Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་རྒྱུན།next

ཐུགས་རྗེ་ཆེན་པོའི་རྒྱུན།

ཐུགས་རྗེ་ཆེན་པོའི་རྒྱུན་ཁྱེར་ཁྱེར་བཞུགས་སོ༔

ཧྲཱིཿ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཕྱི་སྣོད་རི་བོ་ཏ་ལའི་ཞིང་༔ རྡོ་རྗེ་ལུས་ཀྱི་གཞལ་ཡས་ཁང་༔ དཀར་དམར་རྣམ་དག་ཉི་ཟླ་དང་༔ པད་དཀར་འདབ་དྲུག་གྱེས་པའི་དབུས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ནི༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར༔ དང་པོའི་ཕྱག་གཉིས་ཐུགས་ཀ་རུ༔ ཐལ་སྦྱར་གཡས་གཡོན་འོག་མ་གཉིས༔ སྙན་ཐད་ཤེལ་ཕྲེང་པད་དཀར་འཛིན༔ རིགས་ལྔའི་དབུ་བརྒྱན་དར་ཤམ་ཅན༔ སྐུ་སྟོད་དར་དཔྱང་སྟོད་གཡོགས་དང་༔ ཅོད་པཎ་ཟི་ལྡིར་སྐ་རགས་འཕུར༔ སྙན་དང་མགུལ་རྒྱན་འོག་པག་དང་༔ ཕྱག་ཞབས་སོར་གདུབ་དཔུང་རྒྱན་བཅས༔ དོ་ཤལ་རིན་ཆེན་སེ་མོ་དོའི༔ རབ་བརྒྱན་ཞི་ཚུལ་དགུ་དང་ལྡན༔ གསང་བ་ཡེ་ཤེས་གཡོན་ནས་འཁྲིལ༔ སངས་རྒྱས་སྟོང་དང་གྲུབ་ཆེན་བརྒྱད༔ འབུམ་ཕྲག་མཁའ་འགྲོའི་འཁོར་གྱིས་བསྐོར༔ རིགས་བདག་ཨ་མི་དེ་ཝར་ཤར༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ འོད་འཕྲོས་རང་བཞིན་ཆོས་དབྱིངས་དང་༔ ལྷོ་ཕྱོགས་རི་བོ་གྲུ་འཛིན་ནས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ༔ སྤྱན་དྲངས་དམ་ཚིག་དཀྱིལ་འཁོར་ལ༔ གཉིས་མེད་བརྟན་བཞུགས་རོ་གཅིག་གྱུར༔ དབྱེར་མེད་རིག་པས་ཕྱག་འཚལ་ལོ༔ ཕྱི་ནང་དངོས་ཡིད་ཏིང་ངེ་འཛིན༔ ཡེ་ཤེས་རྒྱན་གྱི་མཆོད་པ་འབུལ༔ ཡོན་ཏན་རྣམ་ཐར་མཆོག་རིག་པའི༔ ལུས་ངག་ཡིད་ཀྱི་གུས་པས་བསྟོད༔ ཧྲཱིཿ དང་ཨེ་མ་ཨོཾ་ཧཱུྃ་ཨཱ༔ ཐུགས་ཀར་བླ་མ་གཅེར་བུ་ཡི༔ ཁོང་སེང་པདྨེའི་ཟེའུ་འབྲུ་ལ༔ ཧྲཱིཿ མཐར་འདབ་མར་ཡིག་དྲུག་འཁོར༔ བཟླས་པས་འོད་ཀྱི་འཕྲོ་འདུ་ཡི༔ དོན་གཉིས་ལྷུན་གྱིས་གྲུབ་པར་མོས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ མཐར་ནི་མཆོད་བསྟོད་མི་དམིགས་བཞག༔ བཀྲ་ཤིས་དམ་པས་མཐའ་རྒྱན་ནོ༔ ཅེས་ཀྱང་བུདྡྷའི་བཞེད་སྐོངས་སུ༔ སྔགས་མིང་ག་གཱའི་ཐོལ་བྱུང་བའོ༔ ཡི་གེ་ཤི་ལའི་མཚན་གྱིས་སོ༔ མངྒ་ལཾ༎ ཧྲཱིཿ རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་སྐུ༔ དཀར་གསལ་ཕྱག་བཞི་ཐལ་སྦྱར་པད་ཕྲེང་འཛིན༔ སྐྱིལ་ཀྲུང་གིས་བཞུགས་ཐུགས་ཀར་ཧྲཱིཿཡིག་མཐར༔ རྩ་སྔགས་འོད་ཀྱིས་དོན་གཉིས་ལྷུན་གྲུབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ག་གཱས་སྣ་ཆེན་ལ་སྤྲེང་བའོ། །


previousཐུགས་རྗེ་ཆེན་པོའི་རྒྱུན།next