སྔོན་ཚེ་ཐོག་མེད་དུས་ནས་ཡེ་ལྡན་ཀྱང་༔ རེ་ཞིག་བག་ཆགས་སྒྱུ་མའི་ཆོ་རོལ་དུ༔ མཐུན་པར་སད་ཀྱི་སྐྱེ་རྒྱུད་བདག་པོ་ཟུངས༔ འབྱུང་བའི་འཕྲད་ཚུལ་རིན་ཆེན་མི་ཡི་ལུས༔ གང་ཡང་འཕོ་བའི་གནས་སྐབས་ས་བཅུའི་དངོས༔ རླུང་བཅུར་བཞེངས་ལ་རྟེན་གནས་འཕྲོ་འདུར་སྣང་༔ རྐྱེན་དེས་དུས་བཞི་སྐྱེ་རྒ་ན་འཆིར་ཤར༔ འོན་ཀྱང་མཁའ་སྤྱོད་སྲོག་ཆེན་ཁྱོད་ནི་རྟག༔ ད་ལྟ་འདུས་བྱས་མཚན་མར་གྱུར་བས་ན༔ མཐའ་བཞིའི་ཆོ་འབྲང་ཅན་གྱི་དུས་རྟགས་སུ༔ ཁྱབ་འཇུག་དབང་པོ་རང་འོད་དབྱིངས་སུ་ཡལ༔ དབྱུག་གུ་ལྷ་མོའི་ནུས་པ་མ་ཐོབ་སོ༔ ཁྱད་པར་རྩ་ནི་སྟོང་དུ་དཀྱིལ་འཁོར་འབབས༔ ཉི་ཤུ་རྩ་བཞིར་བསྒྲིལ་བའི་ཁ་ལོ་ཡི༔ ཁམས་དང་སིདྷལ་ཚེ་སྲོག་མི་འཇིགས་རྟེན༔ བཀོད་པ་དེར་ཡང་ལྷ་མོའི་རང་དབང་བསྒྱུར༔ སྲོག་ཤིང་དབུས་རྩིབས་ཡན་ལག་དུས་མཉམ་པར༔ ཕྱེད་བཅས་ཆོས་ཉིད་ཕྲིད་པའི་ལྷག་རོལ་ལ༔ ཉི་ཤུ་རྩ་གཅིག་སྟོང་ཕྲག་གྲངས་སུ་འགྱུར༔ ཕྱི་ནང་གཞན་གསུམ་འཁོར་ལོ་འགྲོས་མཐུན་འཁོར༔ གྲལ་བཟང་སྐྱེ་བོ་དག་ལ་སྒྲ་གཅན་གྱི༔ རྩེ་མོའི་ཡལ་ཀ་དེ་ན་རྟོགས་པའི་རྟར༔ གཡས་གཡོན་མཉམ་པར་དྲག་དལ་ཡབ་ཀྱི་གསུངས༔ ནམ་མཁའ་མགོན་པོ་ཉིད་ལ་མ་ཞུགས་པའི༔ ཤར་ན་མ་ཀཱི་ལྷོ་ཕྱོགས་སྤྱན་མ་དང་༔ ནུབ་ཕྱོགས་གོས་དཀར་བྱང་ན་དམ་ཚིག་སྒྲོལ༔ བདག་པོར་འཁྲིལ་སྦྱོར་དགུ་བརྒྱར་དབང་ཆེན་ཐོབ༔ སྣང་མཛད་སྐུར་བཞེངས་བཤོལ་དུ་བརྩན་པའི་དམ༔ འཕེན་རྫོགས་ལས་ཟད་པ་ལ་ཇི་ལྟོ་སྟེ༔ རེ་ཞིག་དུས་ལ་མ་བབས་མཚན་མ་ཕྲན༔ ཉམས་པ་སྣ་ཡི་མ་སུ་ཀི་ཆད་ན༔ ལྷ་མོ་སྤྱན་མའི་བྷ་ག་ཡངས་བ་ནས༔ ཡོན་ཏན་ཚེ་བདག་རིན་ཆེན་མགོན་པོ་བྱོན༔ ཟུང་འཇུག་ཡུམ་གྱི་བདེ་ཀློང་བསྐྱེད་བསྲིངས་ཏེ༔ སེམས་ཅན་འདི་ལ་འཆི་མེད་ཚེ་དབང་བསྐུར༔ བླ་ཚེ་ཆད་ཉམས་སོར་ཆུད་དངོས་གྲུབ་སྩོལ༔ ཁྱེད་ཀྱི་སྐུ་ནི་རྟག་པ་ལྔ་ལྡན་ལ༔ ངེས་ཤེས་ཐེ་ཚོམ་མེད་པའི་དད་གུས་བསྐྱེད༔ ཁྱེད་གསུང་འབྱུང་ཆེན་ཡན་ལག་དྲུག་ཅུའི་གདངས༔ དུས་དང་རྒྱུན་གྱི་འཆད་དང་འགགས་མེད་ཅིང་༔ ཐུགས་དབྱིངས་མཁའ་ཁྱབ་སེམས་ཀྱི་རྡོ་རྗེ་ལ༔ སྐད་ཅིག་ཆ་ཤེས་འདུས་བྱས་རང་མཚན་བྲལ༔ ཀུན་ཀྱང་བསམ་བརྗོད་སྤྲོས་པའི་མཐའ་བྲལ་བའི༔ ཆེ་བའི་ཡོན་ཏན་ཟག་མེད་ལྷུན་གྲུབ་དང་༔ ཕྲིན་ལས་ངང་བྱུང་རྫོགས་པ་ཆེན་པོ་ཅན༔ སེམས་ཅན་འདི་ལ་འཆི་མེད་ཚེ་དབང་བསྐུར༔ བླ་ཚེ་ཆད་ཉམས་སོར་ཆུད་དངོས་གྲུབ་སྩོལ༔ ཀྱཻ༔ ཟ་བྱེད་འཁྱིལ་པའི་རླུང་ལ་བསྒོ་བ་མཛོད༔ བཅོམ་ལྡན་རྣམ་པར་སྣང་མཛད་ཐུགས་རྗེས་གཟིགས༔ ནམ་མཁའི་བདག་ཁྱོད་ཀློང་འཁྱིལ་ཕྱིར་མ་གཤེགས༔ ༈ ཁམས་གསུམ་ཕྱི་ནང་བླ་ཚེའི་དྭངས་མ་བསྡུས༔ འཁྱམས་དང་གློ་བུར་ཡར་བ་སླར་གཟུད་ཅིག༔ ཧཱུྃ༔ ཁམས་ཀྱི་སྲོག་གི་སྡོང་པོ་ཆུ་ཡིས་ཟུངས༔ བཅོམ་ལྡན་རྡོ་རྗེ་མགོན་པོ་ཁྱོད་ཡིན་ཏེ༔ སྐྱབས་སུ་བཞུགས་ལ་རིགས་ཆུང་དཀྱིལ་འཁོར་ཀྱང་༔ ཉི་ཟེར་འདུ་འགོད་མེད་བཞིན་ད་ངོམ་ཤིག༔ ཁམས་གསུམ་ཕྱི་ནང་བླ་ཚེའི་དྭངས་མ་བསྡུས༔ འཁྱམས་དང་གློ་བུར་ཡར་བ་སླར་གཟུད་ཅིག༔ ཨཱཾ༔ ཁམས་ཀྱི་གྲོགས་ལྷ་ཕན་བྱེད་སྨན་པའི་རྒྱལ༔ བཅོམ་ལྡན་པདྨ་མགོན་པོ་ཁྱོད་ཡིན་ཏེ༔ གསོས་སུ་བཞུགས་ལ་རིགས་ཆུང་དཀྱིལ་འཁོར་ཀྱང་༔ མེ་དང་ཚ་བསྲེགས་འགྲོགས་བཞིན་ད་ངོམ་ཤིག༔ ཁམས་གསུམ་ཕྱི་ནང་བླ་ཚེའི་དྭངས་མ་བསྡུས༔ འཁྱམས་དང་གློ་བུར་ཡར་བ་སླར་གཟུད་ཅིག༔ ཧཱ༔ ཕྱོགས་འཛིན་དབང་པོ་གནོད་སྦྱིན་ཀུན་འདུལ་དཔལ༔ བཅོམ་ལྡན་ལས་ཀྱི་མགོན་པོ་ཁྱོད་ཡིན་ཏེ༔ མགོན་དུ་བཞུགས་ལ་དགྲ་དབྱེན་མ་བཅུད་པར༔ རླུང་གི་འོད་ཟེར་གསེར་མདངས་ད་སྤྲོས་ཤིག༔ ཁམས་གསུམ་ཕྱི་ནང་བླ་ཚེའི་དྭངས་མ་བསྡུས༔ འཁྱམས་དང་གློ་བུར་ཡར་བ་སླར་གཟུད་ཅིག༔ བྷྲཱུྃ༔ ལྕགས་ཁམས་སྲོག་གི་ཡ་ལད་བཙན་པོ་ལ༔ བཅོམ་ལྡན་འཁོར་ལོའི་བསྒྱུར་བ་ཆེན་པོར་བཞུགས༔ གསོས་སུ་བཞུགས་ལ་རིགས་ཆེན་མི་གཡོ་བས༔ རྟག་ཏུ་བསྲུང་སྐྱབས་དབང་བསྐུར་བྱིན་རླབས་གསོལ༔ ཁམས་གསུམ་ཕྱི་ནང་བླ་ཚེའི་དྭངས་མ་བསྡུས༔ འཁྱམས་དང་གློ་བུར་ཡར་བ་སླར་གཟུད་ཅིག༔ ཞེས་བརྗོད༔ སྐབས་འདིར་རང་གཏེར་གྱིས་སམ་འཆི་བསླུ་གང་འགྲུབ་བྱས་ལ༔ ཡང་སྒོས་ཀྱི་ཡས་བསྔོ་ན་ཁ་བསྒྱུར་སོགས་ལོ་རྒྱུས་དང་མཐུན་པར་བྱས་ལ༔ ཡས་གླུད་ཐམས་ཅད་སྔགས་དྲུག་ཕྱག་དྲུག་གིས་བརླབས་ཏེ༔ ཀྱཻ་ཛ༔ དོན་ལ་ཕྱོགས་དང་རང་རྒྱུད་མེད་བཞིན་དུ༔ མ་རྟོགས་སྐྱར་བོས་ལོག་རྟོག་རྟེན་འབྲེལ་དུ༔ སྣང་བ་རབ་འབྱམས་མ་འགགས་ཅིར་ཡང་འཆར༔ དེ་ལས་བརྟགས་ཆགས་ལྷ་འདྲེའི་རྣམ་གྲངས་སྲིད༔ ཁྱད་པར་ལྷོ་ཕྱོགས་མེ་ཡི་ཁྲི་སྟེང་ན༔ ཡས་ཀྱི་བདག་པོ་གཤིན་རྗེ་རཱ་ཛ་བཞུགས༔ སྐུ་མདོག་སེར་པོ་ཕྱག་ན་ཁྲམ་ཤིང་བསྣམས༔ འཁོར་དུ་གཤིན་རྗེ་འབུམ་ཕྲག་བཅོ་བརྒྱད་བཅས༔ ཐུར་འཕྱང་འགྲོ་ཞིང་ཀུན་ལ་གནོད་པར་སྦྱོར༔ ཟས་སུ་སྲོག་ཟ་སྐོམ་དུ་དབུགས་ལེན་ཏེ༔ ཆོ་ལོ་རྒྱན་དུ་ཐོད་པ་བསྲེལ་བར་བྱེད༔ ཁྲོ་འཁྲུགས་གཏུམ་རྔམ་ནོར་དུ་བ་ལང་བསྲེལ༔ ནད་དང་མདངས་འཕྲོགས་ཀླུ་སྲིན་བསྡེབས་ཏེ་འབྱུང་༔ ཁྱེད་བྱོན་ཞི་བ་ཆེན་པོའི་རྗེས་དགོངས་ལ༔ འདི་ན་འཁོད་པའི་རྣལ་འབྱོར་མཆོད་པ་བཞེས༔ མི་བས་དགའ་བའི་གླུད་དང་མདོས་མདངས་གཟུགས༔ འདོད་ཡོན་ཕུན་སུམ་ཚོགས་པའི་སྤྲིན་དུ་གཏིབས༔ སྔགས་དང་ཏིང་ངེ་འཛིན་གྱིས་སྦྱངས་སྤེལ་བསྒྱུར༔ འཛད་མེད་ནམ་མཁའ་མཛོད་གྱུར་གཏེར་ཆེན་པོ༔ དམ་ཚིག་དབང་གིས་བདག་གིར་བསྣམས་སུ་གསོལ༔ གཞན་ཡང་ཕྱོགས་དབང་སྤར་སྨེ་དགྲ་གཤེད་ལྷ༔ གེགས་དང་ཕུང་སྲི་ན་ཤི་དུར་གྱི་བདག༔ ཡི་དྭགས་རྒྱལ་པོ་རྒྱལ་མོ་ཐམས་ཅད་དང་༔ ཕྲན་བུ་མཚུན་དང་འཕྲོག་མ་འབྱུང་པོའི་འཁོར༔ ནད་ཡམས་དལ་བདག་ཟ་འདྲེ་ཤི་གཤེད་དང་༔ སྲོག་གཅོད་དབུགས་ལེན་མདངས་འཕྲོགས་ཚེ་ལེན་པ༔ འཇིག་རྟེན་ཁམས་ན་སྲིད་དོ་ཅོག་གི་སྡེ༔ ཆགས་སྲེད་ཁྲོ་འཁྲུགས་སྦྱོར་བསམ་ངན་འབྱུང་ཀུན༔ ཕུད་ལྷག་རང་དབང་དགོས་འདོད་ཕུང་པོར་རོལ༔ སོ་སོའི་སྡུག་བསྔལ་མ་ལུས་ཡོངས་སུ་ཞི༔ བླ་ཚེ་བརྐུས་པ་སོར་སྩོལ་འཁུ་སེམས་དང་༔ བསམ་རེག་ཉེར་གནས་འཁོད་པ་ཀུན་སྤོངས་ཤིག༔ སོ་སོའི་སྡུག་བསྔལ་རྒྱུ་འབྲས་ཀུན་བྲལ་ཏེ༔ ཞི་བ་བྱང་ཆུབ་སེམས་ནི་རྒྱུད་ལ་བརྟེན༔ རང་སར་བཞུགས་ལ་ཡོན་བདག་སེམས་ཅན་ཀུན༔ ནད་དང་ཕྲོལ་ལ་གདོན་དང་ད་ཕྱེས་ཤིག༔ མཆོད་སྦྱིན་གཞན་འཕྲུལ་ལྷ་ཡི་དཔལ་འབར་བས༔ ཚིམ་ནས་བདེ་བས་ཤེས་རྒྱུད་ཟག་མེད་ཤོག༔ ཚེ་རབས་གཏན་གྱི་ལན་ཆགས་ཤ་འཁོན་བྱང་༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ མཉམ་ཉིད་དབྱིངས་ཕྱུག་ཡུམ་ཆེན་ཆོས་ཀྱི་སྐུ༔ འཆི་མེད་ཞི་བསིལ་གཏན་བདེ་དོན་གྱི་སེམས༔ ཁྱོད་དང་ནད་པ་ཆོས་ཉིད་རྒྱུ་གཅིག་སྤུན༔ ཤེས་པར་གྱིས་ལབ་༼ ལ་དཔྱད། ༽ བརྩེ་ཆེན་ཡིད་བྱོས་ཤིག༔ ཁམས་གསུམ་སེམས་ཅན་ཕ་མར་མ་གྱུར་མེད༔ ཕན་ཚུན་བྱམས་བྱས་གནོད་བསྐྱབས་བསམ་མི་ཁྱབ༔ བཟང་ལན་ངན་དང་སྨན་ལན་དུག་འཇལ་ཏེ༔ སྐྱེ་བས་བསྒྲིབ་པས་ཁྱོད་ཀྱིས་མ་མཐོང་ཟད༔ བདེན་པའི་བཀའ་འདི་རྒྱལ་བ་ཀུན་དབྱངས་གཅིག༔ བསྒྲགས་བཞིན་ཐོས་བཞིན་ད་དུང་སྦྱོར་རྩུབས་ན༔ འཁོར་བའི་གནས་སུ་ལྕགས་སྒྲོག་འདིའི་བསྡམས་ཀྱི༔ མནར་མེད་མེ་དོང་སྡུག་བསྔལ་དུས་དྲོན་འགྱུར༔ རང་གཞན་ཀུན་ལ་ཁེ་ཆུང་ཕམ་གླན་ན༔ དེ་བས་དམན་དང་བདག་ཉིད་བསླུས་པ་མེད༔ དྲང་སྲོང་ཚིག་འདི་བསྒོ་བ་རྣར་མ་གཟོན༔ བཟུངས་བཅིངས་མནན་བསྡམས་ཐམས་ཅད་ད་ཁྲོལ་ཅིག༔ སྔོན་ཚེ་དཔལ་ཆེན་མངོན་རྫོགས་བཀའ་འཁོར་བཅས༔ ཆོས་རྟགས་འཆི་མེད་ཕྱག་རྒྱས་ཁྱོད་བཅིངས་ནས༔ བཀའ་བསྒོ་རང་དན་བྲོ་བོར་ཐམས་ཅད་ཀྱི༔ ཚིག་གཅིག་དེ་ལས་མ་འདའ་ས་མ་ཡཱ༔ གཤེད་པོ་ཁྲོ་བོ་ཆེན་པོའི་བཀའ་འདས་ན༔ རུལ་མྱག་ཚིག་དང་མགོ་སྙིང་ཚལ་བར་འགས༔ ཉོན་མོངས་ཉེས་དམིགས་ལས་ཀྱི་རྒྱུ་འབྲས་དང་༔ རང་གིས་དམོད་པས་བདེན་བརྡར་འགྲུབ་པར་ངེས༔ དེ་བས་རང་ལ་ཕན་པར་འདོད་པ་ཡིས༔ སྡུག་བསྔལ་རྒྱུ་འདི་ཅི་ནས་སྤང་བར་བྱ༔ གཏན་གྱི་འདུན་མ་སྐྱེ་རྒ་ན་དང་འཆིའི༔ ཆུ་བོ་བཞི་སྒྲོལ་གཞན་དོན་ལྷུར་ལེན་བཟང་༔ རང་སེམས་དུལ་ན་དམ་ཆོས་གཞན་དུ་མེད༔ རང་ངོ་རྟོགས་ན་སངས་རྒྱས་ལོགས་ན་མེད༔ ཆོས་བཞིན་གནས་ན་དགེ་འདུན་དེ་ཡིན་ཏེ༔ ཁྱོད་ཀྱང་བསྟན་པ་འདི་ལ་གནས་པར་བྱོས༔ བདག་དང་ཡོན་བདག་གཙོ་བྱས་མཁའ་ཁྱབ་འགྲོ༔ མཆོད་སྦྱིན་འདི་ཡིས་བསོད་ནམས་ཚོགས་རྫོགས་ནས༔ ན་བ་སོས་ཏེ་འཆི་བ་བསླུས་པ་དང་༔ ཡོ་བ་བསྲེང་ལ་ཤི་བ་སླར་བསླང་ཞིང་༔ དུས་དང་རྣམ་པ་ཀུན་ཏུ་བཀྲ་ཤིས་དང་༔ བདེ་ལེགས་དུས་སྟོན་ཉི་ཟླ་ལྟར་འབར་ཤོག༔ དེ་ལྟར་གྲངས་མང་བསྔོ༔ སྐབས་འདིར་ཁྱེར་ཅིག་ཅི་མང་མཐར༔ ཧཱུྃ༔ གཤེད་པོ་མི་བཟད་འབར་བ་ཡི༔ ཐུགས་ལས་འཕྲོག་བྱེད་འོད་འཕྲོས་ཏེ༔ སོ་སོའི་ལག་ནས་བླ་ཚེ་སྲོག༔ འོད་མཐིང་རྣམ་པར་བསྡུས་ཏེ་བསྟིམས༔ འཁོན་སྦྱངས་ཞི་བའི་བདེ་བ་ནི༔ ཕམ་ཕབ་ཚབ་མར་ཕྱོགས་མེད་འགྱེད༔ ཀུན་ཀྱང་དགའ་བའི་རྒྱུད་གང་ནས༔ རང་བྱུང་དགེ་སློང་ཤ་སྟག་གྱུར༔ མི་དམིགས་ཆོས་དབྱིངས་གདོད་མའི་གཞི༔ དེ་བཞིན་ཉིད་ཀྱི་ངང་དུ་འབྱམས༔ གནོད་བྱ་གནོད་བྱེད་ཡུལ་དངོས་བཅས༔ ཕྱམ་གཅིག་སངས་རྒྱས་ཐོབ་པར་གྱུར༔ ཨོཾ་སརྦ་བུདྡྷ་གཙྪ་ཨཱ༔ ཅེས་ཀྱང་ལན་གསུམ་བརྗོད་པ་ཡིས༔ ཟད་པ་གསུམ་ལ་ཐུག་པའང་༔ ལོ་གསུམ་ཕྱིར་བལྟས་མ་བྱས་ཚེ༔ པདྨ་ང་ཡིས་བསླུས་པ་ཡིན༔ འོན་ཀྱང་ཐེ་ཚོམ་ཕྲ་ཡོད་དང་༔ ཁྱད་པར་དམ་ཚིག་ཉམས་པ་ལ༔ བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར༔ དེ་གཞན་ཐམས་ཅད་འདི་ཡིས་སྐྱོབས༔ ཅེས་པ་འདི་ཉིད་དགེ་རྩེ་དཔོན་ལྷ་རྒྱལ་ལ་ནད་ཀྱིས་ཉེན་ནས་ལྟས་མཚན་ངན་ཚེ་རྒྱུད་དང་མན་ངག་གི་དོན་བསྡུས་ཏེ་པདྨ་ཀ་རས་ཟབ་ཐིག་དུ་གནང་བ་རྗེས་འཇུག་རིག་འཛིན་གྱི་གྲྭལ་དུ་ཡིད་སྨོན་ཆེ་བ་ག་གཱ་ཨ་བྷྱེ་ནས་སྨྲས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ། །


previousའཆི་ལྟས་བཟློག་བའི་བྱེ་བྲག་སྨན་གྱི་ལྗོན་པ།next