Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་ལུས་དཀྱིལ་འཇིག་རྟེན་དྲེགས་པ་དྲན་འཁོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་ལུས་དཀྱིལ་འཇིག་རྟེན་དྲེགས་པ་དྲན་འཁོལ།next

གུ་རུ་དྲག་པོའི་ལུས་དཀྱིལ་འཇིག་རྟེན་དྲེགས་པ་དྲན་འཁོལ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ གུ་རུ་དྲག་པོའི་ལུས་དཀྱིལ་འཇིག་རྟེན་དྲེགས་པ་དྲན་འཁོལ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །ཧཱུྃ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཕྱི་སྣོད་དུར་ཁྲོད་རབ་འཇིགས་དབུས༔ ལྔ་ལྡན་ཐོད་བརྩེགས་གཞལ་ཡས་སུ༔ དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་༔ རྗེ་བཙུན་གུ་རུ་དྲག་པོ་ནི༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གསོར༔ གཡོན་པས་ལྕགས་ཀྱི་སྡིག་པ་ནག༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ སྣང་སྟོང་གཉིས་མེད་དབྱིངས་ཀྱི་ཡུམ༔ གྲུ་གུག་ཐོད་ཁྲག་ཡབ་ལ་འཁྲིལ༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ གནག་སྣུམ་དབུ་སྐྲའི་ལན་ཚར་མཛེས༔ དམར་མོ་གར་སྟབས་ཚུལ་གྱིས་རོལ༔ སྤྱི་མགྲིན་སྙིང་ཀའི་གནས་གསུམ་དུ༔ འཇམ་དཔལ་སྐུ་དང་པདྨ་གསུང་༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་གསལ༔ སྤྱི་བོར་ཐོད་པའི་ཁང་བུ་ལ༔ བརྟེན་ནས་རིགས་ལྔའི་སངས་རྒྱས་བཞུགས༔ ཐུགས་དབུས་ཡེ་ཤེས་སེམས་དཔའ་ནི༔ གུ་རུ་པདྨ་འབྱུང་གནས་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་དང་པདྨ་འོད༔ སྲིན་ཡུལ་ལིངྒ་པུ་རི་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ གཉིས་མེད་རོ་གཅིག་བརྟན་པར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ སྦྱོར་སྒྲོལ་མཆོག་གི་མཆོད་པ་འབུལ༔ གར་དགུའི་ཉམས་དང་རྔོམས་ཚུལ་སྒོ༔ ཆེ་བའི་ཡོན་ཏན་དྲན་པས་བསྟོད༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཧཱུྃ་ཡིག་དམར་ནག་མེ་འབར་བའི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་ཚྭ་ཚྭ་རབ་འཕྲོས་ནས༔ རྒྱལ་འགོང་ལོག་འདྲེན་བགེགས་ཀྱི་ཚོགས༔ གཟིར་ཞིང་དབང་བསྡུད་བྲན་ཁོལ་ནས༔ རབ་འབྱམས་ཕྲིན་ལས་བསྒྲུབ་བསམ་ཞིང་༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨརྩིག་ནཻརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ དམིགས་བསལ་ཡོད་ན༔ སརྦ་བིགྣཾ་རཱ་ཛ་དུཥྚཾ་མ་ར་ཡ་ཕཊ༔ ཅེས་བྱ་སླར་མཆོད་པ་ནི༔ ཨོཾ་སརྦ་པཉྩ་རཀྟ་བྷ་ལིང་ཏ་བིགྣཾ་ཏ་ར་མཾ་ས་རཀྟ་ཙིཏྟ་ཁ་རཾ་ཁཱ་ཧི༔ ཅེས་པའི་མཐར༔ ཧཱུྃ༔ སྣང་བ་མཐའ་ཡས་པདྨའི་སྐུ༔ སྤྲུལ་པའི་རོལ་གར་གུ་རུ་རྗེ༔ ཐུགས་རྗེའི་ཁྲོ་བོའི་སྐུར་བཞེངས་པ༔ གུ་རུ་དྲག་པོར་ཕྱག་འཚལ་བསྟོད༔ དེ་མཐར་བཀྲ་ཤིས་བསྔོ་སྨོན་གྱི་བརྒྱན་པར་བྱ༔ ཅེས་ཀྱང་དགེ་རྩེ་འབྲུག་གྲགས་ཀྱི་བསྐུལ་བའི་ངོར་ག་གཱ་ཨ་བྷྱེ་ནས་སོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ། །


previousགུ་རུ་དྲག་པོའི་ལུས་དཀྱིལ་འཇིག་རྟེན་དྲེགས་པ་དྲན་འཁོལ།next