Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་མིག་འབྱེད་ཡེ་ཤེས་སྣང་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་མིག་འབྱེད་ཡེ་ཤེས་སྣང་གསལ།next

ཐུགས་རྗེ་ཆེན་པོའི་མིག་འབྱེད་ཡེ་ཤེས་སྣང་གསལ།

ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ལས༔ ཐུགས་རྗེ་ཆེན་པོའི་མིག་འབྱེད་ཡེ་ཤེས་སྣང་གསལ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག །འདི་ལ་དཀྱིལ་འཁོར་གྲུ་བཞིའི་སྟེང་༔ གཏོར་མ་པདྨའི་དབྱིབས་སུ་བཟོས༔ མེ་ལོང་ཁྲུས་བུམ་གཡས་གཡོན་བཤམས༔ སྤྱན་དབྱེའི་གསེར་གྱི་ཐུར་མ་ལ༔ དྲི་མེད་དར་དཀར་གཙང་མས་བསྟོད༔ མཆོད་པ་སྤྱི་དང་བྱེ་བྲག་ཏུ༔ སྣང་གསལ་བརྒྱ་རྩ་ལ་སོགས་གཙོ༔ དེ་ནས་བདག་ཉིད་ལྷར་གསལ་བ༔ ན་མོ༔ རྒྱལ་ཀུན་ཐུགས་རྗེའི་མངའ་བདག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་རབ་བསྐྱེད༔ ཅེས་ལན་གསུམ་དེ་ནས་ལས་གཞུང་ལ༔ ཧྲཱི༔ བདག་ཉིད་སྐད་ཅིག་དྲན་རྫོགས་སྐུ༔ ཐུགས་རྗེ་ཆེན་པོར་དྲི་མ་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཡས་དག་བྱེད་ཁྲུས་བུམ་དང་༔ གཡོན་པས་མེ་ལོང་དྭངས་གསལ་བསྣམས༔ ཞབས་གཉིས་བཞེངས་བའི་སྟབས་སུ་བཞུགས༔ ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཅན༔ སྣང་སྟོང་འོད་ཀྱི་རང་བཞིན་གསལ༔ ཐུགས་དཀར་པདྨ་འདབ་བརྒྱད་སྟེང་༔ ཤེལ་ཕྲེང་བརྒྱ་རྩ་བརྒྱད་ཀྱི་དཀྱིལ༔ ཐུགས་རྗེ་གསེར་གྱི་ཐུར་མ་ནི༔ གྱེན་དུ་བསྒྲེང་བའི་མཐའ་བསྐོར་དུ༔ སྙིང་བོ་ཡི་གེ་དྲུག་གི་མཐར༔ ལས་སྔགས་ཕྲེང་བ་སུམ་རིམ་འཁོར༔ བཟླས་པའི་འོད་ཀྱི་རྒྱལ་ཀུན་མཆོད༔ དབང་བྱིན་དངོས་གྲུབ་མ་ལུས་པ༔ འོད་ཟེར་སྣ་ལྔའི་རྣམ་པར་བསྡུས༔ བདག་ཐིམ་མིག་གི་དྲི་བག་སྦྱངས༔ སླར་ཡང་རིགས་དྲུག་གནས་རིས་ཀྱི༔ ཁམས་གསུམ་སེམས་ཅན་མ་ལུས་པའི༔ མ་རིག་ཉོན་ཤེས་ལས་སྒྲིབ་སྦྱངས༔ ཐུགས་རྗེ་ཆེན་པོའི་གོ་འཕང་ལ༔ བཀོད་ནས་འཁོར་བ་དོང་སྤྲུགས་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ མ་ཧཱ་ཀ་རུ་ཎི་ཀ་དྲ་ཤྱ་ཧོ༔ བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ སརྦ་པ་པཾ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཞེས་ཅི་མང་བརྗོད་མཐར༔ མཆོད་བསྟོད་དང་བཅས་མཐར༔ ཧཱུྃ༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ འཇིག་རྟེན་དབང་ཕྱུག་སྙིང་རྗེའི་མདངས༔ སྐལ་ལྡན་བུ་ལ་ཁྲུས་བྱས་པས༔ སྡིག་སྒྲིབ་བག་ཆགས་དག་པར་ཤོག༔ སརྦ་པ་པཾ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཞེས་པས་ཁྲུས་བྱས༔ ཨཱ༔ ཐུགས་རྗེ་ཆེན་པོའི་ཐུགས་མཚོན་པའི༔ མི་འགྱུར་གསེར་གྱི་ཐུར་མ་ཡིས༔ སྐལ་ལྡན་བུ་ཁྱོད་མིག་དབྱེའོ༔ མ་རིག་ལིང་ཐོག་སེལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ ཞེས་མིག་དབྱེས་ལ་མེ་ལོང་བསྟན༔ ཨོཾ༔ མེ་ལོང་ཡེ་ཤེས་རྣམ་པར་དག༔ ཡེ་ཤེས་སྣང་བ་སོ་སོར་རྟོགས༔ ཐུགས་རྗེ་ཆེན་པོའི་དགོངས་ཀློང་ཡངས༔ སྐལ་ལྡན་ཁྱོད་ལ་འཆར་བྱེད་བསྔགས༔ བཛྲ་ཙཀྵུ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རེས་འགའ་དབང་ཁྲུས་སུ་བྱའོ༔ དེའི་མཐར་བཀྲ་ཤིས་གང་འཚམས་བརྗོད༔ གནས་སྐབས་རླུང་མཁྲིས་བད་ཀན་སེལ༔ མཐར་ཐུག་གཉིས་གསུམ་རྒྱུ་དང་བྲལ༔ རྣམ་དག་སྤྱན་གསུམ་མཁའ་ལ་འཆར༔ ཞེས་ཀྱང་ཨ་སྤེན་ངོར་ག་གཱས་སོ༔ འདི་ལ་རྒྱས་འདོད་ཐུགས་ཆེན་གཞུང་གིས་བསབས་སོ། །


previousཐུགས་རྗེ་ཆེན་པོའི་མིག་འབྱེད་ཡེ་ཤེས་སྣང་གསལ།next