Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོར་སེམས་ལུས་དཀྱིལ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོར་སེམས་ལུས་དཀྱིལ་བསྡུས་པ།next

རྡོར་སེམས་ལུས་དཀྱིལ་བསྡུས་པ།

རྡོར་སེམས་ལུས་དཀྱིལ་བསྡུས་པ་བཞུགས་སོ༔

ཧཱུྃ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ བརྡ་ཡིག །དཔལ་ལྡན་རྡོ་རྗེ་སེམས་དཔའ་ནི༔ སྐུ་མདོག་དཀར་གསལ་གངས་རི་ལ༔ ཉི་མ་འབུམ་གྱིས་འཁྱུད་པ་ལྟའི༔ གཟི་བརྗིད་འོད་ཕུང་རབ་ཏུ་འབར༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་སྐུ་ལ་བརྟེན༔ སྙེམས་མ་དཀར་མོ་གྲི་གུག་འཁྱུད༔ ཞབས་གཉིས་རྡོར་པད་སྐྱིལ་ཀྲུང་བཞུགས༔ ཕྱོགས་བཞིར་རྡོར་སེམས་རིགས་བཞི་དང་༔ སྒོ་མ་བཞི་དང་བཅས་པ་ཀུན༔ རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས༔ ཞི་ཁྲོ་རྒྱལ་བ་ཡོངས་འདུས་པའི༔ བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ༔ འཁོར་འདས་སྣང་སྲིད་ཐམས་ཅད་ཀུན༔ ཉིད་ཀྱི་སྒྱུ་འཕྲུལ་རོལ་རྩལ་དུ༔ རང་རིག་ཡེ་ཤེས་ཡེ་རྫོགས་ལྷའི༔ མངོན་གྱུར་ངང་བརྟན་བཞུགས་སུ་གསོལ༔ ལྟ་བ་དོན་གྱིས་མཇལ་ཕྱག་འཚལ༔ ཀུན་བཟང་རྒྱན་གྱི་མཆོད་པས་མཆོད༔ ཆོས་ཉིད་རང་སྒྲའི་དབྱངས་ཀྱིས་བསྟོད༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་གཡོན་དུ་འཁོར༔ འོད་འཕྲོས་དུས་གསུམ་རྒྱལ་བ་ཀུན༔ སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར༔ རིག་འདུས་ངོ་བོ་གཅིག་ཏུ་བསྒྲུབས༔ ཡི་གེ་བརྒྱ་བ་དང་༔ ཡང་ན་ཡིག་དྲུག་ཅི་ནུས་བཟླ༔ ཅེས་ཀྱང་མཉྫུ་དྷྭ་ཛ་ནས་བསྐུལ་བ་དོན་ཡོད་པའི་ཕྱིར་ག་གཱ་ཨ་བྷྱེས་སྨྲས་པའོ། །སརྦ་མངྒ་ལཾ། །


previousརྡོར་སེམས་ལུས་དཀྱིལ་བསྡུས་པ།next