Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་དབང་བསྡུས་འཁོར་ལོ་ཡོངས་རྫོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དབང་བསྡུས་འཁོར་ལོ་ཡོངས་རྫོགས།next

ཐུགས་རྗེ་ཆེན་པོའི་དབང་བསྡུས་འཁོར་ལོ་ཡོངས་རྫོགས།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཐུགས་རྗེ་ཆེན་པོའི་དབང་བསྡུས་འཁོར་ལོ་ཡོངས་རྫོགས་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །དཀྱིལ་འཁོར་བཞེངས་བསྒྲུབ་སྔོན་སོང་ནས༔ བདག་ཉིད་འཇུག་དང་སློབ་མ་ལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་སྒོམ༔ འབྲེལ་བརྟགས་མེ་ཏོག་བཀྱེ་བསྡུས་མཐར༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་ལོ་ཡོངས་རྫོགས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་བར་བྱ༔ དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བར་བགྱིའོ་སྙམ་པ་དང་༔ ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་ཀུན་སློང་གིས་དྲངས་ནས་ཆོས་ཉན་པའི་ཀུན་སྤྱོད་ཀྱི་རིམ་པ་སྤྱི་དང་བྱེ་བྲག་རྣམས་འཚལ་བར་བགྱིས་ནས༔ གང་གསན་བྱ་ཐབས་མཁས་ཐུགས་རྗེའི་མངའ་བདག་ཆོས་སྐུའི་དུས་ན་འོད་དཔག་ཏུ་མེད་པ་པདྨ་གངས་ཅན་མཚོ༔ ལོངས་སྤྱོད་རྫོགས་སྐུ་གསུང་གི་སྐུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དང་༔ སྤྲུལ་པ་སྐུའི་ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་དུ་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་༔ སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱི་སྐལ་བར་བླུགས་པའི་གླགས་ ༼ བླགས་དཔྱད། ༽ ལ་བབས་པ་སྟེ༔ འདི་ལའང་ཕྱི་ནང་གི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་ལས་ནང་རྒྱུད༔ དེ་ལས་གསང་སྔགས་གསར་རྙིང་གཉིས་ལས་རྙིང་མ་ཕ་མ་གཉིས་མེད་དམ་རྒྱུད་ལུང་མན་ངག་གཉིས་ལས་ལུང་གི་མན་ངག་དུ་གཏོགས་པ་ལས༔ རིང་བརྒྱུད་བཀའ་མ་དང་༔ ཉེ་བརྒྱུད་གཏེར་མ༔ བྱིན་རླབས་དག་སྣང་གསུམ་ལས་ཕྱི་མ༔ ས་གཏེར་དུས་ཚིགས་ཀྱི་ཡོལ་ནས་དག་སྣང་དུ་བྱུང་བ༔ ནམ་མཁའ་འཇིགས་མེད་པའི་མཚན་ཅན་བཞིར་སྐྱེ་བ་བརྒྱུད་པའི་ཐ་མ༔ རིག་འཛིན་བདུད་འཇོམས་དཔལ་ཀྱི་རྡོ་རྗེའི་ཕྲན་གཏེར་བརྒྱད་གྱི་ནང་ཚན་བརྟུལ་ཞུགས་འཁོར་བའི་སྤྱོད་པ་མ་སྤང་རྒྱན་དུ་རྫོགས་ཤིང་སྐྱོན་གྱིས་མ་གོས་པར༔ མཁའ་འགྲོའི་ལུང་བྱང་ལས༔ དུང་གི་ཟླ་བ་དཀར་པོ་འབྱུང་༔ ཞེས་དང་༔ གསང་འདུས་ཁ་བྱང་ལས༔ རྒྱལ་པོའི་སྲས་མོ་ལྷ་ཡི་ལྕམ༔ བུ་ཆུང་ནམ་མཁའ་འཇིགས་མེད་པ༔ ཞེས་གསུངས་པ་དེ་ཉིད་ལ་བརྒྱུད་དྲུག་གཅིག་འདྲེས་སུ་གྱུར་པ་ཐུགས་རྗེ་ཆེན་པོ་འཁོར་ལོ་ཡོངས་རྫོགས་ཀྱི་དབང་ཟབ་མོ་འབུལ་བ་ལ་སློབ་དཔོན་གྱི་བགྱི་འོས་སྔོན་དུ་གྲུབ༔ ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་མཎྜལ་མཛོད༔

དེ་ནས་གསོལ་བ་གདབས་པ་ནི༔ ཀྱེ་ཧོ༔ དུས་གསུམ་བདེ་གཤེགས་གྲངས་མེད་ཀྱི༔ དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོག༔ རྡོ་རྗེའི་བླ་མ་རིན་པོ་ཆེས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི༔ གྲོང་འཇུག་དབང་མཆོག་བསྐུར་དུ་གསོལ༔ དེ་ནས་བླ་མས་ལན་བཏབ་པ༔ ཧོ༔ གསངས་སྔགས་འཇུག་སྒོ་དབང་ཡིན་ཀྱང་༔ སྲོག་དུ་དམ་ཚིག་བསྲུང་ལ་རག༔ ཁྱོད་ཀྱིས་དེ་ལྟར་བྱ་ནུས་སམ༔ སོམ་ཉི་ལྡན་རྣམས་ཕྱིར་དེངས་ཤིག༔ ཅེས་བསྩལ་སློབ་མས་ལན་གསོལ་བ༔ ཀྱེ༔ གསང་བའི་དམ་ཚིག་གང་དང་གང་༔ རྡོ་རྗེ་རྒྱལ་བོའི་ལུང་བསྟན་གྱིས༔ བདག་ལ་སྣང་བར་མཛད་དུ་གསོལ༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ་༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ འདི་ནི་རྡོ་རྗེ་མེའི་དབལ་ཆུ༔ དམ་ཚིག་ལྡན་པའི་བསྲུང་འཁོར་ཡིན༔ གལ་ཏེ་ཡལ་གམ་བོར་གྱུར་ན༔ སྙིང་བསྲེགས་རྡོ་རྗེའི་དམྱལ་བར་འཚོད༔ དེ་བས་དམ་ལ་མི་འདའ་ཕྱིར༔ རྡོ་རྗེའི་བདུད་རྩིའི་ཆུ་འདི་འཐུང་༔ ས་མ་ཡཱ་ན་ར་ཀན༔ དེ་ནས་དམ་སྡོམ་སྦྱིན་བའི་ཕྱིར༔ རྣམ་དག་མཆོད་བདུན་སྔོན་སོང་བའི༔ རྗེས་ཐོག་བླ་མས་འདི་སྐད་བསྒྲགས༔ ཧོ༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་༔ གཞན་གནོད་གཞི་བཅས་སྤངས་པའི་བློས༔ རིས་བདུན་སོ་སོ་ཐར་བ་དང་༔ བྱང་ཆུབ་སེམས་བསྐྱེད་བསླབ་པ་དག༔ སྤྱི་ཡི་དམ་ཚིག་ཉིད་དུ་བཟུང་༔ མ་ལུས་ཡོངས་སུ་རྫོགས་ཐོབ་ཤོག༔ དག་པ་རྣམ་གསུམ་སྒོར་ཞུགས་ཏེ༔ གསང་སྔགས་ནང་གི་བསླབ་སྲུང་གནས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནས༔ རྩ་བ་ཡན་ལག་ལྷག་པ་ཡི༔ དམ་ཚིག་སྡོམ་པ་ཁྱོད་ལ་སྦྱིན༔ མ་ལུས་ཡོངས་སུ་རྫོགས་ཐོབ་ཤོག༔ གལ་མདོ་ངེས་དང་ལྷག་བརྟུལ་ཞུགས༔ བསྲུང་དུ་མེད་པ་ཡན་ཆད་ཀྱི༔ དམ་ཚིག་སྡོམ་པ་ཁྱོད་ལ་སྦྱིན༔ མ་ལུས་ཡོངས་སུ་རྫོགས་ཐོབ་ཤོག༔ ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ༔ རྟག་ཏུ་འདི་འདྲ་མ་བཏང་ཞིག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྱག་རྒྱ་གསང་ཆེན་འདི་ཡིན་ནོ༔ ཅེས་བསྒྲགས་དེ་ནས་དཀྱིལ་འཁོར་དུ༔ འཇུག་པ་ཕྱི་ནང་གནས་གཅིག་གིས༔ ཧཱུྃ༔ དཀྱིལ་འཁོར་ཕྱོགས་བཞིའི་ཡེ་ཤེས་སྒོ༔ ཤེས་རབ་ཐུགས་རྗེའི་སྟོབས་ཀྱི་ཕྱེས༔ ཚད་མེད་བརྒྱད་དང་ལྡན་པའི་བློས༔ སྒྲིབ་བྱེད་མ་རིག་མུན་པ་ཕྲལ༔ ཛྙཱ་ན་ཙཀྲ་ཨ་བྷི་ཥིཉྩ༔ སྔོན་འབྲེལ་བརྟགས་ཕྱིར་མེ་ཏོག་དོར༔ ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ལྷ་དང་སྦྱངས་རྟགས་སྡུག་བསྔལ་ལས༔ ཕྱེ་ཕྱིར་མེ་ཏོག་འདི་དོར་བས༔ སྔོན་འབྲེལ་ལྷ་ལ་འབབ་པར་ཤོག༔ པུཥྦེ་དཱེ་ཝ་པྲ་ཏི་ཙ་ཧོ༔ ཧཱུྃ༔ ཡུན་རིང་མ་རིག་ལིང་ཐོག་གིས༔ རང་གནས་མཐོང་བྱེད་ཤེས་རབ་སྤྱན༔ ལྡོང་བར་ཐུགས་རྗེའི་གསེར་ཐུར་གྱིས༔ ཕྱེས་ནས་ལྷ་ཞལ་མངོན་པར་ཤོག༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་ལྷ་ངོ་བསྟན་པ་ནི༔ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོ་འདི༔ རང་གནས་སྐུ་རིག་ཡེ་ཤེས་འོད༔ གཞན་ནས་བྱུང་བ་མ་ཡིན་ཏེ༔ རང་སྣང་ལོངས་སྐུའི་བཀོད་པའོ༔ འདི་ཉིད་མཐོང་བ་ཙམ་གྱིས་ཀྱང་༔ སྡིག་རྒྱུན་ལྡོག་ཅིང་ཟག་པ་ཟད༔ རིག་པ་འཛིན་པའི་ས་ལ་གནས༔ སྐལ་བ་མཆོག་ལ་དགའ་བར་གྱིས༔ ད་ནས་སྒྲུབ་མཆོད་མཉན་སྦྱོར་ལ༔ དུས་གསུམ་ཀུན་ཏུ་མ་གཡེལ་ཅིག༔ ནང་འཇུག་ཡེ་ཤེས་དབབས་པའི་ཕྱིར༔ སྭ་བྷ་ཝ་ཡིས་སྟོང་བར་སྦྱངས༔ སློབ་མ་སྐད་ཅིག་དྲན་རྫོགས་ནས་རོ་གཅིག་གྱུར༔ གྱི་བར་རོ༔ དེ་ནས་གསོལ་བ་གདབ་པ་ནི༔ ཀྱེ་ཧོ་བླ་མ་རིན་པོ་ཆེ༔ འགྲོ་མགོན་ཐུགས་རྗེའི་བདག་ལ་དགོངས༔ ཐུན་མོང་ཐུན་མིན་མཆོག་གི་དབང་༔ བརྩེ་བ་ཆེན་པོའི་བསྐུར་དུ་གསོལ༔ དེ་ནས་དབང་བསྡུས་འདི་སྐད་དོ༔ ཨོཾ་ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་༔ རྒྱལ་བ་རིགས་ལྔའི་ངོ་བོ་སྟེ༔ ཉོན་མོངས་དུག་ལྔ་སྦྱོང་མཛད་པས༔ དབང་བསྐུར་ལྷ་དང་སྐལ་མཉམ་ཤོག༔ ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ༔ གཉིས་པ་ཐུན་མིན་ནང་གི་དབང་༔ ཨོཾ༔ བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡི༔ སྐུ་ཡི་རང་བཞིན་བུམ་པའི་དབང་༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ རྩ་དག་སྤྲུལ་སྐུར་སྨིན་པར་ཤོག༔ ཨོཾ་ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ༔ དེ་ཡི་རྗེས་འབྲེལ་ལྷ་དབང་ནི༔ ཨོཾ༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ཡི༔ སྐུ་འདུས་ཉག་གཅིག་འཁོར་ལོའི་བསྒྱུར༔ བརྩེ་བ་ཆེན་པོའི་སྤྱི་གཟུགས་འཆང་༔ ཕྱག་ན་པདྨོའི་དབང་བསྐུར་རོ༔ མ་དག་ལུས་ཀྱི་རྡོས་བཅས་སྐྱེས༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་སངས་རྒྱས་སྐུ་ཡི་དབང་༔ ཨཱཿ ལོངས་སྐུའི་འོད་ཟེར་སྤྱན་གྱི་ངང་༔ དུས་བཞི་ཕྱོགས་བཅུར་སྒྲོན་མ་བཀོད༔ སངས་རྒྱས་སྟོང་གི་དབང་བསྐུར་རོ༔ འགྲོ་དྲུག་གྲོང་ཁྱེར་རྒྱུན་ཆོད་དེ༔ སྤྲུལ་པ་སྐུ་ཡི་གཟུགས་ཅན་གྱིས༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས༔ ནིརྨ་ཀ་ཡ་ཨ་བྷི་ཥིཉྩ༔ དེ་ནས་གྲུབ་ཐོབ་རིག་འཛིན་དབང་༔ ཧཱུྃ༔ མཚན་དཔེ་རྒྱན་དུ་ཤར་བའི་ངང་༔ གྲུབ་ཐོབ་བརྒྱད་ཅུ་གཉིས་ཀྱི་དབང་༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ བརྟུལ་ཞུགས་སྤྱོད་པའི་ཐབས་མཁས་ཀྱིས༔ དཀའ་ཚེགས་མེད་པར་ས་ལམ་བསྒྲོད༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཊཱཀྐི་སྡེ་ལྔའི་དབང་བསྐུར་ལ༔ ཧྲིཿ སྣང་བ་ཐབས་ཀྱི་ཀུན་རྫོབ་ཆོས༔ སྟོང་ཆེན་ཡུམ་གྱི་དབྱིངས་རྒྱས་ཐེབས༔ ཆོས་མཚོན་སྲིད་པ་མཁའ་འགྲོའི་དལ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་རླུང་ཐིག་ལེ་བྱང་ཆུབ་སེམས༔ དབུ་མ་ཆེན་པོར་རབ་བརྟན་ཤོག༔ རྩ་སྔགས་མཐར༔ ཊཱཀྐི་ནི་ཨ་བྷི་ཥིཉྩ་ཧྲཱི༔ གསང་བའི་དབང་བསྐུར་རིམ་པ་ནི༔ ཨཾ༔ བདེ་སྟོང་ཟུང་འཇུག་བྱང་ཆུབ་སེམས༔ ཡི་གེའི་ཕྲེང་བ་ལུ་གུ་རྒྱུད༔ འབར་འཁྲུགས་བརྟན་པའི་འོད་ཟེར་འཕྲོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངག་གི་ལས་སྒྲིབ་ཀུན་དག་ནས༔ ལོངས་སྤྱོད་རྫོགས་སྐུར་བྱང་ཆུབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཝཀྐ་ཨ་བྷི་ཥིཉྩ་ཧྲཱི༔ ཐུགས་མཆོག་འགྱུར་མེད་ཤེས་རབ་དབང་༔ ཧཱུྃ༔ པདྨ་སྐྱོན་གྱི་དྲི་བྲལ་བ༔ འཁོར་བའི་ཆགས་པ་བྲལ་བའི་དབང་༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཁམས་གསུམ་དགྲ་ལས་རྒྱལ་བར་ཤོག༔ རྩ་སྔགས་མཐར༔ ཨོཾ་པདྨ་ཙིཏྟ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ༔ ཕྲེང་བ་རྒྱུད་དྲུག་སེམས་ཅན་ཀུན༔ ཉག་གཅིག་ཐུགས་རྗེའི་ཐག་པས་བཟུང་༔ དོན་རྟགས་མཚོན་པའི་བུམ་པ་འདིའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐུགས་རྗེ་ཆེན་པོ་ཐབས་ལྡན་པས༔ འཁོར་བ་མི་འདོར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ རཏྣ་མ་ལྱེ་ཙིཏྟ་ཨ་བྷི་ཥིཉྩ༔ ཧཱུྃ༔ རིགས་ཀྱི་རིགས་ཏེ་ཐུགས་ཀྱི་ཐུགས༔ དཀྱིལ་འཁོར་ཁྱབ་བདག་འཁོར་ལོའི་བསྒྱུར༔ ཆོས་སྐུ་འོད་དཔག་མེད་མགོན་གྱི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མཐར་ཐུག་སྐུ་གསུམ་བཙན་ས་ཟིན༔ དོན་གཉིས་ལྷུན་གྲུབ་དཔལ་ཐོབ་ཤོག༔ རྩ་སྔགས་མཐར༔ ཨོཾ་ཨ་མི་དྷེ་ཝ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གསང་བ་ཡེ་ཤེས་དབྱིངས་ཀྱི་ཡུམ༔ བཅུ་དྲུག་དགའ་བའི་དཔལ་སྟེར་ཞིང་༔ སྟོང་པ་བཅུ་དྲུག་དོན་ལ་སྦྱོར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྒྱལ་ཀུན་ཐུགས་དང་རོ་གཅིག་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བ་དོན་དམ་ཚིག་གི་དབང་༔ མདོང་གིས་མཚོན་ནས་འདི་སྐད་དོ༔ ཧྲཱི༔ ཐུགས་ནི་སྤྲོས་པ་ཀུན་ལས་གྲོལ༔ དུས་ལ་མི་ལྟོས་ད་ལྟ་རང་༔ གཉུག་མའི་སེམས་ཉིད་འདི་ཀའོ༔ ངོ་ཤེས་ངང་དུ་མ་བཅོས་ཡན༔ དཔེ་དང་མཚོན་པ་ཀུན་ལས་འདས༔ ངོ་བོ་ཉིད་སྐུ་མངོན་གྱུར་ཤོག༔ ཨ་ཨ་ཨཱ་ཕཊ༔ ཨོཾ་དྷརྨ་དྷརྟུ་པྲཛྙཱ་ཛྙཱ་ན་ཨ་ཨ་བྷི་ཥིཉྩ་ཨཱ་ཧཱུྃ༔ཅེས་བརྗོད་གཉིས་མེད་མཉམ་པར་བཞག༔ མཐར་ནི་དམ་ཚིག་ཁས་བླངས་ཤིང་༔ གཏང་རག་མཎྜལ་ཕུལ་ནས་སུ༔ བསྔོ་སྨོན་བཀྲ་ཤིས་མཐའ་རྒྱས་བྱ༔ ཅེས་པ་འདི་ཡང་རྡོ་རྗེའི་བླ་མ་ཐེག་མཆོག་མཚན་ཅན་གྱི་གསུང་ངོ་མ་ལྡོག་པར་ག་གཱ་ཨ་བྷྱེ་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་འགྱུར་མེད་རྣམ་པར་རྒྱལ་བའི་མཚན་ཅན་གྱིས་སོ། །


previousཐུགས་རྗེ་ཆེན་པོའི་དབང་བསྡུས་འཁོར་ལོ་ཡོངས་རྫོགས།next