Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་ཅིག་ཁྲོས་མ་ནག་མོའི་རྒྱུན་ཁྱེར་སྟོང་ཉིད་དོན་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་ཅིག་ཁྲོས་མ་ནག་མོའི་རྒྱུན་ཁྱེར་སྟོང་ཉིད་དོན་སྦྱོར།next

མ་ཅིག་ཁྲོས་མ་ནག་མོའི་རྒྱུན་ཁྱེར་སྟོང་ཉིད་དོན་སྦྱོར།

མ་ཅིག་ཁྲོས་མ་ནག་མོའི་རྒྱུན་ཁྱེར་སྟོང་ཉིད་དོན་སྦྱོར་བཞུགས་སོ༔

འདི་ལ་དཀྱིལ་འཁོར་མཆོད་པ་སོགས༔ གང་ཡང་མི་དགོས་རྣལ་འབྱོར་གྱི༔ ཆས་སུ་ལྡན་པ་བཅུ་གསུམ་དང་༔ ཁྱད་པར་གྲི་གུག་ཐོད་པ་སོགས༔ སྒྲུབ་རྟེན་ཙམ་གྱི་སྤྲོས་པ་བྱེད༔ ལར་འདི་སྤྲོས་མེད་ལམ་ཡིན་པ༔ འོད་གསལ་རྫོགས་ཆེན་ཏནྟྲ་ལས༔ སེང་གི་ལྟ་བུའི་རྣལ་འབྱོར་དེའོ༔ སྐྱབས་སེམས་ལ་སོགས་སྦྱོར་བ་ནི༔ ཕཊ་ཕཊ་ཕཊ༔ ཡོད་པ་མ་ཡིན་མེད་མ་ཡིན༔ གཉིས་གཉིས་མཐའ་ལས་རྣམ་འདས་པ༔ ཤེས་རབ་ཕ་རོལ་ཕྱིན་པ་ལ༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ ཕཊ་ཕཊ་ཕཊཿ ཟབ་ཞི་སྒྲོ་འདོགས་སོ་གཉིས་བྲལ༔ འཕགས་བཞི་བསྐྱེད་པའི་ཡུམ་ཆེན་མོར༔ མཐའ་ཡས་འགྲོ་བའི་ཚོགས་ཐམས་ཅད༔ ད་ལྟ་ཉིད་དུ་སྦྱོར་བར་བྱ༔ ཕཊ་ཕཊ་ཕཊཿ ཡེ་ནས་སྤྲོས་བྲལ་གཉུག་མ་ཆེ༔ དམ་པ་དོན་གྱི་ཡུམ་ཆེན་མོ༔ འགགས་མེད་རྩལ་གྱི་སྒྱུ་འཕྲུལ་བཅས༔ རྡོ་རྗེ་གསུམ་གྱི་བྱིན་ཕོབས་ཅིག༔ བཛྲ་ཀྲོ་དྷི་ཀཱ་ལི་བཾ་ཧ་རི་ནི་ས་ཨ་ཝེ་ཤ་ཡ་ཕེམ་ཕེམ༔ ཕཊཿ ཕཊཿ ཕཊཿ སྣོད་བཅུད་དག་མཉམ་རོལ་པ་ཆེ༔ ཡེ་ནས་མ་བྱས་ལྷུན་གྲུབ་ཀྱི༔ མཆོད་པའི་མཆོག་དུ་བཞུགས་པ་ལ༔ མ་རྟོགས་བག་ཆགས་དབྱིངས་སུ་སྦྱངས༔ རཾ་ཡཾ་ཁཾཿ དངོས་གཞི་ལྷ་བསྐྱེད་བསྡུས་པ་ནི༔ ཕཊཿ ཕཊཿ ཕཊཿདངོས་ཀུན་སྟོང་ཉིད་ཆེན་པོར་གདལ༔ སྟོང་པའི་རང་བཞིན་སྙིང་རྗེར་ཤར༔ ཨོཾ་ཨཱཿཧཱུྃ་ལས་ཐོད་བརྩེགས་ཀྱི༔ གཞལ་ཡས་ཁང་དབུས་པད་ཉི་ཟླ༔ དེ་སྟེང་རོ་གདན་བརྫིས་པ་ཡི༔ ཀུན་ཤེས་རང་བཞིན་ཁྲོས་མ་ནག༔ ཇི་སྙེད་མཁྱེན་པའི་ཡེ་ཤེས་རྩལ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ སྤྱན་གསུམ་ཀུན་མཁྱེན་ཀུན་ཏུ་སྣང་༔ ཀུན་གཟིགས་འགྱུར་མེད་སྐུ་མདོག་མཐིང་༔ གར་སྟབས་རུས་རྒྱན་གར་ཆས་ཅན༔ ཤིན་ཏུ་འཇིགས་པའི་ཉམས་ཀྱིས་བརྗིད༔ ཞབས་གཉིས་གར་སྟབས་ཚུལ་དུ་བཞེངས༔ མེ་དཔུང་འབར་བའི་ཀློང་ན་འགྱིང་༔ སྤྱི་གཙུག་ཕག་ཞལ་ནག་པོ་ངུར༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ ལམ་ཤེས་རྡོ་རྗེ་ཕག་མོ་ཡི༔ རིགས་ཀྱི་བདག་པོ་དམར་གསལ་མོ༔ གཅེར་མོ་གར་སྟབས་རུས་རྒྱན་ཅན༔ སྤྱི་བོར་རྣམ་མཁྱེན་རང་བཞིན་གྱི༔ ཡུམ་ཆེན་ཀུན་ཏུ་བཟང་མོ་མཐིང་༔ གཅེར་བུ་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ འཁོར་དུ་དངོས་བརྒྱད་རྩལ་ཉིད་ལས༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་མཁའ་འགྲོ་ཁ་དོག་བཞི༔ གར་སྟབས་གྲི་ཐོད་རྡོ་རྗེ་དང་༔ རིན་པོ་ཆེ་སོགས་མཚན་པ་ཅན༔ མཚམས་བཞིར་ཤུགས་འགྲོ་མ་བཞི་ནི༔ གཡས་རྣམས་གཡང་གཞི་གཡོན་མི་རྐང་༔ དོན་གྱི་རྣམ་པ་བདུན་ཅུ་དང་༔ འདྲེས་རྐང་བརྒྱ་རྩ་མཚོན་པའི་སླད༔ ལས་དང་དམ་ཚིག་ཤ་ཟ་དང་༔ འཇིག་རྟེན་མཁའ་འགྲོ་ས་ཡ་འབུམ༔ གནས་གསུང་རྡོ་རྗེའི་སྙིང་པོ་ནས༔ འོད་འཕྲོས་ཡེ་ཤེས་མཁའ་འགྲོའི་ཚོགས༔ སྤྱན་འདྲེན་གནས་འདིར་ས་མ་ཛ༔ སྤྱན་འདྲེན་ནི༔ ཕཊཿ ཕཊཿ ཕཊཿ ཡེ་གྲོལ་ཀ་དག་ཆོས་སྐུའི་ངང་༔ སྐྱེ་འགགས་འགྱུར་མེད་དབྱིངས་ཀྱི་ཡུམ༔ རང་རྩལ་མཁའ་འགྲོ་ཆེན་མོ་གསུམ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཾ་ཧ་རི་ནི་ས་ས་པ་རི་ཝ་ར་ཛ་ཛཿ ཕཊཿ ཕཊཿ ཕཊཿགཤེགས་བྱོན་གཉིས་མེད་ཡེ་ཤེས་ལྷ༔ དམ་ཡེ་ཐ་དད་ཆོས་ལས་འདས༔ དུ་མ་རོ་གཅིག་ཁྱབ་བརྡལ་བ༔ ཕྱོགས་རིས་བྲལ་བར་ལྷུན་གྱི་གྲུབ༔ ཕཊཿ ཕཊཿ ཕཊཿ མཆོད་པའི་མཆོག་ཆེན་ཟག་བྲལ་བ༔ ཕྲ་རྒྱས་རྣམ་དག་ལྷ་ལ་འབུལ༔ དགའ་ཆེན་མཚན་མཆོག་སོ་གཉིས་ཀྱིས༔ གཙུག་ཏོར་བདེ་ཆེན་དབྱིངས་སུ་དྲོངས༔ ཕཊཿ ཕཊཿ ཕཊཿ འཕགས་བཞི་བསྐྱེད་ཡུམ་རྣལ་འབྱོར་དངོས༔ འཕོ་བ་དག་པ་རྩལ་གྱི་ལྷ༔ ཡེ་ཡིན་ཆེན་པོར་རང་རིག་པའི༔ མ་བཅོས་ལྟ་བ་མཇལ་བས་འདུད༔ ཞལ་ཕྱག་བྲལ་བ་ཕྲ་བའི་སྐུ༔ ནང་གསལ་འཆར་གཞིར་བཞུགས་པ་ཡི༔ ཕྱི་རྒྱ་མ་རལ་མཁའ་འགྲོ་ལ༔ སྣང་གསུམ་ཡེ་གྲོལ་ཆེན་པོར་བསྟོད༔ གཞི་ལ་བརྟེན་པའི་དགོངས་པ་རུ༔ མཐར་ཕྱིན་བཅུད་ཀྱི་མེ་ཏོག་བཞད༔ དོན་གཉིས་དཔལ་གྱི་ཟིལ་དངར་འཕྲོ༔ རང་སངས་རྣམ་དག་ཆེན་པོར་བསྟོད༔ དམ་ཚིག་བཞི་ཡི་བསྲུང་མེད་ལ༔ བདག་མེད་གདེངས་བཞིའི་ཡུལ་ཀྱང་བསྟོངས༔ ཆགས་ཁྲོའི་སྲིད་ཞིར་རེ་དོགས་ཀུན༔ རྣམ་སངས་གདོད་མར་གྲོལ་བར་བསྟོད༔ ཕཊཿ ཕཊཿ ཕཊཿ རྣམ་ཐར་སྒོ་གསུམ་རང་བཞིན་དུ༔ འཁོར་འདས་སྣང་སྲིད་ཆོས་རྣམས་ཀུན༔ བྱ་བྱེད་ལྟོས་དང་ཆོས་ཉིད་ཀྱི༔ གྲུབ་པའི་མངོན་སུམ་མཉམ་གནས་བཞིན༔ ཨོཾ་ཨཱཿཧཱུྃཿ སྟོང་ཉིད་ཉི་ཤུའི་གཟུགས་སུ་ཤར༔ མེད་པས་ཡོད་ཡིན་ཡེ་ཤེས་ལྷ༔ ཟུང་འཇུག་དག་པ་མཁའ་འགྲོ་ཡི༔ ཐུགས་ཀའི་སྲོག་ལ་སྔགས་ཀྱི་འཁོར༔ རྒྱུ་རྐྱེན་ལས་ཀྱི་ཕྲིན་ལས་ཀུན༔ ཅིག་ཆར་གྲུབ་པར་མི་གཏོང་ངོ་༔ བཛྲ་ཀྲོ་ཏི་ཀཱ་ལི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཞེས་བཟླའོ༔ ཟླ་བ་བཞི་ཡིས་ལྷ་མཐར་ཕྱིན༔ ས་མ་ཡཱ༔ དེ་ནས་ཚོགས་མཆོད་འབུལ་བ་ལ༔ དང་པོ་བྱིན་གྱིས་བརླབ་པ་ནི༔ ཕཊཿ ཕཊཿ ཕཊཿ ལྟོས་པ་ཟག་མེད་འཁོར་ལོའི་སྤྲིན༔ ལྟ་བ་རྟོགས་པའི་རྟེན་འབྲེལ་དུ༔ ཡོངས་ཤར་ནམ་མཁའི་མཛོད་དུ་སྤྲུལ༔ སྣང་སྲིད་མཆོད་པའི་གཞིར་བཞེངས་གྲུབ༔ ཕཊཿ ཕཊཿ ཕཊཿ ཚོགས་ལ་སྤྱན་འདྲེན་ནི༔ ཡ་ཀི་ཀུན་བཟང་མན་ཆད་ནས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ མེད་དང་དག་མཉམ་ཆེན་པོ་རུ༔ བཟང་ངན་བྲལ་བར་སྤྱན་འདྲེན་ནོ༔ སྟོང་ཉིད་རྩལ་འབར་སྙིང་རྗེ་ཡིས༔ ལྷག་པར་ལན་ཆགས་མགྲོན་ལ་སོགས༔ གཉུག་མ་གློ་བུར་ལྷག་པ་ཀུན༔ ཞིང་གི་དམ་པར་སྤྱན་འདྲེན་ནོ༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ མཆོག་ཐུན་དངོས་གྲུབ་འབད་མེད་སྩོལ༔ ཚོགས་མཆོད་འབུལ་བ་ནི༔ ཕཊཿ ཕཊཿ ཕཊཿ དུས་གསུམ་སངས་རྒྱས་ཡུལ་ཞེན་འདྲེ༔ ཁམས་གསུམ་སེམས་ཅན་ངན་ཞེན་འདྲེ༔ སྣང་སྲིད་ལྷ་སྲིན་འབྲེལ་བའི་འདྲེར༔ དག་མཉམ་རྟོགས་པའི་ཚོགས་མཆོད་འབུལ༔ ཕཊཿ ཕཊཿ ཕཊཿ བཤགས་པ་ནི༔ ཀུན་གཞི་ལུང་མ་བསྟན་པ་རུ༔ ལྷན་སྐྱེས་ཀྱི་འཕང་ཉམས་གྲིབ་རྩ༔ གཞི་མེད་རྩ་བྲལ་ཆེན་པོ་རུ༔ རིག་པས་དྲུངས་ཕྱུང་སྲིད་མཐའ་ཟད༔ ཕཊཿ ཕཊཿ ཕཊཿ བསྒྲལ་བ་ནི༔ མ་རིག་ལྷན་སྐྱེས་འདྲེ་བོ་ཆེ༔ རིག་པའི་རལ་གྲིའི་གདབ་པའི་མཐུའི༔ ངག་གོམས་སྲོག་གི་རྩ་བ་བཅད༔ རྣམ་ཤེས་མནར་མེད་བདེ་ཆེན་སྒྲོལ༔ ཨུ་ཙུ་ཏ་ཡ་ཕཊ༔ ཞལ་བསྟབས་ནི༔ ལྷ་འདྲེར་ཀུན་ལས་བདུད་ཆེན་པོའི༔ སྟོང་ཉིད་ཞལ་གྱི་ཧོམ་ཡངས་པར༔ ཁམས་གསུམ་ཡོངས་ཀྱི་ཕུང་པོ་ཕུལ༔ དུས་གསུམ་གཞི་མཉམ་ཆེན་པོར་སྟོབས༔ ཁཱ་ཧི་ཁཱ་ཧི༔ ལྷག་མ༔ ཨ་ཀ་རོའི་བརླབས༔ ལྷག་འབུལ་ནི༔ ཕཊཿ རོལ་བ་མི་བསྲུན་གཟུགས་ཤར་ཀྱང་༔ དོན་ལ་ཀུན་ཏུ་བཟང་པོ་རུ༔ ཤེས་ནས་ཁས་ཞན་མགྲོན་ལ་འབུལ༔ དབང་བཅུ་མཐར་ཕྱིན་ཕྲིན་ལས་མཛོད༔ ཨུཙྪིཥྚ་བྷ་ལིངྟ་ཁཱ་ཧིཿ ཕཊཿཕཊཿཕཊཿ ཆད་ཐོ་བསྟན་སྐྱོངས་ནི༔ དཔལ་མགོན་སྲུང་མ་ཐམས་ཅད་དང་༔ ཁྱད་པར་བསྟན་མ་བཅུ་གཉིས་སོགས༔ ཆད་དོན་གཏོར་མ་འདི་བཞེས་ལ༔ མི་མཐུན་ཐལ་བ་རྡུལ་དུ་མཛོད༔ སརྦ་དྷརྨ་པཱ་ལ་བྷ་ལིངྟ་ཁཱ་ཧིཿ ཕཊཿ ཕཊཿ ཕཊཿ བྲོཿ ཕཊཿ སྣང་སྲིད་བདག་དུ་རྟོགས་པའི་འདྲེ༔ བདག་མེད་མཐའ་བྲལ་ཧེ་རུ་ཀའི༔ ཕྱིན་ཆད་ལྡང་བ་མེད་པར་ནི༔ ཨ་ཏི་མཆོག་གསང་བླ་མེད་རྒྱ༔ སྟྭམ་བྷ་ཡ་ནན༔ དངོས་གྲུབ་བླངས་པ་ནི༔ ཕཊཿ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི༔ དབང་བྱིན་དངོས་གྲུབ་མ་ལུས་པ༔ ཐུན་མོང་མཆོག་གི་རང་བཞིན་ཅན༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྩ་སྔགས་མཐར༔ ཀ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཨ་ཧཱུྃ༔ དེ་ནས་ནོངས་པ་བཤགས་པ་ནི༔ ཕཊཿ རང་བྱུང་གདོད་མའི་གཞི་ལས་གོལ༔ རྒྱུད་དྲུག་གནས་སུ་འཁོར་བ་ལས༔ ཉམས་ཆགས་ཉེས་ལྟུང་བྱས་སོ་ཅོག༔ ཐམས་ཅད་མ་ལུས་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་བ་དང་དབྱངས་གསལ་གྱིས་ཁ་བསྐང་ལ༔ བསྡུ་རིམ་ནི༔ ཕཊཿ བསྐྱེད་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མི་དམིགས་སྤྲོས་པ་བྲལ་བར་ཞི༔ ཤེར་རབ་ཕ་རོལ་ཕྱིན་པ་ནི༔ ཟབ་པ་ཆགས་བྲལ་འདུས་མ་བྱས༔ ཨ་ཨ་ཨཱཿ སླར་ལྡང་བ་ནི༔ ཕཊཿ སྟོང་པའི་ཆོ་འཕྲུལ་འགགས་པ་མེད༔ དག་པའི་རྟེན་འབྲེལ་ཁྱད་པར་འབྲས༔ ཕྱག་རྒྱ་གཅིག་གི་མཁའ་ཀློང་དུ༔ ཀུན་སྦྲུམ་ལྷུན་གྱིས་གྲུབ་པ་ཆེའོ༔ དེ་ནས་དགེ་ཚོགས་བསྔོ་བ་ནི༔ ཕཊཿ འདིས་མཚོན་དུས་གསུམ་དགེ་བའི་ཚོགས༔ འཁོར་གསུམ་དམིགས་པ་ཀུན་བྲལ་བ༔ ཕ་རོལ་ཕྱིན་པའི་གྲངས་སུ་བསྔོ༔ འགྲོ་ཀུན་སྐུ་གསུམ་ཐོབ་པར་ཤོག༔ ཕཊཿ བཀྲ་ཤིས་བརྗོད་པ་འདི་ལྟའོ༔ ཕཊཿ ཕཊཿ ཕཊཿ སྲིད་གསུམ་ཀ་དག་ཆེན་པོ་ཡི༔ འཁོར་བའི་སྡུག་བསྔལ་གཞིར་གྲོལ་ཞིང་༔ གྲོང་ཁྱེར་རྒྱུན་ཆོད་ལྟ་བ་ཡི༔ འཁོར་བའི་རྩ་བ་རྨང་བརླག་སྟེ༔ རང་སངས་ཁྱད་ཆོས་དྲུག་ལྡན་པའི༔ བཀྲ་ཤིས་དམ་པ་སྐུ་གསུམ་རྫོགས༔ ཚོགས་ཆེན་ཡེ་རྫོགས་ཞིང་རབ་འབྱོངས༔ སེམས་ཅན་སྨིན་གྲོལ་བཀྲ་ཤིས་ཤོག༔ ཅེས་ཀྱང་བརྗོད་པས་དགེ་ལེགས་འཕེལ༔ དམ་ཚིག་ཉམས་ཆགས་ཐམས་ཅད་སྐོངས༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ངེས༔ དེ་ཕྱིར་བསོད་ནམས་ཚོགས་འཁོར་གཅེས༔ ས་མ་ཡཱ༔ ཅེས་ཀྱང་བླ་མ་པདྨ་བློ་གྲོས་དང་། གཞན་འགའ་ཞིག་གི་ངོར་ཚིག་གི་རྣལ་འབྱོར་པས་སོ། །དགེའོ། །


previousམ་ཅིག་ཁྲོས་མ་ནག་མོའི་རྒྱུན་ཁྱེར་སྟོང་ཉིད་དོན་སྦྱོར།next